།།རྒྱ་གར་སྐད་དུ། དྷརྨ་ཙཀྲ་སཱུ་ཏྲ། བོད་སྐད་དུ། ཆོས་ཀྱི་འཁོར་ལོའི་མདོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། སངས་རྒྱས་བཅོམ་ལྡན་འདས་ཝཱ་ར་ཎཱ་སི་དྲང་སྲོང་སྨྲ་བའི་རི་དྭགས་ཀྱི་ནགས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྔ་སྡེའི་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག། ང་སྔོན་མ་ཐོས་པའི་ཆོས་རྣམས་ལ ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང ། རིག་པ་དང ། བློ་དང ། རྟོགས་པ་སྐྱེས་སོ། །དགེ་སློང་དག་།ང་སྔོན་མ་ཐོས་པའི་ཆོས་རྣམས་ལ། འདི་ནི་སྡུག་བསྔལ་ལོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང ། རིག་པ་དང ། བློ་དང ། རྟོགས་པ་སྐྱེས་སོ། །དགེ་སློང་དག་།ང་སྔོན་མ་ཐོས་པའི་ 420b ཆོས་རྣམས་ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་ཡོངས་སུ་ཤེས་པར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང ། རིག་པ་དང ། བློ་དང ། རྟོགས་པ་སྐྱེས་སོ། །དགེ་སློང་དག་།ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་སྤང་བར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང ། རིག་པ་དང ། བློ་དང ། རྟོགས་པ་སྐྱེས་སོ། །དགེ་སློང་དག་།ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པ་ཤེས་པ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་མངོན་སུམ་དུ་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང ། རིག་པ་དང ། བློ་དང ། རྟོགས་པ་སྐྱེས་སོ། །དགེ་སློང་དག་།ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་བསྒོམ་པར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང ། རིག་པ་དང ། བློ་དང ། རྟོགས་པ་སྐྱེས་སོ། །དགེ་སློང་དག། ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་ཡོངས་སུ་ཤེས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང ། རིག་ 421a ༄#། །པ་དང ། བློ་དང ། རྟོགས་པ་སྐྱེས་སོ། །དགེ་སློང་དག་།ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་སྤངས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང ། རིག་པ་དང ། བློ་དང ། རྟོགས་པ་སྐྱེས་སོ། །དགེ་སློང་དག་།ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ལ་འགོག་པ་ཤེས་པའི་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་མངོན་སུམ་དུ་བྱས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང ། རིག་པ་དང ། བློ་དང ། རྟོགས་པ་སྐྱེས་སོ། །དགེ་སློང་དག་།ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་བསྒོམས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང ། རིག་པ་དང ། བློ་དང ། རྟོགས་པ་སྐྱེས་སོ། །དགེ་སློང་དག་།ང་ཇི་སྲིད་དུ་འཕགས་པའི་བདེན་པ་བཞི་པོ་འདི་རྣམས་ལ་དེ་ལྟར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་མིག་མ་སྐྱེས། ཤེས་པ་མ་ཡིན། རིག་བ་མ་ཡིན། བློ་མ་ཡིན། རྟོགས་པ་མ་སྐྱེས་པ་དེ་སྲིད་དུ། ང་ལྷ་དང་བཅས་པའི་འཇིག་རྟེན་བདུད་དང་བཅས། ཚངས་པ་དང་བཅས་དགེ་སྦྱོང་དང་ 421b བྲམ་ཟེར་བཅས་པའི་སྐྱེ་དགུ་དང ། ལྷ་དང ། མིར་བཅས་པ་འདི་ལས་གྲོལ་བ་དང ། ངེས་པར་འབྱུང་བ་དང་མི་ལྡན་པ་དང ། རབ་ཏུ་གྲོལ་བ་དང ། ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་མང་དུ་གནས་པར་མ་གྱུར་ཅིང ། དགེ་སློང་དག། ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར་མ་ཤེས་སོ། །དགེ་སློང་དག་།ངས་གང་ནས་འཕགས་པའི་བདེན་པ་བཞི་པོ་འདི་རྣམས་ལ་དེ་ལྟར་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་བསྐོར་བའི་མིག་སྐྱེས་ཤིང ། ཤེས་པ་དང ། རིག་པ་དང ། བློ་དང ། རྟོགས་པ་སྐྱེས་པ་དེ་ནས་ང་ལྷ་དང་བཅས་པའི་འཇིག་རྟེན། བདུད་དང་བཅས། ཚངས་པ་དང་བཅས། དགེ་སྦྱོང་དང ། བྲམ་ཟེར་བཅས་པའི་སྐྱེ་དགུ་དང ། ལྷ་དང ། མིར་བཅས་པ་འདི་ལས་གྲོལ་བ་དང ། ངེས་པར་འབྱུང་བ་དང་མི་ལྡན་པ་དང ། རབ་ཏུ་གྲོལ་བ་དང ། ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་མང་དུ་གནས་པར་གྱུར་ཅིང ། དགེ་སློང་དག་།ངས་དེ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར་ཤེས་སོ། །ཆོས་ཀྱི་རྣམ་གྲངས་དེ་བཀའ་སྩལ་པ་ན་ཚེ་དང་ལྡན་པ་ཀཽཎྜི་ནྱི་དང ། ལྷ་བརྒྱད་ཁྲི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ 422a ༄#། །ཀྱིས་ཚེ་དང་ལྡན་པ་ཀཽཎྜི་ནྱ་ལ་བཀའ་སྩལ་པ། ཀཽཎྜི་ནྱ། ཁྱོད་ཀྱིས་ཆོས་ཀུན་ཤེས་སམ། བཅོམ་ལྡན་འདས། ཀུན་འཚལ་ལོ། །ཀཽཎྜི་ནྱ། ཁྱོད་ཀྱིས་ཀུན་ཤེས་སམ། ཀུན་ཤེས་སམ། བདེ་བར་གཤེགས་པ། ཀུན་འཚལ་ལགས་སོ། །ཀུན་འཚལ་ལགས་སོ། །ཚེ་དང་ལྡན་པ་ཀཽཎྜི་ནྱས་ཆོས་ཀུན་ཤེས་པས་དེའི་ཕྱིར་ཚེ་དང་ལྡན་པ་ཀཽཎྜི་ནྱ་ཀུན་ཤེས་ཀཽཎྜི་ནྱ་ཞེས་ཚིག་བླ་དྭགས་སུ་བཏགས་སོ། །ཚེ་དང་ལྡན་པ་ཀཽཎྜི་ནྱས་ཆོས་ཀུན་ཤེས་སོ་ཞེས་ས་བླའི་གནོད་སྦྱིན་རྣམས་སྒྲ་སྒྲོགས་པར་བྱེད་དེ། གྲོགས་པོ་དག། བཅོམ་ལྡན་འདས་ཀྱིས་ཝཱ་ར་ཎཱ་སིར་དྲང་སྲོང་སྨྲ་བའི་རི་དྭགས་ཀྱི་ནགས་སུ་ལན་གསུམ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་འཇིག་རྟེན་དུ་ཆོས་དང་མཐུན་པར་མ་བསྐོར་བ། སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་སྙིང་བརྩེ་བ་དང ། ལྷ་དང ། མི་རྣམས་ཀྱི་དོན་དང ། ཕན་པ་དང ། བདེ་བའི་ཕྱིར་བསྐོར་བས་ལྷའི་རིས་མངོན་པར་འཕེལ་ཞིང་ལྷ་མ་ཡིན་གྱི་རིས་ཡོངས་སུ་ཉམས་སོ་ཞེས་དབྱངས་སྒྲགས་སོ། །ས་བླའི་གནོད་སྦྱིན་རྣམས་ཀྱི་སྒྲ་ཐོས་ནས་ནམ་མཁའ་ལ་རྒྱུ་བའི་གནོད་སྦྱིན་དང ། རྒྱལ་ཆེན་བཞི་པོའི་ 422b རིས་དང ། སུམ་ཅུ་རྩ་གསུམ་པོའི་ལྷ་དང ། འཐབ་བྲལ་དང ། དགའ་ལྡན་དང ། འཕྲུལ་དགའ་དང ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ནས། སྐད་ཅིག་དེ་དང ། ཐང་ཅིག་དེ་དང ། ཡུད་ཙམ་དེ་དང ། སྐད་ཅིག་དང ། ཐང་ཅིག་དང ། ཡུད་ཙམ་དེ་ལ་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་སྒྲགས་སོ། །ཚངས་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་སྒྲ་སྒྲོགས་པར་བྱེད་དེ། གྲོགས་པོ་དག་།བཅོམ་ལྡན་འདས་ཀྱིས་ཝཱ་ར་ཎཱ་སིར་དྲང་སྲོང་སྨྲ་བའི་རི་དྭགས་ཀྱི་གནས་སུ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་འཇིག་རྟེན་དུ་ཆོས་དང་མཐུན་པར་འགའ་ཡང་མ་བསྐོར་བ། སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་སྙིང་བརྩེ་བ་དང ། ལྷ་དང ། མི་རྣམས་ཀྱི་དོན་དང ། ཕན་པ་དང ། བདེ་བའི་ཕྱིར་བསྐོར་བས་ལྷའི་རིས་མངོན་པར་འཕེལ་ཞིང་ལྷ་མ་ཡིན་གྱི་རིས་ཡོངས་སུ་ཉམས་སོ་ཞེས་དབྱངས་བསྒྲགས་སོ། །བཅོམ་ལྡན་འདས་ཀྱིས་ཝཱ་ར་ཎཱ་སིར་དྲང་སྲོང་སྨྲ་བའི་རི་དྭགས་ཀྱི་ནགས་སུ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ་བསྐོར་བས་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་ཚིག་བླ་དྭགས་སུ་བཏགས་སོ། །ཆོས་ཀྱི་འཁོར་ 423a ༄#། །ལོའི་མདོ་རྫོགས་སོ།། |