།།རྒྱའི་སྐད་དུ། ཅུའི་བྷཽའི་ཡཱ་ནི་གོ་གྱིང ། བོད་སྐད་དུ། ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རི་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་པོ་ཁྲི་ཕྲག་བཅུའི་འཕགས་པའི་ཚོགས་རྣམས་དང ། དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་དང ། ཀླུ་ཆེན་བརྒྱད་དང ། ཕྱོགས་སྐྱོང་རྣམས་དང ། སྲིན་པོ་དང ། ལྷ་མ་ཡིན་དང ། མིའམ་ཅི་དང ། ལྷ་དང ། མི་དང ། དྲི་ཟར་བཅས་པའི་ཚོགས་ཐམས་ཅད་བཅོམ་ལྡན་འདས་ལ་སེམས་རབ་ཏུ་དང་ཅིང་ཆོས་ཉན་པའི་ཕྱིར་འཁོད་དོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ཤེས་རབ་ཡེ་ཤེས་ཞེས་བྱ་བ་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འཇིག་རྟེན་གྱི་ཁམས་ཁྲི་ཕྲག་བརྒྱད་དང་སྟོང་ཕྲག་བཞིའི་ཞིང་ཁམས་བལྟ་བར་བྱས་པས་དེར་སྐྱེས་པའི་མི་རྣམས་ལ་དགེ་བའི་རྩ་བ་རྣམ་པར་སྨིན་པའི་འབྲས་བུ་དུ་མ་ཡོད་དེ། འདོད་ཆགས་དང ། ཞེ་ 423b སྡང་དང ། ཕྲག་དོག་དང ། ཞེན་པ་དང ། བརྗེད་ངས་པ་དང ། མི་ཚངས་སྤྱོད་ལ་སེམས་རྟག་ཏུ་སྐྱེས་པ་དང ། གང་ལ་ལ་གཙུག་ལག་ཁང་བཞེངས་པ་དང ། དགེ་འདུན་བསྙེན་ཅིང་བཀུར་བ་དང ། སྐུའི་རྟེན་ལ་ཡོན་ཏན་གྱིས་རབ་ཏུ་བརྒྱན་པ་དང ། ཚུལ་ཁྲིམས་བསྲུང་བ་དང ། གསུང་རབ་སྒྲོག་པ་དང ། དབུལ་པོ་ལ་ཕན་པ་དང ། སྡུག་བསྔལ་བ་ལ་སྙིང་རྗེ་བ་དང ། རང་ལུས་སྦྱིན་པར་གཏོང་བ་དང ། སྤོས་འབུལ་བ་ལ་སོགས་པ་དེ་རྣམས་བཅོམ་ལྡན་འདས་ཐུགས་རྗེ་དང་ལྡན་པས་རྒྱ་ཆེན་པོ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཤེས་རབ་ཡེ་ཤེས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤེས་རབ་ཡེ་ཤེས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་བདེ་བར་གཤེགས་པའི་མཚན་ནས་བརྗོད་པའི་སེམས་སྐྱེ་བ་དང ། མ་འོངས་པའི་དུས་ན་རྣམ་པར་སྨིན་པ་དང ། སྤོས་དང ། མེ་ཏོག་དང ། མར་མེ་དང ། རྣམ་པར་དག་པས་མཆོད་པར་བྱའོ། །བློན་པོ་ཐོབ་པར་འདོད་ན་བསོད་ནམས་དང ། ཡེ་ཤེས་ཀྱི་ཚོགས་བསགས་པར་བྱའོ། །ལུས་ལོངས་སྤྱོད་འདོད་ནས་སངས་རྒྱས་ཀྱི་སྐུ་གཟུགས་ལ་རྒྱན་བཀོད་པར་བྱའོ། །ཤེས་རབ་ཆེ་བར་འདོད་ན་ཆོས་ཀྱི་སྦྱིན་པ་བྱིན་པར་བྱའོ། །གཟུགས་བཟང་བར་འདོད་ན་དེ་བཞིན་གཤེགས་པའི་སྐུ་ཚོན་གྱིས་བྲིས་སམ། བརྐོ་བར་བྱའོ། །ཚེ་ 424a ༄#། །རིང་བར་འདོད་ན་སྙིང་རྗེ་དང་ལྡན་ཞིང་སྲོག་མི་གཅོད་པར་བྱའོ། །མི་ལུས་འཐོབ་པར་འདོད་ན་གསུང་རབ་སྒྲོག་པ་དང ། ཚུལ་ཁྲིམས་བསྲུང་བར་བྱའོ།། བསོད་ནམས་ཆེ་བར་འདོད་ན་མཆོད་རྫས་དབུལ་བར་བྱའོ། །ནོར་ཕྱུག་པོ་འདོད་ན་དབུལ་པོ་ལ་ཕན་པར་བྱའོ། །ནད་མེད་པར་འདོད་ན་སྨན་སྦྱིན་པར་བྱའོ།། ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཤེས་རབ་ཡེ་ཤེས་ལ་བཀའ་སྩལ་པ། གང་ལ་ལ་ཚེ་སྔ་མ་ལ་སྡིག་པ་བྱས་ན་ཚེ་འདི་ལ་སྡུག་བསྔལ་བར་འགྱུར་རོ། །ལུས་རྟག་ཏུ་ན་བ་ནི་བདེ་བར་གཤེགས་པ་ལ་མ་གུས་པ་དང ། དགེ་འདུན་ལ་སྨད་པ་ཡིན་ནོ། །མིག་རྟག་ཏུ་ལོང་བ་ནི་ཚུལ་ཁྲིམས་སྲུང་བ་འཆལ་དུ་བཅུག་པ་ཡིན་ནོ། །རྐང་ལག་ཞ་བ་ནི་མེ་སྦར་བས་བསྡིགས་པ་ཡིན་ནོ། །སྐད་ཀྱི་དོན་མི་གསལ་བ་ནི་སངས་རྒྱས་དང ། ཆོས་ལ་སྨད་པ་ཡིན་ནོ། །རྣ་བ་འོན་པ་དང ། ངག་ལྐུགས་པ་ནི་གསུང་ལ་སྡང་བ་དང ། དམ་པའི་ཆོས་ལ་སྨད་པ་ཡིན་ནོ། །སྣས་དྲི་མི་ཚོར་བ་ནི་དྲི་མི་ཞིམ་པའི་སྤོས་ངན་པ་བསྲེགས་པ་ཡིན་ནོ། །མིག་དམར་བ་ནི་ཐེག་པ་ཆེན་པོའི་ཆོས་ལ་སྨད་པ་ཡིན་ནོ། ། གཟུགས་དཀར་ཞིང་དམར་བ་ནི་མཆོད་པ་རྒྱ་ཆེན་པོ་བྱས་པ་ཡིན་ནོ། །ལུས་ཁ་དོག་གནག་ཅིང་རིད་པ་ནི་དེ་བཞིན་གཤེགས་པའི་སྐུ་ལ་དུ་བ་བཏང་བ་ཡིན་ནོ། །རྒས་ནས་ 424b མིག་མི་གསལ་བ་ནི་སེམས་ཅན་གྱི་མིག་ལ་གནོད་པ་བྱས་པ་ཡིན་ནོ། །ཚེ་འདི་ལ་བུ་མེད་པ་ནི་སེམས་ཅན་དུ་མ་བསད་པ་ཡིན་ནོ། །ལུས་ཡོན་པོ་དང ། ཡན་ལག་ན་བ་ནི་སེམས་ཅན་དུ་མ་བཅིངས་པ་དང ། དོལ་ལ་སེམས་ཅན་བཟུང་བ་ཡིན་ནོ། །འོད་གསལ་བ་ཡང་མི་མཐོང་བ་ནི་བྱའི་མིག་ལ་ཁབ་སྐུད་ཀྱིས་བརྩེམས་པ་ཡིན་ནོ། །རྒས་ནས་རབས་ཆད་པ་ནི་སྒོ་ང་བཅག་པས་ཡིན་ནོ། །ཚེ་འདི་ལ་ཕོ་རེང་དུ་གྱུར་པ་ནི་ཆུང་མ་ལ་སེམས་སྡང་བས་ཡིན་ནོ། །བུད་མེད་ཁྱིམ་ཐབ་མེད་པ་ནི་ཁྱིམ་ཐབ་ལ་སེམས་སྡང་བས་ཡིན་ནོ། ། ཕོ་མོ་རྟག་ཏུ་སོ་སོར་ངེས་པ་ནི་ཕ་མ་ལ་མ་གུས་པ་དང་སྤྱོད་པ་ངན་པ་བྱས་པས་ཡིན་ནོ། །ཚེ་འདི་ལ་དབུལ་བ་ནི་ཟས་དང ། ནོར་ལ་སྡང་བ་ཡིན་ནོ། །མིའི་ལུས་ཡན་ལག་ཚང་བ་དང་ལྡན་པ་ནི་དཀོན་མཆོག་གསུམ་ལ་དད་པ་ཐོབ་པས་ཡིན་ནོ། །རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་རྣམས་ལ་བརྩེ་བས་སྨྲ་བར་བྱའོ། །རྟག་ཏུ་དང་བ་དང ། གུས་པར་བྱའོ། ། གཉེན་མཚམས་ལ་མཐུན་པར་བྱའོ། །ཕ་མར་དད་པར་བྱའོ། །སྐྱེ་བ་གཅིག་སྲོག་མི་གཅོད་ན་མི་མཐུན་པའི་དགྲ་རྣམས་ཀྱང་མེད་དོ། །ཚེ་གཅིག་ཏུ་མི་རྐུན་རྒྱལ་པོའི་ཆད་པ་མི་འབྱུང་ངོ ། །སྐྱེ་བ་གཅིག་ལ་ཆགས་སྡང་མི་རྩོད་ན་ཆད་པའི་རིགས་དང ། བཙོན་ཁང་ཡང་མི་མཐོང་ངོ ། །སྐྱེ་བ་གཅིག་ལ་སེམས་མཉམ་པ་ཉིད་བསྒོམས་ན་དམྱལ་བར་ 425a ༄#། །མི་ལྷུང་ངོ ། །ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཡེ་ཤེས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུའི་མདོ་འདི་ཐོས་ནས་ལག་ཏུ་འཆང་བ་དང ། འདོན་པ་དང ། སྤོས་དང ། མེ་ཏོག་དང ། མར་མེ་རྣམས་ཅི་འབྱོར་པས་མཆོད་པར་བྱེད་ན། གལ་ཏེ་དེ་ལ་ཚེ་སྔ་མའི་ལན་ཆགས་པ་དང ། ཚེ་འདི་ལ་སྡིག་པ་བསགས་པ་ཐམས་ཅད་རྣམ་པར་དག་ཅིང་བྱང་བར་འགྱུར་རོ། །དེ་ལྟར་བྱས་ན་མ་འོངས་པའི་རྣམ་པར་སྨིན་པའི་འབྲས་བུ་ནི་ལོངས་སྤྱོད་དང་ལྡན་པ་དང ། དབང་ཕྱུག་ཀྱང་མི་འབྱུང་བར་དོགས་པར་མི་བྱའོ། །སྐྱེ་བ་ཐམས་ཅད་དུ་གཟུགས་བཟང་བ་དང་ལྡན་པར་འགྱུར་རོ། །ཡེ་ཤེས་དང ། ཤེས་རབ་དང ། མཆོག་ཏུ་དགའ་བ་ཐོབ་པའི་ཕྱིར་ལས་ཀྱི་རྣམ་པར་སྨིན་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ཚིགས་སུ་བཅད་པ་ལས་ཤེས་པར་བྱའོ། །མི་ཡི་ལུས་ནི་ཐོབ་པ་དཀའ། །སངས་རྒྱས་བསྟན་པ་ཐོས་པ་དཀའ། །དགེ་བའི་སེམས་ནི་བསྐྱེད་པ་དཀའ། །དམ་པའི་ཆོས་ནི་ཤེས་པ་དཀའ། །སངས་རྒྱས་འདོད་ན་གསུང་རབ་སྒྲོག་བརྩོན་བྱ། །དགེ་སེམས་འདོད་ན་ཞེ་སྡང་མི་བྱའོ། །འབྲས་བཟང་འདོད་ན་མཆོད་པ་རྟག་ཏུ་བྱ། །ཚེ་རིང་འདོད་ན་སྲོག་ 425b གཅོད་སྤང་བར་བྱ། །སེམས་ནི་བུད་མེད་དག་ན་ཞེན་མི་བྱ། །ཡིད་ནི་གཞན་ལ་གནོད་པ་སྐྱེལ་མི་བྱ། །ངག་གིས་གཞན་གྱི་སྡིག་པ་བརྗོད་མི་བྱ། །གཞན་ནོར་རྩཝ་ཆུ་བཞིན་དུ་རྐུ་མི་བྱ། །རྣ་བས་གཞན་གྱི་ཚིག་ངན་མཉན་མི་བྱ། །མིག་གིས་བུད་མེད་གཟུགས་ལ་བལྟ་མི་བྱ། །ལྕེ་ནི་གཞན་གྱི་རོ་ལ་མྱོང་མི་བྱ། །བྱ་བ་ཀུན་ལ་ཡིད་ནི་མིག་བཞིན་བྱ། ། སེམས་ཅན་སྲོག་ནི་དོན་མེད་གཅོད་མི་བྱ། །སྐྱེ་བར་ནོར་ཕྱུག་རྟག་ཏུ་འདོད་པ་ན། །ནད་པ་དབུལ་པོ་རྣམས་ལ་ཕན་པར་བྱ། །དེ་ནས་འཕགས་པའི་ཚོགས་དང་ལྡན་པའི་འཁོར་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཤིང་མངོན་པར་བསྟོད་དོ། །ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུའི་མདོ་རྫོགས་སོ།། །།སངས་རྒྱས་ཀྱི་སྤྲུལ་པ་རྒྱའི་ལོ་ཙཱ་བ་ཐང་སམ་ཙ་ཞེས་བྱས་རྒྱ་གར་དངོས་ལས་རྒྱ་ནག་ཏུ་ལེགས་པར་བསྒྱུར་ཅིང་ཕྱིས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་རབ་ཏུ་བྱུང་བ་རྒྱ་ནག་ཆེན་པོའི་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱིས་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། |