rKTs


H335

(e-text produced by ACIP)

see text in transliteration
396b
།།རྒྱ་གར་སྐད་དུ། ཙནྡྲ་སཱུ་ཏྲ། བོད་སྐད་དུ། ཟླ་བའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཙམ་པ་ཅན་ན་འགྲོ་བ་པོའི་རྫིང་བུའི་འགྲམ་ན་བཞུགས་ཏེ། དེའི་ཚེ་ལྷ་མ་ཡིན་གྱི་དབང་
397a
༄#། །པོ་སྒྲ་གཅན་གྱི་ཟླ་བའི་དཀྱིལ་འཁོར་ཐམས་ཅད་འོད་ཀྱིས་བཀབ་པར་གྱུར་ཏོ། །དེ་ནས་ཟླ་བའི་དཀྱིལ་འཁོར་ན་གནས་པའི་ལྷ་གང་ཡིན་པ་དེ་སྐྲག་ཅིང་དངངས་ལ་མི་དགའ་བར་གྱུར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་ལྷ་དེས་དེའི་ཚེ་ཚིགས་སུ་བཅད་དེ་གསོལ་པ། ཀུན་ལས་རྣམ་པར་རབ་གྲོལ་བའི། །སངས་རྒྱས་དཔའ་བོ་ཁྱོད་ཕྱག་འཚལ། །གནོད་པ་དག་དང་ཕྲད་གྱུར་པ། ། བདག་གི་སྐྱབས་ནི་མཛད་པར་གསོལ། །འཇིག་རྟེན་དགྲ་བཅོམ་བདེ་གཤེགས་ལ། །ཟླ་བ་སྐྱབས་སུ་མཆི་ལགས་ཀྱི། །སངས་རྒྱས་འཇིག་རྟེན་ཐུགས་བརྩེ་རྣམས། །ཟླ་བ་ཐར་མཛོད་སྒྲ་གཅན་ལས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྒྲ་གཅན་ཟླ་བ་མུན་སེལ་བ། །ནམ་མཁའ་དག་ལ་འོད་བྱེད་ཅིང ། །ལམ་མེར་འདུག་ལ་དཀར་བ་དང ། །རྣམ་པར་དག་པའི་འོད་ལྡན་པ། །བར་སྣང་དག་ལ་མ་བཟང་བར། །སྐྱེ་དགུའི་སྒྲོན་དེ་མྱུར་དུ་ཐོང ། །དེ་ནས་རིངས་བཞིན་སྒྲ་གཅན་དེ། །ལུས་ཀྱང་རྡུལ་ཅིང་སྐྲག་གྱུར་ལ། ། ནད་པ་བཞིན་དུ་བརྟད་པ་ཡིས། །ཟླ་བ་རྣམ་པར་གཏོང་བར་བྱེད། །དེ་ནས་རྣམ་པར་སྣང་བྱེད་ཀྱིའུ་ཆེན་པོས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་རིངས་པ་བས་ཀྱང་རིངས་པར་ཟླ་
397b
བའི་དཀྱིལ་འཁོར་གཏོང་བ་མཐོང་ངོ ། །མཐོང་ནས་ཀྱང་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། །ཅི་ཡི་ཕྱིར་ན་སྒྲ་གཅན་ཁྱོད། །ལུས་ཀྱང་རྡུལ་ཅིང་སྐྲག་གྱུར་ལ། །ནད་པ་བཞིན་དུ་བརྟད་པ་ཡིས། །རིངས་པར་ཟླ་བ་གཏོང་བར་བྱེད། སྒྲ་གཅན་གྱིས་སྨྲས་པ། སངས་རྒྱས་ཚིགས་བཅད་འདི་བརྗོད་པས། །གལ་ཏེ་ཟླ་བ་མ་བཏང་ན། །བདག་གི་མགོ་བོ་ཚལ་བདུན་འགས། ། གསོན་ཡང་བདེ་བར་མི་འགྱུར་རོ། །རྣམ་པར་སྣང་བྱེད་ཀྱི་བུ་ཆེན་པོས་སྨྲས་པ། ཀྱེ་མ་བདེན་པ་གཟིགས་པ་ཡི། །སངས་རྒྱས་རྣམས་ནི་འབྱུང་བ་རྨད། །དེ་དག་གིས་ནི་ཚིགས་སུ་བཅད། །བརྗོད་ན་སྒྲ་གཅན་ཟླ་བ་གཏོང ། །ཟླ་བའི་མདོ་རྫོགས་སོ།།