rKTs


H353

(e-text produced by ACIP)

see text in transliteration
450a
།།རྒྱ་གར་སྐད་དུ། སཱུ་ཀ་རི་ཀ་ཨ་བ་དཱ་ན་ནཱ་མ་སཱུ་ཏྲ། བོད་སྐད་དུ། ཕག་མོའི་རྟོགས་པ་བརྗོད་པ་ཞེས་བྱ་བའི་མདོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག། ལྷའི་བུའི་འཆི་འཕོའི་ཆོས་ཀྱི་སྔ་ལྟས་རྣམ་པ་ལྔ་འབྱུང་བར་འགྱུར་ཏེ། ལྔ་གང་ཞེ་ན། གོས་རྣམས་སྔོན་དྲི་མ་མི་ཆགས་པ་ལས་དྲི་མ་ལ་ཆགས་པ་དང ། མེ་ཏོག་ཕྲེང་རྣམས་སྔོན་མི་སྙིས་པ་ལས་རྙིས་པ་དང ། མཆན་ཁུང་གཉིས་ནས་རྡུལ་འབྱུང་བ་དང ། ལུས་ལས་དྲི་མི་ཞིམ་པ་འབྱུང་བ་དང ། ལྷའི་བུའི་འཆི་འཕོའི་ཆོས་ནི་རང་གི་སྟན་ལ་དགའ་བ་མི་ཐོབ་པའོ། །དགེ་སློང་དག་།དེ་ནས་ལྷའི་བུ་ཞིག་འཆི་འཕོའི་ཆོས་ཀྱིས་ས་ལ་འགྲེ་ལྡོག་སྟེ། བྲང་རྡུང་ཞིང་དུ་ལ་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་ཏེ། ཀྱི་ཧུད་དལ་གྱིས་འདབ་པ། ཀྱི་ཧུད་རྫིང ། ཀྱི་ཧུད་རྫིང་བུ། ཀྱི་ཧུད་ཤིང་རྟ་སྣ་ཚོགས་ཅན་གྱི་ཚལ། ཀྱི་ཧུད་རྩུབ་འགྱུར་གྱི་ཚལ། ཀྱི་ཧུད་དགའ་བའི་ཚལ། ཀྱི་ཧུད་འདྲེས་པའི་ཚལ། ཀྱི་ཧུད་ཡོངས་སུ་འདུ། ཀྱི་ཧུད་སྡུག་པ། ཀྱི་ཧུད་ཨར་
450b
མོ་ནིག་ལྟ་བུའི་རྡོ་ལེབ། ཀྱི་ཧུད་ལྷའི་མདུན་ས། ཀྱི་ཧུད་བལྟ་ན་སྡུག་པ་ཞེས་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་ཏོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་དེ་ཤིན་ཏུ་ས་ལ་འགྲེ་ལྡོག་ཅིང་སྙིང་རྗེ་སྐད་དུ་སྨྲེ་སྔགས་འདོན་པ་མཐོང་སྟེ་མཐོང་ནས་ཀྱང ། ལྷའི་བུ་གལ་བ་དེར་སོང་སྟེ་ཕྱིན་ནས་ལྷའི་བུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ། ཁྱེད་ཅིའི་ཕྱིར་ཤིན་ཏུ་ས་ལ་འགྲེ་ལྡོག་ཅིང་སྙིང་རྗེ་རྗེའི་སྐད་དུ་སྨྲེ་སྔགས་འདོན་ཏེ། ཀྱི་ཧུད་གལ་གྱིས་འབབ་པ། ཀྱི་ཧུད་རྫིང ། ཀྱི་ཧུད་རྫིང་བུ། ཀྱི་ཧུད་ཤིང་རྟ་སྣ་ཚོགས་ཅན་གྱི་ཚལ། ཀྱི་ཧུད་རྩུབ་འགྱུར་གྱི་ཚལ། ཀྱི་ཧུད་དགའ་བའི་ཚལ། ཀྱི་ཧུད་འདྲེས་པའི་ཚལ། ཀྱི་ཧུད་ཡོངས་འདུ། ཀྱི་ཧུད་སྡུག་པ། ཀྱི་ཧུད་ཨར་མོ་ནིག་ལྟ་བུའི་རྡོ་ལེབ། ཀྱི་ཧུད་ལྷའི་འདུན་ས། ཀྱི་ཧུད་བལྟ་ན་སྡུག་པ་ཞེས་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་པར་བྱེད། དེ་སྐད་ཅེས་སྨྲས་པ་དང ། ལྷའི་དབང་པོ་བརྒྱ་བྱིན་ལ། ལྷའི་བུ་དེས་འདི་སྐད་ཅེས་སྨྲས་སོ། །ཀོའུ་ཤི་ཀ། བདག་ནི་འདིར་ལྷའི་བདེ་བ་དང་བྲལ་ཏེ་ཞག་བདུན་ན་འདི་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་ཕག་མོའི་མངལ་དུ་སྐྱེ་བར་འགྱུར་ཏེ། བདག་ནི་དེར་ལོ་མང་པོ་ཞིག་ཏུ་ཕྱིས་དང་གཅིན་འཚལ་བར་འགྱུར་བས། དེའི་སླད་དུ་བདག་དེ་སྐད་མཆིའོ། །གྲོགས་པོ་ཚུར་ཤོག་།ཁྱོད་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་སོང་ཞིག། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་སོང་ཞིག། ཚོགས་རྣམས་ཀྱི་མཆོག་
451a
༄#། །དགེ་འདུན་ལ་སྐྱབས་སུ་སོང་ཞིག། དེས་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ། བདག་ནི་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །དེ་ནས་ལྷའི་བུ་དེས་སྐྱབས་གསུམ་བཟུང་སྟེ། འཆི་འཕོའི་དུས་བྱས་ནས། དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་དེ་བལྟས་པ། ཅི་ལྷའི་བུ་དེ་ཕག་མོའི་མངལ་དུ་སྐྱེས་སམ། མ་སྐྱེས་ཞེས་བལྟས་ནའང་ཡང་མ་སྐྱེས། སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་སུ་སྐྱེས་སམ། མ་སྐྱེས་ཞེས་བལྟས་ན་ཡང་མ་སྐྱེས་ཏེ། ལྷ་རྣམས་ནི་ཆོས་ཉིད་ཀྱིས་འོག་མ་ལ་ཤེས་པ་དང ། མཐོང་བ་འཇུག་གི། གོང་མ་ལ་ནི་མ་ཡིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཐེ་ཚོམ་སྐྱེས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་ཀྱང ། ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་འདི་ན་ལྷའི་བུ་ཞིག་འཆི་འཕོའི་ཆོས་བྱུང་ནས། དོག་ས་ལ་འགྲེ་ལྡོག་ཅིང ། སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་ཏེ། ཀྱི་ཧུད་དལ་གྱིས་འབབ་པ། ཀྱི་
451b
ཧུད་རྫིང ། ཀྱི་ཧུད་རྫིང་བུ། ཀྱི་ཧུད་ཤིང་རྟ་སྣ་ཚོགས་ཅན་གྱི་ཚལ། ཀྱི་ཧུད་རྩུབ་འགྱུར་གྱི་ཚལ། ཀྱི་ཧུད་དགའ་བའི་ཚལ། ཀྱི་ཧུད་འདྲེས་པའི་ཚལ། ཀྱི་ཧུད་ཡོངས་འདུ། ཀྱི་ཧུད་སྡུག་པ། ཀྱི་ཧུད་ཨར་མོ་ནིག་ལྟ་བུའི་རྡོ་ལེབ། ཀྱི་ཧུད་ལྷའི་འདུན་ས། ཀྱི་ཧུད་བལྟ་ན་སྡུག་པ་ཞེས་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་པ་མཐོང་སྟེ། བདག་དེར་མཆིས་ནས་འདི་སྐད་ཅེས་བགྱིས་སོ། ། གྲོགས་པོ། ཁྱོད་ཅིའི་ཕྱིར་བྲང་རྡུང་ཞིང་དུ་ལ་མྱ་ངན་བྱེད་དེ་དུ་ཞིང་སྨྲེ་སྔགས་འདོན། དེས་སྨྲས་པ། བདག་ནི་འདིར་ལྷའི་བདེ་བ་དང་བྲལ་ཏེ། ཞག་བདུན་ན་འདི་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ཕག་མོའི་མངལ་དུ་སྐྱེ་བར་འགྱུར་ཏེ། བདག་ནི་དེར་ལོ་མང་ཞིག་ཏུ་ཕྱིས་དང ། གཅིན་འཚལ་བར་འགྱུར་བས། དེའི་སླད་དུ་བདག་དེ་སྐད་མཆིའོ། །གྲོགས་པོ་ཚུར་ཤོག། ཁྱོད་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་སོང་ཞིག་།འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་སོང་ཞིག་།ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་སོང་ཞིག་།དེ་ནས་ལྷའི་བུ་དེ་དུད་འགྲོའི་སྐྱེ་གནས་ཀྱི་འཇིགས་ཤིང་སྐྲག། འཆི་བས་འཇིགས་ཤིང་སྐྲག་སྟེ། དེ་འདི་སྐད་ཅེས་མཆིའོ། །གྲོགས་པོ། བདག་ནི་འདི་ལྟར་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་
452a
༄#། །སྐྱབས་སུ་མཆིའོ། །དེ་ནས་ལྷའི་བུ་དེས་སྐྱབས་གསུམ་བཟུང་ནས་འཆི་འཕོའི་དུས་བགྱིས་པ་དེ། བཅོམ་ལྡན་འདས། གང་དུ་སྐྱེས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ། ལྷའི་བུ་དེ་ནི་དགའ་ལྡན་གྱི་ལྷའི་རིས་དེར་སྐྱེས་ཏེ། ལྷའི་འདོད་པ་ཐམས་ཅད་ཀྱང་ཕུན་སུམ་ཚོགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཚིམ་ཞིང་མགུ་སྟེ། རབ་ཏུ་དགའ་ནས། དགའ་བ་དང ། ཡིད་བདེ་བ་སྐྱེས་ཏེ། དབང་པོ་ཚིམ་ནས་དེའི་ཚེ་ཚིགས་སུ་བཅད་དེ་གསོལ་པ། གང་དག་སངས་རྒྱས་སྐྱབས་མཆི་བ། །དེ་དག་ངན་འགྲོར་མི་མཆི་སྟེ། །མི་ཡི་ལུས་རྣམས་སྤངས་ནས་སུ། །དེ་དག་ལྷ་ལུས་ཐོབ་པར་འགྱུར། །གང་དག་ཆོས་ལ་སྐྱབས་མཆི་བ། །དེ་དག་ངན་འགྲོར་མི་མཆི་སྟེ། །མི་ཡི་ལུས་རྣམས་སྤངས་ནས་སུ། །དེ་དག་ལྷ་ལུས་ཐོབ་པར་འགྱུར། །གང་དག་དགེ་འདུན་སྐྱབས་འཆི་བ། །དེ་དག་ངན་འགྲོར་མི་མཆི་སྟེ། །མི་ཡི་ལུས་རྣམས་སྤངས་ནས་སུ། །དེ་དག་ལྷ་ལུས་ཐོབ་པར་འགྱུར། །གང་དག་ཉིན་མཚན་རྟག་པར་ཡང ། །སངས་རྒྱས་རྗེས་སུ་དྲན་པ་དང ། །གང་དག་སངས་རྒྱས་སྐྱབས་མཆིས་པ། །མི་དེ་དག་གི་རྙེད་པ་ཚེ། །གང་དག་ཉིན་མཚན་རྟག་པར་ཡང ། །ཆོས་ནི་རྗེས་སུ་དྲན་པ་དང ། །གང་དག་ཆོས་ལ་སྐྱབས་མཆིས་པ། །མི་དེ་དག་ནི་རྙེད་པ་ཆེ། །གང་དག་ཉིན་མཚན་རྟག་པར་ཡང ། །དགེ་འདུན་རྗེས་
452b
སུ་དྲན་པ་དང ། །གང་དག་དགེ་འདུན་སྐྱབས་མཆིས་པ། །མི་དེ་དག་ནི་རྙེད་པ་ཆེ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་གྱི་རྗེས་སུ་མཐུན་པར་བརྗོད་པའི་ཚིགས་སུ་བཅད་པ་བཀའ་སྩལ་པ། ཀོའུ་ཤི་ཀ། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །གང་དག་སངས་རྒྱས་སྐྱབས་དོང་བ། །དེ་དག་ངན་འགྲོར་མི་འགྲོ་སྟེ། །མི་ཡི་ལུས་རྣམས་སྤངས་ནས་སུ། །དེ་དག་ལྷ་ལུས་ཐོབ་པར་འགྱུར་གང་དག་ཆོས་ལ་སྐྱབས་དོང་བ། །དེ་དག་ངན་འགྲོར་མི་འགྲོ་སྟེ། །མི་ཡི་ལུས་རྣམས་སྤངས་ནས་སུ། །དེ་དག་ལྷ་ལུས་ཐོབ་པར་འགྱུར། །གང་དག་དགེ་འདུན་སྐྱབས་དོང་བ། །དེ་དག་ངན་འགྲོར་མི་འགྲོ་སྟེ། །མི་ཡི་ལུས་རྣམས་སྤངས་ནས་སུ། །དེ་དག་ལྷ་ལུས་ཐོབ་པར་འགྱུར། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ནས། །བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལག་པ་ཐལ་མོ་སྦྱར་ནས་ལན་གསུམ་བསྐོར་བ་བྱས་ཏེ། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཕག་མོའི་རྟོགས་པ་བརྗོད་པའི་མདོ་རྫོགས་སོ།།་