།རྒྱ་གར་སྐད་དུ། ཨཱརྱ་མཻ་ཏྲི་སཱུ་ཏྲཾ་ནཱ་མ། བོད་སྐད་དུ། འཕགས་པ་བྱམས་པའི་མདོ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ 479a ༄#། །ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སྟོན་པ་སེར་སྐྱའི་གནས་ནྱ་གྲོ་དྷའི་གཙུག་ལག་ཁང་རེ་ཧི་ནིའི་འབབ་ཆུའི་འགྲམ་ན་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་དྲི་བ་འདི་སྐད་ཅེས་གསོལ་ཏོ། །མ་འོངས་དུས་ན་འབྱུང་བ་ཡི། །རྒྱལ་བ་ཇི་ལྟ་བུ་ཞིག་ལགས། །ཉིད་ཀྱི་རྗེས་ལ་རབ་བསྟན་པའི། །སངས་རྒྱས་ཇི་ལྟར་འབྱུང་བ་ལགས། །རྒྱ་ཆེར་བདག་ནི་ཉན་པར་འཚལ། །སྤྱན་དང་ལྡན་པས་གསུང་དུ་གསོལ། །གནས་བརྟན་གྱི་ནི་ཚིག་གསན་ནས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བསོད་ནམས་དཔག་མེད་ཕུང་པོ་ནི། ཨ་ཛི་ཏ་ཞེས་ཡེ་ཤེས་ཆེ། །ད་ཡི་ཡོན་ཏན་ཐམས་ཅད་ནི། །བཤད་པར་མི་ནུས་ཅུང་ཟད་ཆ། །ཆུ་ཐིགས་ཙམ་ཞིག་ངས་བཤད་ཀྱི། །ཤཱ་རིའི་བུ་ཡིས་འདི་ལ་ཉོན། །བསྐལ་བཟང་འདི་ལས་གྲངས་མེད་ལོ། །རིམ་གྱིས་བརྒྱད་ཁྲིར་གྱུར་པའི་ཚེ། ། བྱམས་པ་ཞེས་བྱའི་མཚན་ལྡན་པའི། །རྐང་གཉིས་མཆོག་གྱུར་རྫོགས་སངས་འབྱུང ། །ཇི་ལྟར་ཞེ་ན། ད་མྱ་ངན་ལས་འདས་ནས་རིམ་གྱིས་རྣམ་པ་ལྔ་ནུབ་པར་འགྱུར་ཏེ། དང་པོར་འབྲས་བུ་ཐོབ་པ་རྣམས་ནུབ་པར་འགྱུར་བ་དང ། དེ་ནས་སྒྲུབ་པ་ལ་གནས་པ་རྣམས་ནུབ་པར་འགྱུར་བ་དང ། དེ་ནས་ལུང་གི་ཆོས་རྣམས་ནུབ་པར་འགྱུར་བ་དང ། དེ་ནས་ 479b དུར་སྨྲིག་གི་རྟགས་རྣམས་ནུབ་པར་འགྱུར་བ་དང ། དེ་ནས་ཐུབ་པའི་རིང་བསྲེལ་རྣམས་ནུབ་པར་འགྱུར་བ་ཡིན་ནོ། །དེ་ལ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སྟོང་ཕྲག་གཅིག་གི་ཚད་དུ་འབྲས་བུ་རྣམས་ཐོབ་པར་ནུས་པ་ཡིན་ནོ། །དེ་ནས་རིམ་པ་རིམ་པའི་དུས་སོང་ནས་ཕྱིར་མི་འོང་བ་དང ། ཕྱིར་འོང་བ་དང ། རྒྱུན་དུ་ཞུགས་བ་དེ་རྣམས་ཐོབ་པ་ཡོད་པ་ན་འབྲས་བུ་ཐོབ་པ་ནུབ་པར་མ་གྱུར་བ་ཡིན་ནོ། །དེའི་རྗེས་ལ་རྒྱུན་དུ་ཞུགས་པ་ལ་གནས་པ་གཅིག་ཙམ་ཡང་མེད་པར་གྱུར་པ་ན་འབྲས་བུ་ལ་གནས་པ་ནུབ་པར་གྱུར་བ་ཡིན་ནོ། །འདི་ནི། འབྲས་བུ་ལ་གནས་པ་ནུབ་པར་འགྱུར་བའི་ཚུལ་ཡིན་ནོ། །སྒྲུབ་པ་ལ་གནས་པ་ནུབ་པར་འགྱུར་བ་གང་ཞེ་ན། བརྩོན་འགྲུས་ཀྱིས་མཐོང་ལམ་གྱི་འབྲས་བུ་སྒྲུབ་མི་ནུས་ཤིང ། ཚུལ་ཁྲིམས་ཀྱི་རྩ་བ་བཞི་སོ་སོར་དག་པ་སྲུང་བ་ཙམ་ཉམས་སུ་ལེན་ཏེ། དེ་ནས་རིམ་པ་རིམ་པའི་དུས་སོང་ནས་ཚུལ་ཁྲིམས་ཀྱི་རྩ་བ་བཞི་ཙམ་སྲུང་སྟེ། སྡོམ་པའི་རྩ་བ་བཞི་ཙམ་སྲུང་བའི་དགེ་སློང་སྟོང་ཕྲག་གཅིག་གམ། བརྒྱ་ཕྲག་གཅིག་ཙམ་ཡོད་ན་ཡང་སྒྲུབ་པ་ལ་གནས་པ་ནུབ་པར་མ་གྱུར་པ་ཡིན་ནོ། །དེའི་རྗེས་ལ་དགེ་སློང་གཅིག་ཙམ་ལུས་པ་ཡང་སྡོམ་པ་བཏང་བའམ། ཚེའི་དུས་བྱས་པར་གྱུར་ན་སྒྲུབ་པ་ལ་གནས་པ་ནུབ་པར་གྱུར་པ་ཡིན་ནོ། །འདྲི་ནི། །སྒྲུབ་པ་ལ་གནས་པ་ནུབ་པར་འགྱུར་བའི་ཚུལ་ཡིན་ནོ། །ལུང་གི་ཆོས་ནུབ་པར་འགྱུར་བ་གང་ཞེ་ན། སངས་རྒྱས་ཀྱིས་གསུངས་པའི་སྡེ་སྣོད་གསུམ་གྱི་ 480a ༄#། །འགྲེལ་བ་དང་ལུང་ཡོད་པ་ན་ལུང་གི་ཆོས་རྣམས་ཐམས་ཅད་ཡོད་པ་ཡིན་ནོ། །དེ་ནས་རིམ་པ་རིམ་པའི་དུས་སོང་ནས་རྩོད་པའི་དུས་ཀྱི་རྒྱལ་པོ་རྣམས་ཀྱང་ཆོས་ལ་མི་དད། བློན་པོ་རྣམས་ཀྱང་ཆོས་ལ་མི་དད། ཡུལ་འཁོར་དང་ལྗོངས་དང་ཡུལ་གྱི་མ་རྣམས་ཀྱང་དེའི་རྗེས་སུ་འབྲངས་ནས་འདི་རྣམས་ཆོས་ལ་དད་པ་མེད་པར་གྱུར་པས་ལྷ་ཡང་ཆར་ལེགས་པར་མི་འབེབས། །འབྲུ་རྣམས་ཀྱང་ལེགས་པར་མི་སྨིན། འབྲུ་རྣམས་ཉུང་བར་གྱུར་ནས་སྦྱིན་པ་པོ་རྣམས་ཀྱང་དགེ་སློང་གི་དགེ་འདུན་རྣམས་ལ་སྦྱིན་པ་བྱེད་མི་ནུས་ཤིང ། དགེ་སློང་རྣམས་ལ་སྦྱིན་པ་བྱེད་པ་མེད་པས་ཉེ་བར་འཁོར་བ་རྣམས་དང ། སློབ་མ་རྣམས་འཛིན་མི་ནུས་སོ། །དེ་ནས་རིམ་པ་རིམ་པའི་དུས་སོང་ནས་ལུང་གི་ཆོས་རྣམས་ཉུང་ངུར་འགྱུར་རོ། །དེ་ནས་ཐོག་མ་ཉིད་དུ་རབ་ཏུ་བྱེད་པ་ཆེན་པོ་ཞེས་བྱ་བའི་ཆོས་ནུབ་པར་འགྱུར་རོ། །དེ་ནུབ་པར་གྱུར་ནས་རིམ་གྱིས་ཡ་མ་ཀཱཾ་དང ། ཚིགས་སུ་བཅད་པ་དང ། གཞི་དང ། པུངྒ་ལ་དང ། གཙུག་དང ། ཁམས་ཀྱི་ཚོགས་དང ། རྣམ་པར་འབྱེད་པ་དང ། ཆོས་ཡང་དག་པར་སྡུད་པ་ཞེས་པ་སྟེ། མངོན་པའི་སྡེ་སྣོད་རིམ་གྱིས་ནུབ་པར་གྱུར་ནས་མདོ་སྡེའི་སྡེ་སྣོད་ནུབ་པར་འགྱུར་བ་ནི། ཨཾ་གོཏྟ་ར་ནི་ཀ་ཡཾ་ཞེས་བྱ་བ་ནུབ་པར་འགྱུར་རོ། །ཾ་གོཏྟ་ར་ནི་ཀ་ཡཾ་ནུབ་པར་གྱུར་ནས་ཡང་དག་པར་ལྡན་པའི་ལུང་དང ། ལུང་བར་མ་དང ། ལུང་རིང་པོ་ནུབ་པར་འགྱུར་རོ། །ལུང་རིང་པོར་ནུབ་པར་གྱུར་ནས་འདུལ་བའི་སྡེ་སྣོད་ 480b དང ། མདོའི་སྡེ་སྐྱེས་རབས་ལྔ་བརྒྱ་ལྔ་བཅུ་པ་འཛིན་པར་བྱེད་དོ། །འདུལ་བའི་སྡེ་སྣོད་ངོ་ཚ་ཤེས་པ་རྣམས་འཛིན་པར་བྱེད་དོ། །དེ་ནས་རིམ་པ་རིམ་པའི་དུས་སོང་ནས་སྐྱེས་པའི་རབས་ཀྱང་འཛིན་བར་མི་ནུས་ཏེ། ཐོག་མ་ཉིད་དུ་ཐམས་ཅད་སྒྲོལ་བའི་སྐྱེས་བའི་རབས་ནུབ་པར་འགྱུར་རོ། །ཐ་མ་ཉིད་དུ་ཨ་པ་རྣ་ཀའི་སྐྱེས་པའི་རབས་ནུབ་པར་འགྱུར་རོ། །སྐྱེས་པའི་རབས་ཐམས་ཅད་རིམ་གྱིས་ནུབ་པར་གྱུར་ནས་འདུལ་བའི་སྡེ་སྣོད་འཛིན་པར་བྱེད་དོ། །དེ་ནས་རིམ་པ་རིམ་པའི་དུས་སོང་ནས་རྐང་པ་བཞི་པའི་ཚིགས་སུ་བཅད་པ་གཅིག་འཆད་པའི་མི་ཡོད་ན་ཡང་ལུང་གི་ཆོས་ནུབ་བར་མ་གྱུར་པ་ཡིན་ནོ།། དེ་ནས་དད་པ་ཆེན་པོ་དང་ལྡན་པའི་རྒྱལ་པོ་ཞིག་གིས་གླང་པོ་ཆེའི་རྒྱབ་ཏུ་གསེར་གྱི་ཟ་མ་ཏོག་གི་ནང་དུ་ནོར་སྟོང་ཕྲག་གཅིག་བཙུད་དེ་བཀལ་ནས་སངས་རྒྱས་ཀྱིས་གསུངས་པའི་ཚིགས་སུ་བཅད་པ་གཅིག་ཤེས་པ་ཡོད་ན། ནོར་སྟོང་ཕྲག་གཅིག་པོ་འདི་ཁྱེར་ཅིག་ཅེས་གྲོང་ཁྱེར་ལ་ལན་གསུམ་བསྐོར་བ་བྱེད་ཅིང་རྔ་བརྡུངས་ཏེ་དྲིལ་བསྒྲགས་པ་ན། ད་ལེན་པའི་མི་མེད་པར་གྱུར་ནས་ནོར་སྟོང་ཕྲག་གཅིག་པོ་ཡང་རྒྱལ་པོའི་ཕོ་བྲང་དུ་འཛུད་པར་བྱེད་པར་འགྱུར་ཏེ། དེ་ནི། ལུང་ནུབ་པར་གྱུར་བ་སྟེ། འདི་ནི། ལུང་གི་ཆོས་རྣམས་ནུབ་བར་འགྱུར་བའི་ཚུལ་ཡིན་ནོ། །དེ་ནས་རིམ་པ་རིམ་པའི་དུས་སོང་ནས་ཆོས་གོས་ཁྱེར་བ་དང ། ལྷུང་བཟེད་ཁུར་བ་མུ་སྟེགས་གཅེར་བུ་པའི་དགེ་སྦྱོང་དང་འདྲ་སྟེ། ལྷ་སྐོར་གྱི་ལྷུང་བཟེད་དང ། ཀུ་བའི་ལྷུང་བཟེད་ལག་ཏུ་ཕྱར་ཕྱར་བོར་ཁྱེར་ཏེ་ལག་པས་སྟེག་སྟེག་པོར་ 481a ༄#། །འཛིན་ཅིང་དྲ་བར་བཏུམས་ནས་རྒྱུ་བར་བྱེད་དོ། །དེ་ནས་རིམ་བ་རིམ་པའི་དུས་སོང་ནས་འདི་སྐད་དུ་གོས་སེར་བོ་འདིས་བདག་ཅག་ལ་དོན་མེད་ཅེས་གོས་སེར་པོའི་དུམ་བུ་གཅིག་ལག་ཏུ་བྱེད་པ་དང ། རྐེ་ལ་འདོགས་པ་དང ། རྣ་རྒྱན་དུ་བྱེད་པ་དང ། སྐྲ་ལ་འདོགས་སོ། །དེ་ནས་བག་མ་ལེན་པ་དང ། ཞིང་རྨོ་བ་དང ། ཉོ་ཚོང་ལ་སོགས་བ་བྱེད་ཅིང་རང་གི་འཚོ་བ་ཆེད་ཆེར་བྱེད་པ་ཡིན་ནོ། །དེའི་དུས་ན་སྦྱིན་པའི་བདག་པོ་སྦྱིན་པ་བཏང་ན་དགེ་འདུན་གྱི་མིང་ཡིད་ལ་བྱིས་ཏེ་དེ་དག་ལ་སྦྱིན་པ་བྱས་ན། ཀུན་དགའ་བོ། དེའི་དུས་ན་དགེ་འདུན་གྱི་མིང་ལ་ཕུལ་བའི་བསོད་ནམས་གྲངས་མེད་པར་ང་ཉིད་འཆད་དོ། །དེ་ནས་རིམ་པ་རིམ་པའི་དུས་འདས་ཤིང་སོང་ནས་འདིས་བདག་ཅག་ལ་དོན་ཅི་ཞིག་ཡོད་ཅེས་ཟེར་ཏེ་གོས་གསར་པའི་དུམ་བུ་བཅད་ནས་ཐང་ལ་སྐྱུར་བར་བྱེད་དོ། །དེའི་དུས་ན་རྟགས་དང་ཆ་ལུགས་ནུབ་པར་གྱུར་པ་སྟེ། འདི་ནི། རྟགས་དང་ཆ་ལུགས་ནུབ་པར་འགྱུར་བའི་ཚུལ་ཡིན་ནོ། །དེའི་རྗེས་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་སྟོང་ཕྲག་ལྔ་པ་ལ་དད་པས་བཀུར་སྟི་དང་མཆོད་པ་བྱེད་པ་ཉུང་བར་གྱུར་ནས་རིང་བསྲེལ་རྣམས་ཀྱང་དད་པས་བཀུར་སྟི་དང་མཆོད་པ་བྱེད་པའི་གནས་སུ་འབྱོན་པ་ཡིན་ནོ།། དེ་ནས་རིམ་པ་རིམ་པའི་དུས་སོང་ནས་འཇིག་རྟེན་ཐམས་ཅད་དུ་དད་པས་བཀུར་སྟི་དང་མཆོད་པ་བྱེད་པ་མེད་པར་འགྱུར་རོ། །དེ་ནས་བསྟན་པ་རྫོགས་པའི་དུས་ན་ཀླུའི་ཡུལ་ན་བཞུགས་པ་ 481b དང ། ལྷའི་ཡུལ་ན་བཞུགས་པ་དང ། ཚངས་པའི་འཇིག་རྟེན་ན་བཞུགས་པའི་རིང་བསྲེལ་ཐམས་ཅད་བྱང་ཆུབ་ཆོན་པོའི་གནས་སུ་བྱོན་ཞིང་སངས་རྒྱས་ཀྱི་སྐུར་མཛད་དེ། ཆོ་འཕྲུལ་གྱིས་རྫུ་འཕྲུལ་མཛད་ནས་ཀུན་ལ་སྣང་བར་མཛད་དེ། གནས་དེར་མིའི་སེམས་ཅན་གྱི་མིང་ཡང་མེད་ལ། འཇིག་རྟེན་དུ་འཁོར་ལོ་སྟོང་ཕྲག་བཅུའི་ལྷ་ཁྲི་ཕྲག་ཐམས་ཅད་འོངས་ནས་དེ་རིང་སྟོབས་བཅུ་མངའ་བའི་བསྟན་པ་ནུབ་པར་འགྱུར་རོ། །ད་ནི། འཇིག་རྟེན་ཐམས་ཅད་མུན་པར་འགྱུར་རོ། །ཞེས་དུ་བར་བྱེད་དོ། །རིང་བསྲེལ་དེའི་སྐུ་ཐམས་ཅད་མེའི་ཁམས་ནས་བསྲེགས་ཏེ་ལྷག་མ་མེད་པར་འགྱུར་རོ། །འདི་ནི། རིང་བསྲེལ་ནུབ་པར་འགྱུར་བའི་ཚུལ་ཡིན་ནོ། །འདི་ལྟར་སྟོང་ཕྲག་ལྔ་པའི་བསྟན་པ་འདི་ནུབ་པར་གྱུར་ནས་འཇིག་རྟེན་དུ་མི་དགེ་བ་སྤྱོད་པ་ཤས་ཆེ་བར་འགྱུར་རོ། །མི་རྣམས་ངོ་ཚ་དང་ཁྲེལ་མེད་བར་འགྱུར་ཏེ།་མ་དང ། སྲིང་མོ་དང ། བུ་མོ་ཡིན་པའི་སེམས་མི་བྱེད་པར་ཕག་དང ། ཝ་དང་འདྲ་སྟེ་ངོ་ཚ་མེད་པར་འགྱུར་རོ། །དེ་ཉིད་ཀྱིས་སྡིག་པ་ཤས་ཆེར་སོང་ནས་ཚེ་ཐུང་ངུར་སོང་སྟེ་ཚེ་ལོ་བཅུ་པར་འགྱུར་རོ།། ལོ་ལྔ་བའི་སྐྱེས་པ་དང་བུད་མེད་ཁྱིམ་ཐབ་བྱེད་དོ། །ཡང་ལོ་ལྔའི་ནང་ད་བུ་དང་བུ་མོ་དང་ཚ་བོ་འབྱུང་བ་ཡིན་ནོ། །དེའི་དུས་སུ་མཚོན་གྱི་བསྐལ་བ་འབྱུང་སྟེ། བར་གྱི་བསྐལ་པ་གསུམ་ནི། མུ་གེའི་བསྐལ་པ་དང ། ནད་ཀྱི་བསྐལ་པ་དང ། མཚོན་གྱི་བསྐལ་པའོ། །གང་གི་ཚེ་འཇིག་རྟེན་གྱི་སེམས་ཅན་རྣམས་སེར་སྣ་ཤས་ཆེར་གྱུར་བ་ན་མུ་གེའི་བསྐལ་པ་འབྱུང་བ་ཡིན་ནོ། །གང་གི་ཚེ་གཏི་མུག་ 482a ༄#། །ཤས་ཆེར་གྱུར་པ་ན་ནད་ཀྱི་བསྐལ་པ་འབྱུང་བ་ཡིན་ནོ། །གང་གི་ཚེ་ཞེ་སྡང་ཤས་ཆེར་གྱུར་པ་ན་མཚོན་གྱི་བསྐལ་པ་འབྱུང་སྟེ། མུ་གེའི་བསྐལ་པ་ལ་ཤི་བའི་སེམས་ཅན་རྣམས་ཡི་དྭགས་སུ་སྐྱེ་བར་འགྱུར་རོ། །ནད་ཀྱི་བསྐལ་པ་ལ་ཤི་བའི་སེམས་ཅན་རྣམས་དུད་འགྲོའི་ཡུལ་དུ་སྐྱེ་བར་འགྱུར་རོ། །མཚོན་གྱི་བསྐལ་བ་ལ་ཤི་བའི་སེམས་ཅན་རྣམས་དམྱལ་བར་སྐྱེ་བར་འགྱུར་རོ། །དེའི་ཚེ་མི་རྣམས་གཅིག་ལ་གཅིག་རི་དྭགས་ཡིན་པའི་སེམས་སུ་བྱེད་དེ། མཚོན་ཆ་རྩེ་གཅིག་པ་དང ། རྩེ་གཉིས་པ་དང ། རྩེ་གསུམ་པ་རྣོན་པོ་སྤུ་གྲི་ལྟ་བུ་ཁྱེར་ནས་གཅིག་གིས་གཅིག་བསད་དེ་འཆི་བར་འགྱུར་རོ། །དེ་དག་གི་ནང་ནས་བསོད་ནམས་ཡོད་པའི་མཁས་པ་ལ་ལས་ཞག་བདུན་ནས་མཚོན་གྱི་བསྐལ་པ་འབྱུང་ཞེས་ནུབ་མོ་ལྷ་ལས་ཐོས་ཏེ་རིའི་ཕུག་གམ། སའི་འོག་ཏུ་ཞག་བདུན་བདུན་གྱི་འཚོ་བ་ཁྱེར་ཏེ་སྡོད་པར་བྱེད་དོ། །དེ་དག་མ་ཡིན་པའི་སེམས་ཅན་ལྷག་མ་རྣམས་གཅིག་གིས་གཅིག་བསད་དེ་འཆི་བར་འགྱུར་རོ། །ས་ཐམས་ཅད་ཤ་དང་ཁྲག་གིས་གང་བར་འགྱུར་རོ། །དེའི་རྗེས་ལ་འབྲུག་སྒྲ་ཆེན་པོ་བྱུང་སྟེ་ཆར་འབབ་བོ། །རི་དང་ཤ་ཐམས་ཅད་ཕྱིའི་རྒྱ་མཚོར་འཁྱེར་བར་འགྱུར་རོ། །ལྷས་ཀྱང་ཆར་ཆེན་པོ་ཕབ་པའི་རྗེས་ལ་དྲི་བཟང་པོའི་ཆར་འབབ་བོ། །དེའི་རྗེས་ལས་ཐམས་ཅད་གཙང་མར་འགྱུར་ཏེ། །ས་ཐམས་ཅད་དག་པར་གྱུར་ནས་འབྲུའི་ཆར་འབབ་ 482b པ། །འབྲུའི་ཆར་གྱི་རྗེས་ལ་འབྲས་ཀྱི་ཆར་འབབ་བོ། །ཆར་དེའི་བར་དུ་གོས་དང་རྒྱན་གྱི་ཆར་འབབ་བོ། །དེའི་བར་དུ་པུས་མོ་ནུབ་ཙམ་གྱི་རིན་པོ་ཆེ་སྣ་བདུན་གྱི་ཆར་འབབ་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ།་དྲི་བཟང་ཆར་བ་རབ་འབབ་ཅིང ། །འབྲུ་རྣམས་དང་ནི་འབྲས་རྣམས་དང ། །གོས་དང་རྒྱན་རྣམས་སྣ་ཚོགས་འབབ། །དེའི་ཚེ་དགའ་ཚལ་ཡང་འོད་སྣང ། །དེ་ཚེ་རིན་ཆེན་སྣ་བདུན་མང ། །དེ་ཚེ་དེར་ན་འབབ་གྱུར་ཏེ། །དེ་ཚེས་ཀུན་གང་བར་འགྱུར། །དེ་ཚེ་དགའ་ཚལ་ཡིད་འོང་འགྱུར། །མཚོན་གྱི་བསྐལ་པ་ཞག་བདུན་འདས་ནས་དེའི་ཚེ་མི་རིའི་ཕུག་ལ་སོགས་པར་བྲོས་ཏེ་གབ་པ་རྣམས་ཕྱིར་འོངས་ནས་གཅིག་ལ་གཅིག་འཁྱུད་དེ་དུ་ཞིང་ཕན་པར་སེམས་པས་ཆོས་ཡིད་ལ་བྱེད་ཅིང་སྡོམ་པ་ལྔ་ལེགས་པར་སྲུང་བར་བྱེད་དོ། །དེ་ནས་ལོ་བཅུ་བའི་མི་ལ་བུ་ལོ་ཉི་ཤུ་པ་འབྱུང་བ་ཡིན་ནོ། །དེ་ནས་མི་རྣམས་ཆོས་ལ་ཤིན་ཏུ་ལེགས་པར་དད་དེ་རིམ་གྱིས་ཚེ་རིང་པོར་འཕེལ་ཞིང་ཚེ་ལོ་གྲངས་མེད་པར་འགྱུར་རོ། །དེའི་དུས་སུ་སེམས་ཅན་རྣམས་ལ་རྒས་པ་དང་ཤི་བ་མི་མཐོང་སྟེ། དེར་སེམས་ཅན་རྣམས་ཡང་ཆོས་ལ་དད་པ་མེད་པར་གྱུར་ནས་དམྱལ་བའི་སྡུག་བསྔལ་གང་ཡིན་པ་ཡང་མི་ཤེས་ཏེ། ཚེ་ལོ་གྲངས་མེད་པ་ཐུང་ངུར་འགྱུར་ཞིང་རིམ་གྱིས་མར་ལ་འགྲིབ་སྟེ་ཚེ་ལོ་བརྒྱད་ཁྲི་བར་འགྱུར་བ་ཡིན་ནོ། །དེའི་དུས་ན་འཛམ་བུའི་གླིང་ཐམས་ཅད་དུ་ལྷ་ལྟ་བུའི་སྐྱེས་པ་དང ། ལྷ་མོ་ལྟ་བུའི་བུད་མེད་ཤིན་ཏུ་མང་པོ་འབྱུང་བ་ཡིན་ནོ། །ལྷ་རྣམས་ཀྱིས་ཟླ་བ་ཕྱེད་ཙམ་དང ། ཞག་བཅུ་ཙམ་ 483a ༄#། །དང ། ཞག་ལྔ་ལྔ་ཙམ་དུ་ཆར་འབབས་ཤིང ། ནམ་གྱི་གུང་ལས་ཐམས་ཅད་དྲི་བཟང་བོ་དང་རོ་ཞིམ་ཞིང་བཅུད་ཆེན་པོར་འགྱུར་ཏེ། དེ་ནས་ས་ཐམས་ཅད་རབ་ཏུ་མཉམ་ཞིང་རྡོ་དང་ཚེར་མ་མེད་པར་འགྱུར་བ་ཡིན་ནོ། །གྲོང་ཁྱེར་གྱི་སྒོ་བཞི་དང ། ཟུར་བཞི་དང ། གྲོང་ཁྱེར་གྱི་དབུས་སུ་དཔག་བསམ་གྱི་ཤིང་འབྱུང་བར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གཞན་ཡང་དེ་ཡི་གྲོང་ཁྱེར་དུ། །སྣ་ཚོགས་སྣ་ཚོགས་མང་བའི་སྲང ། །མངོན་པར་གྲུབ་པའི་རྫིང་བུ་ལ། །ཐེམ་སྐས་ཤིན་ཏུ་ལེགས་པ་འབྱུང ། །ཆུ་ཆེན་ཤིན་ཏུ་དྲི་མ་མེད། །བསིལ་ཞིང་དྲི་ཞིམ་ཡིད་འོང་ལྡན། །བདེ་མཉམ་དང་པ་དུ་མར་བཅས། །བྱེ་མ་མུ་ཏིག་མདོག་འདྲ་བ། །ུཏྤལ་པདྨོའི་མེ་ཏོག་འཁྲིགས། །དུས་རྣམས་ཀུན་ཏུ་རྙིང་མ་འཁྲུངས།། རིན་པོ་ཆེ་ཡི་རང་བཞིན་གྱི། །ཏ་ལའི་རབ་བདུན་གྱིས་བསྐོར། །དེ་ཡི་གྲོང་ཁྱེར་ཐམས་ཅད་ལ། །རིན་ཆེན་ལྕགས་རི་བདུན་གྱིས་བསྐོར། །དེ་ཚེ་རྩཝ་མཆོག་གྲོང་ཁྱེར་འདིར། །གྲོང་ཁྱེར་རྒྱལ་མཚན་བློ་གྲོས་འབྱུང ། །གྲོང་ཁྱེར་ཟུར་བཞི་དང་ནི་སྒོར། །དཔག་བསམ་ལྗོན་ཤིང་རབ་ཏུ་སྐྱེ། །སྔོན་པོ་སེར་པོ་དམར་པོ་དང ། ཁ་དོག་སྣ་ཚོགས་འོད་ཟེར་ཅན། །ལྷ་ཡི་གོས་ནི་དེ་ལས་སྐྱེ། ། ལྷ་ཡི་རྒྱན་རྣམས་དེ་ལས་འབྱུང ། །གཞན་ཡང་དགོས་འདོད་སྣ་ཚོགས་པ། ཐམས་ཅད་དེ་ལས་རབ་ཏུ་འབྱུང ། །གྲོང་ཁྱེར་དེ་ཡི་དབུས་སུ་ཡང ། །སྒོ་བཞི་བཞི་ལྡན་ཁང་བཟང་བཞི། 483b བསོད་ནམས་ལས་ལས་རབ་ཏུ་འགྲུབ། །དཔག་བསམ་ལྗོན་ཤིང་མང་པོ་འཁྲིགས། །ཀ་ཤིའི་གོས་དང་ཀ་ར་བས། །ལ་མ་ཨུ་དུམ་ཝ་རའི་གིས། །བསོད་ནམས་ལས་ལས་རབ་གྲུབ་པའི། །དཔག་བསམ་ཤིང་ལས་རབ་ཏུ་འབྱུང ། །ལག་རྔ་དང་ནི་རྗ་རྔ་དང ། །རྔ་ཟླུ་མ་དག་ནི་ཕྲག་རྔ་ཡང ། །བསོད་ནམས་ལས་ལས་རབ་གྲུབ་པའི། །དཔག་བསམ་ཤིང་ལས་རབ་ཏུ་འབྱུང ། །རིན་ཆེན་ཕྲེང་བ་མགུལ་རྒྱན་དང ། །རིན་ཆེན་ཕྲེང་པའི་དོ་ཤལ་ཡང ། །བསོད་ནམས་ལས་ལས་རབ་གྲུབ་པའི། །དཔག་བསམ་ཤིང་ལས་རབ་ཏུ་འབྱུང ། །གཙུག་རྒྱན་མཛོད་སྤུའི་རྒྱན་དང་ནི། །དཔུང་རྒྱན་ནོར་བུའི་སྐེད་རྒྱན་དང ། །བསོད་ནམས་ལས་ལས་རབ་གྲུབ་པའི། །དཔག་བསམ་ཤིང་ལས་རབ་ཏུ་འབྱུང ། །གཞན་ཡང་སྣ་ཚོགས་དུ་མ་ཡི། །རྒྱན་མང་ལེགས་པོ་ཐམས་ཅད་ནི། །བསོད་ནམས་ལས་ལས་རབ་གྲུབ་པའི། །དཔག་བསམ་ཤིང་ལས་རབ་ཏུ་འབྱུང ། །བསོད་ནམས་ལས་ཅན་སེམས་ཅན་ལ། །མ་གྲུགས་སྐོག་མེད་དྲི་མེད་དཀར། །དྲི་ཞིམ་འབྲས་ཀྱི་སྙེ་མ་འགྲུབ། །མ་རྨོས་མ་བཏབ་རང་བྱུང་ལ། །མ་གཡོས་མ་བསྐོལ་འབྲས་ཀྱི་ཟས། མི་རྣམས་ཐམས་ཅད་ལེགས་པར་ཟ། །དེར་ནི་རྩ་བ་གཅིག་ལས་ཀྱང ། །འབྲས་ཀྱི་ཡལ་ག་འབུམ་ཕྲག་སྐྱེ། །སྡོང་བུ་ཀུན་ལ་མྱུ་གུ་རྣམས།། ཐམས་ཅད་རེ་རེས་ཀུན་ནས་བསྐོར། །འབྲས་རྣམས་སོ་མ་རེ་རེ་ལ། །དེ་ཚེ་བྲེ་ནི་རེ་རེ་འབྱུང ། །དུས་ཀུན་དྲི་ཞིམ་ལྡན་པའི་འབྲས། །མི་ཀུན་ལ་ནི་འབྱུང་བ་ཡིན། །འཁོར་ལོ་གཉིས་པའི་ཤིང་རྟ་ནི།། 484a ༄#། །ཉིས་སྟོང་དང་ནི་ཉིས་བརྒྱ་དང ། །ཤིང་རྟ་བདུན་ཅུ་རྩ་གཉིས་དང ། ཁལ་ནི་བཅུ་དྲུག་དེ་བཞིན་དུ། །ཀུ་བ་གཉིས་དང་བཅས་པའི་འབྲས། །སེམས་ཅན་བསོད་ནམས་ལྡན་པས་ན། །ས་བོན་གཅིག་ལས་དེ་སྙེད་འབྱུང ། །རྒྱལ་པོ་དུང་གི་གྲོང་ཁྱེར་ནི། །རྒྱལ་མཚན་བློ་གྲོས་དེར་གནས་མི། །ཐམས་ཅད་མ་ལུས་དེ་ཀུན་ཀྱང ། །ཡོན་ཏན་ཀུན་ལྡན་རྒྱན་རྣམས་འཛིན། །ཡིད་ལ་གང་བསམ་བདེ་བར་འབྱོར། །གཟུགས་བཟང་མེ་ཏོག་རྒྱན་ལ་སོགས། །ཧ་རི་ཙནྡན་ན་ལུས་ལ་བྱུགས། །ཀ་ཤི་ཀ་ཡི་གོས་མཆོག་གྱོན། །མཉེན་གཤིན་ནོར་མང་དབང་ཕྱུག་ལྡན། །པི་ཝང་ཏིང་ཏིང་ཤགས་ཀྱིས་རྩེ། །ལུས་དང་དེ་བཞིན་ཡིད་རྣམས་ཀྱང ། །ཉིན་མཚན་མེད་པར་ཤིན་ཏུ་སྐྱིད། །འཛམ་གླིང་འདི་ཡི་རྒྱ་ཁྱོན་ཡང ། །དཔག་ཚད་སྟོང་ཕྲག་བཅུ་ཡིན་ཏེ། །ཚེར་མ་ཅན་དང་མཐའ་འཁོབ་མེད། ཁང་མཉམ་ལྗང་ཁུའི་རྩཝ་གསར་ལྡན། །འདོད་དང་རྒས་དང་མཐར་འཆི་སྟེ། །ནད་གསུམ་ཙམ་ནི་དེ་ཚེ་ཡོད། །བུ་མོ་ལྔ་བརྒྱའི་ལོ་ལོན་ཚེ། །ཁྱིམ་ཐབ་ལ་ནི་འགྲོ་བར་བྱེད། །ཀུན་ཏུ་སེམས་མཐུན་བདེ་དང་ལྡན། །འཐབ་དང་རྩོད་པ་མེད་པར་གནས། །མེ་ཏོག་འབྲས་བུ་མང་པོ་དང ། །འཁྲི་ཤིང་ཤིང་ཐོག་ཡོད་པའི་ཚལ། །སོར་བཞིའི་དབང་ཙམ་རྩཝ་རྣམས་རིགས། །ཤིང་བལ་ལྟ་བུར་རེག་བྱ་འཇམ། །བསིལ་དྲོད་ཤིན་ཏུ་སྙོམས་པ་སྟེ། །ཆར་དང་རླུང་ཡང་ཤིན་ཏུ་སྙོམས། །དེ་ཚེ་དབྱར་དགུན་སྟོན་ཡང་སྙོམས། །མཚོ་དང་འབབ་ 484b ཆུ་རླབས་མེད་ཅིང ། །ས་ཀུན་དེ་དང་དེ་རུ་ནི། །གསེག་མ་བྱེ་མ་དཀར་པོ་ཡང ། །སྲན་མ་དང་ནི་སྲན་དཀར་ཙམ། །མུ་ཏིག་ལྟ་བུ་མང་པོས་མཛེས། །ལེགས་པར་བརྒྱན་པའི་ཚལ་བཞིན་དུ། །ཀུན་ནས་བཟང་པོ་འབྱུང་བ་ཡིན། །གྲོང་དང་གྲོང་རྡལ་འདབ་འབྲེལ་བ། །དེ་དེར་ཉེ་ཞིང་ཤིན་ཏུ་ཉེ། །སྨྱུག་མའི་ཚལ་དང་འོད་མའི་ཚལ། །ཀུན་ཏུ་ཁྱིམ་བྱ་མང་པོ་རྒྱུ། །ནོར་མང་ཕྱུག་ཅིང་འཇིགས་པ་མེད། །ཀུན་ཏུ་ཁྲིམས་བཟང་གནོད་མེད་ལྡན། །ཉིན་མཚན་འདོད་ཡོན་ལྔ་ཡིས་རྩེ། །གཅིག་ཏུ་བདེ་བར་གནས་པ་ཡིན། །སྐར་མའི་འོད་ཀྱི་མདའ་ལྟར་འགྲོ། །ཡིད་རབ་དང་ཞིང་བདེ་དགས་གནས། །བཟའ་དང་བཏུང་བ་བཟང་ཞིང་མང ། །ཤ་དང་ཆང་སོགས་མང་བར་ལྡན། །བྱང་གི་སྒྲ་མི་སྙན་དང་ནི། །ལྷ་ཡི་གྲོང་ཁྱེར་ལྕང་ལོ་ཅན། །ཡངས་པ་ཅན་གྱི་གྲོང་ཁྱེར་བཞིན། །འཛམ་གླིང་ཀུན་ནས་བཟང་པོར་འགྱུར། །དེའི་དུས་ན་བྱང་ཆུབ་སེམས་དཔའ་བྱམས་པ་འདི་གྲངས་མེད་པའི་བསྐལ་པ་འབུམ་ཕྲག་གཅིག་དང་བཅུ་དྲུག་ཏུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པར་ཐམས་ཅད་རྫོགས་ནས་ཐམས་ཅད་སྒྲོལ་བའི་ཚུལ་གྱིས་ཐ་མ་ཉིད་དུ་སྦྱིན་པ་ཆེན་པོ་སྟེ། ཕ་རོལ་ཏུ་ཕྱིན་པའི་ཚོགས་ཐམས་ཅད་མཐར་ཕྱིན་ཅིང་འདི་ནས་དགའ་ལྡན་དུ་མངོན་པར་སྐྱེས་ཏེ།་དེའི་དུས་ན་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཅུའི་ལྷ་ཐམས་ཅད་འོངས་ཏེ་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཞེས་སྒྲ་དབྱངས་སྙན་པ་ཆེན་པོ་འབྱིན་ཅིང་མངོན་པར་ 485a ༄#། །རྫོགས་པར་འཚང་རྒྱ་བར་གསོལ་ཞེས་སྐུལ་བར་བྱེད་དེ། །དེ་ནས་གཟིགས་པ་རྣམ་པ་ལྔ་ལ་མངོན་པར་གཟིགས་ཏེ་དགའ་ལྡན་གྱི་ལྷའི་འཁོར་ནས་འོངས་ཏེ་རྒྱལ་པོ་དུང་གི་གྲོང་ཁྱེར་རྒྱལ་མཚན་བློ་གྲོས་སུ་བྲམ་ཟེ་མདུན་ན་འདོན་ཚངས་རབ་ཅེས་བྱ་བའི་བཙུན་མོ་ཚངས་ལྡན་མ་ཞེས་བྱ་བའི་ལྷུམས་སུ་འཇུག་སྟེ། འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཅུ་འདར་ཞིང་གཡོ་བར་འགྱུར་རོ། །དེར་ཟླ་བ་བཅུ་སོང་ནས་དྲང་སོང་ལྷུང་བའི་རི་དྭགས་རྒྱུ་བའི་གནས་སུ་ཡུམ་ལས་འཁྲུངས་ཏེ། རིམ་གྱིས་ནར་སོན་ནས་རང་གི་བསོད་ནམས་ཀྱི་མཐུ་ལས་ས་འོག་ནས་ནོར་བུ་རིན་པོ་ཆེ་བདུན་ལས་གྲུབ་བའི་ཁང་བཟང་བཞི་བྱུང་བའི་ནང་དུ་རང་ཉིད་ལྷ་བཞིན་དུ་ལྷ་མོ་ཟླ་བའི་གདོང་ཅན་དང ། གཞན་ཡང་ལྷ་མོ་ལྟ་བུའི་བུད་མེད་མང་པོ་དང་ལྷན་ཅིག་ཏུ་ལོ་སྟོང་ཕྲག་གཅིག་ཏུ་ལྷའི་ལོངས་སྤྱོད་ལྟ་བུ་ལ་བདེ་བར་སྤྱོད་དེ། དེ་ནས་ཐ་མའི་ཞག་ལ་བཙུན་པའི་གཟུགས་ཤིག་མཐོང་ནས་གསེར་གྱི་ཁང་བུར་སེངྒེའི་རྒྱལ་པོ་མི་དགའ་བ་བཞིན་དུ་རིན་པོ་ཆེའི་ཁང་བཟང་དཔལ་མང་པོ་ཡོད་པ་ལ་མི་དགའ་ཞིང་ངེས་པར་འབྱུང་བ་ཆེན་པོའི་སེམས་བྱུང་སྟེ་འཇིག་རྟེན་འཁོར་ལོ་སྟོང་ཕྲག་བཅུ་ཐམས་ཅད་ཀྱི་ལྷ་རྣམས་ལྷའི་མེ་ཏོག་ལག་ཏུ་ཁྱེར་ནས་འཇིག་རྟེན་གྱི་འཁོར་ལོ་འདིར་འོངས་ཏེ་འཁོད་པར་བྱེད་དོ། །རྒྱལ་པོ་དུང་དང་བཅས་པའི་མི་མང་པོ་ཡང་མེ་ཏོག་དང་དྲི་དང་སྤོས་ 485b ཕྱིར་ཏེ་ཁང་བཟང་ལ་བསྐོར་ནས་འཁོད་པར་བྱེད་དོ། །ནམ་མཁའི་ལྷ་རྣམས་ཀྱང་ལྷའི་མེ་ཏོག་ལག་ཏུ་ཁྱེར་ནས་ལེགས་སོ་ལེགས་སོ།། ཞེས་འོག་མིན་གྱི་བར་དུ་སྒྲ་ཆེར་སྒྲོག་ཅིང་འཁོད་པར་བྱེད་དོ། །དེ་ནས་རིན་པོ་ཆེའི་ཁང་བཟང་རྫ་མཁན་གྱི་འཁོར་ལོ་བཞིན་དུ་འཁོར་ཞིང་ནམ་མཁའ་ལ་སོང་ནས་བཅོ་ལྔའི་ཟླ་བ་སྐར་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་བཞིན་དུ་བྱང་ཆུབ་སེམས་དཔའ་ནི། ཟླ་བའི་གདོང་ཅན་མ་དང ། གཞན་བཙུན་མོའི་ཚོགས་དང་བཅས་པ་ནམ་མཁའ་ལ་འགྲོ་བར་བྱེད་དེ། སེམས་དཔའ་ཆེན་པོ་དེ་དང་ཐབས་ཅིག་ཏུ་འགྲོ་བའི་སེམས་ཡིན་པ་ཐམས་ཅད་ཀྱང་ནམ་མཁའ་ལ་འགྲོ་བར་བྱེད་དོ། །དེ་ནས་ཚངས་པ་ཆེན་པོས་ནི། དཔག་ཚད་གསུམ་ཙམ་ཡོད་པའི་གདུགས་དཀར་པོ་འཛིན་ཅིང་ལྷའི་དབང་པོས་དུང་འཕུད་པར་བྱེད་དོ། །འདི་ལྟར་བསོད་ནམས་ཀྱི་དཔལ་ཆེན་པོས་ལྷ་དང་མིས་བསྐོར་བའི་ཁང་བཟང་དང་བཅས་པས་བྱང་ཆུབ་གྱི་ཤིང་གི་དྲུང་དུ་ཉེ་བར་འོངས་ཏེ། དེ་ཇི་ལྟར་ཞེ་ན། ཤིང་སྡོང་ཁྲུ་བརྒྱ་ཉི་ཤུ་སྟེ། ། ཡལ་གའང་ཁྲུ་བརྒྱ་ཉི་ཤུའི་སྲིད། །རླུང་གིས་དལ་བུར་བསྐྱོད་པ་ན། །རྨ་བྱའི་གར་གྱི་གདུགས་ལྟར་སྣང ། །དུས་ཀུན་ལྷ་ཡི་མེ་ཏོག་ནི། །ཤིན་ཏུ་ལེགས་པར་རྒྱས་པ་ཡང ། །འཁོར་ལོ་ཙམ་གྱི་ལྟེ་བ་ལ། །གསེར་དྲི་བཟང་བྲེ་གང་ཙམ། །རླུང་གིས་ཕྱོགས་བཅུར་བསྐྱོད་པ་ན། །དཔག་ཚད་བཅུར་ནི་དྲི་ཡིས་ཁྱབ། །མེ་ཏོག་ས་ལ་བབ་པ་ཡང ། །བྱང་ཆུབ་ཤིང་དྲུང་ཉིད་དུ་གནས། ། 486a ༄#། །དེའི་དུས་སུ་ནམ་མཁའ་ལ་འགྲོ་བའི་བྱའི་རིགས་མང་པོ་སྐད་སྙན་པོས་མཆོད་པ་བྱེད་ཅིང་འགྲོ་བར་བྱེད་དོ། །དེ་ལྟར་བྱང་ཆུབ་ཀྱི་ཤིང་ཀླུ་ཤིང་གི་ཉེ་འཁོར་དུ་འོངས་ཏེ་ནམ་མཁའ་ལས་བབས་ནས་ཁང་བཟང་སའི་ཉེ་འཁོར་ཡིད་དུ་འཐད་པའི་སྟེང་དེ་ཉིད་དུ་འཁོར་བར་བྱེད་དོ། །དེར་དཔལ་གྱི་ཁང་བཟང་གི་ནང་དུ་ཞག་བདུན་དུ་དཀའ་ཐུབ་བྱེད་དོ། །དེ་ནས་ཚངས་པ་ཆེན་པོས་ཕུལ་བ་མཁོ་བའི་ཡོ་བྱད་བླངས་ཏེ་རབ་ཏུ་བྱུང་བར་བྱེད་དོ། །འཁོར་ཐམས་ཅད་ཀྱང་རབ་ཏུ་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། བརྒྱད་ཁྲི་བཞི་སྟོང་གྲངས་སྙེད་ཀྱི། ། བྲམ་ཟེ་རིག་བྱེད་རབ་མཁས་པ། །དེ་ཡི་རྗེས་སུ་རབ་ཏུ་འབྱུང ། །འཁོར་རྣམས་ཀུན་ཀྱང་རབ་ཏུ་འབྱུང ། །དེ་ལྟར་རབ་ཏུ་བྱུང་ནས་ལྷ་མོ་ཟླ་བའི་གདོང་ཅན་མས་ཕུལ་བའི་འོ་ཐུག་རོ་སྣ་ཚོགས་དང་ལྡན་པ་གསོལ་བར་བྱེད་དོ། །དེའི་དགོང་ཐུན་ལ་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཉེ་བར་འོངས་ཏེ་རྣམ་པར་རྒྱལ་བའི་ཁང་བཟང་དུ་ཁྲི་བཤམས་པ་ལ་ཤར་གྱི་འཇིག་རྟེན་ལ་མངོན་པར་གཟིགས་ཏེ་བཞུགས་པར་མཛད་དོ། །དེ་ནས་རིམ་གྱིས་ཉི་མའི་སྐྱ་རེངས་ཤར་བའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་མཛད་དེ་འདི་སྐད་གསུང་བར་འགྱུར་རོ། །འཁོར་བའི་སྐྱེ་བོ་མང་པོར་ནི། །དུག་མེད་པ་ཡི་དོན་གྱི་ཕྱིར། །གནས་བཟང་ཀུན་ཏུ་བཙལ་བྱས་ཀྱང ། །ཡང་ཡང་སྐྱེ་བའི་སྡུག་བསྔལ་བྱུང ། །ད་ནི་གནས་བཟང་མཆོག་ཐོབ་ 486b པས། །ད་གཟོད་གནས་གདོན་མི་འགྲོ་སྟེ། །དུག་ཁྱིམ་སྡུག་བསྔལ་ཐམས་ཅད་བཅས། །རབ་བཅོམ་ཐོ་བས་བཤིག་པ་ཡིན། །ཉོན་མོངས་དུག་བཅས་འདོད་པ་ཡི། །ཡིད་ནི་རྣམ་པར་དག་པར་བྱས།། འདི་སྐད་ཅེས་གསུངས་ནས་བྱང་ཆུབ་ཀྱི་ཤིང་ལ་ཉེ་བར་གནས་ཏེ་ཞག་བདུན་ཕྲག་བདུན་སོང་བ་དང ། ཚངས་པས་གསོལ་བ་འདེབས་པ་གསན་ནས་དྲང་སོང་ལྷུང་བའི་གནས་སུ་བྱིན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་གཤེགས་པའི་ཚེ། །ཞབས་ནི་བསྐྱོད་མི་བསྐྱོད་པ་ཡང ། །ཤིན་ཏུ་རྒྱས་པའི་བདེ་སྟེང་གཤེགས། །འདབ་མ་ཁྲུ་ནི་སུམ་ཅུར་བཅས། །བར་གྱི་འདབ་མ་ཉི་ཤུ་ལྔ། །གེ་སར་ཉི་ཤུའི་ཁྲུ་དང་ལྡན། །ཟེ་འབྲུ་ལ་ནི་བཅུ་དྲུག་སྟེ། །གེ་སར་ཁ་དོག་ཤིན་ཏུ་དམར། །མེ་ཏོག་པདྨ་ཆེན་པོ་འབྱུང ། །སྟོབས་བཅུ་མངའ་བའི་འོད་ཟེར་རབ་ཏུ་འབར་ཞིང་གསལ་ཏེ་ཉི་མའི་འོད་མི་གསལ་ཞིང་ཉིན་མཚན་བྱེ་བྲག་མེད་པར་འགྱུར་རོ། །དེའི་ཚེ་སྔ་དྲོ་དང་དགོང་མོ་བྱའི་སྒྲས་ཤེས་པར་བྱེད་པ་དང ། མེ་ཏོག་རྒྱས་པས་ཀྱང་འཇིག་རྟེན་པ་རྣམས་གོ་བར་བྱེད་དོ། །གང་དང་གང་ན་ཆོས་འཆད་པ་ཡོད་པ་དེ་དང་དེར་ཆོས་ཀྱི་སྒྲ་ཐམས་ཅད་ལ་རབ་ཏུ་གྲགས་ཤིང་འཆད་པར་བྱེད་དོ། །དེའི་ཚེ་བྲམ་ཟེ་བརྒྱད་ཁྲི་བཞི་སྟོང་དང ། ཚངས་པ་ས་ཡ་ཕྲག་བཅོ་བརྒྱད་ཀྱིས་ཐོག་མར་ཆོས་ཀྱི་བདུད་རྩི་འཐུངས་ཏེ་འདི་ལྟར་བཅོམ་ལྡན་འདས་བསོད་ནམས་དང་བྱིན་རླབས་བརྒྱ་ཕྲག་མང་པོ་དང་ལྡན་པ། འོད་ཟེར་ཁ་དོག་ 487a ༄#། །སྣ་ཚོགས་པ་འགྱེད་ཅིང་བརྒྱ་ཕྲག་མང་པོའི་མཚན་ཅན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུ་མཉམ་པར་ལྡན་ཞིང་ངོ་མཚར་མང་པོ་མངའ་བ། བརྒྱ་ཕྲག་མང་པོའི་འོད་དེའི་སྐུ་ལས་འབྱུང་བ་ཡིན། །ཇི་ལྟར་ཞེ་ན། སྔོན་པོ་དང ། སེར་པོའི་ཁ་དོག་དང ། དམར་པོའི་ཁ་དོག་དང ། དཀར་པོའི་ཁ་དོག་དང ། ཤེལ་གྱི་ཁ་དོག་དང ། དངུལ་གྱི་ཁ་དོག་གསལ་ཞིང་གསལ་བའི་འོད་ཟེར་དང་བཅས་པ་འབྱུང་ངོ ། །སངས་རྒྱས་ཀྱི་སྐུ་དེ་ལས་འོད་འཕྲོ་བ་ཏ་ལའི་ཤིང་ལྟ་བུ་ཕྱོགས་ཐམས་ཅད་དུ་བསྐོར་ཞིང་ཕུང་པོ་སོ་སོར་བཅོམ་ལྡན་འདས་ཀྱི་སྐུ་ལ་ལན་གསུམ་བསྐོར་བ་བྱས་ཤིང་ཡར་མར་འགྲོ་བར་བྱེད་དོ། །བཅོམ་ལྡན་འདས་དེའི་སྐུ་ཁྲུ་བརྒྱད་ཅུ་རྩ་བརྒྱད་ཀྱི་སྲིད་དང་ལྡན་པ་ཡིན་ཏེ། ཞབས་ཀྱི་མཐིལ་ནས་པུས་མོའི་བར་ལ་ཁྲུ་ཉི་ཤུ་རྩ་གཉིས་སོ། །པུས་མོ་དང་ལྟེ་བའི་བར་ལ་ཁྲུ་ཉི་ཤུ་རྩ་གཉིས་སོ། །ལྟེ་བ་དང་མགུར་གྱི་བར་ལ་ཁྲུ་ཉི་ཤུ་རྩ་གཉིས་སོ། །མགུར་དང་དབུའི་བར་ལ་ཁྲུ་ཉི་ཤུ་རྩ་གཉིས་པའོ། །དཔུང་པ་གཉིས་ཀྱི་བར་ལ་ཁྲུ་ཉི་ཤུ་ལྔ་ལྔའོ། །སྒྲོག་རུས་རེ་རེ་ལའང་ཁྲུ་ལྔ་ལྔའོ། །སྙན་ཤལ་གཉིས་ལ་ཁྲུ་བདུན་བདུན་ནོ། །སྤྱན་རེ་རེའི་དཀྱུས་ལ་ཁྲུ་ལྔ་ལྔའོ། །སྨིན་མ་གཉིས་ལའང་ཁྲུ་ལྔ་ལྔའོ། །སྨིན་ཕྲག་ལའང་ཁྲུ་ལྔའོ། །ཤེངས་ཀྱི་དཀྱུས་ལ་ཁྲུ་བདུན་ནོ། །མཆུ་གཉིས་ལ་ཁྲུ་ 487b བཅུའོ། །ལྗགས་ཀྱི་བསྐོར་ལ་ཁྲུ་ལྔའོ། །གཙུག་ཏོར་ལ་ཁྲུ་ལྔའོ། །ཞལ་གྱི་བསྐོར་གསེར་གྱི་མེ་ལོང་ལྟ་བུ་ལ་ཁྲུ་ཉི་ཤུ་རྩ་ལྔའོ། །མགྲིན་པ་ལའང་ཁྲུ་ལྔའོ། །ཕྱག་གཉིས་ཀྱི་དཀྱུས་ལ་ཁྲུ་བཞི་བཅུ་རྩ་བཞི་བཞི་བཅུ་རྩ་བཞི་འབྱུང་བ་ཡིན་ནོ། །དེ་ལྟ་བུའི་སངས་རྒྱས་དེ་ནི། དཔེ་མེད་པའི་དཔལ་དང ། སངས་རྒྱས་ཀྱི་ཡོན་ཏན་མཐའ་མེད་པ་དང་ལྡན་ཞིང་འཇིག་རྟེན་འཁོར་ལོ་སྟོང་ཕྲག་བཅུ་པོ་ཐམས་ཅད་ཀྱི་ལྷ་དང་མིའི་དབུས་སུ་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་སྟོན་པར་མཛད་པ་ཡིན་ནོ། ། དེའི་རྗེས་སུ་ས་ཡ་འབུམ་ཕྲག་གཅིག་གི་ལྷ་དང་མི་རྣམས་འཛིན་པ་མེད་པར་དང་པོ་ཉིད་དུ་ཆོས་ཀྱི་མཆོག་གིས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་ཏེ། རྣམ་པར་གྲོལ་བ་མ་ཐོབ་པ་རྣམས་ལྷའི་ཡུལ་དུ་སྐྱེ་བར་འགྱུར་རོ། །འདི་ལྟར་བྱམས་པ་ལེགས་པའི་མཆོག་ཆེན་པོ་དེ་གང་གིས་མི་མཐོང་ཞེ་ན། མ་བསད་པ་དང ། ཕ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དགེ་སློང་མ་སུན་ཕྱུང་བ་དང ། དགེ་འདུན་གྱི་དབྱེན་བྱེད་པ་སྟེ། སྡིག་པའི་ལས་ལྔ་བྱེད་པ་དང ། མཆོད་རྟེན་བཤིག་པ་དང ། བྱང་ཆུབ་ཀྱི་ཤིང་བཅད་པ་དང ། བྱང་ཆུབ་སེམས་དཔའ་གསོད་པ་དང ། དགེ་འདུན་གྱི་འཚོ་བ་ཉམས་པར་བྱེད་པ་དང ། སེར་སྣ་ཆེ་བ་དང ། རྟག་ཆད་དུ་ངེས་ 488a ༄#། །པར་ལྟ་བའི་མུ་སྟེགས་དང ། འཕགས་པ་རྣམས་ལ་སྨོད་པ་དང ། གཅེར་བུ་པའི་རིགས་ཅན་རྣམས་ཀྱིས་མི་མཐོང་བ་ཡིན་ནོ། །ཚིགས་བཅད་སྟོང་ཕྲག་གཅིག་གི་རྒྱན་ཡོད་པའི་ཐམས་ཅད་སྒྲོལ་བའི་སྐྱེས་རབས་ཆེན་པོ་སྟོང་ཕྲག་གསུམ་པ་ཞག་གཅིག་ལ་འཆད་ཅིང་ཉན་པར་བྱེད་པའི་མི་དང ། མར་མེ་སྟོང་ཕྲག་གཅིག་འབུལ་བ་དང ། དྲི་བཟང་པོ་མེད་ན་ཡང་མེ་ཏོག་སྟོང་ཕྲག་གཅིག་ཙམ་འབུལ་བ་དང ། ུཏྤ་ལ་སྔོན་པོ་སྟོང་ཕྲག་གཅིག་ཙམ་འབུལ་བ་དང ། སངས་རྒྱས་ཀྱི་རིང་བསྲེལ་ཡོད་པའི་མཆོད་རྟེན་དང ། སངས་རྒྱས་ཀྱི་སྐུ་ལ་མཆོད་པ་བྱེད་པ་ཐམས་ཅད་ནི། སངས་རྒྱས་བྱམས་པ་དེ་ཆོས་འཆད་པའི་དུས་སུ་དེའི་དྲུང་དུ་ཆོས་ཀྱི་མཆོག་གིས་རྣམ་པར་གྲོལ་བ་ཐོབ་པ་དང ། མཐོང་བར་འགྱུར་རོ། །དེ་མ་ཡིན་པ་སེམས་ཅན་སྦྱིན་པ་གཏོང་བ་དང ། སྡོམ་པ་སྲུང་བ་དང ། ལྷ་ཁང་བྱེད་པ་དང ། བྱང་ཆུབ་ཀྱི་ཤིང་གི་ས་བོན་སྐྱེད་པ་དང ། རིང་བསྲེལ་གྱི་མཆོད་རྟེན་བྱེད་པ་དང ། བྱང་ཆུབ་ཀྱི་ཤིང་དང་མཆོད་རྟེན་ལ་ཞབས་ཏོག་བྱེད་པ་དང ། སེམས་ཅན་ལ་ཕན་པའི་ཚལ་བྱེད་པ་དང ། ཟམ་པ་བྱེད་པ་དང ། ལམ་འཆོས་པ་དང ། མགྲོན་པོའི་གནས་ཁང་བྱེད་པ་དང ། ཆུ་མིག་བྱེད་པ་དང ། སངས་རྒྱས་ཀྱི་བསྟན་པ་ལ་དད་པར་བྱེད་པ་དང ། སངས་རྒྱས་ཀྱི་ཆོས་འདི་དག་འཆད་པ་ལ་དྲི་ 488b དང་མེ་ཏོག་ལ་སོགས་པའི་མཆོད་པ་བྱེད་པ་དང ། ཁྲི་ལ་བྱི་དོར་བྱེད་ཅིང་ལེགས་པར་ཆོས་ཉན་པ་དང ། དགེ་འདུན་ལ་བསྙེན་བཀུར་དམ་པ་བྱེད་པ་དང ། མ་དང་ཕའི་ཞབས་ཏོག་བྱེད་པ་དང ། རིགས་ཀྱིས་ཆེ་བ་ལ་གུས་པར་བྱེད་པ་དང ། སྡོམ་པ་སྲུང་བའི་དུས་སུ་དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང ། ཚེས་བཅོ་ལྔ་ལ་དུས་སྟོན་བྱེད་པ་དང ། ལྷུང་བཟེད་འབུལ་བ་དང ། སྟན་སྟེར་བར་བྱེད་པ་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཐོང་ཞིང་མཇལ་བ་ཡིན་ནོ། །དེ་ལྟ་བུའི་བསོད་ནམས་མང་པོ་མི་ནུས་ན་ཡང་མེ་ཏོག་སྦར་མོ་རེ་ཙམ་དང ། མར་མེ་གཅིག་ཙམ་འབུལ་བར་བྱེད་པ་དང ། གཞན་གྱི་བསོད་ནམས་ལ་རྗེས་སུ་ཡི་རང་བའི་དགེ་བ་བྱེད་པའི་ལྷ་དང་མི་རྣམས་ཀྱིས་དེའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཐོང་བ་ཡིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་དེ་མཐོང་བར་འདོད་པའི་དད་པ་ཡོད་ཅིང་སྦྱིན་པ་གཏོང་བ་དང ། ཚུལ་ཁྲིམས་སྲུང་བ་དང ། བསྙེན་གནས་སྒྲུབ་པ་དང ། དོན་ཡང་དག་པར་སྒོམ་པ་དང ། དགེ་བའི་ལས་ཤིན་ཏུ་ལེགས་པར་བྱེད་པ་རྣམས་ཀྱིས་ཤིན་ཏུ་ལེགས་པར་མཐོང་བ་ཡིན་ནོ། ། ཐུབ་པའི་གསུང་རབ་ཐོས་གྱུར་ནས། །ཚངས་པར་སྤྱོད་པ་སྒྲུབ་བྱེད་པ། །དེ་རྣམས་འཁོར་བའི་ཕ་རོལ་ཕྱིན། །འཆི་མེད་ཐར་པ་ཐོབ་པར་འགྱུར། །ཚངས་སྤྱོད་ཡང་དག་སྒྲུབ་བྱེད་ཅིང ། ། 489a ༄#། །སྦྱིན་གནས་མཆོག་ལ་སྦྱིན་བྱེད་དང ། །བསྙེན་གནས་བསླབ་པ་སོགས་སྲུང་དང ། །བྱམས་པའི་སྒོམ་ལ་ལེགས་གནས་པ། །རྩེ་གཅིག་པ་ཡིས་སྒྲུབ་པར་གྱིས། །ཉིན་མཚན་བསོད་ནམས་རབ་སྒྲུབ་གྱིས། །འདི་རུ་དེ་དག་སྒྲུབ་བྱེད་ན། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་བཅས་པའི་འཁོར་དེ་དག་ཐམས་ཅད་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་བྱམས་པའི་མདོ་རྫོགས་སོ།། །།ཐུབ་དབང་མཆོག་དང་རྒྱལ་པ་བྱམས་པ་ཡི། །བསྟན་པ་གསལ་བྱེད་མདོ་སྡེའི་དབང་པོ་འདི། །ཡོན་ཏན་དང་ལྡན་སིངྒེ་གླིང་ཡུལ་གྱི། །སྟོང་ཕྲག་མང་པོའི་དགེ་འདུན་ཀུན་གྱི་གཙོ། །མར་མེ་མཛད་སློབ་རྡོ་རྗེ་གདན་བཞུགས་པ། །པཎ་ཆེན་ཨཱ་ནནད་ཤྲཱི་ཡོན་ཏན་ཅན། །དགེ་སློང་ཆོས་ཀྱི་སྤྱན་ཅན་མཁས་གཉིས་མཁས། །བསྟན་ལ་ཕན་འདོད་བཟང་པོ་དེ་ཉིད་དང ། །དེ་ལ་ལེགས་གཏུགས་དགེ་སློང་ལུང་རིགས་འཛིན། །སྐད་གཉིས་སྨྲ་བ་མཆོག་གི་རྗེས་འཇུག་པ། ། ཀུན་དགའ་རྒྱལ་མཚན་ཐུབ་བསྟན་དཔལ་བཟང་པོས། །སྟོན་པ་འདས་ནས་ལོ་སྟོང་བརྒྱད་བརྒྱ་དང ། །ལྔ་བཅུ་ལྷག་པའི་ཟླ་བ་བཅུ་འདས་དུས། །ཆོས་ཀྱི་རྒྱལ་པོ་ཧ་ཤང་མངའ་ 489b གསོལ་ཚེ། །མེ་ལུག་དགུན་ཟླ་ར་བའི་ཡར་ངོ་ལ། །དཔལ་ལྡན་བླ་མ་ཀུན་དགའ་སེངྒེ་ཡི། །སྐུ་དྲིན་ལ་བརྟེན་དཔལ་ལྡན་ས་སྐྱར་ནི། །སྒྲ་དོན་ཇི་བཞིན་ལེགས་པར་བསྒྱུར་བ་མིན། ། འཕགས་ནོར་རྒྱན་ལྡན་སྐྱེས་བུ་དམ་པ་རྣམས། །དམ་ཆོས་རིན་ཆེན་འདི་ལ་གཙུག་རྒྱན་མཛོད། །ཉོན་མོངས་ནད་ཅན་ཕྲག་དོག་རབ་རིབ་ཅན། །ཆོས་སྨན་འདི་བསྟེན་ནད་མེད་མིག་གསལ་འགྱུར། །དགེ་བ་འདི་གཞན་མ་ལུས་ལེགས་བསྡོམས་ཏེ། །བླ་མ་ཐུབ་དབང་བྱམས་པ་མགོན་ལ་སོགས། །སངས་རྒྱས་ཀུན་མཉེས་རྣམ་དག་རྒྱ་ཆེན་ཞིང ། །རྣམ་དག་རབ་བསྒྲུབས་བསྟན་པ་མཆོག་བསྒྲུབས་ནས། །ཕྱོགས་བཅུའི་ཞིང་རྡུལ་སྙེད་ཀྱི་སྤྲུལ་པ་ཡིས། །སེམས་ཅན་ཐམས་ཅད་བསྟན་ལ་དང་བྱས་ཤིང ། །སངས་རྒྱས་བསྟན་པ་རབ་ཏུ་རྒྱས་བྱས་ཏ། །སངས་རྒྱས་སྐུ་གསུམ་ཡེ་ཤེས་མྱུར་ཐོབ་ཤོག་།ཤེས་བྱ་མཐའ་ཡས་རབ་ཏུ་ཟབ་ཕྱིར་དང ། །ཤེས་བྱེད་ཆེད་ཅན་རབ་ཏུ་རྟོགས་སླའི་ཕྱིར། །འཁྲུལ་པར་གྱུར་ན་རབ་ཏུ་སེམས་དགེའི་ཕྱིར། །སྐྱེ་བོ་མཁས་རྣམས་རབ་ཏུ་བཟོད་མཛད་རིགས། །རྒྱ་དཔེ་དང་ལེགས་པར་གཏུགས་སོ། །ཕྱོགས་དུས་ཐམས་ཅད་དུ་བཀྲ་ཤིས་དང་བདེ་ལེགས་ཀྱིས་ཁྱབ་པར་གྱུར་ཅིག། |