།།རྒྱ་གར་སྐད་དུ། ཨཱ་རྱ་ཨུ་པཱ་ཡ་ཀཽ་ཤ་ལྱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཐབས་མཁས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་བརྒྱད་ཁྲི་བཞི་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །བྱང་ཆུབ་སེམས་དཔའ་མངོན་བར་ཤེས་པ་མངོན་པར་ཤེས་པ། གཟུངས་ཐོབ་པ། སྤོབས་པ་ཐོགས་པ་མེད་པ་ཁྲི་དྲུག་སྟོང་དང་ཡང་ཐབས་ཅིག་སྟེ། ཡང་དེའི་ཚེ་ན་བཅོམ་ 61a ༄#། །ལྡན་འདས་ནང་དུ་ཡང་དག་པར་འཇོག་ལས་བཞེངས་པར་གྱུར་ཏེ། འཁོར་བརྒྱ་སྟོང་དུ་མས་བསྐོར་ཅིང་མདུན་དུ་བདར་ནས་ཆོས་འཆད་དོ། །ཡང་དེའི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་མ་ཞེས་བྱ་བ་ཞིག་འཁོར་དེར་འོངས་ཏེ་འདུག་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་མ་བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །ཞེས་དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་མ་ལ་རིགས་ཀྱི་བུ།་ཁྱོད་དེ་བཞིན་གཤེགས་པ་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང ། དྲིས་པ་ལུང་བསྟན་པ་དེ་དང་དེ་ཉིད་ཀྱིས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །ཞེས་དེ་སྐད་ཅེས་བཀའ་སྩལ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ 61b ཆེན་པོ་རྣམས་ཀྱི་ཐབས་མཁས་པ་ཐབས་མཁས་པ་ཞེས་བགྱི་བའི་ཐབས་མཁས་པ་དེ་གང་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ནི། ཟས་ཁམ་གཅིག་གིས་ཀྱང་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ནི། བྱོལ་སོང་དུ་གཏོགས་པ་ལ་ཟས་ཁམ་གཅིག་སྦྱིན་པར་བྱེད་པ་དེའང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ལྡན་པ་ཡིན་ཏེ། དགེ་བའི་རྩ་བ་དེའང་སེམས་ཅན་ཐམས་ཅད་ལ་བསྔོའོ། ། དེ་ནི།་རྒྱུ་གཉིས་ཀྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱེད་དོ། །གཉིས་པོ་གང་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང ། བསྔོ་བའོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ནི། ཕ་རོལ་གྱི་དགེ་བའི་རྩ་བ་ལ་ཡི་རང་བར་བྱེད་དོ། །ཡི་རང་བར་བྱས་ནས་སེམས་ཅན་ཐམས་ཅད་ལ་བསྔོ་སྟེ། དེ་ཐམས་ཅད་མཁྱེན་པའི་སེམས་དེས་སྦྱིན་བར་བྱེད་པ་དང ། སྦྱིན་པའི་བདག་པོ་དག་ཟིལ་གྱིས་གནོན་ཏོ། །གང་ལེན་པར་བྱེད་པ་དེ་དག་ཀྱང་ཟིན་གྱིས་གནོན་ཏོ། །རིགས་ཀྱི་ 62a ༄#། །བུ།་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། ཕྱོགས་བཅུ་ན་ཤིང་ལས་བྱུང་བའི་མེ་ཏོག་གང་ཅི་ཡོད་པ་ཕྲ་མོ་ཡོངས་སུ་མ་བླངས་པ་རྣམས་དང ། ཕྱོགས་བཅུ་ན་གང་སྤོས་ཀྱི་ཤིང་ཡོད་པ་རླུང་གིས་ཁྱེར་བ་ཡོངས་སུ་མ་བླངས་པ་བདག་པོ་མེད་པ་དེ་དག་ཀྱང་སངས་རྒྱས་ཐམས་ཅད་ལ་དབུལ་ཞིང་དགེ་བའི་རྩ་བ་དེའང་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བར་བྱེད་དོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། ཕྱོགས་བཅུ་ནས་སེམས་ཅན་གང་ཇི་སྙེད་བདེ་བའི་ཚོར་བ་མྱོང་བ་དེ་ཐམས་ཅད་ལ་བསམ་སྟེ་རྗེས་སུ་ཡི་རང་བར་བྱེད་དོ། །རྗེས་སུ་ཡི་རང་ནས་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བར་བྱེད་དོ། །གང་ཡང་ཕྱོགས་བཅུ་ན་སེམས་ཅན་སྡུག་བསྔལ་བའི་ཚོར་བ་མྱོང་བ་དེ་ཐམས་ཅད་ནི། འཆགས་སུ་འཇུག་སྟེ། གང་སེམས་ཅན་དེ་དག་གི་སྡུག་བསྔལ་ནི། བདག་ལ་ཤོག་ཅིག། དེ་དག་ནི། བདེ་བར་གྱུར་ཅིག་ཅེས་དེ་ལྟ་བུའི་གོ་ཆ་གྱོན་ཞིང་དགེ་བའི་རྩ་བ་དེའང་བྱང་ཆུབ་ཏུ་བསྔོ་བར་བྱེད་དོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། དེ་བཞིན་གཤེགས་པ་གཅིག་ལ་ཕྱག་འཚལ་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་བ་དེ་ལྟར་འཛིན་ཏེ། དེ་ནི། འདི་ལྟར་སློབ་བོ། །སངས་རྒྱས་ཐམས་ 62b ཅད་ཀྱི་ཆོས་ཀྱི་དབྱིངས་གཅིག་གོ་།ཚུལ་ཁྲིམས་གཅིག་གོ་།ཏིང་ངེ་འཛིན་གཅིག་གོ། ཤེས་རབ་གཅིག་གོ་།དགོངས་པ་གཅིག་གོ་།རྣམ་པར་གྲོལ་བ་གཅིག་གོ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་གཅིག་གོ། ཞེས་དེ་ལྟར་སློབ་ཅིང་དེ་ལྟར་དེ་བཞིན་གཤེགས་པ་གཅིག་ལ་ཕྱག་འཚལ་ན། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་བར་འཛིན་ཏོ། །དེ་ཐབས་མཁས་པ་དེ་སངས་རྒྱས་གཅིག་ལ་བཀུར་སྟིར་བྱས་ནས་སངས་རྒྱས་ཐམས་ཅད་ལ་བཀུར་སྟིར་བྱེད་དེ། ཕྱོགས་བཅུའི་སངས་རྒྱས་དེ་དག་ལ་མཆོད་པར་འགྱུར་བ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་ཡོངས་སུ་ལེན་ཏོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། ནམ་ཞིག་ཤེས་རབ་རྨོངས་པ་ཅན་དུ་རེད་ནའང་དེ་ནི། བདག་ལ་ཡི་མི་གསོད་ཀྱི་གཟེངས་བསྟོད་པར་བྱེད་དོ། །ཆུང་དུ་ན་རྩ་བ་བཞི་པའི་ཚིགས་སུ་བཅད་པ་གཅིག་ཁ་ཏོན་དུ་འདོན་ནའང་རྩ་བ་བཞི་པའི་ཚིགས་སུ་བཅད་པ་གཅིག་གི་དོན་གང་ཡིན་པ་གསུང་རབ་ཏུ་གཏོགས་པ་ཐམས་ཅད་ཀྱི་དོན་ཀྱང་དེ་ཡིན་ནོ། །ཞེས་དེ་དེ་ལྟར་སློབ་ཅིང་དེས་ཚིགས་སུ་བཅད་པ་དེ་ཁ་ཏོན་དུ་བྱས་ནས་སེམས་ཅན་གང་ཇི་སྙེད་དག་གིས་བདག་གི་རྩ་བ་བཞི་པའི་ཚིགས་སུ་བཅད་པ་འདི་ཐོས་པ་དེ་ཐམས་ཅད་སངས་རྒྱས་ཀྱི་སྤོབས་པ་ཐོབ་པར་ཤོག་ཅིག་ཅེས་དེ་ལྟར་མ་ཞུམ་པའི་སེམས་ཀྱིས་སྨོན་ལམ་ 63a ༄#། །འདེབས་ཏེ། དེ་དགེ་བའི་རྩ་བ་དེས་སེམས་ཅན་ཐམས་ཅད་ཀྱི་ཐོས་པ་མཐའ་མེད་པ། དཔེ་མེད་པ་ཟིལ་གྱིས་གནོན་ཅིང་སངས་རྒྱས་ཀྱི་སྤོབས་པའང་ལེན་པར་བྱེད་དོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། ནམ་ཞིག་གལ་ཏེ་བརྒྱ་ལ་དབུལ་པོར་གྱུར་ན། དེའི་ཚེ་ན་དེ་ཆུང་དུ་ན་གཞན་གྱི་ལས་ཀྱང་བྱས་ནས་ཟས་གཟར་བུ་གང་ཐོགས་ཏེ་སེམས་མ་ཞུམ་པས་དགེ་འདུན་ནམ་གང་ཟག་ལ་སྦྱིན་པར་བྱེད་དོ། །བྱིན་ནས་ཀྱང་འདི་ལྟར་སློབ་སྟེ། བཅོམ་ལྡན་འདས་ཀྱིས་སེམས་ཆེ་བའི་ཕྱིར་སྦྱིན་པ་ཆེ་བར་འགྱུར་རོ། །ཞེས་གསུངས་ཀྱི། བདག་གི་སྦྱིན་པ་ཆུང་དུ་ཟིན་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ནི། དཔག་ཏུ་མེད་པའོ་སྙམ་ནས་དེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱིས་ཟས་གཟར་བུ་གང་པོ་སྦྱིན་པར་བྱེད་ཅིང་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་འདི་ལྟ་སྟེ། དཔེར་ན། ད་ལྟར་གྱི་དེ་བཞིན་གཤེགས་པ་ཕྱག་ན་རིན་ཆེན་བཞིན་དུ་ཤོག་ཅིག་ཅེས་ཟས་གཟར་བུ་གང་པོ་དེ་ཉིད་ཀྱིས་སྦྱིན་པའི་རང་བཞིན་དང ། ཚུལ་ཁྲིམས་ཀྱི་རང་བཞིན་དང ། སྒོམ་པའི་རང་བཞིན་གྱིས་བསོད་ནམས་བྱ་བའི་དངོས་པོ་མངོན་པར་བྱེད་དོ། །རིགས་ཀྱ་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། ཉན་ཐོས་དང ། རང་སངས་རྒྱས་རྣམས་དང་ལྷན་ 63b ཅིག་ཏུ་གནས་ཀྱང་དེ་དག་ལ་འདོད་པར་མི་བྱེད་དོ། །གལ་ཏེའང་ཉན་ཐོས་དང ། རང་སངས་རྒྱས་དག་ལ་བཀུར་སྟི་བྱས་པ་མཐོང་ན། དེ་རྒྱུ་གཉིས་ཀྱིས་བདག་ཉིད་ཁོང་དུ་ཆུད་པར་བྱེད་དོ། །རྒྱུ་གཉིས་པོ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ལས་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང ། སངས་རྒྱས་ལས་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་འབྱུང་བས་དེ་དག་ལ་བཀུར་སྟི་བྱས་ན་བདག་ཉིད་ལ་ཐོག་མ་ཁོ་ནར་བཀུར་སྟིར་བྱས་པ་ཡིན་གྱི། དེ་དག་ལ་ནི། མ་ཡིན་པ་དང ། དེ་དག་ནི། བདག་གི་ཕའི་ནོར་ལ་སྤྱོད་མོད་ཀི། དེ་ལ་བདག་གིས་འདོད་པར་མི་བྱ། ཕྲག་དོག་ཏུ་མི་བྱ་སྙམ་དུ་སེམས་པའོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། སྦྱིན་པ་བྱིན་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ། །ཇི་ལྟར་ཡོངས་སུ་རྫོགས་པར་བྱེད་ཅེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གང་གི་ཚེ་སློང་བ་མཐོང་ན། དེ་སེར་སྣའི་སེམས་ཚར་གཅོད་པར་བྱེད། གཏོང་བ་ཆེན་པོ་འཕེལ་བར་བྱེད་དེ། དེ་ནི། དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་ཚུལ་ཁྲིམས་ཡང་དག་པར་བླངས་ནས་ཚུལ་ཁྲིམས་དང་ལྡན་པ་ལ་སྦྱིན་པར་བྱེད་པ་དང ། གང་ངང་ཚུལ་ངན་པ་ཅན་དེ་དག་ཚུལ་ཁྲིམས་ལ་འཇོག་པར་བྱེད་ཅིང་སྦྱིན་པའང་བྱིན་པར་བྱེད་པ་དེ་ནི། དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་བྱམས་པར་སེམས་ 64a ༄#། །པ་དང ། སེམས་མ་འཁྲུགས་པ་དང ། ཕན་པར་སེམས་པ་དང ། སེམས་རྩེ་གཅིག་པར་གྱུར་ནས་སྦྱིན་པ་བྱིན་པར་བྱེད་པ་དེ་ནི། དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་བཟའ་བ་དང ། བཅའ་བ་དང ། མྱང་བར་བྱ་བ་དེ་དག་ལ་ལུས་དང ། ངག་དང ། སེམས་འཇོག་ཅིང་འགྲོ་བ་དང ། འོང་བར་བྱེད་པ་དེ་ནི། དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྦྱིན་པ་བྱིན་ནས་གང་རྩེ་གཅིག་པ་དང ། དབུགས་ཕྱིན་པར་མི་འཛིན་པ་དེ་ནི། དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གལ་ཏེ་སྦྱིན་པ་དེ་བྱིན་ནས་ཆོས་ཉིད་ལ་བརྟེན་ཏེ་འདི་སུས་བྱིན། འདི་སུས་ཟོས། སུ་ལ་རྣམ་པར་སྨིན་པར་འགྱུར་ཞེས་དེས་དེ་ལྟར་བརྟགས་ན། གང་གིས་སྦྱིན་པ་དང ། གང་ལ་སྦྱིན་པ་དང ། གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བའི་ཆོས་གང་ཡང་མ་དམིགས་པ་དེ་ནི། དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རིགས་ཀྱི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཐབས་མཁས་པ་སྦྱིན་པ་སྦྱིན་པར་བྱེད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས།་དེ་འདྲ་བར་ཐབས་མཁས་ཏེ། སྦྱིན་པ་གང་གིས་སེམས་ཅན་གཞན་དག་འཁོར་བ་ཡོངས་སུ་ལེན་པར་བགྱིད་པའི་སྦྱིན་པ་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་ 64b དཔའ་ཆེན་པོ་སངས་རྒྱས་ཀྱི་ཆོས་རྣམས་ལེན་པར་བགྱིད་པའི་ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། །རིགས་ཀྱི་བུ། ཇི་སྐད་སྨྲས་པ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། སྦྱིན་པ་ཉུང་དུའང་མང་པོར་བྱེད། སྦྱིན་པ་མང་པོའང་དཔག་ཏུ་མེད་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་མ་ལ་བཀའ་སྩལ་པ། རིགས་ཀྱི་བུ། གཞན་ཡང་བྱང་སེམས་དཔའ་ཐབས་མཁས་པ་ནི། ལྟུང་བ་ལྕི་བའང་ཐབས་མཁས་པས་སྲབ་མོར་བྱེད་དོ། །ཇི་ལྟར་སྲབ་མོར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། ནམ་ཞིག་བརྒྱ་ལ་ལ་ལ་ཞིག་ཏུ་སྡིག་པའི་གྲོགས་པོའི་དབང་གིས་ལྟུང་བ་བྱུང་ན། དེ་འདི་ལྟར་སློབ་སྟེ། གལ་ཏེ་བདག་གིས་ཕུང་པོ་འདི་དག་གིས་མྱ་ངན་ལས་འདའ་བར་བྱ་ན་ནི། དེ་ལྟར་བདག་གི་སེམས་ཡོངས་སུ་གདུང་བ་དང་ལྡན་པར་ཡང་འགྱུར་ན། བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཕྱི་མའི་མཐར་ཐུག་པར་འཁོར་བ་ན་གནས་པའི་གོ་ཆ་དེ་ལྟ་བུ་བགོས་པས་བདག་གི་སེམས་ལ་གདུང་བར་ནི། མི་བྱའི། བྱང་ཆུབ་ཇི་ལྟ་ཇི་ལྟར་འཁོར་བར་འགྱུར་བ་དེ་ལྟ་དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱའོ། །ལྟུང་བ་འདིའང་ཆོས་བཞིན་དུ་བྱའོ། །ལྟུང་བ་གཞན་ཡང་མ་བྱུང་བར་བྱའོ་སྙམ་དུ་སེམས་སོ། ། 65a ༄#། །རིགས་ཀྱི་བུ། ཡོངས་སུ་བརྟག་པ་བཟུང་ན་གལ་ཏེ་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ལྟུང་བའི་རྩ་བ་བཞི་པོ་ཐམས་ཅད་འདས་པར་གྱུར་ཀྱང་ཐབས་མཁས་པ་འདིས་སྦྱོང་བར་བྱེད་ན། བྱང་ཆུབ་སེམས་དཔའི་ལྟུང་བར་མི་འགྱུར་བར་ངས་བཤད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ལྟུང་བ་དང་བཅས་པ་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སོ་སོར་ཐར་པའི་བསླབ་པ་སློབ་པ་ན་བསྐལ་པ་བརྒྱ་སྟོང་དུའང་རྩ་བ་དང་འབྲས་བུ་ཟ་བར་འགྱུར་ལ་སེམས་ཅན་ཐམས་ཅད་ཀྱིས་སྙན་པར་སྨྲ་བ་དང ། མི་སྙན་པར་སྨྲ་བའང་བཟོད་ཅིང་ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པའང་ལྡན་པར་གནས་པ་དེ་ནི། བྱང་ཆུབ་སེམས་དཔའི་ལྟུང་བའི་རྩ་བ་ལྕི་བ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཉན་ཐོས་ཀྱི་ཐེག་པ་ལ་གནས་པ་ལྟུང་བའི་རྩ་བ་བྱུང་ན། ཕུང་པོ་དེ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་སྐལ་པ་མེད་པ་དེ་བཞིན་དུ་རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ཡང་ལྟུང་བ་མ་མཐོང་ཞིང་ཉན་ 65b ཐོས་དང ། རང་སངས་རྒྱས་ཡིད་ལ་བྱེད་པ་མ་བཏང་ན། སངས་རྒྱས་ཀྱི་སར་ཡོངས་སུ་མྱ་ངན་ལས་འདའ་བའི་སྐལ་བ་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་བསོད་སྙོམས་ཀྱི་ཕྱིར་མཐར་གྱིས་སྤྱོད་པ་ན་བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོ་ཁང་པ་ཞིག་ན་བུད་མེད་དང་ཁྲི་གཅིག་ལ་ལྷན་ཅིག་མཆིས་པར་མཐོང་སྟེ། ལྟུང་བ་བྱུང་བ་མཐོང་ན་མ་བཅབ་ཅིག་།ཚངས་པ་མཚུངས་པར་སྤྱོད་པ་གཞན་དག་ལ་ཟློས་ཤིག་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན།་དེ་བཞིན་གཤེགས་པ་ནི། སེམས་ཅན་ཐམས་ཅད་ཀྱི་སྟོན་པ་ལགས་ཏེ། དེ་བཞིན་གཤེགས་པ་ལ་ཅུང་ཟད་ཀྱང་མི་མཁྱེན་པའམ། མ་གཟིགས་པའམ། ཐུགས་སུ་མ་ཆུད་པ་མ་མཆིས་པས་དེའི་སླད་དུ་བདག་བཅོམ་ལྡན་འདས་ལ་གསོལ་ལོ། །ཞིས་ཚེ་དང་ལྡན་པ་དགའ་བོས་དེ་སྐད་ཀྱི་ཚིག་སྨྲས་ནས་རིང་པོ་མ་ལོན་པར་དེ་ནས་དེའི་མོད་ལ་ས་གཡོས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོ་ཤིང་ཏ་ལ་གང་ཙམ་དུ་སྟེང་གི་བར་སྣང་ལ་འདུག་ནས་ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། ། ཚེ་དང་ལྡན་པ་དགའ་བོ། །དེ་ཇི་སྙམ་དུ་སེམས། ལྟུང་བ་བྱུང་བའི་ཆོས་ཅན་གྱིས་པར་སྣང་ལ་འདུག་པར་ནུས་སམ། ཡང་ཚེ་དང་ལྡན་པ་དགའ་བོ། བྱང་ཆུབ་སེམས་དཔའི་ལྟུང་ 66a ༄#། །བའི་ཆོས་ཇི་ལྟ་བུ་གྲགས་ཞེས་དེ་བཞིན་གཤེགས་པ་མངོན་སུམ་དུ་བཞུགས་པ་འདི་ལ་ཞུས་ཤིག་།དེ་ནས་ཚེ་དང་ལྡན་པ་དགའ་བོ་ཡུལ་ཡུལ་པོར་གྱུར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ལྟུང་བ་འཆགས་པ་གང་བདག་གིས་སྐྱེས་བུ་བལ་གླང་ཆེན་པོ་ལྟ་བུ་ལ་ལྟུང་བ་བཅལ་བ་བཅོམ་ལྡན་འདས། ནོངས་ཏེ།་ནོངས་པ་འཆགས་སོ། །ཞེས་དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བོ། ཁྱོད་ཐེག་པ་ཆེན་པོ་ལ་གནས་པའི་སྐྱེས་བུ་དམ་པ་ལ་ཉེས་པར་འདུ་ཤེས་མ་སྐྱེད་ཅིག་།དགའ་བོ། འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་ལ་གནས་པ་གཅིག་བུ་གཉིས་སུ་མེད་པ་ནི། ཟག་པ་ཟད་པར་བྱ་བ་ལ་བར་ཆད་མེད་པར་འདོད་པར་བྱའོ། །དགའ་བོ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས་མཁས་པས་ཀྱང་ཐམས་ཅད་མཁྱེན་པ་ལ་བར་ཆད་མེད་པར་འདོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགའ་བོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། གང་དཀོན་མཆོག་གསུམ་ལ་གཞོལ་བར་མི་འགྱུར་བའི་གཡོ་འཆང་བར་མི་བྱེད་དོ། །དཀོན་མཆོག་གསུམ་གང་ཞེ་ན། སངས་རྒྱས་དཀོན་མཆོག་དང ། ཆོས་དཀོན་མཆོག་དང ། དགེ་འདུན་དཀོན་མཆོག་གོ་།དགའ་བོ། གང་གི་ཚེ་བྱང་ཆུབ་སེམས་ 66b དཔའི་ཐེག་པ་ལ་གནས་པའི་རིགས་ཀྱི་བུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་འདོད་པ་ལྔའི་ཡོན་ཏན་གྱིས་རྩེ་དགའ་ཞིང་ཡོངས་སུ་སྤྱོད་པ་མཐོང་ན། དགའ་བོ། དེའི་ཚེ་ཁྱོད་ཀྱིས་སྐྱེས་བུ་དམ་པ་དེ་དེ་བཞིན་གཤེགས་པའི་དབང་པོ་ལྔ་དང་ལྡན་པར་ཤེས་པར་གྱིས་ཤིག་།དགའ་བོ། ཁྱོད་ཡང་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོ་བུད་མེད་དང་ལྷན་ཅིག་ཏུ་ཁྲི་གཅིག་ལ་འདུག་པ་དེ་ཉོན་ཅིག་།དགའ་བོ། སྲིང་མོ་དེ་ནི། འདས་པའི་དུས་ན་ཚེ་རབས་ཉིས་བརྒྱར་བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོའི་ཆུང་མར་གྱུར་ཏེ། དེ་སྔོན་གྱི་བག་ལ་ཉལ་དེ་ཉིད་ཀྱིས་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོ་དེའི་དཔལ་དང ། གཟི་བརྗིད་དང ། ཚུལ་ཁྲིམས་དང་སྟོབས་བསྐྱེད་པ་མཐོང་བས་ཉོན་མོངས་པ་སྐྱེས་ནས་གནས་ངན་ལེན་གྱི་ཚིག་སྨྲས་ཏེ། དེ་གཅིག་པུ་ལྐོག་ཏུ་སོང་ནས་གལ་ཏེ་བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོ་བདག་དང་ལྷན་ཅིག་ཏུ་ཁྲི་གཅིག་ཏུ་འདུག་ན། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ་སྙམ་དུ་དེ་ལྟར་སེམས་པར་གྱུར་ཏོ། །དགའ་བོ། དེ་ནས་བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོའི་སེམས་ཀྱིས་སྲིང་མོ་དེའི་སེམས་ཀྱི་ཡོངས་སུ་རྟོག་པ་ཤེས་ནས་དེ་ཉིད་ཀྱི་ནུབ་མོ་འདས་པ་དང ། དེའི་ཁྱིམ་དུ་འོངས་ཏེ། 67a ༄#། །གང་ནང་གི་སའི་ཁམས་དང ། གང་ཕྱིའི་སའི་ཁམས་སུ་གཅིག་པའི་ཆོས་ཀྱི་སྒོ་ས་འདྲ་བའི་སེམས་དེས་སྲིང་མོ་དེ་ལག་པ་གཡས་པས་བཟུང་སྟེ་ཁྲི་གཅིག་ལ་འདུག་གོ་།འདུག་མ་ཐག་ཏུ་ཚིགས་སུ་བཅད་པ་འདི་སྨྲས་སོ། །སངས་རྒྱས་འདོད་པ་བསྔགས་མི་མཛད། །དེ་ནི་བྱིས་པའི་སྤྱོད་ཡུལ་ཏེ། །འདོད་པའི་སྲེད་པ་སྤངས་ནས་ནི། །སངས་རྒྱས་མི་ཡི་མཆོག་ཏུ་འགྱུར། །དགའ་བོ། དེ་ནས་སྲིང་མོ་དེ་དགའ་ཞིང་རབ་ཏུ་མགུ་བ་སྐྱེས་ནས་ཁྲི་དེ་ལས་ལངས་ཏེ་བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོའི་རྐང་པ་ལ་ཕྱག་བཙལ་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་ཀྱིས་ནི་གང་སྨྲས་པ། །འདོད་པ་སླན་ཆད་བདག་མི་འཚལ། །འདོད་པའི་སྲེད་པ་སྤངས་ན་ནི། །སངས་རྒྱས་མི་ཡི་མཆོག་ཏུ་འགྱུར། །བདག་གི་སེམས་ཀྱིས་གང་བསམ་པའི། །ནོངས་པ་དེ་ནི་ཁྱེད་ལ་བཤགས། །སྲོག་ཆགས་ཀུན་ལ་བདེ་བའི་ཕྱིར། །བྱང་ཆུབ་ཏུ་ནི་མོས་བསྐྱེད་དོ། །དགའ་བོ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོ་ཐབས་མཁས་པ་དེས་སྲིང་མོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསླབས་ནས་སྟན་ལས་ལངས་ཏེ་སོང་ངོ ། །དགའ་བོ། ལྷག་པའི་བསམ་པའི་ཁྱད་པར་ལ་ལྟོས། ངས་སྲིང་མོ་དེ་ལུང་བསྟན་ཏོ། །འདི་ནས་ཤི་འཕོས་ནས་བུད་མེད་ 67b ཀྱི་ལུས་བརྗེས་ཏེ་བསྐལ་པ་གྲངས་མེད་པ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་ན་ཀུན་ནས་ལྡང་བ་དང་བྲལ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། དགའ་བོ། ཁྱོད་རྣམ་གྲངས་དེས་ཀྱང་བྱང་ཆུབ་སེམས་དཔའ་ནི། གང་ལྟུང་བའི་ཆོས་ཅན་དུ་འགྱུར་བའི་གཡོ་མི་འཆང་བར་རིག་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོ་བར་སྣང་དེ་ལས་བབས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ཐབས་མཁས་པ་དང ། སྙིང་རྗེ་ཆེན་པོ་ལ་གནས་པར་བགྱིའོ། །བཅོམ་ལྡན་འདས། འདི་ལ་བདག་འདི་སྙམ་བགྱིད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་ཅན་གཅིག་གི་དགེ་པའི་རྩ་བ་སྐྱེ་བར་འགྱུར་ན། ལྟུང་བ་དེ་འདྲ་འབྱུང་ཞིང་དེ་ལྟ་བུའི་ལྟུང་བ་བྱུང་བས་བསྐལ་པ་བརྒྱ་སྟོང་དུ་སེམས་ཅན་དམྱལ་བར་བཙོ་བར་གྱུར་ཀྱང་བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ལྟུང་བ་འབྱུང་བ་དང ། སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་ལ་སྤྲོ་བ་ཉིད་དུ་བགྱིའོ། སེམས་ཅན་གཅིག་པོའི་དགེ་བའི་རྩ་བ་ཡོངས་སུ་གཏོང་བ་དང ། ཡོངས་སུ་འབྲི་བར་ནི་མི་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་མང་ལྡན་གྱི་རྒྱལ་པོ་ལ་ལེགས་སོ། ། 68a ༄#། །ཞེས་བྱ་བ་བྱིན་ནས་ལེགས་སོ་ལེགས་སོ། །སྐྱེས་བུ་དམ་པ། བྱང་ཆུབ་སེམས་དཔའ་དག་ནི། སྙིང་རྗེ་ཆེན་པོ་འདིས་ལྟུང་བ་ཐམས་ཅད་སྤོང་སྟེ། རིགས་ཀྱི་བུ། ངས་མངོན་པར་ཤེས་པ་འདས་པའི་བསྐལ་པ་གྲངས་མེད་པའི་ཕ་རོལ་གྱིའང་ཤིན་ཏུ་ཕ་རོལ་ན་ཁྱེའུ་སྐར་མ་ཞེས་བྱ་བ་ཞིག་ཡོད་དེ། དེ་ནགས་ཀྱི་འདབས་ན་ལོ་བཞི་ཁྲི་ཉིས་སྟོང་དུ་ཚངས་པར་སྤྱོད་པ་སྤྱད་ནས་དེ་ལོ་བཞི་ཁྲི་ཉིས་སྟོང་འདས་པ་ན་རྒྱལ་པོའི་ཕོ་བྲང་འབྱོར་པ་ཞེས་བྱ་བར་ཕྱིན་ནས་དེ་གྲོང་ཁྱེར་ཆེན་པོ་དེར་སོང་བ་དང ། ཆུ་ཆུན་མ་ཞིག་གིས་ཁྱེའུ་བཟང་པོ་དེ་མཐོང་ནས་འདོད་པའི་འདོད་ཆགས་ཀྱིས་ཡོངས་སུ་ཟིན་པའི་སེམས་དང་ལྡན་པས་ཁྱེའུ་དེའི་མདུན་དུ་བརྒྱུགས་ཏེ་ཕྱག་བཙལ་ཏོ། །དེ་ནས་རིགས་ཀྱི་བུ་ཁྱེའུ་སྐར་མས་བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ། །སྲིང་མོ། ཁྱོད་ཅི་འདོད། མོས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེའུ། བདག་ཁྱོད་འཚལ་ལོ། །ཁོས་དེ་ལ་འདི་སྐད་ཅེས་སྨྲས་སོ། །སྲིང་མོ། ཁོ་པོ་ནི། འདོད་པ་དགོས་པ་མ་ཡིན་ནོ། །མོས་དེ་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་བདག་ཁྱོད་དང་མཇལ་བར་མི་འགྱུར་ན། བདག་འགུམ་པར་འགྱུར་རོ། །དེ་ནས་ཁྱེའུ་སྐར་མས་འདི་སྙམ་དུ་བསམ་མོ། །གང་བདག་གིས་ལོ་བཞི་ཁྲི་ཉིས་སྟོང་གི་བར་དུ་ཚངས་པར་སྤྱོད་པ་སྤྱད་ནས་བརྟུལ་ཞུགས་གཞིག་པ་ནི། 68b བདག་གི་མི་ཆའོ་སྙམ་ནས་ནན་གྱིས་འཐེན་ཏེ་བུད་མེད་དེས་བཏང་ནས་གོམ་པ་བདུན་འཕགས་པ་དང ། དེ་གོམ་པ་བདུན་པ་ལ་གནས་ནས་སྙིང་རྗེ་སྐྱེས་ཏེ། བདག་གིས་བརྟུལ་ཞུགས་འདི་བཤིག་ནས་སེམས་ཅན་དམྱལ་བར་སོང་བར་གྱུར་ཀྱང་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་མྱོང་བར་བཟོད་ཀྱི། བུད་མེད་འདི་ཤིར་འོང་གི་།བདེ་བར་གྱུར་ཅིག་ཅེས་རིགས་ཀྱི་བུ་ཁྱེའུ་སྐར་མ་དེ་ཁ་སླར་ལོག་སྟེ་བུད་མེད་དེ་ལག་པ་གཡས་པས་བཟུང་ནས་སྲིང་མོ། ཁྱོད་ཅི་འདོད་པ་བྱའི། ལོངས་ཤིག་ཅེས་དེ་སྐད་སྨྲས་སོ། །དེ་ནས་ཁྱེའུ་སྐར་མ་ལོ་བཅུ་གཉིས་ཀྱི་བར་དུ་ཁྱིམ་ན་གནས་ནས་སླར་ཡང་མངོན་པར་བྱུང་སྟེ་ཚངས་པའི་གནས་བཞི་བསྐྱེད་ནས་ཤི་འཕོས་པ་དང ། ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། ། རིགས་ཀྱི་བུ། ཁྱོད་དེའི་ཚེ་དེའི་དུས་ན་ཁྱེའུ་སྐར་མ་ཞེས་བྱ་བ་དེ་གཞན་ཡིན་སྙམ་དུ་དེ་ལྟར་མ་ལྟ་ཞིག་།དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དེའི་དུས་ན་ང་ནི། ཁྱེའུ་སྐར་མར་གྱུར་ཏོ།། གྲགས་འཛིན་མ་ནི། ཆུ་ཆུན་དུ་གྱུར་ཏོ། །རིགས་ཀྱི་བུ། ང་འདོད་པ་ངན་པ་དང་ལྡན་པའི་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པས་ཀྱང་བསྐལ་པ་སྟོང་ཕྲག་བཅུའི་བར་དུ་འཁོར་བ་ལ་རྒྱབ་ཀྱིས་བལྟས་ཤིང་སྤངས་པར་གྱུར་ཏོ། །རིགས་ཀྱི་བུ་ལྟོས། གང་སེམས་ཅན་གཞན་དག་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བ་དེ་བྱང་ཆུབ་སེམས་དཔའ་ཐབས་ 69a ༄#། །མཁས་པ་ནི། ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ། གལ་ཏེ་དགེ་སློང་མཽངྒལ་གྱི་བུ་དང ། ཤཱ་རིའི་བུ་ཐབས་མཁས་པ་དང་ལྡན་དུ་ཟིན་ན་ནི། དགེ་སློང་ཀོ་ཀ་ལི་ཀ་དེ་སེམས་ཅན་དམྱལ་བར་འགྲོ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། ངས་མངོན་པར་ཤེས་པ་འདས་པའི་དུས་ན་དེ་བཞིན་གཤེགས་པ་ལོག་པར་དད་སེལ་གྱི་གསུང་རབ་ལ་དགེ་སློང་དྲི་མ་མེད་པ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་དགོན་པའི་བྲག་ཕུག་ཅིག་ན་གནས་པ་ནས་རྒྱང་མི་རིང་བཞིག་ན་དྲང་སྲོང་ལྔ་གནས་པ་ལས་དེའི་ཚེ་དུས་མ་ཡིན་པའི་སྤྲིན་ཆེན་པོ་བྱུང ། དུས་མ་ཡིན་པའི་ཆར་པའང་ཆེར་བབ་པ་དང ། དེ་ནས་བུད་མེད་གཉིས་ཤིག་ཆར་པའི་སྐྱབས་ཀྱི་ཕྱིར་དགེ་སློང་དྲི་མ་མེད་པའི་བྲག་ཕུག་ཏུ་ཞུགས་ཏེ་སླར་བྱུང་བ་དང ། དྲང་སྲོང་རྣམས་ཀྱིས་མཐོང་ནས་ཨེ་མ་ཧོ། །དགེ་སློང་དྲི་མ་མེད་པ་འདི་སྡིག་འདོད་པའོ།། ཚངས་པར་སྤྱོད་པ་མ་ཡིན་པའོ། །ཞེས་ཡིད་བྱུང་བར་གྱུར་ཏོ། །དེ་ནས་དགེ་སློང་དྲི་མ་མེད་པའི་སེམས་ཀྱིས་དྲང་སྲོང་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་ཤེས་ནས་དེའི་ཚེ་ནམ་མཁའ་ལ་ཤིང་ཏ་ལ་བདུན་ཙམ་དུ་འཕགས་སོ། །དེ་ནས་དྲང་སྲོང་དེ་དག་གིས་དགེ་སློང་དྲི་མ་མེད་པ་བར་སྣང་གི་ནམ་མཁའ་ལ་འདུག་པ་མཐོང་ནས་བདག་ 69b ཅག་གི་གཙུག་ལག་ལས་འབྱུང་བ་ལྟར་ན། ཚངས་པར་སྤྱོད་པ་མ་ཡིན་པ་ནམ་མཁའ་ལ་འཕགས་མི་ནུས་སོ་སྙམ་དུ་སེམས་པར་གྱུར་ནས་དེའི་ཚེ་ཡན་ལག་ལྔས་ཕྱག་འཚལ་ཏེ་ཉེས་པ་བཤགས་སོ། །རིགས་ཀྱི་བུ། གལ་ཏེ་དགེ་སློང་དྲི་མ་མེད་པ་ནམ་མཁའ་ལ་མ་འཕགས་སུ་ཟིན་ན། དེའི་ཚེ་དྲང་སྲོང་ལྔའི་ལུས་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་རོ། །རིགས་ཀྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དགེ་སློང་དྲི་མ་མེད་པ་ཞེས་བྱ་བ་དེ་གཞན་དུ་གྱུར་པ་སྙམ་དུ་ཁྱོད་དེ་ལྟར་མ་ལྟ་ཞིག་།བྱང་ཆུབ་སེམས་དཔའ་བྱམས་པ་དེའི་ཚེ་དགེ་སློང་དྲི་མ་མེད་པ་ཞེས་བྱ་བར་གྱུར་ཏོ། །རིགས་ཀྱི་བུ། གལ་ཏེ་དགེ་སློང་ཤཱ་རིའི་བུ་དང ། མཽངྒལ་གྱི་བུ་ནམ་མཁའ་ལ་འཕགས་སུ་ཟིན་ན་ནི། དགེ་སློང་ཀོ་ཀ་ལི་ཀ་སེམས་ཅན་དམྱལ་བར་འགྲོ་བར་མི་འགྱུར་རོ། །རིགས་ཀྱི་བུ། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་ཐབས་མཁས་པའི་ཡེ་ཤེས་གང་དུ་འཇུག་པ་དེ་ནི།་ཉན་ཐོས་དང ། རང་སངས་རྒྱས་རྣམས་ཀྱི་ཡུལ་མ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། འདི་ལྟ་སྟེ། སྨད་འཚོང་མ་ཐབས་དྲུག་ཅུ་རྩ་བཞི་དང་ལྡན་པ། ཤིན་ཏུ་ལོབས་པ་ནོར་འདོད་པ་ནི། སྐྱེས་བུ་དེ་ལས་ནོར་མ་གྲུབ་ཀྱི་བར་དུ་སེམས་ཅན་དེ་དག་གི་དྲུང་ན་ཅི་ནས་ཀྱང་བདག་གིས་ལུས་གཏོང་བའང་སྟོན་པ་དང ། ཡོ་བྱད་ཐམས་ཅད་ཀྱང་མི་སྦེད་ 70a ༄#། །པར་དེ་ལྟ་དེ་ལྟར་གནས་སོ། །དེ་ནས་ཕྱིས་དེ་ལ་མི་ལྟ་མི་སེམས་པར་འདོད་དེ། དེ་ཕྱིར་དེ་ལ་འགྱོད་པར་ཡང་མི་འགྱུར་རོ། །རིགས་ཀྱི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས་མཁས་པའང་ཐབས་མཁས་པ་གང་གིས་སེམས་ཅན་འདི་དག་བདག་གིས་ཡོངས་སུ་སྨིན་པར་བྱ་བར་ཤེས་ནས་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ལ་དགའ་བས་ཅུང་ཟད་ཀྱང་མི་སྦེད་ཅིང་བདག་གི་ལུས་གཏོང་བར་བྱེད་པ་སྟོན་པའི་བར་དུ་སེམས་ཅན་དེ་དག་གི་དྲུང་དུ་དེ་ལྟ་དེ་ལྟར་གནས་ཏེ། ནམ་ཞིག་ཨེ་མའོ་སེམས་ཅན་འདི་དག་དགེ་བའི་རྩ་བ་བསྐྱེད་པ་ཡིན་ཏེ། ཕྱིན་ཆད་དེ་ལས་ལྷག་པར་གཞག་ཏུ་མི་ནུས་པར་ཤེས་ནས་ནི། དེ་ལ་མི་ལྟ་ཞིང་དགའ་བས་རྩེ་བ་ཐམས་ཅད་ཀྱང་བཏང་སྟེ་འགྲོའོ། །དེ་ལ་རག་ལས་པའི་སེམས་ཀྱང་མེད་དོ། །རིགས་ཀྱི་བུ། འདི་ལྟ་སྟེ། བྱོལ་སོང་དུ་གཏོགས་པའི་སྲོག་ཆགས་ཀྱི་རྣམ་པ་བུང་བ་ཞེས་བྱ་བ་དེ་མེ་ཏོག་ཐམས་ཅད་ཀྱི་དྲི་ལ་སྣོམ་པའང་གང་དུའང་རྟག་པར་སྲེད་པ་མི་སྒོམ་མོ། །དྲི་དང་ལོ་མའང་མི་འཕྲོག་གོ་།དེ་བཞིན་དུ་ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་ཡང་འདོད་པའི་དགའ་བ་དང ། རྩེ་བ་ཐམས་ཅད་ཀྱང་སྤྱོད་ཀྱང་གང་དུའང་རྟག་པར་སྲེད་པ་མི་སྐྱེད། བདག་དང་གཞན་ཉམས་པར་ཡང་མི་བྱེད་དོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ས་བོན་ 70b ཡོངས་སུ་གདུངས་པ་ནི། ཁ་དོག་ཉམས་པ་མེད་ཀྱང་ལྗང་བུ་འབྱུང་བར་མི་ནུས་སོ། །རིགས་ཀྱི་བུ། དེ་བཞིན་དུ་སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པའི་ཤེས་རབ་ཡོངས་སུ་བསྒོམས་པས་ཉོན་མོངས་པ་ནི། དགའ་བ་དང ། རྩེ་བ་ཐམས་ཅད་ལ་སྤྱོད་ཀྱང་དེ་ལྟུང་བར་འགྲོ་བ་ཡོངས་སུ་མི་ལེན། སངས་རྒྱས་ཀྱི་ཡོན་ཏན་ལས་ཀྱང་ཡོངས་སུ་མི་ཉམས་སོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཉ་པ་ཤིན་ཏུ་བསླབས་པ་ནི། སྐུད་པ་གཅིག་ལ་གཟན་མ་བཏགས་པའི་མཆིལ་པ་སྦྱར་ནས་མཚོ་ཆེན་པོར་བཅུག་སྟེ། དེ་གང་དང་གང་གི་ཚེ་ན་འདོད་པ་དེ་དང་དེའི་ཚེ་སྐུད་པ་དེ་མཚོ་ཆེན་པོ་ནས་འདྲེན་ཏོ། །རིགས་ཀྱི་བུ། དེ་བཞིན་དུ་ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་ཡང་སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་ཡོངས་སུ་བསྒོམས་པའི་སེམས་ཐམས་ཅད་མཁྱེན་པ་ཉིད་ལ་བརྟན་པོར་སྦྲེལ་ནས་འདམ་རྫབ་ཆེན་པོར་ལྟུང་ཞིང་དེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དེ་བསྲུངས་པས་གང་གི་ཚེ་འདོད་པ་དེ་དང་དེའི་\?\་ཆ་ཤི་འཕོས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། སྤགས་ཀྱི་རིག་འཛིན་གྱི་སྐྱེས་བུ་རྒྱལ་པོས་བཟུང་སྟེ་ཞགས་པ་ལྔའི་བཅིང་བས་བཅིངས་སུ་ཟིན་ཀྱང་དེ་གང་གི་ཚེ་འགྲོ་བར་འདོད་པ་དེའི་ཚེ་དེ་སྔགས་ཀྱི་རིག་པའི་སྟོབས་བསྐྱེད་པ་གཅིག་གིས་བཅིངས་པ་ཐམས་ 71a ༄#། །ཅད་གཏུབས་ཏེ་འགྲོའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས་མཁས་པའང་གང་གི་ཚེ་འདོད་པའི་ཡོན་ཏན་ལྔས་དགའ་བ་མྱོང་ཞིང་དེ་དག་གིས་རྒྱས་པར་གྱུར་ཀྱང་གང་གི་ཚེ་འདོད་པར་གྱུར་པ་དེའི་ཚེ་ཤེས་རབ་ཀྱི་རིག་པའི་སྟོབས་བསྐྱེད་པའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་གཅིག་གིས་འདོད་པའི་ཡོན་ཏན་ཐམས་ཅད་རབ་ཏུ་བཅོམ་སྟེ་ཤི་འཕོས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། མདའ་དང་མཚོན་གྱི་སློབ་དཔོན་རལ་གྲི་རྣོན་པོ་གཅིག་མི་མངོན་པར་ཐོགས་ནས་འགྲོན་པ་མང་པོའི་སེལ་བྱེད་ན། དེ་ལ་སེམས་ཅན་གང་མི་ཤེས་པ་དེ་དག་ནི། མདའ་དང་མཚོན་གྱི་སློབ་དཔོན་དེ་ལ་མི་འདི་ནི། མདའ་གཞུ་ཡང་མེད། མཚོན་ཆ་གཞན་ཡང་མེད། གཡོག་ཀྱང་མེད་དེ། འདི་ནི། བདག་གི་སྐྱབས་ཀྱང་མི་ནུས་ན། འགྲོན་པའི་ལྟ་ཅི་སྨོས། མི་རྒོད་ལས་རྒྱལ་བར་ལྟ་ག་ལ་ནུས་ཏེ།་འདི་ནི། དེ་དག་ཏུ་མི་རིགས་པར་སྡུག་བསྔལ་བར་འགྱུར་རོ། །ཞེས་སྙིང་རྗེ་སྒོམ་མོ། །དེ་ནས་མདའ་དང་མཚོན་གྱི་སློབ་དཔོན་དེ་འབྲོག་དགོན་པའི་དབུས་སུ་ཕྱིན་ཏེ་མི་རྒོད་མང་པོ་བྱུང་བ་མདའ་དང་མཚོན་གྱི་ཕྱིར་གོ་ཆ་ལེགས་པར་བགོས་ནས་མཚོན་ཆེ་དེ་ལ་ཡོངས་སུ་བཏགས་ཏེ་མི་རྒོད་དེ་དག་ལ་འདེབས་སོ། །དེས་མི་ 71b རྒོད་དེ་དག་ཐམས་ཅད་སྲོག་དང་ཕྲལ་ནས་སླར་ཡང་མཚོན་ཆ་དེ་ལག་པར་འཇོག་གོ་།དེ་བཞིན་དུ་རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚོན་ཆ་ཤིན་ཏུ་ཐོགས་ནས་ཐབས་མཁས་པས་འདོད་པའི་ཡོན་ཏན་ལྔས་རྩེ་དགའ་ཞིང་ཡོངས་སུ་སྤྱོད་དེ། དེ་ལ་གང་དག་དེའི་ལུས་ཀྱི་དབང་པོ་མཐོང་ན་དེ་དག་མ་དད་པར་བྱེད་ཅིང ། འདི་ནི། འདི་ལྟར་བག་མེད་པར་གནས་ཏེ། འདི་ནི། བདག་ཐར་པར་ཡང་མི་ནུས་ན་སེམས་ཅན་གཞན་ལྟ་ཅི་སྨོས། བདུད་ལས་རྒྱལ་བར་ལྟ་ག་ལ་འགྱུར་ཞེས་སྙིང་རྗེ་སྐྱེད་པར་བྱེད་མོད་ཀྱི། བྱང་ཆུབ་སེམས་དཔའ་དེ་ཐབས་མཁས་པ་ཤིན་ཏུ་ཡོངས་སུ་བླངས་པས་ནམ་འདོད་པ་དེའི་ཚེ་དེས་ཤེས་རབ་ཀྱི་མཚོན་གྱིས་ཉོན་མོངས་པའི་དྲ་བ་དྲལ་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བུད་མེད་གཡེམ་པ་མེད་པ་གཞན་དུ་འགྲོའོ། །ཡང་དེའི་ཚེ་ན་བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པ་ཞེས་བྱ་བ་མཉན་དུ་ཡོད་པའི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་སོང་སྟེ། བསོད་སྙོམས་དེ་སྤྱོད་པ་ལས་ཁྱིམ་བདག་གི་ཁྱིམ་དུ་ཕྱིན་པ་དང ། དེ་ནས་བུ་མོ་བསོད་ནམས་ལྡན་མཆོག་ཅེས་བྱ་བ་ཁང་ཐོག་ན་འདུག་པས་དགེ་སློང་གི་སྒྲ་ཐོས་ནས་ཟས་ཐོགས་ཏེ་བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པ་གཡས་ཡོད་སོང་ 72a ༄#། །ངོ ། །དེ་ནས་བུ་མོ་བསོད་ནམས་ལྡན་མཆོག་གིས་མཐོང་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པའི་སྐད་དང་བལྟས་པ་ལས་རྗེས་སུ་རྟོགས་པའི་མཚན་མ་བཟུང་ནས་འདོད་ཆགས་ཀྱིས་ཡོངས་སུ་བཟུང་བའི་སེམས་ཀྱི་འདོད་ཆགས་ཀྱིས་ཡོངས་སུ་གདུངས་ཤིང་འགྲེང་བཞིན་དུ་ལུས་ཐམས་ཅད་ཀྱང་བརྟུལ་ནས་འཆི་བའི་དུས་བྱས་ནས་བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པས་བུ་མོ་བསོད་ནམས་ལྡན་མཆོག་མཐོང་སྟེ། འདོད་ཆགས་ཀྱི་སེམས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་བྱུང་བ་དང ། དེའི་ཚེ་དེ་ལ་ཆགས་པ་ཞེས་བྱ་བའི་ཆོས་དེ་གང་ཡིན་ཞེས་དྲན་པ་སྐྱེས་ནས་ཅི་མིག་དེ་ཆགས་པའམ་ཞེ་ན། མིག་ཀྱང་ཚོར་བ་མེད་པ།་བྱེད་པ་མེད་པ། འདུས་བྱས་པ། ཤའི་ཕུང་པོ་སྟེ། རང་བཞིན་གྱིས་སྟོང་པའི་ཕྱིར་ཚོར་བ་མེད་དོ། །འོ་ན་རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཆགས་པའམ་ཞེ་ན། དེས་ནང་ཡང་རུང ། ཕྱི་ཡང་རུང ། འདོད་ཆགས་པར་འགྱུར་བའམ། ཞེ་སྡང་བར་འགྱུར་བའི་ཆོས་དེ་གང་ཡང་མ་དམིགས་སོ། །དེས་མ་དམིགས་ནས་འདོད་ཆགས་ཀྱི་སེམས་དེ་བསལ་ཏེ་དེའི་ལུས་པགས་པ་དང་ཤས་གཡོགས་པའི་རྐང་པའི་མཐིལ་ཡན་ཆད་སྤྱི་བོའི་བར་དུ་བརྟགས་སོ། །དེས་ཡང་དག་པ་ཇི་ལྟ་བར་ 72b བརྟགས་ནས་ཆོས་ཐམས་ཅད་མི་སྐྱེ་བར་རྟོགས་ཏེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང ། དེ་དགའ་བ་དང་རབ་ཏུ་མགུ་བ་དེ་ཉིད་ཀྱིས་སྟེང་གི་བར་སྣང་ལ་ཤིང་ཏ་ལ་གང་ཙམ་དུ་འཕགས་ནས་མཉན་དུ་ཡོད་པའི་གྲོང་ཁྱེར་ཆེན་པོ་ལན་བདུན་དུ་བསྐོར་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་བ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པ་སྟེང་གི་བར་སྣང་ལས་ངང་པའི་རྒྱལ་པོ་བཞིན་དུ་ཐོགས་པ་མེད་པར་འོང་བ་གཟིགས་སོ། །གཟིགས་ནས་ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། དགའ་བོ།་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བར་བྱེད་པ་བར་སྣང་ལས་འོང་བ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས། མཐོང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ། བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པ་དེས་ནི། འདོད་ཆགས་ཀྱི་སེམས་ལས་ཆོས་ཐམས་ཅད་ཡོངས་སུ་བརྟགས་སོ། །བདུད་ཀྱི་སྡེ་བཏུལ་ལོ། །ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །དེ་ནས་བུ་མོ་བསོད་ནམས་ལྡན་མཆོག་ཤི་མ་ཐག་ཏུ་བུད་མེད་ཀྱི་ལུས་ལས་གྱུར་ཏེ་ཤི་འཕོས་པ་དང ། མཐོ་རིས་ཀྱི་འཇིག་རྟེན་དུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེས་སོ། །དེ་སྐྱེས་མ་ཐག་ཏུ་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་དཔག་ཚད་བཅུ་གཉིས་པའང་བྱུང་།གཡོག་ 73a ༄#། །བྱ་བའི་ཕྱིར་ལྷའི་བུ་མོ་བཞི་ཁྲི་བཞི་སྟོང་ཡང་སྐྱེས་ནས་དེའི་ཚེ་དེ་དགེ་བའི་རྩ་བ་གང་གིས་འདིར་སྐྱེས་པར་གྱུར་ཅེས་ཤེས་པ་སྐྱེས་ཏེ། དེ་བསམ་པ་དང ། འདི་སྙམ་དུ་གྱུར་ཏེ། བདག་ནི། མཉན་དུ་ཡོད་པའི་གྲོང་ཁྱེར་ཆེན་པོ་ན་ཁྱིམ་བདག་གི་བུ་མོར་གྱུར་པ་ལས། དེ་ན་བདག་གི་འདོད་ཆགས་ཀྱི་སེམས་ཀྱིས་བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པ་མཐོང་ནས་བདག་གི་སེམས་འདོད་པའི་ཆགས་པས་ཀུན་ཏུ་གཟིར་ཏེ་འཆི་བའི་དུས་བྱས་པ་དང ། བདག་བུད་མེད་ཀྱི་ལུས་ལས་གྱུར་ཏེ་བདག་གིས་སྐྱེས་པའི་ལུས་ཐོབ་ནས་བདག་གིས་རྫུ་འཕྲུལ་དཔག་ཏུ་མེད་པ་འདི་དག་ཐོབ་བོ་སྙམ་མོ། །དེ་ནས་ལྷའི་བུ་དེ་འདི་སྙམ་དུ་སེམས་ཏེ། འདོད་ཆགས་ཀྱི་སེམས་ཀྱིས་རྣམ་པར་སྨིན་པའང་འདི་ཡིན་ན། གང་བདག་གིས་བྱང་ཆུབ་སེམས་དཔའ་དགའ་བར་བྱེད་པ་ལ་ཕྱག་བྱ་བའམ། བསྙེན་བཀུར་བྱ་བ་ལྟ་ཅི་སྨོས་ཀྱི། གང་བདག་རྩེ་བའམ། དགའ་བར་བྱེད་པ་དེ་རིགས་པར་འགྱུར་བ་མ་ཡིན་གྱི། དེ་ལྟར་བདག་ནི། བཅོམ་ལྡན་འདས་ག་ལ་བ་དང ། དགའ་བར་བྱེད་པ་ག་ལ་བ་དེར་འགྲོའོ་སྙམ་མོ། །དེ་ནས་ལྷའི་བུ་དེ་འཁོར་དང་བཅས་ཏེ་མེ་ཏོག་དང ། དྲི་དང ། ཕྲེང་བ་དང ། བྱུག་པ་རྣམས་ཐོགས་ནས་ཁ་དོག་ཚད་མེད་པས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་མེ་ཏོག་དང ། 73b ཕྲེང་བ་དང ། བྱུག་པ་དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་མི་མཆོག་རྣམས་ནི་བསམ་མི་ཁྱབ། །བྱང་ཆུབ་རབ་མཆོག་གནས་རྣམས་བསམ་མི་ཁྱབ། །དེ་བཞིན་གཤེགས་པའི་ཆོས་རྣམས་བསམ་མི་ཁྱབ། །གྲགས་ཆེན་རྣམས་ཀྱི་སྤྱོད་པ་བསམ་མི་ཁྱབ། །བདག་ནི་མཉན་དུ་ཡོད་པར་བུ་མོར་གྱུར། །ཚོང་དཔོན་བུ་མོ་མིང་ནི་བསོད་ནམས་མཆོག་།བཟང་མོ་ན་ཚོད་དང་པོ་དང་ཡང་ལྡན། །ཕ་དང་མའང་བྱམས་ཤིང་ཡིད་དུ་མཆི། །གང་ཡང་སངས་རྒྱས་མ་སྨད་པ་ཡི་སྲས། །དགའ་བར་བྱེད་ཅེས་བགྱི་བ་མཐུ་པོ་ཆེ། །མཉན་དུ་ཡོད་པར་བསོད་སྙོམས་ཕྱིར་མཆིས་པ། །བདག་གི་ཕ་ཡི་ཁང་པར་ཕྱིན་པ་དང ། །ཡིད་དུ་མཆི་ཞིང་སྙན་པའི་སྒྲ་ཐོས་ཏེ། །བདག་ནི་རབ་ཏུ་དགའ་བས་བཤོས་ཐོགས་ནས། །དེ་བཞིན་གཤེགས་པའི་སྲས་པོ་དགའ་བྱེད་པ། །མཐུ་བོ་ཆེ་དེ་གང་ན་བར་མཆིས་ནས། །མཐོང་མ་ཐག་ཏུ་བདག་གིས་སེམས་སྐྱེས་པ། །ཚུལ་བཞིན་མ་ལགས་འདོད་ཆགས་ལྡན་པར་གྱུར། །གལ་ཏེ་བསམ་པ་བཞིན་དུ་མ་གྲུབ་ན། །བདག་ནི་མི་འཚོ་འཆི་བའི་དུས་བགྱི་སྙམ། །ཚིག་ཀྱང་སྨྲ་བ་ཉིད་དུ་མ་ནུས་ཏེ། །བསོད་སྙོམས་ 74a ༄#། །དེ་ཡང་དབུལ་བར་མ་ནུས་ནས། །ཚུལ་བཞིན་མ་ལགས་འདོད་ཆགས་ཀྱིས་གདུངས་ཏེ། །དེ་ཉིད་དག་ཏུ་བརྟུལ་ནས་གུམ་པར་གྱུར། །ལུས་ཀུན་རྡུལ་ཞིང་ཤི་བར་ཤེས་གྱུར་ནས། །བུ་མོའི་ཕ་དང་མ་ནི་ངུ་བར་བྱེད། །རོ་ལགས་པར་ནི་རབ་ཏུ་གནས་པར་སེམས། །གང་ཕྱིར་དགེ་སྦྱོང་ལ་ཡང་ཚིག་ཅིང་དུ། །བཅོམ་ལྡན་བདག་ནི་འཆི་འཕོར་གྱུར་མ་ཐག་།དེ་ཚེ་བདག་ནི་བུད་མེད་ལུས་བོར་ཏེ། །འོད་གསལ་སྐྱེས་པའི་ལུས་འདི་ཐོབ་པར་གྱུར། །གུམ་ནས་བདག་ཀྱང་མཐོ་རིས་འཇིག་རྟེན་སྐྱེས། །བདག་གིས་གཞལ་མེད་ཁང་འདི་མཆོག་གྲུབ་པ། །རིན་ཆེན་རྒྱུ་སྟེ་དེ་འདྲ་སུ་ལའང་མེད། །ལྷ་ཡི་བུ་མོ་སྟོང་ཕྲག་བཅུ་བཞི་འདི། །བདག་གིས་གཡོག་ཏུ་ཐོབ་བོ་བཅོམ་ལྡན་འདས། །དེ་ཚེ་བདག་ཀྱང་འདི་འདྲའི་སེམས་སྐྱེས་ཏེ། །འདི་འདྲ་རྣམ་སྨིན་བཟང་པོ་ལས་དག་གི་།དེ་ལྟར་བསམ་ནས་འདི་སྙམ་དུ་གྱུར་ཏེ། །འདི་ནི་འདོད་ཆགས་སེམས་ཀྱི་རྣམ་སྨིན་ཏོ། །དགའ་བྱེད་མགུ་བྱེད་མཁས་པ་འོད་བྱེད་ལ། །བདག་གིས་ཆགས་པའི་སེམས་ཀྱིས་བརྟགས་པ་དང ། །དེ་ཡི་ལས་ཀྱི་རྣམ་སྨིན་འདི་འདྲ་སྟེ། །དེ་ཚེ་བདག་ནི་འབར་བའི་མཐུ་ཅན་གྱུར། ། བདེ་བར་གཤེགས་པའི་ཡེ་ཤེས་གར་འཇུག་པ། །དེ་ནི་ཉན་ཐོས་དག་དང་རང་སངས་རྒྱས། །དེ་དག་སར་ནི་གཞར་ཡང་མི་འགྱུར་ཏེ། །འདོད་ཆགས་སེམས་ཀྱི་འབྲས་བུ་འདི་འདྲ་ 74b ན། །བདག་གི་བཀུར་སྟི་བགྱི་བ་ཅི་སྨོས་ཏེ། །བདག་གིས་རྒྱལ་བ་འདི་ཡི་སྤྱན་སྔར་ནི། །སངས་རྒྱས་ཡེ་ཤེས་བྱང་ཆུབ་མཆོག་ཐོབ་སྨོན། །བསྐལ་པ་གངྒཱའི་བྱེ་མ་སྙེད་དུ་སྤྱད། ། བདག་གི་ཡི་དམ་གཏང་བར་མི་བགྱི་སྟེ། །དགེ་བའི་བཤེས་གཉེན་དགའ་བར་བྱེད་པ་ལ། །མཆོད་པ་ཡངས་ཤིང་རྒྱ་ཆེན་དག་ཀྱང་བགྱི། །མངོན་པར་བྱང་ཆུབ་ཕྱིར་ཞུགས་མ་གཏོགས་པར། །གཞན་དུ་འདྲེན་པ་རྣམས་ལ་མཆོད་མི་འགྱུར། །བྱང་ཆུབ་སྤྱོད་པ་དམ་པ་ཀུན་སྤྱོད་ཅིང ། །འདོད་ཆགས་སེམས་ཀྱིས་བདག་ལ་གང་ལྟ་བ། །དེ་དག་བུད་མེད་ལུས་ནི་སྤངས་གྱུར་ནས། །ཐམས་ཅད་མི་འཇིགས་སྐྱེས་བུར་འགྱུར་བར་ཤོག་།སངས་རྒྱས་མཐུས་ནི་ལྷ་ཡི་བུ་ཕོ་དེ། །ཕ་མའི་དྲུང་དུ་སོང་སྟེ་ཚིག་སྨྲས་པ། །དགེ་སྦྱོང་ལ་ནི་ཞེ་སྡང་ཁྲོ་མ་བྱེད། །ཡུན་རིང་དུས་སུ་སྡུག་བསྔལ་གྱུར་ཏ་རེ། །གང་ཡང་བསོད་ནམས་ལྡན་མཆོག་ཤི་བ་དེ། །སུམ་ཅུ་རྩ་གསུམ་པ་དང་སྐལ་པ་མཉམ། །འདིར་ནི་བུད་མེད་ལུས་ཀྱང་བརྗེས་གྱུར་ནས། །འོད་གསལ་ལྷ་ཡི་བུ་ཕོ་མཛེས་པར་གྱུར། །བདེ་བར་གཤེགས་པ་དེ་ཡི་གན་སོང་སྟེ། །ཁྲོ་སེམས་ཉེས་པ་དེ་ནི་བཤགས་པར་གྱིས། །སངས་རྒྱས་དེ་བཞིན་གཤེགས་པ་མ་གཏོགས་པར། །སེམས་ཅན་དག་གི་མགོན་སྐྱབས་གཞན་མེད་དོ། །འཇིགས་པ་མེད་པ་དེས་ནི་བསྐུལ་བ་དང ། །ཕ་དང་མས་ 75a ༄#། །ཀྱང་སངས་རྒྱས་སྒྲ་ཐོས་ནས། །ཐམས་ཅད་ཚོགས་ཏེ་ལྷན་ཅིག་འགྲོགས་གྱུར་ནས། །ཤཱཀྱ་ཐུབ་པའི་དྲུང་དུ་སོང་བར་གྱུར། །སྐྱེས་བུ་དམ་པའི་ཞབས་ལ་ཕྱག་འཚལ་ཏེ། །ཁྲོ་སེམས་ཉེས་པ་དག་ཀྱང་བཤགས་བྱས་ནས། །དེ་བཞིན་གཤེགས་པ་ལ་ཡང་སྐྱབས་སོང་སྟེ། །བདེ་གཤེགས་རང་བྱུང་ལ་ཡང་ཞུ་བ་ཞུས། །ཇི་ཙམ་གྱིས་ན་འདྲེན་ལ་མཆོད་པར་འགྱུར། །ཆོས་དང་དགེ་འདུན་ལ་ཡང་ཇི་ལྟར་མཆོད། །ཞུས་པ་དེ་ཡང་སོ་སོར་ལུང་བསྟན་གསོལ། །ཐོས་ནས་དེ་བཞིན་ལགས་ཀྱིས་མཆི་བར་བགྱི། །རྒྱལ་བས་དེ་དག་གི་ནི་སེམས་མཁྱེན་ནས། །འཇིག་རྟེན་མགོན་གྱིས་ཡང་དག་ཚིག་གསུངས་པ། །གང་ཞིག་སངས་རྒྱས་ཀུན་ལ་མཆོད་འདོད་པ། །བྱང་ཆུབ་ཕྱིར་ནི་བརྟན་པའི་སེམས་སྐྱེད་ཅིག་།བུ་མོའི་ཕ་དང་མ་དང་གཉེན་རྣམས་དང ། །ལྔ་བརྒྱ་མི་ཉུང་ཚང་པ་དེ་དག་ཀྱང ། །སྐྱེས་བུ་ཁྱུ་མཆོག་གི་ནི་ཚིག་ཐོས་ནས། །དེའི་ཚེ་བྱང་ཆུབ་ཕྱིར་ནི་སེམས་བསྐྱེད་དོ། །དེའི་ཚེ་དགའ་བོ་དག་ལ་བཀའ་སྩལ་པ། །ཇི་སྐད་སྨྲས་པ་བཞིན་དུ་དགའ་བོ་ཉོན། །བྱང་ཆུབ་སེམས་དཔའ་བསམ་སྤྱོད་བསམ་མི་ཁྱབ། ། ཐབས་མཁས་པ་ཡི་ཤེས་རབ་དེ་བཞིན་ནོ། །དགའ་བྱེད་སྨོན་ལམ་ཕྱི་ཕྱིར་འདེབས་པ་ནི། །བུད་མེད་གང་དག་ཆགས་སེམས་ཀྱིས་བལྟ་བ། །དེ་ནི་བུད་མེད་ལུས་ཀྱང་ཡོངས་ 75b སྤངས་ཏེ། །སྐྱེས་བུ་ཡངས་པའི་སེམས་ཅན་འགྱུར་བར་ཤོག་།དགའ་པོ་འདི་ཡི་ཡོན་ཏན་ཅི་འདྲ་ལྟོས། །གང་གིས་སེམས་ཅན་གཞན་དག་དམྱལ་འགྲོ་བ། །དེ་ཉིད་དཔའ་བོ་དག་ལ་ཆགས་བསྐྱེད་ནམ། །མཐོ་རིས་སུ་ནི་སྐྱེས་བུར་འགྱུར་བར་ཤོག་།ལྷའི་བུ་དེ་ཡིས་ང་ལ་བཀུར་སྟི་བྱས། །གུས་དང་བཅས་པས་བྱང་ཆུབ་མཆོག་གནས་ཏེ། །བསྐལ་པ་མང་པོར་སངས་རྒྱས་མཆོད་བྱས་ནས། །ཤིན་ཏུ་གཟིགས་ཞེས་བྱ་བའི་རྒྱལ་བར་འགྱུར། །ལྔ་བརྒྱ་གང་དག་བྱང་ཆུབ་ལ་གནས་པ། །དེ་དག་རྣམས་ཀྱང་མི་ཡི་མཆོག་ཏུ་འགྱུར། །དེ་ལ་དད་ཕྱིར་བདེ་བ་བསམ་ཡས་ན། །མགོན་པོ་ལ་ནི་བཀུར་སྟི་སུ་མི་བྱེད། །གང་དག་དགའ་བར་བྱེད་ལ་ཆགས་སེམས་པ། །བུད་མེད་ལུས་སྤངས་སྐྱེས་པར་གྱུར་པ་ནི། །གཅིག་དང་གཉིས་དང་གསུམ་ནི་མ་ཡིན་གྱི། །བྱེ་བ་ཁྲག་ཁྲིག་སྟོང་ཕྲག་མང་པོ་སྟེ། །རྩི་ཡི་རྒྱལ་པོ་གྲགས་པ་ཆེན་པོ་ཡི། །བྱང་ཆུབ་དེ་ལ་ཞེ་སྡང་སུ་ཞིག་སྐྱེད། །ཉོན་མོངས་ལས་ཀྱང་བདེ་བ་སྦྱིན་བྱེད་ན། །དེ་ལ་བཀུར་སྟི་བྱེད་པ་སྨོས་ཅི་དགོས། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། རིའི་རྒྱལ་པོ་རི་རབ་ལྷུན་པོའི་དྲུང་དུ་གང་སེམས་དད་ཀྱང་རུང ། སེམས་ཞེ་སྡང་ཡང་རུང ། །སེམས་ཆགས་པའང་རུང ། ཆོས་ལ་བར་ཆད་བགྱིད་པའི་སེམས་ཀྱང་རུང་སྟེ་མཆི་ 76a ༄#། །ན།་དེ་ཐམས་ཅད་ཁ་དོག་གཅིག་ཏུ་འགྱུར་བ་ནི། འདི་ལྟ་སྟེ། གསེར་གྱི་ཁ་དོག་གོ་།བཅོམ་ལྡན་འདས། དེ་བཞིན་དུ་གང་སུའང་རུང ། བྱང་ཆུབ་སེམས་དཔའི་དྲུང་དུ་སེམས་དད་དམ། སེམས་ཞེ་སྡང་ངམ། སེམས་ཆགས་པའམ། ཆོས་ལ་བར་ཆད་བགྱིད་པའི་སེམས་ཀྱང་རུང་སྟེ་མཆི་ན། དེ་དག་ཐམས་ཅད་ཁ་དོག་གཅིག་ཏུ་འགྱུར་བ་ནི།་འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱི་ཁ་དོག་གོ་།བཅོམ་ལྡན་འདས། བདག་ནི། དེ་རིང་ཕན་ཆད་བྱང་ཆུབ་སེམས་དཔའ་རྣམས་ལ་རི་རབ་ལྷུན་པོ་འདྲ་བར་འཛིན་ཏོ། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། སྨན་གྱི་རྣམ་པ་བལྟ་ན་བཟང་བ་ལ་སེམས་ཅན་སུའང་རུང་སྟེ། ནང་རྣམ་པ་སྣ་ཚོགས་ཀྱི་ཉོན་མོངས་པ་རྣམས་ཀྱིས་བལྟས་ན། ནད་དེ་དག་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །བཅོམ་ལྡན་འདས། དེ་བཞིན་དུ་གང་སུའང་རུང་སྟེ། སེམས་དད་པའམ། སེམས་ཞེ་སྡང་པའམ། སེམས་ཆགས་པས་བྱང་ཆུབ་སེམས་དཔའ་ལ་བལྟས་ན། དེ་དག་ཐམས་ཅད་ཀྱི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་ནད་རྣམས་རབ་ཏུ་ཞི་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་ལེགས་སོ། །ཞེས་བྱ་བ་བྱིན་ནས་དགའ་བོ། དེ་དེ་བཞིན་ནོ། །དགའ་བོ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །ཞེས་གསུངས་ 76b སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ངོ་མཚར་ཏོ། །བདེ་བར་གཤེགས་པ་རབ་ཏུ་ངོ་མཚར་ཏོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། ཞི་བའི་ཏིང་ངེ་འཛིན་ལ་གནས་ཀྱང་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་སླད་དུ་སླར་ཡང་འདོད་པའི་ཁམས་སུའང་གདའོ། །སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་ལ་གནས་ཤིང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་རྣམས་ལའང་མ་རེག་ལ་ཐམས་ཅད་མཁྱེན་པའི་སེམས་ལའང་འབབ་པར་བགྱིད་དོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བསམ་གྱིས་མི་ཁྱབ་པའི་ཐབས་མཁས་པ་ལ་གནས་ལ་དེ་ནི། འདི་ལྟ་སྟེ། ཆགས་པར་འགྱུར་བའི་གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་ཐམས་ཅད་ལ་སྤྱོད་ཀྱང་དེ་དག་ལ་ཆགས་པར་མི་བགྱིད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལས་བརྩམས་ཏེ་དཔེ་ཆུང་ཟད་ཅིག་གསོལ་བར་བཅོམ་ལྡན་འདས། བདག་སྤྲོ་བས་སོ། །བདེ་བར་གཤེགས་པ། བདག་སྤོབས་སོ། །བཀའ་སྩལ་པ།་འོད་སྲུང ། ཁྱོད་སྤོངས་བར་གྱིས་ཤིག་།བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། འབྲོག་དགོན་པ་ཞིག་མཆིས་ལ། འབྲོག་དགོན་པ་དེ་ན་རྩིག་པ་འཁོར་བའི་ 77a ༄#། །རྩེ་མོའི་བར་དུ་ཕྱིན་པ་ཞིག་ཀྱང་མཆིས་པར་གྱུར། དགོན་པ་དེ་ན་ཆབ་སྒོའང་གཅིག་བུ་ཞིག་མཆིས་པར་གྱུར། འབྲོག་དགོན་པ་དེ་ན་སྲོག་ཆགས་བརྒྱ་སྟོང་དུ་མའང་མཆིས་པར་གྱུར། འབྲོག་དགོན་པ་དེ་ནས་ཤིན་ཏུ་རྒྱང་མི་རིང་བ་ཞིག་ན་གྲོང་ཁྱེར་ཞིག་ཀྱང་མཆིས་ལ་འབྱོར་བ་དང ། བདེ་བ་དང་ལོ་ལེགས་པ་དང་མིའི་སྐྱེ་བོས་གང་བར་གྱུར། གང་དག་གྲོང་ཁྱེར་དེར་མཆིས་པ་དེ་དག་ཀྱང་རྒ་བ་དང་འཆི་བར་མི་འགྱུར་ལ། གྲོང་ཁྱེར་ཆེན་པོ་དེའི་ཤུལ་ནི། མཐོ་གང་ཙམ་དུ་གྱུར་ལ། དེ་ན་གཡས་གཡོན་དུ་གཡངས་ཁྲུ་འབུམ་མཆིས་པར་གྱུར་ཅིང ། འབྲོག་དགོན་པ་དེའི་དབུས་ན་སེམས་ཅན་མཁས་པ། ཞི་བ་པ། ཡིད་གཞུངས་པ། དོན་འཚལ་བ། ཕན་པར་འཚལ་བ། འབྱོར་པ་དང་བདེ་བར་འཚལ་བ་གཅིག་གི་\?\་སྐྱེས་ལ་དེས་འབྲོག་དགོན་འདེར་སེམས་ཅན་དེ་དག་ལ་འབྲོག་དགོན་པ་འདི་ནས་ཤིན་ཏུ་རྒྱང་མི་རིང་བཞིག་ན་གྲོང་ཁྱེར་ཞིག་ཡོད་དེ། དེར་སུ་འགྲོ་བ་དེ་ནི། རྒ་བ་དང་འཆི་བར་མིར་གྱུར་གྱི། ཀྱེ་སེམས་ཅན་དག་།ཚུར་ཤོག ། གྲོང་ཁྱེར་ཆེན་པོ་དར་འདོད་ངོ ། ། བས་ནི།་ཁྱེད་ཡོངས་སུ་དྲང་ངོ ། །ཞེས་དེ་སྐད་སྒྲ་བསྒྲགས། དབྱངས་ཀྱིས་བསྙད་པ་དང ། དེ་ན་གང་དམན་པ་ལ་མོས་ཤིང་འབྱུང་བའི་བསམ་པ་མཆིས་པ་དེ་དག་ནི། 77b བདག་ཅག་བསྟན་པ་དེ་དང ། ཡུལ་དེར་མཆིའང་འཚལ་ན། འདི་ནས་ཀྱང་མི་འཕགས་ལ་གང་གྲོང་ཁྱེར་དེ་ན་ཡོན་ཏན་མཆིས་པ་དེ་དག་ཀྱང་འདི་ན་མཆིས་བཞིན་དུ་འབྱུང་བར་གྱུར་ཅིག་ཅེས་མཆིའོ། །གང་ཆེན་པོ་ལ་མོས་པ་དེ་དག་ནི། བདག་ཀྱང་མཆི་སྟེ། ཁྱོད་ཇི་ལྟ་བ་བདག་ཅག་ཀྱང་དེ་འདྲའོ། །ཞེས་དེ་སྐད་མཆིའོ། །གང་བསོད་ནམས་ཆུང་བ་དེ་དག་ནི།་སྒྲ་དེ་ཐོས་པ་དང ། ཐོས་ནས་ཡིད་ཆེས་པར་མི་བགྱིད་དོ། །དེ་ནས་སྐྱེས་བུ་མཁས་པ་དེ་འབྲོག་དགོན་པ་དེ་ནས་བྱུང་ནས་ལམ་དེ་མཐོང་ངོ ། །དེས་ཤུལ་མཐོ་གང་ཙམ་པོ་དེ་མཐོང་ནས་སོང་བ་ཕ་དང་ལམ་གྱི་གཡས་ཕྱོགས་ནའང་གཡངས་ཁྲུ་འབུམ་དང ། གཡོན་ཕྱོགས་ནའང་གཡང་ས་ཁྲུ་འབུམ་མཆིས་ནས་དེའི་ལམ་གཡས་གཡོན་དུ་དེས་རྩིག་པའི་རྟེན་བཅས་ཏེ་གྲ་བཞིས་ཤུལ་དེ་རྒལ་བར་བགྱིད་ཅིང་གཡས་སུའང་མི་ལྟ། གཡོན་དུའང་མི་ལྟ། དེའི་རྒྱབ་ནས་དགྲ་རྣམས་སྒྲ་སྒྲོག་ཅིང་འཇིགས་པར་སྟོན་ཀྱང་དེ་ཁ་ཕྱིར་ཡང་མི་ལྟ་སྟེ།་ལམ་དུ་ཞུགས་པ་དང ། ཇི་ལྟ་ཇི་ལྟར་མཆི་བ་དེ་ལྟ་དེ་ལྟར་གྲོང་ཁྱེར་ཆེན་པོ་མཐོང་ངོ ། །དེ་ལྟ་དེ་ལྟར་དེའི་འཇིགས་པ་ཐམས་ཅད་ཀྱང་མ་མཆིས་སོ། །གྲོང་ཁྱེར་ཆེན་པོ་དེར་ཕྱིན་ནས་སེམས་ཅན་དཔག་ཏུ་མ་མཆིས་པ་རྣམས་ཀྱི་དོན་ཡང་བགྱིད་དོ། །བཅོམ་ལྡན་འདས། འབྲོག་དགོན་པ་ཞེས་བགྱི་བ་ནི། དེ་ལྟར་འཁོར་བའི་འབྲོག་ 78a ༄#། །དགོན་པར་བལྟ་བར་བགྱིའོ། །རྩིག་པ་འཁོར་བའི་རྩེ་མོའི་བར་དུ་ཕྱིན་པ་ཞེས་བགྱི་བ་ནི། དེ་ལྟར་མ་རིག་པ་དང ། སྲེད་པ་དང ། སྲིད་པར་བལྟ་བར་བགྱིའོ། །སྲོག་ཆགས་བརྒྱ་སྟོང་མང་པོ་འབྲོག་དགོན་པོ་དེ་ན་མཆིས་ཞེས་བགྱི་བ་ནི། དེ་ལྟར་བྱིས་པ་ལྟ་བུ་སོ་སོའི་སྐྱེ་བོ་ཐམས་ཅད་དུ་བལྟ་བར་བགྱིའོ། །ཆབ་སྒོ་གཅིག་ཅས་བགྱི་བ་ནི། དེ་ལྟར་ཐེག་པ་གཅིག་གི་ལམ་དུ་བལྟ་བར་བགྱིའོ། །སྐྱེས་བུ་མཁས་པ་ཞེས་བགྱི་བ་ནི། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་བལྟ་བར་བགྱིའོ། །སེམས་ཅན་དམན་པ་ལ་དད་པ་འབྱུང་བའི་བསམ་པ་མཆིས་པ་གནས་དེ་ནས་ཀྱང་མི་འཕགས་ལ། གྲོང་ཁྱེར་གྱི་ཡོན་ཏན་ཀྱང་འཚལ་ཞེས་བགྱི་བ་ནི། ཉན་ཐོས་དང ། རང་སངས་རྒྱས་སུ་བལྟ་བར་བགྱིའོ། །གཞན་དག་བདག་ཅག་ཀྱང་མཆི་སྟེ། ཁྱོད་ཅི་འདྲ་བ་བདག་ཅག་ཀྱང་དེ་དང་འདྲའོ། །ཞེས་མཆི་བ་ནི། དེ་ལྟར་བྱང་ཆུབ་སེམས་དཔའ་དག་ཏུ་བལྟ་བར་བགྱིའོ། །སྒྲ་ཐོས་ཀྱང་ཡིད་ཆེས་པར་མ་གྱུར་ཅེས་བགྱི་བ་ནི། དེ་ལྟར་མུ་སྟེགས་ཅན་གཞན་དག་ཏུ་བལྟ་བར་བགྱིའོ། ། འབྲོག་དགོན་པོ་ནས་འབྱུང་བ་ཞེས་བགྱི་བ་ནི། དེ་ལྟར་ཐམས་ཅད་མཁྱེན་པར་བསྔོས་པའི་བརྩོན་འགྲུས་སུ་བལྟ་བར་བགྱིའོ། །ཤུལ་མཐོ་གང་ཙམ་ཞེས་བགྱི་ 78b བ་ནི།་དེ་ལྟར་ཆོས་ཀྱི་དབྱིངས་སུ་བལྟ་བར་བགྱིའོ། །གཡས་ཕྱོགས་ན་གཡང་ས་ཁྲུ་འབུམ་མཆིས་ཞེས་བགྱི་བ་ནི། དེ་ལྟར་ཉན་ཐོས་ཀྱི་སར་བལྟ་བར་བགྱིའོ། །གཡོན་ཕྱོགས་ན་གཡང་ས་ཁྲུ་འབུམ་མཆིས་ཞེས་བགྱི་བ་ནི། དེ་ལྟར་རང་སངས་རྒྱས་ཀྱི་སར་བལྟ་བར་བགྱིའོ། །གཡས་གཡོན་གྱི་ཕྱོགས་སུ་རྩིག་པའི་རྟེན་བཅས་ཞེས་བགྱི་བ་ནི། དེ་ལྟར་ཐབས་ཁས་པ་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་བརྩོན་འགྲུས་སུ་བལྟ་བར་བགྱིའོ། །གྲ་བཞིས་མཆི་བར་བགྱིད་ཅེས་བགྱི་བ་ནི། བསྡུ་བའི་དངོས་པོ་བཞི་སེམས་ཅན་གྲངས་མ་མཆིས་དཔག་ཏུ་མ་མཆིས་རྣམས་སྡུད་པ་ལ་བགྱིའོ། །རྒྱབ་ལོགས་ནས་དགྲའི་མི་དག་འཇིགས་པ་སྟོན་ཅེས་བགྱི་བ་ནི། དེ་ལྟར་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་སུ་བལྟ་བར་བགྱིའོ། །དེ་བཞིན་དུ་གང་སེམས་ཅན་མ་རུངས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་དབྱ་བར་བགྱི། བསྟིང་བར་བགྱིད། སྨོད་པར་བགྱིད་པ་གཞན་དག་པའང་བལྟ་བར་བགྱིའོ། །ཁ་ཕྱིར་མི་ལྟ་ཞེས་བྱ་བ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང ། བསམ་པ་ལྷག་པའི་ཚིག་བླ་དྭགས་ལགས་སོ། །གཡས་གཡོན་དུ་མི་ལྟ་ཞེས་བགྱི་བ་ནི། ཉན་ཐོས་དང ། རང་སངས་རྒྱས་ཀྱི་ས་ལ་མི་འཚལ་བས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚིག་བླ་དྭགས་ལགས་སོ། །ཇི་ལྟ་ཇི་ལྟར་གྲོང་ཁྱེར་མཐོང་ 79a ༄#། །བ་དེ་ལྟ་དེ་ལྟར་འཇིགས་པ་མ་མཆིས་པར་འགྱུར་ཞེས་བགྱི་བ་ནི། དེ་ལྟར་ཇི་ལྟ་ཇི་ལྟར་སངས་རྒྱས་ཀྱི་ཡོན་ཏན་མཐོང་ཞིང་སངས་རྒྱས་ཀྱི་སྤྱོད་པ་དང་ཡེ་ཤེས་ལ་རྟོག་པ་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། ཐབས་མཁས་པ་ལ་བསླབས་པ་དེ་ལྟ་དེ་ལྟར་སེམས་ཅན་རྣམས་ལ་མི་འཇིགས་ཤིང་ཐེ་ཚོམ་མ་ཆིས་པ་ལ་བགྱིའོ། །གྲོང་ཁྱེར་དུ་ཕྱིན་ནས་སེམས་ཅན་དཔག་ཏུ་མ་མཆིས་པའི་དོན་གྱིད་ཅེས་བགྱི་བ་ནི། དེ་བཞིན་གཤེགས་པའི་ཚིག་བླ་དྭགས་ལགས་སོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ནི། ཡེ་ཤེས་དང་ལྡན་པ་ལགས་ཏེ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕྱགས་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། འོད་སྲུང ། ལེགས་སོ་ལེགས་སོ། །འོད་སྲུང ། ཁྱོད་ཀྱིས་འདིར་དཔེ་བཤད་པས་ལྷ་དང་མིའི་སྐྱེ་རྒུ་སྲོག་ཆགས་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །འོད་སྲུང ། བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ལ་གནས་པ་ནི། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ཏེ། འོད་སྲུང ། བྱང་ཆུབ་སེམས་དཔའ་ནི། གང་བདག་གནོད་པར་འགྱུར་བ་དང ། གཞན་ལ་གནོད་པར་ 79b འགྱུར་བའི་ལས་དེ་ལྟ་བུ་མི་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས།་འོན་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པས་དེ་བཞིན་གཤེགས་པ་འོད་སྲུང་གི་གསུང་རབ་ལས་མགོ་རེག་འདི་མཐོང་བས་ཆོག་གོ་།དགེ་སྦྱོང་མགོ་རེག་འདི་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི། ཤིན་ཏུ་དཀོན་པའོ། །ཞེས་ཚིག་སྨྲས་པར་འགྱུར། བཅོམ་ལྡན་འདས། དེ་སྐད་ཅེས་སྨྲས་པའི་དོན་གང་ལགས། དེ་སྐད་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། ཆོག་གོ་།དེ་བཞིན་གཤེགས་པ་དང ། བྱང་ཆུབ་སེམས་དཔའ་ལ་དྲོད་མ་འཛིན་ཅིག་།དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི། ཐབས་མཁས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ཏེ། སྐྱེས་བུ་དམ་པ་དེ་དག་ནི། ཇི་ལྟར་ཅི་ནུས་ཀྱང་སེམས་ཅན་འདུལ་བར་འགྱུར་བ་དེ་ལྟ་དེ་ལྟར་གནས་པ་ཡིན་ནོ། །རིགས་ཀྱི་བུ། ལེགས་པར་ཤིན་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང ། ཐབས་མཁས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཁྱོད་ལ་བཤད་དོ། །ཇི་ལྟར་བྱང་ཆུབ་སེམས་དཔས་མར་མེ་མཛད་ཚུན་ཆད་བསམ་གྱིས་མི་ཁྱབ་པའི་ཐབས་བལྟན། 80a ༄#། །དེ་ལས་ཅུང་ཟད་ཙམ་ཞིག་བསྟན་ཏོ། །རིགས་ཀྱི་བུ། གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་མར་མེ་མཛད་མཐོང་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཚུན་ཆད་བྱང་ཆུབ་སེམས་དཔའ་འཁྲུལ་པ་མེད། ཅ་ཅོ་མེད། དྲན་པ་ཉམས་པ་མེད་དེ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ་ནི། འདོད་ན་ནུབ་བདུན་གྱིས་བྱང་ཆུབ་ཐོབ་པར་འགྱུར་རོ། །འདོད་ན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསྐལ་པ་བརྒྱས་བྱང་ཆུབ་ཐོབ་པར་འགྱུར་རོ། །གལ་ཏེ་སླར་ཡང་སྲིད་པར་འོངས་ན་ཤེས་རབ་ཀྱི་སྟོབས་ཀྱིས་མཐུ་བསྐྱེད་པས་གང་གི་ཚེ་འདོད་པ་དེའི་ཚེ་འཚང་རྒྱའོ། །འདོད་ན་ཕྱི་མའི་མཐར་ཐུག་པར་གནས་ཀྱང་སྐྱོ་བར་མི་འགྱུར་ཏེ། དེ་ནི། བྱང་ཆུབ་སེམས་དཔའི་ཐབས་མཁས་པར་ཤེས་པར་བྱའོ། །རིགས་ཀྱི་བུ། གཞན་ཡང་ཉན་ཐོས་ནི། ཇི་ལྟར་བྱང་ཆུབ་སེམས་དཔའ་ཞི་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་བཞིན་དུ་ཏིང་ངེ་འཛིན་ཞི་བ་ཡིན་ཏེ། དེའི་ལུས་ཀྱང་མི་གཡོ། །དེའི་སེམས་ཀྱང་མི་གཡོ་ཞིང་བདག་ཡོངས་སུ་མྱ་ངན་ལས་འདས་པར་འཛིན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཞི་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་བསྡུ་བའི་དངོས་པོ་བཞིའི་བརྩོན་འགྲུས་ཀྱང་མི་ 80b གཏོང ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་བརྩོན་འགྲུས་ཀྱང་མི་གཏོང་སྟེ། དེའང་བྱང་ཆུབ་སེམས་དཔའི་ཐབས་མཁས་པའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ནི། འདོད་ན་དགའ་ལྡན་གྱི་ཁང་པ་ན་འདུག་བཞིན་དུ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་ཆོས་ཀྱི་འཁོར་ལོ་ཡང་བསྐོར་བར་འགྱུར་ན། གང་ཛམྦུའི་གླིང་གི་ཡི་དེ་དག་ཆོས་ཉན་པའི་ཕྱིར་ལྷའི་ཁང་པར་འགྲོ་མི་ནུས་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ལྷ་དག་ནི། ཆོས་ཉན་པའི་ཕྱིར་ཛམྦུའི་གླིང་དུ་འབབ་ནུས་ཀྱི། ཛམྦུའི་གླིང་གི་མི་རྣམས་ནི། ཆོས་ཉན་པའི་ཕྱིར་ལྷའི་ཁང་པར་འགྲོ་མི་ནུས་སོ་སྙམ་ནས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཛམྦུའི་གླིང་དུ་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེའང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་བལྟའོ། །བྱང་ཆུབ་སེམས་དཔའ་ནི། འདོད་ན་དགའ་ལྡན་གྱི་གནས་ནས་ཤི་འཕོས་ཏེ། མའི་མངལ་གྱི་ཁྱིམ་དུ་མ་ཞུགས་པར་དེའི་མོད་ཉིད་ལ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ན། དེ་ལ་སེམས་ཅན་ཁ་ཅིག་ཐེ་ཚོམ་མ་སྐྱེ་བར་འགྱུར་ཏེ། འདི་ལྷའམ། དྲི་ཟའམ། སྤྲུལ་པ་ཞིག་གམ། འདི་ག་ལས་འྔེས་པ་ཞིག་ཅེས་དེ་དག་ཐེ་ཚོམ་དུ་གྱུར་ནས་ཆོས་ཉན་པར་མི་འགྱུར་བས་རྒྱུ་དེ་དང ། རྐྱེན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་མངལ་དུ་གནས་པར་སྟོན་ཏེ། དེའང་བྱང་ཆུབ་སེམས་ 81a ༄#། །དཔའི་ཐབས་མཁས་པར་ཤེས་པར་བྱའོ། །རིགས་ཀྱི་བུ། ཡང་བྱང་ཆུབ་སེམས་དཔའ་ནི། མངལ་གྱི་མལ་དུ་ཞུགས་སོ་སྙམ་དུ་ཁྱོད་དེ་ལྟར་མ་ལྟ་ཞིག་།བྱང་ཆུབ་སེམས་དཔའ་ནི། མངལ་གྱི་མལ་དུ་ཞུགས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དྲི་མ་མེད་པ་ཞེས་བྱ་བ་དེ་ལ་སྙོམས་པར་ཞུགས་ནས་མ་སོང་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ། དགའ་ལྡན་གྱི་གནས་ཀྱི་ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཤིང་འཕོས་སོ་སྙམ་དུ་འཛིན་ཅིང་དེ་ན་དེ་མི་མཐོང་མེད་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་ལྡན་གྱི་གནས་ནས་ཀྱང་མི་གཡོ་ལ་སྤྲུལ་པས་བྱ་བ་ཐམས་ཅད་དང ། མངལ་དུ་འཇུག་པ་དང ། སྐྱེ་བ་དང ། མངོན་པར་འབྱུང་བ་དང ། དཀའ་བར་སྤྱོད་པ་ཐམས་ཅད་སྟོན་ཏེ། དེ་ཐམས་ཅད་ནི། བྱང་ཆུབ་སེམས་དཔའི་སྤྲུལ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི། གཙང་མར་སྤྱོད་པས་སླར་ཡང་མངལ་གྱི་མལ་དུ་མི་འཇུག་སྟེ། དེའང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་བན་གླང་གི་བུ་དཀར་བོར་བསྒྱུར་ཏེ་མའི་མངལ་དུ་འཇུག་པར་སྟོན་ཅེ་ན། དཀར་པོའི་ཕྱོགས་ཡིན་པའི་ཐ་ཚིག་སྟེ། བྱང་ཆུབ་སེམས་དཔའ་སེམས་ 81b ཅན་ཐམས་ཅད་དང་ཁྱད་ཞུགས་པས་དེའི་ཕྱིར་ཅི་ནས་ཀྱང་ལྷ་དང་ཡང་མི་འདྲ། མི་དང་ཡང་མི་འདྲ་བར་དེ་ལྟར་འཇུག་པ་བསྟན་པར་བྱ་དགོས་ཏེ། དེའང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་མའི་མངལ་ན་ཟླ་བ་དགུར་མི་གནས་པར་ཟླ་བ་བཅུར་གནས་ཤེ་ན། སེམས་ཅན་ཁ་ཅིག་ཀྱེ་མའི་འདི་ནི། མངལ་ན་གནས་པའི་དུས་མ་ཚང་བས་དབང་པོ་ཉམས་པ་ཞིག་བྱུང་ངོ ། །ཞེས་དེ་ལྟར་སེམས་པའི་ཕྱིར་མངལ་ན་དབང་པོ་ཡོངས་སུ་རྫོགས་པར་སྟོན་པས་ཟླ་བ་བཅུར་གནས་ཀྱི་དགུར་མ་ཡིན་ཏེ། དེའང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་གྲོང་དང་གྲོང་ཁྱེར་དུ་མ་སྐྱེས་ཀྱི་དགོན་པར་སྐྱེས་ཤེ་ན། བྱང་ཆུབ་སེམས་དཔའ་ནི། ཡུན་རིང་པོ་ནས་དགོན་པ་ཤིན་ཏུ་དགོན་པའི་བསྔགས་བརྗོད་པར་བྱེད་ལ་དབེན་པ་ན་གནས་ཤིང་གཙང་མར་སྤྱོད་པ་དང ། ཁྱིམ་གྱི་ནང་དུ་སོང་བར་གྱུར་ན། ལྷ་དང ། ཀླུ་དང ། གནོད་སྦྱིན་རྣམས་ཀྱིས་ལྷའི་དྲི་དང ། ཕྱེ་མ་དང ། མེ་ཏོག་དག་གིས་རྒྱུན་མ་ཆད་པར་མཆོད་པ་བྱེད་མི་ནུས་པ་དང ། གྲོང་ཁྱེར་སེར་སྐྱའི་སེམས་ཅན་དག་རབ་ཏུ་དགའ་བར་གྱུར་པས་རྒྱུ་དང་རྐྱེན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་དགོན་པར་སྐྱེས་སོ། །ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་མའི་དཀུ་བརྟོལ་ 82a ༄#། །ཏེ་མངལ་གྱི་མལ་དུ་ཞུགས་ཤེ་ན། སེམས་ཅན་གང་དག་བྱང་ཆུབ་སེམས་དཔའ་ནི། ཕ་མའི་མེར་མེར་པོ་ལས་གྱུར་པ་ཡིན་གྱི། རྫུས་ཏེ་སྐྱེས་པ་མ་ཡིན་ནོ་སྙམ་དུ་སེམས་པའི་སེམས་ཅན་དེ་དག་གི་ཐེ་ཚོམ་གཅད་པའི་ཕྱིར་བྱང་ཆུབ་སེམས་དཔའ་མའི་དཀུ་བརྟོལ་ཏེ་ཞུགས་སོ། །ཞུགས་ནས་རྨ་དང་བུ་གར་མ་གྱུར་ལ་ཡུམ་སྒྱུ་མའང་དེའི་ཚེ་བདེ་བ་མྱོང་བ་ལྟ་བུ་སྔོན་མ་མྱོང་ངོ ། །ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་མ་ཤིང་བླག་ཤའི་ཡལ་ག་ལ་འཇུས་ཏེ་ཤ་འཆུས་སུ་བྱས་ནས་བྱང་ཆུབ་སེམས་དཔའ་སྐྱེས་ཤེ་ན། སེམས་ཅན་གང་དག་ལྷ་མོ་སྒྱུ་མ་ནི། བུད་མེད་གཞན་བཞིན་དུ་སྡུག་བསྔལ་བའི་ཚོར་བས་བྱང་ཆུབ་སེམས་དཔའི་སྐྱེད་དོ་སྙམ་དུ་དེ་ལྟར་སེམས་པའི་སེམས་ཅན་དེ་དག་ལ་བདེ་བར་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའི་མས་ཤིང་བླག་ཤའི་ཡལ་ག་ལ་འཇུས་ནས་ཤ་འཆུས་སུ་བྱས་ཏེ་བྱང་ཆུབ་སེམས་དཔའ་བསྐྱེད་དོ། །ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སྐྱེ་གནས་དང་ལུས་ཀྱི་ཕྱོགས་གཞན་ནས་མི་འབྱུང་བར་མའི་མངལ་བརྟོལ་ཏེ་དྲན་བཞིན་དུ་ཤེས་བཞིན་དུ་མངལ་གྱི་ལམ་ནས་བྱུང་ཞེ་ན། བྱང་ཆུབ་སེམས་དཔའ་ནི། གཙང་མར་སྤྱོད་ལ་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་མཆོག་ཡིན་པས། དེ་སྐྱེ་གནས་ 82b ལའང་མི་གནས་ཤིང་སྐྱེ་བ་བསྟན་དགོས་ལ་སེམས་ཅན་ཐ་མ་གཞན་དག་དང་ཡང་མི་འདྲ་སྟེ། དེ་བས་ན། བྱང་ཆུབ་སེམས་དཔའ་མའི་དཀུ་བརྟོལ་ནས་མངལ་གྱི་མལ་ནས་བྱུང་ཞིང་སྐྱེས་མ་ཐག་ཏུ་དེའི་ཚེ་ན་གློ་ལ་རྨའང་མེད་དོ། །ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སྐྱེས་མ་ཐག་ཏུ་བརྒྱ་བྱིན་ལྷའི་དབང་པོས་བླངས་ཀྱི་མིར་གྱུར་པ་གཞན་དག་གིས་མ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་ཤིན་ཏུ་འབར་བ་དང ། བྱང་ཆུབ་སེམས་དཔའ་སྐྱེས་མ་ཐག་ཏུ་དེ་ལྟར་བརྒྱ་བྱིན་ལྷའི་དབང་པོ་བླངས་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སྐྱེས་མ་ཐག་ཏུ་མ་བླངས་པར་གོམ་པ་བདུན་བོར་གྱི། དྲུག་དང་བརྒྱད་མ་ཡིན་ཞེ་ན། རྫུ་འཕྲུལ་དང ། རྣམ་པར་འཕྲུལ་པ་དང ། སྐྱེས་བུ་དམ་པར་སྔོན་སུས་ཀྱང་མ་བསྟན་པ་བསྟན་དགོས་ལ་སེམས་ཅན་གང་དག་གི་དོན་གོམ་པར་བདུན་པོར་ཏེ་བྱ་བ་དེ་གོམ་པ་དྲུག་གིས་ཀྱང་མི་ནུས་ལ།་གོམ་པ་བརྒྱད་བོར་ནའང་ལྷག་པར་འགྱུར་བས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སྐྱེས་མ་ཐག་ཏུ་བླངས་པར་གོམ་པ་བདུན་འདོར་གྱི། དྲུག་དང་བརྒྱད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན།་བྱང་ཆུབ་སེམས་དཔའ་གོམ་པ་བདུན་བོར་ནས་པ་ནི། འཇིག་རྟེན་ན་གཙོ་བོ་ཡིན་ཏེ། སྐྱེ་བ་དང ། རྒ་བ་དང ། འཆི་བ་མཐར་བྱའོ། །ཞེས་པ་ཚིག་ཏུ་སྨྲ་ཞེ་ན། འཁོར་དེ་ནི་ 83a ༄#། །ཚངས་པ་དང ། ལྷ་མཐུ་ཆེ་བ་དག་ལྷགས་ཤིང་འཁོར་དེ་ང་རྒྱལ་ཅན་དུ་གྱུར་པ་དེ་དག་བདག་ཅག་གཙོ་བོ་ཡིན་གྱི། འདི་ནི། མ་ཡིན་ནོ་སྙམ་དུ་སེམས་ཤིང་དེ་དག་བྱང་ཆུབ་སེམས་དཔའ་ལ་འདུད་པར་མི་བྱེད་དོ། །ཡང་དག་པར་འདུད་པར་མི་བྱེད་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཏེ། ཚངས་པ་དང་ལྷ་འདི་དག་ཡུན་རིང་པོར་ཕན་པ་མེད་པར་འགྱུར་དུ་འོང་ངོ ། །ཞེས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་འཇིག་རྟེན་ན་ང་མཆོག་གོ་།ང་མཆོག་གོ་།སྐྱེ་བ་དང ། རྒ་བ་དང ། འཆི་བ་མཐར་འབྱིན་ཏོ། །ཞེས་སྨྲ་ཞིང་སྒྲ་དེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་བསྒོ་བ་དང ། གང་བྱང་ཆུབ་སེམས་དཔའ་མ་ལྷགས་པ་དེ་དག་ཀྱང་སྒྲ་དེས་ལྷགས་པར་གྱུར་ནས་དེའི་ཚེ་ཚངས་པ་དེ་དག་དང ། ལྷའི་བུ་དེ་དག་བྱང་ཆུབ་སེམས་དཔའ་ལ་ཐལ་མོ་སྦྱར་ནས་བཏུད་པར་གྱུར་ཏོ། །རྒྱུ་དེ་དང ། རྐྱེན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་འཇིག་རྟེན་ན་ང་མཆོག་གོ་།ང་མཆོག་གོ་།སྐྱེ་བ་དང ། རྒ་བ་དང ། འཆི་བ་མཐར་ཕྱིན་ཏོ། །ཞེས་དེ་སྐད་ཀྱི་ཚིག་སྨྲའོ། །ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་གད་མོ་ཆེར་རྒོད་ཅེ་ན། བྱང་ཆུབ་སེམས་དཔའ་ནི། གཡེམ་པའི་རྒོད་པའམ། ཆེར་རྒོད་པ་མེད་མོད་ཀྱི། བྱང་ཆུབ་སེམས་དཔའ་ནི། འདི་ 83b སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ནི། འདི་ཉིད་དུ་ང་དང་ལྷན་ཅིག་ཏུ་བྱང་ཆུབ་ཏུ་སེམས་བསྐྱེད་ན། ངས་བྱང་ཆུབ་ཐོབ་ཀྱང་འདི་དག་ལེ་ལོར་གྱུར་པས་ད་དུང་འཁོར་བ་སྟུག་པོར་ལུས་ཏེ། ཀྱེ་མའོ་སེམས་ཅན་འདི་དག་ནི། ཐམས་ཅད་མཁྱེན་པར་འགྱུར་བའི་ཐར་པའི་ལམ་ལ་བརྩོན་འགྲུས་མི་རྩོམ་སྟེ། དེ་དག་ད་ལྟར་བདག་ལ་ཕྱག་འཚལ་ན། དེ་དག་ཇི་ལྟར་ན་ཐམས་ཅད་མཁྱེན་པ་ཉིད་ལ་བརྩོན་འགྲུས་རྩོམ་པར་འགྱུར་ཞེས་སྙིང་རྗེ་ཆེན་པོ་བསྐྱེད་ནས་དམན་པ་དང ། བག་མེད་པའི་སེམས་ཅན་དང ། བདག་གིས་བསམ་པ་ཡོངས་སུ་རྫོགས་པ་ཤེས་ནས་བྱང་ཆུབ་སེམས་དཔའ་གད་མོ་ཆེར་རྒོད་དོ། །ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་དྲི་མ་མེད་བཞིན་དུ་ཁྲུས་བྱེད་ཅེ་ན། བརྒྱ་བྱིན་དང་ཚངས་པས་མཆོད་པའི་ལས་བྱས་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་ནི། ངེས་པར་འཇིག་རྟེན་ཤེས་པའི་རྗེས་སུ་འཇུག་པར་བྱ་དགོས་སོ། །སྐྱེ་བ་མཐོང་ནས་བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱང་ངེས་པར་ཁྲུས་བྱའོ། །འཕགས་པ་ཐབས་མཁས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་གཉིས་པ་སྟེ་ཐ་མ། ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་དགོན་པར་སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སྙིང་པོར་མི་འགྲོ་བར་དེ་ནས་སླར་ཁྱིམ་དུ་འཇུག་ཅེ་ན། དབང་པོ་ཡོངས་སུ་རྫོགས་པར་བྱ་བ་དང ། སླས་ལ་ 84a ༄#། །སོགས་པ་བསྟན་པའི་ཕྱིར་དགའ་བ་དང ། རྩེ་བ་ཆེན་པོ་དེ་དག་བསྟན་ནས་ཁྱིམ་ནས་མངོན་པར་འབྱུང་བར་བྱེད་དོ། །གླིང་ཆེན་པོ་བཞི་སྤང་བར་བསྟན་པས་ན།་ངའི་རྗེས་སུ་སློབ་པ་གཞན་དག་ཀྱང་དགའ་བ་དང ། རྩེ་བ་ཆེན་པོ་སྤངས་ནས་རབ་ཏུ་བྱུང་བའི་ཕྱིར་ཁྱིམ་ནས་མངོན་པར་འབྱུང་སྟེ། རྒྱུ་དེ་དང་རྐྱེན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སླར་ཁྱིམ་དུ་ཞུགས་སོ། །ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་ཉི་མ་བདུན་ལོན་པ་དང་མ་འཆི་བའི་དུས་བྱེད་ཅེ་ན། ལྷ་མོ་སྒྱུ་མ་ཚེ་ཟད་ནས་འཆི་བའི་དུས་བྱས་ཀྱི། བྱང་ཆུབ་སེམས་དཔས་ཉེས་པ་ནི། མ་ཡིན་ནོ། །འདི་ལ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ཉིད་ན་གནས་ཤིང་ལྷའི་མིག་གིས་ལྷ་མོ་སྒྱུ་མའི་ཚེ་ལ་བརྟགས་ནས་ནམ་ལྷ་མོ་སྒྱུ་མའི་ཚེ་ཟླ་བ་བཅུ་དང་ཉི་མ་བདུན་ལུས་པར་ཤེས་པ་དང ། དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ནས་ཤི་འཕོས་ཏེ་མའི་མངལ་དུ་འཇུག་གོ་།དེ་བས་ན། རྣམ་གྲངས་དེས་ཀྱང་ལྷ་མོ་སྒྱུ་མ་ནི། ཚེ་ཟད་ནས་འཆི་བའི་དུས་བྱས་ཀྱི། བྱང་ཆུབ་སེམས་དཔའི་ཉེས་པ་མ་ཡིན་ནོ། །ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་བཟོ་སློབ་ཅེ་ན། འཇིག་རྟེན་གྱི་རྗེས་སུ་འཇུག་པའི་ཕྱིར་དུ་ཟད་ཀྱི། བྱང་ཆུབ་སེམས་དཔའ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ 84b ན་གཙུག་ལག་གམ། གླུའམ། གར་རམ། སྔགས་སམ། རིག་སྔགས་སམ། ཐབས་སམ། རྒོད་པའམ། ཆ་བའམ། རྩེ་བའམ། བལྟ་བ་གང་ཡང་ཐོག་མར་མ་བསླབས་པ་མེད་དོ། ། ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་ཆུང་མ་ལེན་ཅེ་ན། བྱང་ཆུབ་སེམས་དཔའ་ནི། འདོད་པ་དགོས་པར་བྱེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་དེ་ནི། དེའི་ཚེ་འདོད་པ་དང་བྲལ་བ་ཡིན་མོད་ཀྱི། བྱང་ཆུབ་སེམས་དཔའ་ནི། ངེས་པར་སྐྱེས་པར་བསྟན་དགོས་ཏེ། སེམས་ཅན་ཁ་ཅིག་བྱང་ཆུབ་སེམས་དཔའ་ལ་སྐྱེས་པ་མ་ཡིན་གྱི། ང་ལ་མ་ནིང་གི་རང་བཞིན་ཅན་ནོ། །ཞེས་དེ་སྙམ་དུ་སེམས་པར་མི་འགྱུར་ཞིང་དེ་དག་གི་ཐེ་ཚོམ་གཅད་པ་དང ། འདི་ལྟ་སྟེ། སྲས་ནོར་སྦྱིན་ལེན་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔས་ཤཱཀྱའི་བུ་མོ་གྲགས་འཛིན་ལ་སོགས་པ་བླངས་སོ། །ནོར་སྦྱིན་འཛིན་མེར་མེར་པོ་ལས་གྱུར་པའོ། །ཞེས་གང་དེ་སྙམ་དུ་འཛིན་ན་དེ་ལྟར་མི་བལྟའི། ནོར་སྦྱིན་འཛིན་ནི།་ལྷ་ལས་ཤི་འཕོས་ཏེ། འདིར་སྐྱེས་པས་ཕ་མའི་མེར་མེར་པོ་ལས་གྱུར་པ་མ་ཡིན་གྱི། རྫུས་ཏེ་སྐྱེས་པར་ཤེས་པར་བྱའོ། །ཡང་སྔོན་གྱི་སྨོན་ལམ་གྱིས་ཤཱཀྱའི་བུ་མོ་གྲགས་འཛིན་བླངས་པ་ཡིན་ཏེ། མར་མེ་མཛད་ཚུན་ཆད་སྐྱེ་བའི་ཐ་མའི་བར་དུ་ཁྱོད་ཀྱི་ཆུང་མར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ། སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་ 85a ༄#། །པ་དེའང་སླུ་བར་མི་འགྱུར་བས་ན། དེའི་ཕྱིར་ཤཱཀྱའི་བུ་མོ་གྲགས་འཛིན་བླངས་སོ། །ཡང་སེམས་ཅན་འདི་དག་ནི། འདོད་པའི་ཉེས་པ་ཅན་ཁྱིམ་གྱི་བྱ་བ་ལ་ཞེན་པ་ཡིན་པས་དེ་དག་སྤངས་ཏེ་རབ་ཏུ་འབྱུང་བར་མི་ནུས་ནས་དེ་དག་གི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཡོག་ལེན་ཏོ། །ཡང་འདི་ནི། ཆུང་མ་བཟང་མོའི་གཡོག་འདི་ལྟ་བུ་སྤངས་ཏེ་རབ་ཏུ་བྱུང་ན། བདག་ཅིའི་ཕྱིར་རབ་ཏུ་མི་འབྱུང་ཞེས་དེ་སྙམ་དུ་སེམས་པར་འགྱུར་ཞིང ། ཡང་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། གང་བུད་མེད་གཞོན་ནུ་དག་ཡོངས་སུ་སྨིན་པར་བྱས་ནས་དེ་དག་ཀྱང་མཛའ་བ་ཡིད་གཅུགས་པས་སྲིད་པ་ཐ་མའི་བར་དུ་བདག་ཅག་ནི།་ཁྱོད་ཀྱི་ཆུང་མར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ལ། དེ་དག་གི་ཆོས་དཀར་པོ་དེ་རྣམས་ཀྱང་ཤིན་ཏུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་གཡོག་ལེན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་སླས་ཀྱི་ནང་ན་གནས་ནས་བུད་མེད་བཞི་ཁྲི་ཉིས་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །ལྷག་མ་དག་ཀྱང་མི་ལྟུང་བའི་ཆོས་དང་ལྡན་པར་བྱས་སོ། །རྣམ་གྲངས་དེའི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་གཡོག་ལེན་གྱི། གང་བུད་མེད་འདོད་ཆགས་ 85b ཀྱི་ཡོངས་སུ་གདུང་བས་ཡོངས་སུ་གདུངས་པ་དེའང་བྱང་ཆུབ་སེམས་དཔའ་མཐོང་མ་ཐག་ཏུ་བདག་ཏུ་འདོད་ཆགས་དང་བྲལ་བར་ཤེས་སོ། །ཡང་བྱང་ཆུབ་སེམས་དཔའ་ནི། བདག་གི་ཆུ་ཞེང་དང་འདྲ་བར་སྤྲུལ་པ་དག་སྤྲུལ་ནས་བུད་མེད་དེ་དག་སྤྲུལ་པ་དེ་རྣམས་དང་རྩེ་དགའ་ཡོངས་སུ་སྤྱོད་ཅིང ། བདག་ཅག་ནི། བྱང་ཆུབ་སེམས་དཔའ་དང་ལྷན་ཅིག་ཏུ་རྩེ་དགའ་ཞིང་ཡོངས་སུ་སྤྱོད་དོ་སྙམ་དུ་སེམས་མོད་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང ། ཏིང་ངེ་འཛིན་གྱི་དགའ་བ་དང ། བདེ་བ་ལ་གནས་སོ། །འདི་ལ་སྤྲུལ་པ་རྣམས་ཀྱི་འདོད་པ་ལ་དགའ་བ་དང ། ཡོངས་སུ་སྤྱོད་པ་ཇི་ལྟ་བ་མར་མེ་མཛད་ཚུན་ཆད་ཀྱི་བྱང་ཆུབ་སེམས་དཔའི་འདོད་པ་ལ་ཡོངས་སུ་སྤྱོད་པ་ཐམས་ཅད་ཀྱང་དེ་བཞིན་དུ་བལྟའོ། །བྲན་ཙནྟ་ཀ་དང ། རྟ་ཀནྟ་ཀའང་སྔོན་གྱི་སྨོན་ལམ་ལས་གྱུར་པར་བལྟའོ། །ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་ཤིང་ཛམྦུའི་གྲིབ་མ་ན་བསམ་གཏན་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་དེ་ན་གནས་པས་ལྷ་བྱེ་བ་ཕྲག་བདུན་ཅུ་བརྟུལ་ཞིང་དེ་ངེས་པར་མངོན་པར་ཁྱིམ་ནས་འབྱུང་བར་ཕ་མ་ལ་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་ན།་སྐྱེད་མོས་ཚལ་དུ་སོང་ཞེ་ན། རྒས་པ་དང ། ནད་ཀྱིས་བཏབ་པ་དང ། འཆི་བ་བསྟན་པའི་ཕྱིར་ཏེ། གཉེན་དག་ནི། བྱང་ཆུབ་སེམས་དཔའ་རྒ་བ་དང ། ན་བ་དང ། འཆི་བས་ 86a ༄#། །འཇིགས་སྐྲག་ནས་ཁྱིམ་ནས་མངོན་པར་འབྱུང་གི། གཉེན་ལ་གནོད་པར་འདོད་པ་ནི། མ་ཡིན་ནོ། །ཞེས་དེ་ལྟར་ཤེས་པར་གྱུར་ཏོ། །ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་མཚན་མོ་ནམ་ཕྱེད་ཀྱི་དུས་ཀྱི་ཚེ་ཁྱིམ་ནས་མངོན་པར་འབྱུང་གི་ཉིན་མོ་མི་འབྱུང་ཞེ་ན། དེ་ན་འདུག་ན་དགེ་བའི་རྩ་བ་མི་འཕེལ་ནས་ཆོས་དཀར་པོ་འདོད་པས་ནམ་ཕྱེད་ནས་མ་དྲིས་པར་དེ་ནས་འགྲོ་བར་བྱ་བ་དང ། བདེ་བའི་ཡོ་བྱད་ཀྱང་སྤང་བར་བྱའི། ཆོས་དཀར་པོའི་ཕྱོགས་ནི། ཡོངས་སུ་གཏང་བར་མི་བྱའོ། །ཞེས་སེམས་ཅན་རྣམས་ལ་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་ན། སྐྱེ་བོ་དག་གཉིད་ཀྱིས་ལོག་པར་བྱས་ཤེ་ན། ལྷ་རྣམས་ཀྱིས་ཉེས་པར་བསྟན་པའི་ཕྱིར་ཏེ། སྐྱེ་བོ་དག་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གི་ཐ་བ་སྐྱེ་བར་མི་འགྱུར་བ་དང ། དེ་དག་ཡུན་རིང་པོར་གནོད་པ་དང ། མི་ཕན་པ་དང ། ལྟུང་བར་མི་འགྱུར་བར་བྱ་བའི་ཕྱིར་ལྷ་རྣམས་ཀྱིས་གཉིད་ལོག་པར་བྱས་ཏེ། ལྷ་རྣམས་ཀྱིས་སྒོ་ཕྱེ་ནས་ལྷ་རྣམས་ཀྱིས་བར་སྣང་ལས་ཁྲིད་པས་ལྷ་རྣམས་ཀྱིས་ཉེས་ཀྱི། བྱང་ཆུབ་སེམས་དཔའི་ཉེས་པ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མ་ཉེས་སོ། །ཞེས་དད་པ་རྙེད་པར་མཐོང་ནས་གཉིད་ལོག་པར་བྱས་སོ། །ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་རང་གིས་རལ་ 86b གྲིས་སྐྲ་བཅད་ཅེ་ན། དེ་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ལྷའམ། ཀླུའམ། གནོད་སྦྱིན་ནམ། མིའམ་ཅི་གང་ཡང་བྱང་ཆུབ་སེམས་དཔའི་དཔལ་དང ། གཟི་བརྗིད་ཟིལ་གྱིས་མནན་ཏེ་སྐྲ་གཅོད་ནུས་པ་སུའང་མེད་ཅིང་རྒྱལ་པོ་ཟས་གཙང་མ་དེས་ཐོས་ནས་ཀྱང་ཇི་ལྟར་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་སྐྲ་བཅད་པར་མཐོང་ནས་ཁྲོ་བར་མི་འགྱུར་ཞིང ། སུས་ངའི་བུའི་སྐྲ་བཅད་ཅེས་དེ་ལ་བསད་པའམ། ཆད་པར་མི་འགྱུར་བར་བྱ་བའི་ཕྱིར་རོ། །ཅིའི་ཕྱིར་ན། རྟ་དང་རྒྱན་རྣམས་བྲན་ཙནྟ་ཀའི་ལག་ཏུ་བྱིན་ཅེ་ན་།ཆོག་ཤེས་པ་དང ། བྱང་ཆུབ་སེམས་དཔའ་གསེར་དངུལ་མི་འདོད་ཅིང་དངོས་པོ་ཐམས་ཅད་ལ་མི་ལྟ་བར་རབ་ཏུ་འབྱུང་བར་བསྟན་པའི་ཕྱིར་རོ། །ཡང་བྱང་ཆུབ་སེམས་དཔས་སྐྱེ་བོ་ཕྱི་མ་དག་བསླབ་དགོས་ཏེ་བསྟན་པ་འདི་ལ་གང་རབ་ཏུ་བྱུང་བ་དེ་དག་ངའི་རྗེས་སུ་སློབ་ཅིང་དངོས་པོ་ཐམས་ཅད་ལ་མི་ལྟ་བར་འཕགས་པའི་རིགས་བཞི་ལ་གནས་ནས་རབ་ཏུ་འབྱུང་བར་འགྱུར་གྱི། ཐོག་མ་ཉིད་ནས་རབ་ཏུ་འབྱུང་བའི་འཚོ་བའི་ཕྱིར་རབ་ཏུ་འབྱུང་བར་མི་འགྱུར་བར་བྱ་བའི་ཕྱིར་རོ། །ཡང་རིགས་ཀྱི་བུ། ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔས་ལོ་དྲུག་ཏུ་དཀའ་བ་སྤྱད་པ་ཉོན་ཅིག་།བྱང་ཆུབ་སེམས་དཔའ་ནི། ལས་ཀྱིས་བསྒྲིབས་པའི་ཉེས་པས་དཀའ་བ་སྤྱོད་པ་སྤྱད་པ་མ་ཡིན་གྱི། བྱང་ཆུབ་ 87a ༄#། །སེམས་དཔའ་ཐབས་མཁས་པས་ནི། ངེས་པར་སེམས་ཅན་རྣམས་ལ་ལས་ཀྱི་བྱ་བ་བསྟན་དགོས་ཏེ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད་ཅེས་སྨྲས་པ་དེའང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་བལྟའོ། །དགོངས་པའི་ཚིག་ཏུ་བལྟའོ། །བྱང་ཆུབ་སེམས་དཔས་ཇི་ལྟར་དགོངས་ཏེ་ཚིག་དེ་སྐད་སྨྲས་ཤེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དེའི་ཚེ་དེའི་དུས་ན་ཁྱེའུ་སྐར་མ་སྐྱོང་གི་ནེའུ་ལྡངས་བྲམ་ཟེའི་བུ་ཤིང་སཱ་ལ་ཆེན་པོ་ལྟ་བུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གནས་པ་ལྔ་ཡོད་དོ། །དེ་དག་སྡིག་པའི་གྲོགས་པོའི་དབང་གིས་བྱང་ཆུབ་ཀྱི་སེམས་བརྗེད་པར་གྱུར་ནས་རིགས་ཀྱི་བུ་ལྔ་པོ་དེ་དག་ནི། སངས་རྒྱས་ཀྱི་བརྟུལ་ཞུགས་ཅན་མ་ཡིན་ཏེ། མུ་སྟེགས་ཀྱི་བརྟུལ་ཞུགས་ལྡན་པ། མུ་སྟེགས་གསང་སྔགས་ལ་བརྩོན་པས་བདག་ཅག་གིའང་བྱང་ཆུབ་ཡོད་དོ། །བདག་ཅག་ཀྱང་སངས་རྒྱས་སོ། །ཞེས་བདག་ཉིད་སྟོན་པར་འཛིན་ཏོ། །དེ་ནས་ཁྱེའུ་སྐར་མ་སྐྱོང་གིས་རིགས་ཀྱི་བུ་ལྔ་པོ་དེ་དག་སྣོད་དུ་གྱུར་པར་རྟོགས་ནས་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི། ཤིན་ཏུ་དཀོན་ན་དེ་མཐོང་སྟེ་ཅི་རུང་ཞེས་མུ་སྟེགས་ཅན་ 87b དེ་དག་གི་དྲུང་དུ་ཆིག་དེ་སྐད་སྨྲས་སོ། །ཁྱེའུ་སྐར་མ་སྐྱོང་གིས་མུ་སྟེགས་ཅན་དེ་དག་གི་དྲུང་དུ་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི། ཤིན་ཏུ་དཀོན་པའོ། །ཞེས་ཚིག་དེ་སྐད་སྨྲས་པས་རིགས་ཀྱི་བུ་ལྔ་པོ་དེ་དག་རིམ་གྱིས་ཡོངས་སུ་སྨིན་པར་བྱས་པར་གྱུར་ཏོ། །འདི་ལྟ་སྟེ། རིགས་ཀྱི་བུ། ཁྱེའུ་སྐར་མ་སྐྱོང་ནེའུ་ལྡངས་ལྔ་པོ་དེ་དག་དང་སའི་ཕྱོགས་གཞན་ཞིག་ན་འདུག་པར་གྱུར་པའི་དུས་ཀྱི་ཚེ་ཡོད་དོ། །དེ་ནས་རྫ་མཁན་རྗེའུ་བྱེད་པ་ཞིག་སའི་ཕྱོགས་དེ་ག་ལ་བ་དེར་སོང་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྔགས་པ་བརྗོད་ཅིང་ཁྱེའུ་སྐར་མ་སྐྱོང་ལ་ཚུར་ཤོག་།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་དྲུང་དུ་འདོང་ངོ ། །ཞེས་དེ་སྐད་ཅེས་སྨྲས་པ་དང ། དེ་ནས་ཁྱེའུ་སྐར་མ་སྐྱོང་འདི་སྙམ་དུ་གྱུར་ཏོ། །ཀྱེ་མའོ་སེམས་ཅན་འདི་དག་ནི། དགེ་བའི་རྩ་བ་ཡོངས་སུ་སྨིན་ན། གང་བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྔགས་པ་བརྗོད་ལ་མུ་སྟེགས་ཅན་གྱི་ནི། མི་བསྔགས་པ་བརྗོད་པ་དང ། རིགས་ཀྱི་བུ་དེ་དག་དོགས་ཤིང་འོང་དུ་མི་བཏུབ་པར་འགྱུར་རོ་སྙམ་ནས་ཁྱེའུ་སྐར་མ་སྐྱོང་གིས་ཐོག་མའི་ཡིད་དམ་དེ་ཉིད་སྲུང་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ 88a ༄#། །ཕྱིན་པའི་ཡེ་ཤེས་དང་རྒྱུ་མཐུན་པའི་ཐབས་མཁས་པས་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི། ཤིན་ཏུ་དཀོན་པའོ། །ཞེས་དེ་སྐད་ཀྱི་ཚིག་སྨྲས་སོ། །ཇི་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་དང་རྒྱུ་མཐུན་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། བྱང་ཆུབ་ཏུ་འདུ་ཤེས་པར་མི་འགྱུར། སངས་རྒྱས་སུ་འདུ་ཤེས་པ་མེད། སངས་རྒྱས་ཀྱི་ཡེ་ཤེས་སུ་འདུ་ཤེས་པ་མེད། བྱང་ཆུབ་སེམས་དཔར་ཡང་མི་མཐོང ། བྱང་ཆུབ་ནང་དུའང་མི་མཐོང ། བྱང་ཆུབ་ཕྱི་ལོགས་སུའང་མི་མཐོང ། བྱང་ཆུབ་ནང་དང་ཕྱི་ལོགས་སུའང་མི་མཐོང་སྟེ། བྱང་ཆུབ་ནི། ཤིན་ཏུ་སྟོང་ངོ་སྙམ་དུ་སེམས་ཤིང་ཁྱེའུ་སྐར་མ་སྐྱོང་དེས་ཆོས་ཐམས་ཅད་མ་དམིགས་ནས་ཐབས་མཁས་པས་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི། ཤིན་ཏུ་དཀོན་བའོ། །ཞེས་དེ་སྐད་ཀྱི་ཚིག་སྨྲས་སོ། །དེ་ནས་ཁྱེའུ་སྐར་མ་སྐྱོང་ནེའུ་ལྡངས་ལྔ་པོ་དེ་དག་དང་ལྷན་ཅིག་ཏུ་ཆུ་འགྲམ་ཞིག་ན་གནས་པ་དང ། དེ་ནས་སངས་རྒྱས་ཀྱི་མཐུས་རིགས་ཀྱི་བུ་ལྔ་པོ་དེ་དག་ཀུན་གདུལ་བའི་དབང་དུ་བྱང་བའི་ཕྱིར་རྫ་མཁན་རྗེའུ་བྱེད་པས་སྐར་མ་སྐྱོང་མི་འགྲོ་བ་དང་སྐྲ་ནས་བཟུང་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ག་ལ་བ་དེར་སོང་སྟེ། གཞོན་ 88b ནུ་ལྔ་པོ་དེ་དག་གིས་ཀྱང་རྫ་མཁན་རྗེའུ་བྱེད་པ་དེ་ལ་ཤུགས་མ་བྱེད་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ག་ལ་བ་དེར་ཕྱིན་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་མཐོང་མ་ཐག་ཏུ་སྔོན་གྱི་དགེ་བའི་རྩ་བའི་རྒྱུན་གྱིས་དད་པ་རྙེད་དོ། །དེ་དག་དད་པ་རྙེད་ནས་ཁྱེའུ་སྐར་མ་སྐྱོང་ལ་འདི་འདྲ་བའི་སྟོན་པ་བཞུགས་ནས་ཐོག་མར་མི་སྦྲན་པར་ཞེས་གཤེ་བར་གྱུར་ཏོ། །དེ་ནས་བྲམ་ཟེའི་བུ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལྔ་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་དཔལ་དང ། གཟི་བརྗིད་དང ། སྤོབས་པ་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཅི་ནས་ཀྱང་རིགས་ཀྱི་བུ་ལྔ་པོ་དེ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་པ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕྱིར་མི་ལྡོག་པའི་འཁོར་ལོའི་ཆོས་ཀྱི་རྣམ་གྲངས་བཤད་དོ། །རིགས་ཀྱི་བུ། དེ་འདི་ལྟ་སྟེ། ང་ནི།་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ལུང་བསྟན་ཏོ། །རིགས་ཀྱི་བུ། གལ་ཏེ་ཁྱེའུ་སྐར་མ་སྐྱོང་གིས་དེ་བཞིན་གཤེགས་པ་འོད་སྲུང་གི་བསྔགས་པ་བརྗོད་དུ་ཟིན་ན། །རིགས་ཀྱི་བུ།་ 89a ༄#། །ལྔ་པོ་དེ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་དྲུང་དུ་འགྲོ་བའི་གནས་དང ། སྐབས་མེད་དོ། ། རིགས་ཀྱི་བུ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ནི། སངས་རྒྱས་དང ། བྱང་ཆུབ་ལ་ཐེ་ཚོམ་མེད་མོད་ཀྱི། བྱང་ཆུབ་སེམས་དཔའ་ལྔ་པོ་དེ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྒྱུ་མཐུན་པས་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི། ཤིན་ཏུ་དཀོན་ནོ། །ཞེས་དེ་སྐད་ཀྱི་ཚིག་སྨྲས་ཏེ། དེའང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་ལྔ་པོ་དེ་དག་ཀྱང་སྨིན་པར་བྱ་དགོས་ལ། ལས་ཀྱི་རྣམ་པར་སྨིན་པའང་བསྟན་དགོས་པས་ལས་དེའི་ཕྱིར་ངས་དཀའ་བ་སྤྱོད་པ་སྤྱད་དེ། སེམས་ཅན་གཞན་དག་མི་ཤེས་པས་ཚུལ་ཁྲིམས་དང་ལྡན་པའི་དགེ་སྦྱོང་དང ། བྲམ་ཟེ་དག་མཐོང་ནས་ཚིག་ཏུ་སྨྲ་བར་མི་འགྱུར་བ་དང ། ཤེས་སམ་མི་ཤེས་ཀྱང་རུང་སྟེ་སྨྲས་ན། དེའི་ཕྱིར་དེ་དག་ཡུན་རིང་པོར་གནོད་པ་དང ། མི་ཕན་པ་དང ། མི་བདེ་བ་དང ། སྡུག་བསྔལ་བ་དང ། ལྟུང་བར་འགྱུར་རོ། །ཞེས་སེམས་ཅན་དེ་དག་གི་ལས་ཀྱི་བྱ་བའང་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་དེ་ལྟར་ལས་སྟོན་མོད་ཀྱི། བྱང་ཆུབ་སེམས་དཔའ་ལ་ལས་ཀྱི་སྒྲིབ་པ་ 89b ནི།་གང་ཡང་མེད་དོ། །ཡང་ཚུལ་ཁྲིམས་དང་ལྡན་པ་གང་དེ་དག་གིས་ཚིག་རྩུབ་པོ་སྨྲས་ནས་བདག་ཅག་ནི། རྣམ་པར་གྲོལ་བའི་སྐལ་བ་མེད་དོ་སྙམ་སྟེ་འགྱོད་པ་ལ་གནས་ཤིང་ཕྱིན་ཆད་མི་བརྩོན་པའི་སེམས་ཅན་དེ་དག་གི་ཐེ་ཚོམ་བསལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་གཅིག་གིས་ཐོགས་པས་དེ་སྐད་ཀྱི་ཚིག་སྨྲས་ན། དེའང་རྣམ་པར་གྲོལ་བའི་ཕྱིར་སྐལ་པ་ཡོད་ན་བདག་ཅག་མི་ཤེས་པ་ལྟ་ཅི་སྨོས་ཞེས་དེ་དག་ཉེས་པ་དེ་འཆགས་ཤིང་གཞན་དག་ཀྱང་མི་བྱེད་པའི་ཕྱིར་དེ་སྐད་ཀྱི་ཚིག་སྨྲས་སོ། །ཡང་རིགས་ཀྱི་བུ། མུ་སྟེགས་ཅན་རྣམས་འདུལ་བའི་ཕྱིར་ངས་ལོ་དྲུག་ཏུ་དཀའ་བ་སྤྱད་ཀྱི། སྒྲིབ་པའི་ཕྱིར་ནི། མ་ཡིན་ནོ། །དགེ་སྦྱོང་དང་བྲམ་ཟེ་དག་ཏིལ་དང ། རྒྱ་ཤུག་དང ། འབྲས་ཀྱི་འབྲུམ་བུ་རེ་རེ་ཟ་བས་ལོ་དྲུག་འདས་པར་བྱས་ཏེ་དེའང་འཕགས་པའི་ལམ་མ་ཐོབ་ན། ཟས་ངན་པས་རྣམ་པར་དག་པར་མི་འགྱུར་ཏེ། རྒྱུ་དེ་དང་རྐྱེན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མགོ་རེག་ལའང་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི། ཤིན་ཏུ་དཀོན་ནོ། །ཞེས་དེ་སྐད་ཀྱི་ཚིག་སྨྲས་ཏེ། ལས་ཀྱི་བྱ་བ་དེ་ལ་དམིགས་ཤིང་ལོ་དྲུག་ཏུ་དཀའ་བ་སྤྱོད་པ་སྤྱད་དེ་བྱང་ཆུབ་སེམས་དཔས་ལོ་དྲུག་གིས་དམན་པ་ལ་དད་པའི་ལྷ་དང་ཕྱི་རོལ་གྱི་དྲང་སྲོང་འབུམ་ཕྲག་ལྔ་བཅུ་རྩ་གཉིས་ཀྱིས་ཡེ་ཤེས་ 90a ༄#། །རྟོགས་པའི་དོན་བྱས་པར་གྱུར་ཏོ། །དེ་དག་ཀྱང་དམན་པ་ལ་སྤྱོད་པས་ཡོངས་སུ་སྨིན་པར་བྱས་ཏེ། རིགས་ཀྱི་བུ། དེའང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་ཤེས་པར་བྱའོ། །ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་ལུས་རིད་བཞིན་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་མི་འགྲོ་བར་ཟས་ཟོས་ལ་སྟོབས་དང་མཐུ་བསྐྱེད་དེ་འགྲོ་ཞེ་ན།་བྱང་ཆུབ་སེམས་དཔའ་ནི། ཟས་མེད་པར་ལུས་རིད་པས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་མོད་ཀྱི། བྱང་ཆུབ་སེམས་དཔས་ཕྱི་མིའི་སྐྱེ་བོ་དག་ལ་སྙིང་བརྩེ་བའི་ཕྱིར་ཟས་ཟོས་ཏེ་སེམས་ཅན་མི་མཁས་པ་དག་ཟས་མེད་པར་ཡེ་ཤེས་ཚོལ་བར་མི་འགྱུར་བར་བྱེད་དེ། དེ་དག་བཀྲེས་པས་ཉེན་ན་ཡེ་ཤེས་སྒྲུབ་མི་ནུས་སོ། ། དེ་ཅིའི་ཕྱིར་ཞེ་ན། བདེ་བར་གྱུར་པ་རྣམས་ནི། ཆོས་མངོན་པར་སྨྲའི། སྡུག་བསྔལ་བ་རྣམས་མ་ཡིན་ཏེ། ཅི་ནས་ཀྱང་ངའི་རྗེས་སུ་སློབ་ཅིང་སེམས་ཅན་དེ་དག་བདེ་བར་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཟས་ཟོས་སོ། །གྲོང་གི་བུ་མོ་བྱང་ཆུབ་ཀྱི་ཕྱོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡང་བྱང་ཆུབ་སེམས་དཔས་དེའི་ཟས་ཟོས་ཏེ་བྱང་ཆུབ་ཐོབ་མོད་ཀྱི། བྱང་ཆུབ་སེམས་དཔའ་ནི། ཏིང་ངེ་འཛིན་གཅིག་གིས་བསྐལ་པ་སྟོང་དུ་འདུག་ནུས་སོ། །ཅིའི་ཕྱིར་ན། བྱང་ཆུབ་སེམས་ 90b དཔའ་རྩཝ་དག་ཚོལ་ཞེ་ན། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་རྩཝའི་གདིང་བ་ལ་དགྱེས་ཀྱི། སྟན་ལ་དགྱེས་པར་མི་མཛད་པས་ཆོག་ཤེས་པར་བྱ་བ་དང ། རྩཝ་ཐུན་བཀྲ་ཤིས་ལྡན་བྱང་ཆུབ་ཀྱི་ཕྱོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་རྩཝ་ཕུལ་བས་རིགས་ཀྱི་བུ།་དེ་ནི། མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཅེས་བྱ་བར་འགྱུར་བར་དེས་དེ་ལ་ལུང་བསྟན་ཏོ། །ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་བདུད་ལ་སྡོད་ཅེ་ན། རིགས་ཀྱི་བུ། བདུད་སྡིག་ཅན་ནི། བྱང་ཆུབ་སེམས་དཔས་སྐབས་མ་ཕྱེ་མ་བསྐུལ་བར་འོང་བའི་གནས་དང་སྐབས་མེད་དེ། དེ་ལྟ་བུའི་གནས་མེད་ཀྱང་རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་དབང་དང་ལྡན་པ་གང་ཡིན་པའི་སེམས་ཅན་འདི་དག་སྡིག་ཅན་དེའི་དབང་དུ་འགྲོ་བར་མཐོང་ངོ ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་གྱུར་ཏེ། གང་བདག་ནི། དེ་ཉིད་དང་འཐབ་པར་ 91a ༄#། །བྱའོ། །དེ་བཏུལ་ན། འདོད་པའི་ཁམས་ཐམས་ཅད་བཏུལ་བར་འགྱུར་རོ། །ལྷའི་འཁོར་ཆེན་པོའང་འདུ་བར་འགྱུར་རོ། །བདུད་ཀྱི་འཁོར་དང ། གནོད་སྦྱིན་ཀྱི་འཁོར་དང ། སྲིན་པོའི་འཁོར་དང ། ཀླུའི་འཁོར་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་རྣམ་པར་རོལ་པ་འདི་མཐོང་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར། དད་པ་རྙེད་པར་འགྱུར་རོ། །གང་ཆུང་དུ་ན་ཐོས་པའམ། མཐོང་བ་དེ་དག་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བའི་རྒྱུར་འགྱུར་རོ་སྙམ་མོ། །རིགས་ཀྱི་བུ། དེ་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་དུ་སོང་བས་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་ཕྱུང་སྟེ། འོད་དེས་བདུད་ཀྱི་ཁང་པ་ཐམས་ཅད་ཀྱང་མོག་མོག་པོར་བྱས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་སྣང་བར་བྱས་ཏེ། འོད་ཟེར་དེ་ལས་ཤཱཀྱའི་བུ་འདི་ནི། ཤཱཀྱའི་རིགས་ལས་ཁྱིམ་ནས་མངོན་པར་བྱུང་སྟེ།་དེ་ནི། བླ་ན་མེད་པ་ཡང་དག་པར་རྟོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཁྱོད་ཀྱི་ཡུལ་ལས་འདའ་བར་བྱེད་དོ། །སེམས་ཅན་དཔག་ཏུ་མེད་པ་གཞན་ཡང་འབྱིན་པར་བྱེད་དོ། །བདུད་ཀྱི་གཡོག་མེད་པར་གྱུར་གྱི། སོང་ལ་དེ་དང་འཐབ་མོ་ཁྱེ་ཞིག་ཅེས་དེ་སྐད་ཅེས་ཟེར་བའི་སྒྲ་བྱུང་བ་དང ། རིགས་ཀྱི་བུ། དེ་ 91b ལྟར་ཐོས་མ་ཐག་ཏུ་མྱ་ངན་གྱི་ཟུག་རྔུ་ཆེན་པོས་བཏབ་པར་གྱུར་ནས་དེའི་ཚེ་དཔུང་གི་ཚོགས་ཡན་ལག་བཞི་པ་བཤམས་ཏེ་དཔག་ཚད་སུམ་ཅུར་བདུད་ཀྱི་སྡེས་གང་བར་བྱས་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་སོང་བ་དང ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱམས་པ་ཆེན་པོ་ལ་གནས་ཤིང་རིན་པོ་ཆེའི་བསོད་ནམས་ལས་སྐྱེས་པའི་ཕྱག་གིས་བདུད་ཀྱི་སྡེ་ཕམ་པར་བྱས་ནས་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་པར་གྱུར་ཏེ། དེའང་བྱང་ཆུབ་སེམས་དཔའི་ཐབས་མཁས་པར་བལྟའོ། །ཅིའི་ཕྱིར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཐོབ་ནས་ཉི་མ་བདུན་དུ་སྐྱིལ་མོ་ཀྲུང་མ་བཤིག་ཅིང་ཤིང་གི་རྒྱལ་པོ་ལ་མིག་མི་འཛུམ་པར་ལྟ་ཞེ་ན། གཟུགས་ཀྱི་ཁམས་ན་སྤྱོད་པའི་ལྷའི་བུ་སྤྱོད་ལམ་ཞི་བ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་སྐྱིལ་མོ་ཀྲུང་བཅས་ཤིང་བཞུགས་པ་མཐོང་ནས་དགའ་བར་གྱུར་ཏོ། །དེ་དག་དགའ་ཞིང་རབ་ཏུ་མགུ་བ་སྐྱེས་ནས་གང་བདག་ཅག་གིས་དགེ་སྦྱོང་གཽ་ཏ་མའི་སེམས་གང་ལ་གནས་པ་བཙལ་ལོ་སྙམ་དུ་གྱུར་ནས་དེ་དག་གིས་ཉིན་ཞག་བདུན་དུ་བརྟགས་ཀྱང་སེམས་ཀྱི་གནས་ 92a ༄#། །གཅིག་ཀྱང་མ་རྙེད་དོ། །དེ་ནས་ལྷའི་བུ་སུམ་ཁྲི་ཉིས་སྟོང་གིས་ཤིན་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། བདག་ཅག་ཀྱང་མ་འོངས་པའི་དུས་ན་འདི་འདྲ་བར་རབ་ཏུ་ཞི་བའི་སྤྱོད་ལམ་དང་མ་བྲལ་བར་གནས་ཤིང་དེ་ལྟར་བྱང་ཆུབ་ཀྱི་ཤིང་ལ་བལྟ་བར་བྱའོ་སྙམ་མོ། །རྒྱུ་དེ་དང་རྐྱེན་དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བྱང་ཆུབ་ཐོབ་ནས་ཉི་མ་བདུན་དུ་སྐྱིལ་མོ་ཀྲུང་མ་བཤིག་ཅིང་མིག་མ་བཙུམས་པར་ཤིང་གི་རྒྱལ་པོ་ལ་ལྟའོ། །ཅིའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཐོབ་ནས་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དབུགས་ཕྱུང་ཞིང་གཉེར་བར་བྱས་ནས་ཚངས་པས་མ་གསོལ་བར་ཆོས་མི་འཆད་ཅེ་ན། འདི་ལ་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་ཏེ། ལྷ་དང་མི་དག་ཕལ་ཆེར་ཚངས་པ་ལ་སྟན་ཏེ།་བདག་ཅག་ནི། ཚངས་པས་སྤྲུལ་བའོ། །བདག་ཅག་ནི། ཚངས་པས་བསྐྱེད་པའོ། །འཇིག་རྟེན་ན་ཚངས་པ་མ་གཏོགས་པར་སྟོན་པ་གཞན་མེད་དོ་སྙམ་དུ་འཛིན་པས་དེ་ལ་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་ཏེ། གང་ངས་ཚངས་པ་དགུག་གོ་།ཚངས་པ་ལ་བསྟོད་དོ། །ཚངས་པས་ཕྱག་འཚལ་བ་དང ། ལྷ་དང་མི་ཚངས་པ་ལ་བསྟེན་ 92b པ་ཐམས་ཅད་ཕྱག་འཚལ་བར་འགྱུར་རོ། །ཆོས་ལེན་པར་སེམས་པར་འགྱུར་རོ། །དེ་བས་ན། གསོལ་ནས་དེ་བཞིན་གཤེགས་པ་འཆད་ཀྱི། མ་གསོལ་བར་ནི། མ་ཡིན་ནོ། །དེ་བཞིན་གཤེགས་པའི་མཐུ་ཉིད་ཀྱིས་ཚངས་པ་ཆོས་གསོལ་བའི་ཕྱིར་དེ་བཞིན་གཤེགས་པའི་དྲུང་དུ་སོང་གི་།ཚངས་པ་ཉིད་ཀྱིས་བདག་གིས་དེ་བཞིན་གཤེགས་པ་ལ་ཆོས་གསོལ་ལོ་སྙམ་དུ་སེམས་ཤིང་ཡིད་ལ་བྱེད་པའང་མེད་དོ། །ཚངས་པ་ལ་བསྟེན་པའི་སེམས་ཅན་རྣམས་ཚངས་པ་ལ་བསྟེན་པ་དང་བྲལ་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་ཚངས་པ་བཀུག་སྟེ།་གང་གི་ཚེ་ན་ཚངས་པ་ཆེན་པོས་དེ་བཞིན་གཤེགས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་དེའི་ཚེ་ན་ཚངས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱིས་དེ་ཉིད་གཙོ་བོའོ། ། དེ་ཉིད་མཆོག་གོ་སྙམ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །རིགས་ཀྱི་བུ། གང་ཡང་དེ་བཞིན་གཤེགས་པ་ལས་ཀྱི་རྒྱུད་བཅུ་བསྟན་པ་དེའང་ཐབས་མཁས་པར་བལྟའོ། །དགོངས་པའི་ཚིག་ཏུའང་ཤེས་པར་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ནི། དཔེར་ན། མི་དགེ་བའི་རྩ་བ་སྐྲའི་རྩེ་མོ་ཆ་ཤས་ཙམ་དང་ཡང་ལྡན་ཞིང་བྱང་ཆུབ་ཀྱི་ཤིང་དྲུང་དུ་འགྲོ་བའི་སྐབས་མེད། དེ་ལྟ་བུའི་གནས་མེད་དོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི། ཆོས་དཀར་པོ་ཐམས་ཅད་དང་ལྡན་ཞིང་མི་དགེ་བའི་ཆོ་ 93a ༄#། །ཐམས་ཅད་སྤངས་པས་དེ་བཞིན་གཤེགས་པ་ལ་བག་ཆགས་ཀྱི་མཚམས་སྦྱར་བ་སྤང་བའང་མེད། ལས་ཀྱི་སྒྲིབ་པས་ཉེས་པར་འགྱུར་བ་དེ་ལྟ་བུའི་གནས་ཀྱང་མེད་མོད་ཀྱི། སེམས་ཅན་ལས་ཀྱི་རྣམ་པར་སྨིན་པ་རབ་ཏུ་སྟོར་བ་དག་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་པས་སེམས་ཅན་དེ་དག་ལ་ལས་ཀྱི་རྣམ་པར་སྨིན་པ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ལས་ཀྱི་རྒྱུད་སྟོན་ཏེ། ཆོས་ཀྱི་རྗེ་ང་ཉིད་ལའང་ལས་ཀྱི་རྣམ་པར་སྨིན་པ་འབྱུང་ན། ཁྱེད་ལྟ་ལ་ཅིའི་ཕྱིར་སྨིན་པར་མི་འགྱུར་ཞེས་དེ་དག་ལ་སྟོན་མོད་ཀྱི།་དེ་བཞིན་གཤེགས་པ་ལ་ནི། ལས་ཀྱི་སྒྲིབ་པ་ཅུང་ཟད་ཀྱང་མེད་དོ། །རིགས་ཀྱི་བུ། འདི་ལྟ་སྟེ། སློབ་དཔོན་ཡི་གེ་དང་ཕྱག་རྒྱ་བསླབས་པས་བྱིས་པ་ལ་བསྟན་པའི་ཕྱིར་བྱིས་པས་སློབ་ཏུ་གཞུག་པའི་ཚུལ་གྱིས་ཡི་གེའི་ཕྱི་མོ་ཀློག་མོད་ཀྱི། དེ་ལ་མི་ཤེས་པའང་མེད། ལས་ཀྱི་སྒྲིབ་པའང་མེད་དེ། ཅི་ནས་ཀྱང་བྱིས་པ་དག་བདག་ལས་ཐོས་ནས་སློབ་པར་འགྱུར་བར་ཡི་གེ་ཕྱི་མོ་ཀློག་གོ་།རིགས་ཀྱི་བུ། དེ་བཞིན་དུ་དེ་བཞིན་གཤེགས་པ་ནི། ཆོས་ཐམས་ཅད་ལ་ལས་ཀྱི་སྒྲིབ་པ་ཡོངས་སུ་དག་མོད་ཀྱི། ཅི་ནས་ཀྱང་སེམས་ཅན་གཞན་དག་ལས་ཡོངས་སུ་དག་པར་འགྱུར་བ་དེ་ལྟར་འཆད་དོ། །དེ་ལྟར་ཆོས་སྟོན་ཏོ། །རིགས་ཀྱི་བུ། འདི་ལྟ་སྟེ། ནད་ཐམས་ཅད་ཤིན་ཏུ་ཞི་བར་བྱ་བའི་ཕྱིར་ཤིན་ཏུ་བསླབས་པའི་ 93b སྨན་པ་ནི། ནད་མེད་ཅིང་སེམས་ཅན་ནད་པ་རྣམས་ཀྱི་མདུན་དུ་སྨན་ཚ་བ་དེ་དག་བཞག་ནས་དེ་དག་ནད་ལས་ཡོངས་སུ་ཐར་པར་བྱེད་དོ། །རིགས་ཀྱི་བུ། དེ་བཞིན་དུ་དེ་བཞིན་གཤེགས་པའང་སྨན་པའི་རྒྱལ་པོ་སྟེ། ནད་ཐམས་ཅད་ཡོངས་སུ་ཐར་ཅིང་སྒྲིབ་པ་མེད་པ་ཐོབ་ནས་ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་འདི་ཡིན་ནོ། །ཞེས་ལས་སྟོན་ཅིང ། ཇི་ལྟར་ན། སེམས་ཅན་ལས་ཀྱིས་འཇིགས་ཤིང་སྐྲག་པ་རྣམས་ལུས་དང ། ངག་དང ། ཡིད་ཡོངས་སུ་དག་པར་འགྱུར་ཞེས་ཆེད་དུ་ནང་སྟོན་ཏོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཚོང་དཔོན་གྱི་བུ་བྱུང་ནས་རིང་པོ་མ་ལོན་པ་དེ་ལ་ཕ་དང་མས་བྱིན་པའི་མ་མ་ཡོད་དེ། དེ་ནི། མ་མ་དེ་ཁྱེའུ་དེའི་འོ་མ་དག་པར་བྱ་བའི་ཕྱིར་ནད་མེད་བཞིན་དུ་ཚ་བ་དང ། ཁ་བའི་སྨན་དེ་དག་ཆེད་དུ་འཐུང་ངོ ། །རིགས་ཀྱི་བུ། འདི་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཕ་དེ་བཞིན་གཤེགས་པའང་ལས་ཀྱི་བྱ་བ་རབ་ཏུ་སྟོན་པའི་སེམས་ཅན་རྣམས་གཟིགས་ནས་ནད་མེད་པར་གྱུར་བཞིན་དུ་ང་ལས་ཆེ་གེ་མོ་ཞིག་བྱས་པ་དེའི་ལས་ཀྱི་རྣམ་པར་སྨིན་པ་འདི་ཡིན་ནོ། །ཞེས་ནད་སྟོན་ཅིང་དེ་དག་སེམས་ཅན་རྣམས་ཀྱིས་ཐོས་ནས་སྐྱེ་བ་ཐོབ་པར་འགྱུར་ཏེ། རིགས་ཀྱི་བུ། དེའང་ཐབས་མཁས་པར་ཤེས་པར་བྱའོ། །རིགས་ཀྱི་བུ། སྔོན་འདས་པའི་དུས་ན་ཚོང་པ་ནོར་འདོད་པའི་ཕྱིར་རྒྱ་མཚོ་མཆིང་རྣམ་ཆེན་པོར་ཞུགས་པ་ལྔ་བརྒྱ་ 94a ༄#། །ཙམ་ཡོད་དེ། ཡང་དེའི་ཚེ་ན་ལམ་གྲོགས་དེ་དག་གི་ནང་ན་མི་ལས་ངན་པ་ཅན། སྡིག་པའི་ལས་ཅན། མདའ་དང་མཚོན་ལ་བསླབས་པ། རྐུ་བ། ཕ་རོལ་གྱི་ནོར་འཕྲོག་པ་ཚོང་པའི་ཚུལ་དུ་འདུག་པ་ཞིག་ཡོད་དེ། ཤིན་ཏུ་བརྟུལ་བའི་ཕྱིར་གྲུ་དེར་ཞུགས་པར་གྱུར་ཏོ། །དེ་ནས་མི་གཡོ་ཅན་དེ་ནི། བདག་གིས་ཚོང་པ་འདི་ཐམས་ཅད་སྲོག་དང་ཕྲལ་ལ་ནོར་ཐམས་ཅད་ཁྱེར་ཏེ་ཛམྦུའི་གླིང་དུ་འགྲོའོ་སྙམ་དུ་སེམས་པར་གྱུར་ཏོ། །ཡང་དེའི་ཚེ་ན་ལམ་གྲོགས་ཀྱི་གྲུ་ན་འདུག་པ་དག་གི་ནང་ན་དེད་དཔོན་སྙིང་རྗེ་ཆེན་པོ་ཅན་ཞེས་བྱ་བ་ཞིག་ཡོད་དོ། །དེ་ནས་དེད་དཔོན་སྙིང་རྗེ་ཆེན་པོ་ཅན་དེ་གཉིད་ལོག་པའི་རྨི་ལམ་དུ་གང་རྒྱ་མཚོ་མཆིང་རྣམ་ཆེན་པོ་དེ་ན་ལྷ་འདུག་པ་དག་གིས་ལམ་གྲོགས་ཀྱི་གྲུ་འདི་ན་མི་མིང་འདི་ཞེས་བྱ་བ་འདི་ལྟ་བུ་སླུ་བར་བྱེད་པ་གཞན་གྱི་ནོར་འཕྲོག་པ་ཞིག་ཡོད་དེ། དེ་ནི། ཚོང་པ་འདི་ཐམས་ཅད་སྲོག་དང་ཕྲལ་ལ་ནོར་ཐམས་ཅད་ཁྱེར་ཏེ་ཛམྦུའི་གླིང་དུ་འགྲོའོ་སྙམ་དུ་སེམས་ཀྱི། དེ་བས་ན། མི་འདི་ནི། ཚོང་པ་འདི་དག་གསོད་པར་འགྱུར་རོ། །སྡིག་པའི་ལས་མི་བཟད་པ་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཚོང་པ་ལྔ་བརྒྱ་པོ་དེ་དག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པ། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཡིན་ཏེ། གལ་ཏེ་མི་དེས་བྱང་ 94b ཆུབ་སེམས་དཔའ་དེ་དག་བསད་དུ་ཟིན་ན། དེ་ལས་ཀྱི་སྒྲིབ་པའི་ཉེས་པ་འདིས་བྱང་ཆུབ་སེམས་དཔའ་རེ་རེའི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་རེ་རེའི་ཞིང་ཇི་སྲིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབས་པར་འགྱུར་བ་དེ་སྲིད་དུ་སེམས་ཅན་དམྱལ་བ་ཆེན་པོར་འཚོ་བར་འགྱུར་ཏེ། དེ་ལ་དེད་དཔོན་ཁྱོད་ཀྱིས་ཅི་ནས་ཀྱང་མི་འདིའང་དེ་ལྟར་སེམས་ཅན་དམྱལ་བར་མ་སོང་བ་དང ། དེ་དག་ཀྱང་བསད་པར་མི་འགྱུར་བ་དེ་འདྲ་བའི་ཐབས་སྨོས་ཤིག་ཅེས་རྨི་ལམ་དུ་བསྟན་ཏོ། །རིགས་ཀྱི་བུ། དེ་ནས་དེད་དཔོན་དེ་འདི་སྙམ་དུ་གྱུར་ཏེ། ཚོང་པ་འདི་དག་ཀྱང་མི་བསད་ལ། མི་འདིའང་སེམས་ཅན་དམྱལ་བར་མ་སོང་བར་བདག་གིས་བྱ་བའི་ཐབས་གང་ཡོད་ཅེས་སེམས་པར་གྱུར་ཅིང ། གཞན་ལའང་ཅུང་ཟད་ཀྱང་མི་སྨྲ་བ་ལས་ཞག་བདུན་རླུང་མ་ལངས་ནས་ཞག་བདུན་འདས་པ་དང ། དེ་འདི་སྙམ་དུ་གྱུར་ཏེ། མི་འདི་སྲོག་དང་བྲལ་བ་ལས་ཐབས་གཞན་མེད་དོ། །དེ་འདི་སྙམ་དུ་སེམས་ཏེ།་གལ་ཏེ་ཚོང་པ་ཐམས་ཅད་ལ་སྤྲན་ཀྱང་དེ་དག་ནི། མི་དགེ་བའི་སེམས་ཀྱིས་མི་བསད་ཅིང་དེ་དག་ཐམས་ཅད་ཀྱང་སེམས་ཅན་དམྱལ་བར་འགྱུར་དུ་འོང་ངོ་སྙམ་ནས་གལ་ཏེ་བདག་གིས་མི་འདི་སྲོག་དང་དབྲལ་ཏེ། དེའི་ཕྱིར་བདག་སེམས་ཅན་དམྱལ་བར་སྐྱེས་ཀྱང་བསྐལ་པ་བརྒྱ་སྟོང་དུ་ཕྱི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་བཟོད་ཀྱི། མི་འདིས་ཚོང་ 95a ༄#། །པ་འདི་དག་བསད་ནས་སྡིག་པ་འཕེལ་བར་མི་འགྱུར་བར་བྱའོ་སྙམ་དུ་སེམས་སོ། །རིགས་ཀྱི་བུ། འདི་ལྟ་སྟེ། དེད་དཔོན་སྙིང་རྗེ་ཆེན་པོ་ཅན་དེས་བྱང་ཆུབ་སེམས་དཔའ་དེ་དག་བསྲུང་བའི་ཕྱིར་སྙིང་རྗེ་ཆེན་པོ་དེ་དང ། ཐབས་མཁས་པ་དེས་ཆེད་དུ་བསམ་སྟེ་མི་དེ་མཚོན་ཤག་ཏིས་བསད་དོ། །ང་ནི། དེའི་ཚེ་དེད་དཔོན་སྙིང་རྗེ་ཆེན་པོ་ཅན་ཞེས་བྱ་བར་གྱུར་ཏེ། རིགས་ཀྱི་བུ། ངས་ནི། ཐབས་མཁས་པ་དེ་དང ། སྙིང་རྗེ་ཆེན་པོ་དེས་བསྐལ་པ་བརྒྱ་ཕྲག་སྟོང་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་བྱས་སོ། །མི་དེའང་ཤི་འཕོས་ནས་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས་སོ། །གང་ཚོང་པ་ལྔ་བརྒྱ་པོ་གྲུར་ཞུགས་པ་དེ་དག་ནི། ཕྱིས་བསྐལ་པ་བཟང་པོ་ལ་སངས་རྒྱས་ལྔ་བརྒྱ་འབྱུང་ངོ ། །རིགས་ཀྱི་བུ། ཇི་སྙམ་དུ་སེམས། གང་གིས་བསྐལ་པ་བརྒྱ་ཕྲག་སྟོང་དུ་ཐབས་མཁས་པའི་ཡེ་ཤེས་ཀྱིས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ལས་ཀྱི་སྒྲིབ་པ་ཅུང་ཟད་ཀྱང་ཡོད་དམ། རིགས་ཀྱི་བུ། ཁྱོད་དེ་ལྟར་མ་བལྟ་ཞིག། དེ་བཞིན་གཤེགས་པ་ནི། སེམས་ཅན་གྱི་ལས་ཀྱི་བྱ་བ་སྟོན་ཏོ། །གང་གི་ཚེ་ན་དེ་བཞིན་གཤེགས་པའི་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་པ་དེའང་སངས་རྒྱས་ཀྱི་མཐུ་ཡིན་པར་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ 95b རྫོགས་པའི་སངས་རྒྱས་ནི། རྡོ་རྗེའི་སྐུ་མི་ཚུགས་པའི་སྐུ་ཡིན་མོད་ཀྱི། རིགས་ཀྱི་བུ། མཉན་དུ་ཡོད་པའི་གྲོང་ཁྱེར་ཆེན་པོ་འདི་ཉིད་ན་སྐྱེས་བུ་སྲིད་པ་ཐ་མར་གྱུར་པ་ཉི་ཤུ་དང ། སྐྱེས་བུ་ཉི་ཤུ་པོ་དེ་དག་གི་དགྲ་བོ་སྐྱེས་བུ་ཉི་ཤུ་ཡོད་དེ། དེ་ནས་སྐྱེས་བུ་དགྲ་བོ་ཉི་ཤུ་པོ་དེ་དག་བདག་གི་གཡོས་དགྲ་བྱེད་པ་བདག་ཅག་ནི། མཛའ་བོ་ལྟར་བྱས་ཏེ་ཁྱིམ་དུ་སོང་ལ་སྲོག་དང་དབྲལ་ལོ་སྙམ་དུ་དེ་ལྟར་རྟོག་ཅིང་གཅིག་ལ་གཅིག་ཀྱང་མི་སྨྲའོ། །རིགས་ཀྱི་བུ། དེ་ནས་སྲིད་པ་ཐ་མར་གྱུར་པའི་སྐྱེས་བུ་ཉི་ཤུ་པོ་དང ། གང་སྐྱེས་བུ་དེ་དག་གསོད་པར་བྱེད་པ་རྣམས་སངས་རྒྱས་ཀྱི་མཐུས་དེ་དེ་བཞིན་གཤེགས་པ་དེ་ག་ལ་བ་དེར་དོང་ངོ ། །རིགས་ཀྱི་བུ། དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྐྱེས་བུ་བཞི་བཅུ་པོ་དེ་དག་གདུལ་བའི་དབང་དུ་བྱ་བ་དང ། དེའི་ཚེ་འགྲོ་བ་མང་པོའང་གདུལ་བའི་དབང་དུ་བྱ་བའི་ཕྱིར་མཽངྒལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽངྒལ་གྱི་བུ། འདི་ནས་ས་ཆེན་པོ་ལས་སེང་ལྡེང་གི་ཚལ་པ་འབྱུང་སྟེ། འདི་ནི། དེ་བཞིན་གཤེགས་པའི་ཞབས་གཡས་པ་ལ་ཟུག་པར་འགྱུར་རོ། །དེ་བཞིན་གཤེགས་པས་དེ་སྐད་ཀྱི་ཚིག་གསུངས་ནས་རིང་པོར་མ་ལོན་པར་དེ་ནས་དེའི་མོད་ལས་ཆེན་པོ་ལས་སེང་ལྡེང་གི་ཚལ་པ་མཐོ་གང་ཙམ་བྱུང་ངོ ། །དེ་ནས་དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས། 96a ༄#། །བདག་གིས་སེང་ལྡེང་གི་ཚལ་པ་འདི་འཇིག་རྟེན་གྱི་ཁམས་གཞན་དུ་དོར་རོ། །ཞེས་དེ་སྐད་གསོལ་པ་དང ། ངས་དེ་ལ་མཽངྒལ་གྱི་བུ་།ཁྱོད་ཀྱིས་མི་ནུས་སོ། ། ཞེས་དེ་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། དེ་ནས་གནས་བརྟན་མཽངྒལ་གྱི་བུ་ཆེན་པོས་ཅི་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རབ་ཏུ་གཡོས་པར་འགྱུར་བ་དང ། གྱེན་དུ་འཕགས་པར་འགྱུར་བ་དེ་འདྲ་བའི་ཤུགས་ཀྱིས་སེང་ལྡེང་གི་ཚལ་པ་བཟུང་ཡང་སེང་ལྡེང་གི་ཚལ་པ་ནི། སྐྲའི་རྩེ་མོའི་ཆ་ཤས་ཙམ་ཡང་མ་འཕགས་སོ། ། དེ་ནས་དེ་བཞིན་གཤེགས་པ་ཚངས་པའི་འཇིག་རྟེན་དུ་མངོན་པར་འཕགས་པ་དང ། སེང་ལྡེང་གི་ཚལ་པའང་ཚངས་པའི་འཇིག་རྟེན་དུ་མངོན་པར་འཕགས་སོ། །དེ་ནས་དེ་བཞིན་གཤེགས་པ་གདན་ལ་བཞུགས་པ་དང ། སེང་ལྡེང་གི་ཚལ་པའང་སྔ་མཁོ་བཞིན་དུ་འདུག་གོ་།དེ་བཞིན་དུ་རྒྱ་མཚོ་མཆིང་རྣམ་གྱི་དབུས་སུ་བཞུགས་པ་དང ། སེང་ལྡེང་གི་ཚལ་པའང་དེ་ན་འདུག་གོ་།ཡང་དེ་བཞིན་གཤེགས་པ་རིའི་བྲག་ཕུག་ཏུ་གཤེགས་པ་དང་དེ་ནའང་སེང་ལྡེང་གི་ཚལ་པ་འདུག་གོ་།དེ་ནས་དེ་བཞིན་གཤེགས་པ་གདན་ལ་བཞུགས་པ་དང ། སེང་ལྡེང་གི་ཚལ་པའང་སྔ་མཁོ་བཞིན་དུ་འདུག་ནས་དེ་བཞིན་གཤེགས་པས་ཕྱག་གཡས་པས་ཞབས་གཡས་པ་བཟུང་སྟེ་སེང་ལྡེང་གི་ 96b ཚལ་པའི་སྟེང་དུ་བཞག་གོ། དེ་ནས་ང་ལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པས་སྔོན་འཕྲིན་ལས་གང་བགྱིས་ན། དེའི་རྣམ་པར་སྨིན་པ་འདི་ལགས། ངས་དེ་ལ་དགའ་བོ། སྔོན་ང་རྒྱ་མཚོ་ཆིང་རྣམ་ཆེན་པོར་སོང་བ་ན་མཚོན་ཤག་ཏིས་ཚོང་པ་བསད་པ་དེའི་ལས་ཀྱི་རྣམ་པར་སྨིན་པའི་ལྷག་མ་འདི་ཡིན་ནོ། །ཞེས་དེ་སྐད་ཅེས་སྨྲས་སོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་གསུངས་སོ། །གང་དུ་གནས་ཀྱང་ལས་རྣམས་མི་འབྱུང་བ། །དེ་ལྟ་བུ་ཡི་ས་ཕྱོགས་ཡོང་མེད་དེ། །བར་སྣང་མ་ཡིན་རྒྱ་མཚོའི་དབུས་མ་ཡིན། །རི་ཡི་བྲག་ཏུ་ཞུགས་ཀྱང་མ་ཡིན་ནོ། །རིགས་ཀྱི་བུ། དེ་ནས་མི་ཉི་ཤུ་པོ་དེ་དག་འདི་སྙམ་དུ་གྱུར་ཏེ། དེ་བཞིན་གཤེགས་པ་ཆོས་ཀྱི་རྗེ་ལའང་རྣམ་པར་སྨིན་པར་འགྱུར་ན། བདག་ཅག་ལྟ་ཅིའི་ཕྱིར་རྣམ་པར་སྨིན་པར་མི་འགྱུར་སྙམ་ནས་དེ་ནས་དེའི་ཚེ་དེ་བཞིན་གཤེགས་པའི་སྤྱན་སྔར་བཅོམ་ལྡན་འདས། བདག་ཅག་གིས་གདོན་མི་འཚལ་བར་སྲོག་བཅད་པར་བགྱིས་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་ནོངས་པ་བཤགས་སོ། །ཞེས་ཉེས་པ་བཤགས་པ་དང ། ཅི་ནས་ཀྱང་སྐྱེས་བུ་བཞི་བཅུ་པོ་དེ་དག་ཡེ་ཤེས་རྟོགས་པར་འགྱུར་བ་དང ། སྲོག་ཆགས་སུམ་ཁྲི་ཉིས་སྟོང་རྡུལ་མེད་ཅིང་དྲི་མ་དང་བྲལ་བའི་ཆོས་ལ་ཆོས་ཀྱི་མིག་རྣམ་ 97a ༄#། །པར་དག་པར་འགྱུར་བ་དང ། ལས་ཟད་པར་བྱ་བའི་ཕྱིར་ལས་ལས་བརྩམས་ནས་དེ་ལྟར་དེ་བཞིན་གཤེགས་པས་ཆོས་བཤད་དོ། །རྒྱུ་དེ་དང་རྐྱེན་དེའི་ཕྱིར་དེ་བཞིན་གཤེགས་པའི་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་སྟེ། དེའང་དེ་བཞིན་གཤེགས་པའི་ཐབས་མཁས་པ་ཡིན་གྱི། ལས་ཀྱི་སྒྲིབ་པ་མ་ཡིན་ནོ། །ཅིའི་ཕྱིར་ན། དེ་བཞིན་གཤེགས་པ་ནད་དང་བྲལ་བ་སྨན་པ་འཚོ་བྱེད་ཀྱི་དྲུང་དུ་མེ་ཏོག་ཨུཏྤ་ལའི་བཀྲུ་སྨན་ལ་སྣོམ་པར་མཛད་ཅེ་ན། དེའི་ཚེ་ན་སོ་སོར་ཐར་པ་བཅས་ནས་རིང་པོ་མ་ལོན་པར་དགེ་སློང་སོ་སོའི་སྐྱེ་བོ་སྲིད་པ་ཐ་མར་གྱུར་པ་ལྔ་བརྒྱ་ནགས་སྟུག་པོ་ཞིག་ན་འཁོད་པ་ལས་དེ་དག་སྨན་ཁུ་བ་ཕྱུང་བས་ཞི་བར་བྱ་མི་ནུས་པ་དེ་འདྲ་བའི་ནད་ཀྱིས་བཏབ་པར་གྱུར་ནས་དེ་དག་དེ་བཞིན་གཤེགས་པ་ལ་གུས་པས་སྨན་གཞན་ཡང་མི་ཚོལ་ལོ། །རིགས་ཀྱི་བུ། དེ་ནས་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་པར་གྱུར་ཏེ། ངས་ཀྱང་མ་གནང་ལ་དགེ་སློང་དེ་དག་ཀྱང་སྨན་གཞན་ཚོལ་བར་འགྱུར་བ་དེ་ལྟ་བུའི་ཐབས་ཅི་ཡོད་སྙམ་མོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་དེ་བཞིན་གཤེགས་པས་གནང་དུ་ཟིན་ན་ནི། དེའི་ཕྱིར་དུས་ཕྱི་མ་ལ་འཕགས་པའི་རིགས་ཉམས་པར་འགྱུར་རོ། །དེ་བས་ན། དེ་བཞིན་གཤེགས་པ་ཐབས་མཁས་པས་སྨན་པ་འཚོ་བྱེད་ཀྱི་དྲུང་དུ་མེ་ཏོག་ 97b ུཏྤ་ལའི་བཀྲུ་སྨན་ལ་མནམས་པ་དང ། དེ་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་དགེ་སློང་དག་ལ་སྦྲན་ཏེ། ཚེ་དང་ལྡན་པ་དག་།འཆི་བའི་དུས་མ་བྱེད་པར་སྨན་གཞན་ཚོལ་ཅིག་ཅེས་བྱས་པ་དང ། དགེ་སློང་དེ་དག་གིས་བདག་ཅག་ནི། དེ་བཞིན་གཤེགས་པའི་བསླབ་པ་ལས་འདའ་བར་མི་ནུས་ཀྱི། གུམ་པར་གྱུར་ཀྱང་རུང་གི། དེ་བཞིན་གཤེགས་པའི་བསླབ་པ་ལས་འདའ་བར་མི་ནུས་སོ། །ཞེས་སྨྲས་སོ། །དེ་ནས་གནས་གཙང་མའི་རིགས་ཀྱི་ལྷའི་བུ་དེ་དག་གིས་དགེ་སློང་དེ་དག་ལ་དེ་བཞིན་གཤེགས་པ་ཆོས་ཀྱི་རྗེ་དེ་ཉིད་ཀྱིས་ཀྱང་སྨན་ཁུ་བ་ཕྱུང་བ་མ་གཏོགས་པར་སྨན་གཞན་བཙལ་ན། ཁྱེད་ཅིའི་ཕྱིར་ཚོལ་བར་མི་སེམས། ཚེ་དང་ལྡན་པ་དག། སྨན་གཞན་དག་ཚོལ་ཅིག་ཅེས་དེ་སྐད་ཅེས་སྨྲས་སོ། །དེ་ནས་དགེ་སློང་ལྔ་བརྒྱ་པོ་དེ་དག་གིས་འགྱོད་པ་མེད་པར་གྱུར་ཏེ། སྨན་གཞན་བཙལ་བ་དང ། དེ་དག་ནད་དེ་ལས་ཡོངས་སུ་ཐར་པར་གྱུར་ཏེ། རིགས་ཀྱི་བུ། གལ་ཏེ་དེ་བཞིན་གཤེགས་པས་སྨན་གཞན་མ་བཏང་དུ་ཟིན་ན། གང་དགེ་སློང་དེ་དག་སྨན་གཞན་ཚོལ་བར་འགྱུར་བའི་གནས་མེད་སྐབས་མེད་དོ། །ནད་དེ་ལས་ཡོངས་སུ་ཐར་པར་འགྱུར་བའམ། དགྲ་བཅོམ་པར་འགྱུར་བ་དེ་ལྟ་བུའི་གནས་ཀྱང་མེད་དོ། །ཅིའི་ཕྱིར་ན། དེ་བཞིན་གཤེགས་པ་བསོད་ནམས་ཐམས་ཅད་ཡང་དག་པར་འཕགས་པ་བསོ་ 98a ༄#། །སྙོམས་ཀྱི་ཕྱིར་གྲོང་དུ་ཞུགས་པ་ལས་ལྷུང་བཟེད་ཇི་ལྟར་བཀྲུས་པ་བཞིན་དུ་སླར་བྱུང་ཞེ་ན། དེ་བཞིན་གཤེགས་པ་ལ་ལས་ཀྱི་སྒྲིབ་པ་ནི། མེད་མོད་ཀྱི། དེ་བཞིན་གཤེགས་པས་ཕྱི་མའི་འགྲོ་བ་དག་བསྲུང་བའི་ཕྱིར་ཏེ། དགེ་སློང་གང་ལ་ལ་ཞིག་གྲོང་དང ། གྲོང་རྡལ་དང ། ཕོ་བྲང་དང ། གང་རྒྱལ་པོའི་ཕོ་བྲང་འཁོར་དུ་སོང་བ་ལས་བདག་གི་བསོད་ནམས་ཆུང་བས་བསོད་སྙོམས་མ་རྙེད་ན། དེའི་ཚེ་དེ་དག་དེ་བཞིན་གཤེགས་པ་བསོད་ནམས་ཀྱི་ཚོགས་བསགས་པ་ཉིད་ཀྱང་ལྷུང་བཟེད་ཇི་ལྟར་བཀྲུས་པ་བཞིན་དུ་སླར་བྱུང་ན། བདག་ཅག་དགེ་བའི་རྩ་བ་ཆུང་ཆུ་དང་ལྡན་པ་ལྟ་ཅི་སྨོས་ཏེ། བསོད་སྙོམས་མ་རྙེད་པའི་ཕྱིར་ཡོངས་སུ་གདུང་བར་མི་བྱའོ། །ཞེས་དེ་བཞིན་གཤེགས་པ་ཡིད་ལ་བྱེད་པར་འགྱུར་བའི་དོན་དེ་གཟིགས་ནས་དེ་བཞིན་གཤེགས་པ་གྲོང་དུ་གཤེགས་ནས་ལྷུང་བཟེད་ཇི་ལྟར་བཀྲུས་པ་བཞིན་དུ་བྱུང་ངོ ། །ཡང་བདུད་སྡིག་ཅན་གྱིས་བྲམ་ཟེ་དང ། ཁྱིམ་བདག་ཅི་ནས་ཀྱང་བསོད་སྙོམས་མི་སྟེར་བར་བྱིན་གྱིས་བརླབས་སོ། །ཞེས་བྱ་བའང་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། བདུད་ནི། དེ་བཞིན་གཤེགས་པ་ལ་བསོད་སྙོམས་ཀྱི་བར་ཆད་བྱེད་མི་ནུས་མོད་ཀྱི། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བདུད་ཀྱིས་བྲམ་ཟེ་དང ། ཁྱིམ་བདག་ཕྱོགས་སུ་བྱིན་གྱིས་བརླབས་ཀྱི། དེ་བཞིན་གཤེགས་ 98b པ་ལ་ནི།་ལས་ཀྱི་སྒྲིབ་པ་ཅུང་ཟད་ཀྱང་མེད་དེ། སེམས་ཅན་དེ་དག་ཡོངས་སུ་སྨིན་པར་རུང་བའི་ཕྱིར་ཐབས་མཁས་པ་སྟོན་ཏོ། །དེ་ལ་དེ་བཞིན་གཤེགས་པ་བཤོས་བཅད་པ་དང ། བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་དང ། ལྷ་གཞན་དག་དགེ་སྦྱོང་གཽ་ཏ་མའམ། དེའི་ཉན་ཐོས་དག་ཡིད་མི་བདེ་བར་མི་གནས་གྲང་ཞེས་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པའི་སེམས་ལ་རྟོག་སྟེ། དེ་དག་ཉིན་མཚན་དུ་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པའི་སེམས་ལ་བརྟགས་ཀྱང་སེམས་ཀྱི་གནས་གཅིག་ཀྱང་ཡིད་མི་བདེ་བར་མ་མཐོང་སྟེ། མ་ཁེངས་མ་དུད་ཅིང་སྔོན་ཇི་ལྟ་བ་ཕྱིས་ཀྱང་དེ་བཞིན། ཕྱིས་ཇི་ལྟ་བ་སྔོན་ཡང་དེ་བཞིན་ནོ། །དེ་ནས་དེའི་ཚེ་ལྷའི་བུ་བདུན་ཁྲི་སེམས་དད་ནས་དེ་བཞིན་གཤེགས་པ་ལ་ཕྱག་བཙལ་བ་དང ། དེ་བཞིན་གཤེགས་པས་ཅི་ནས་ཀྱང་དེ་དག་ཐམས་ཅད་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པའི་ཆོས་བཤད་དེ། དེའང་དེ་བཞིན་གཤེགས་པའི་ཐབས་མཁས་པ་ཡིན་གྱི། ལས་ཀྱི་སྒྲིབ་པ་ནི། མ་ཡིན་པར་ཤེས་པར་བྱའོ། །ཅིའི་ཕྱིར་ན། བུ་མོ་ཙན་ཙས་ཤིང་གི་གཞོང་པ་ལྟོ་བ་ལ་བཅིངས་ནས་སྐུར་པ་ནི།་དེ་བཞིན་གཤེགས་པ་ལ་ལས་ཀྱི་སྒྲིབ་པའི་ཉེས་པ་གང་ཡང་མེད་ལ། དེ་བཞིན་གཤེགས་པའི་བུ་མོ་ཙན་ཙ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་འཕང་ཡང་ 99a ༄#། །ནུས་མོད་ཀྱི། དེ་བཞིན་གཤེགས་པའི་ཐབས་མཁས་པས་ལས་ཀྱི་བྱེད་པ་སྟོན་ཏོ། །བསྟན་པ་འདི་ལ་རབ་ཏུ་བྱུང་བ་སྐུར་པ་བཏབ་པ་དག་འབྱུང་སྟེ། དེ་དག་མི་བདེན་པར་སྐུར་པར་འགྱུར་རོ། །དེ་དག་འགྱོད་པ་ཙམ་དུ་གྱུར་ཏེ་སྐུར་པ་དང ། དེ་བཞིན་གཤེགས་པ་ཆོས་དཀར་པོ་ཐམས་ཅད་དང་ལྡན་པ་དེ་ལའང་མངོན་སུམ་དུ་སྐུར་པ་འབྱུང་ན། བདག་ཅག་ལྟ་ཅིའི་ཕྱིར་མི་འབྱུང་ཞེས་སྨྲ་ཞིང ། དེ་དག་དེའི་ཚེ་སྐུར་པ་ཟིལ་གྱིས་མནན་ནས་ཡོངས་སུ་དག་པ་ཡོངས་སུ་དཀར་བའི་ཚངས་པར་སྤྱོད་པ་སྤྱད་པར་འགྱུར་གྱི། འབྲི་བར་ནི། མི་འགྱུར་རོ། །བུ་མོ་ཙན་ཙ་ནི། སྡིག་པའི་ལས་ཀྱིས་གཡོགས་ནས་རྨི་ལམ་ནའང་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་དེ་ཤི་འཕོས་མ་ཐག་ཏུ་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །དེ་སྟེ་དེ་བཞིན་གཤེགས་པས་དེ་སྲུང་ནུས་པར་མཁྱེན་ན་ནི། དེ་བསྲུངས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ནི། སེམས་ཅན་གང་ཡང་ཡོངས་སུ་བཏང་བ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ན། མཛེས་མ་ཀུན་ཏུ་རྒྱུ་བ་སྲོག་དང་བྲལ་ནས་ཛེ་ཏའི་ཚལ་དུ་སྦས་ན་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པས་ཀྱང་གཡེལ་བར་ཕོར་ཞེ་ན། དེ་བཞིན་གཤེགས་པ་ནི། ཐོགས་པ་མེད་པའི་ཡེ་ཤེས་དང་ལྡན་པས་དེ་འདྲ་བར་འགྱུར་བར་ཡང་མཁྱེན་ 99b ལ་དེ་བཞིན་གཤེགས་པས་ཅི་ནས་ཀྱང་མཛེས་མ་ཀུན་ཏུ་རྒྱུ་བ་མཚོན་གྱིས་མི་ཟུག་པ་དང ། གཞན་དུ་འཕང་བར་བྱ་བ་དེ་ལྟ་བུའི་རྫུ་འཕྲུལ་བྱིན་གྱིས་བརླབས་ཀྱང་ནུས་མོས་ཀྱི། དེ་བཞིན་གཤེགས་པ་མཛེས་མ་ཀུན་ཏུ་རྒྱུ་ཚེ་ཟད་པས་དེ་ངེས་པར་འཆི་དགོས་ལ། རྣམ་གྲངས་དེས་ཀྱང་མུ་སྟེགས་ཅན་གཞན་དག་རང་གིས་ཉེས་པས་ཤིན་ཏུ་ཚར་གཅོད་པར་འགྱུར་པར་མཁྱེན་ཏེ། ཆོས་དཀར་པོ་རྣམས་འཕེལ་བར་བྱ་བའི་ཕྱིར་གང་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་དེ་ནི། སངས་རྒྱས་ཀྱི་ཡེ་ཤེས་སོ། །དེ་བས་ན། དེ་བཞིན་གཤེགས་པ་ཞག་བདུན་དུ་གྲོང་དུ་མ་གཤེགས་ཏེ། ལྷ་བྱེ་བ་ཕྲག་དྲུག་ཅུའང་བཏུལ་ལོ། །ཞག་བདུན་པོ་དེ་འདས་ནས་འཁོར་བཞི་བཅོམ་ལྡན་འདས་ཀྱི་དྲུང་དུ་ལྷགས་ནས་དེ་བཞིན་གཤེགས་པས་ཅི་ནས་ཀྱང་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་གིས་ཡེ་ཤེས་རྟོགས་པར་འགྱུར་བ་དེ་ལྟ་དེ་ལྟར་དེ་དག་ལ་ཆོས་བཤད་དོ། །ཅིའི་ཕྱིར་ན། དེ་བཞིན་གཤེགས་པས་ཟླ་བ་གསུམ་རྟའི་ཆས་ཀྱི་ནས་གསོལ་ཅེ་ན། དེ་བཞིན་གཤེགས་པས་བྲམ་ཟེ་དང ། ཁྱིམ་བདག་འདི་དག་ང་སྤྱན་དྲངས་ནས་མི་སེམས་པར་འགྱུར་རོ་སྙམ་དུའང་མཁྱེན་མོད་ཀྱི། དེ་བཞིན་གཤེགས་པས་མཁྱེན་བཞིན་དུ་དེར་ཚུལ་དུ་བཞུགས་སོ། །ཅིའི་ཕྱིར་ན། གང་རྟ་ལྔ་བརྒྱ་པོ་དེ་དག་གི་ཆས་ལ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་ 100a ༄#། །འདུན་དང་བཅས་པས་ཟླ་བ་གསུམ་དུ་གསོལ་ཏེ། རྟ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གནས་པ་སྔོན་གྱི་རྒྱལ་པ་ལ་བསྙེན་བཀུར་བྱས་པ་ཡིན་ནོ། དེ་དག་སྡིག་པའི་གྲོགས་པའོ་དབང་དུ་སོང་བས་སྡིག་པའི་ལས་བྱས་ཏེ། དེའི་ཕྱིར་བྱོལ་སོང་གི་སྐྱེ་གནས་སུ་སྐྱེས་སོ། །རྟ་ལྔ་བརྒྱ་པོ་དེ་དག་གི་ནང་ན་རྟ་ཅང་ཤེས་དེ་ནི། བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོ་ཞེས་བྱ་བ་ཡིན་ཏེ། སྨོན་ལམ་གྱི་དབང་གིས་ཆེད་དུ་དེར་སྐྱེས་ནས་བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོ་དེས་རྟ་ལྔ་བརྒྱ་པོ་དེ་དག་བྱང་ཆུབ་ལ་བཀོད་དེ། དེ་དག་ཡོངས་སུ་\?\་པར་བྱ་བའི་ཕྱིར་དེར་སྐྱེས་སོ། །རྟ་ཅང་ཤེས་དེའི་མཐུས་རྟ་ལྔ་བརྒྱ་པོ་དེ་དག་ཐམས་ཅད་སྔོན་གྱི་ཚེ་རབས་དྲན་ཏེ། དེའི་ཕྱིར་དེ་དག་བྱང་ཆུབ་ཏུ་མངོན་པར་གྱུར་ཏོ། །རིགས་ཀྱི་བུ། དེ་ལྟ་བས་ན། རྟ་ལྔ་བརྒྱ་པོ་དེ་དག་ལ་ཐུགས་བརྩེ་བའི་ཕྱིར་དེ་བཞིན་གཤེགས་པ་དེར་ཚུལ་དུ་ཞུགས་ཏེ། དེ་ལ་རྟ་ཅང་ཤེས་ཀྱི་ཆས་དེ་ལས་ཕྱེད་ནི། དེ་བཞིན་གཤེགས་པ་ལ་འབུལ་ལོ། །གང་རྟ་ལྔ་བརྒྱ་པོའི་ཆས་དེ་ལས་ཕྱེད་ནི། དགེ་སློང་ལྔ་བརྒྱ་པོ་ལ་འབུལ་ཏེ། རྟ་ཅང་ཤེས་དེའང་རྟ་ལྔ་བརྒྱ་པོ་དེ་དག་ལ་རྟའི་སྐད་ཀྱིས་ཉེས་པ་འཆགས་སུ་འཇུག་ཅིང་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ལ་ཕྱག་འཚལ་དུ་འཇུག་སྟེ། དེ་ལྟར་ཟླ་བ་ 100b གསུམ་འདས་ནས་རྟ་ལྔ་བརྒྱ་པོ་དེ་དག་འཆི་བའི་དུས་བྱས་ཤིང་ཤི་འཕོས་མ་ཐག་ཏུ་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་སོ། །ཡང་དེ་དག་ལྷར་གྱུར་པས་དེ་བཞིན་གཤེགས་པ་ལ་མཆོད་ནས་དེ་བཞིན་གཤེགས་པས་ནི། ཅི་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གདོན་མི་ཟ་བར་འགྱུར་པ་དེ་ལྟར་ཆོས་བཤད་དོ། །གང་རྟ་ལྔ་བརྒྱ་པོ་དེ་དག་འདུལ་ཞིང་འཚོ་བར་གྱུར་པ་དེའང་དེ་བཞིན་གཤེགས་པས་སེམས་ཤིན་ཏུ་དུལ་བ་ཞེས་བྱ་བའི་རང་སངས་རྒྱས་སུ་ལུང་བསྟན་ཏོ། །ཡང་རིགས་ཀྱི་བུ། དེ་བཞིན་གཤེགས་པའི་ཞལ་ཟས་ནི། མཆོག་ཏུ་མི་འགྱུར་བཅུད་ཟད་ཀྱང་མེད་དེ། རིགས་ཀྱི་བུ། གལ་ཏེ་བོང་བ་དང ། གསེག་མ་དང ། གྱོ་མོ་གསོལ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་དེ་འདྲ་བ་\?\་རོ་བྲོ་བ་མཆོག་མེད་དེ། གང་བོང་བ་དང ། གསེག་མ་དང ། གྱོ་མོ་ལས་གྱུར་པ་དེ་འདྲ་བར་རོའི་མཆོག་ཏུ་འགྱུར་བ་དེ་ལྟ་བུའང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེས་ན་རོ་བྲོ་བའི་མཆོག་ཅེས་བྱ་བའི་སྐྱེས་བུ་ཆེན་པོའི་མཚན་ཐོབ་པའི་ཕྱིར་རོ། །རིགས་ཀྱི་བུ། རྣམ་གྲངས་དེས་ཀྱང་དེ་བཞིན་གཤེགས་པའི་ཞལ་ཟས་ཐམས་ཅད་མཆོག་ཡིན་པར་ཤེས་པར་བྱའོ། །རིགས་ཀྱི་བུ། གནས་བརྟན་དགའ་བོས་དེ་བཞིན་གཤེགས་པ་ནི། འཁོར་ལོས་བསྒྱུར་བའི་མིང་བོར་ཏེ་ནས་ 101a ༄#། །གསོལ་བར་གྱུར་ཏོ། །ཞེས་སྙིང་རྗེ་བར་གྱུར་པ་དང ། དེ་བཞིན་གཤེགས་པས་དེའི་སེམས་ལ་བརྟགས་ནས་ནས་ཀྱི་འབྲུམ་བུ་གཅིག་བྱིན་ཏེ། དགའ་པོ།་འདི་ཅིའི་རོ་ཤེས་སམ་ཞེས་བྱས་པ་དང ། དེས་ཟོས་ནས་ངོ་མཚར་ཐོབ་པར་གྱུར་ཏེ། དེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ནི། རྒྱལ་པོའི་ཕོ་བྲང་དུ་སྐྱེས། རྒྱལ་པོའི་ཕོ་བྲང་དུ་སྐྱེས་ན་འདི་ལྟ་བུའི་རོ་མཆོག་སྔོན་འཚལ་མ་མྱོང་ངོ ། །ཞེས་ཚེ་དང་ལྡན་པ་དགའ་བོ་དེའི་མཐུས་དགའ་ཞིང་བདེ་སྟེ་ཟས་མེད་པར་ཉི་མ་བདུན་འདས་སོ། །རིགས་ཀྱི་བུ། ཁྱོད་ཀྱིས་རྣམ་གྲངས་དེས་ཀྱང་དེ་བཞིན་གཤེགས་པ་ལ་ནི། གང་ནའང་ལས་ཀྱི་སྒྲིབ་པ་མེད་པར་ཤེས་པར་བྱ་སྟེ། ཡང་སེམས་ཅན་གང་ཚུལ་ཁྲིམས་དང་ལྡན་པའི་དགེ་སྦྱོང་དག་མགྲོན་དུ་གཉེར་ནས་སྦྱིན་པར་མི་བྱེད་པའི་སེམས་ཅན་དག་ཇི་ལྟར་སྨྲས་པ་དེ་བཞིན་དུ་བྱེད་པར་བསྟན་པའི་ཕྱིར་ལས་ཀྱི་རྒྱུད་འདི་དག་བསྟན་ཏོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའི་ཁྱད་པར་ལ་ལྟོས། གང་གིས་དེ་བཞིན་གཤེགས་པ་སྤྱན་དྲངས་ཏེ་མ་ཕུལ་བ་དེའང་ལྟུང་བའི་ཆོས་མེད་པར་ལུང་བསྟན་ཏོ། །རིགས་ཀྱི་བུ། ཡང་དེ་བཞིན་གཤེགས་པ་དང་ལྷན་ཅིག་ཏུ་ཚུལ་དུ་ཞུགས་པའི་དགེ་སློང་ལྔ་བརྒྱ་པོ་དེ་དག་ལས་དགེ་སློང་བཞི་བཅུ་འདོད་ཆགས་ 101b སྤྱོད་ཅིང་སྡུག་གུའི་མཚན་མ་ལ་སྤྱོད་པར་གྱུར་ཏེ། གལ་ཏེ་དེ་དག་ཟས་ཀྱི་མཆོག་ཟོས་པར་གྱུར་ན། དེ་དག་ཤིན་ཏུ་འདོད་ཆགས་དང་ལྡན་པའི་རྟོག་པ་སྐྱེ་བར་འགྱུར་བ་ལས་དེ་དག་ཟས་ངན་པའི་ཕྱིར་རྟོག་པ་དེ་སྲབ་མོར་གྱུར་ཏེ། དེ་དག་གིས་ཞག་བདུན་གྱིས་དགྲ་བཅོམ་པ་ཐོབ་པར་གྱུར་ཏོ། །ཅིའི་ཕྱིར་ན། དེ་བཞིན་གཤེགས་པ་ང་རོ་རྒྱབ་ན་བས་འོད་སྲུང་བྱང་ཆུབ་ཀྱི་ཡན་ལག་ཤོད་ཅིག་ཅེས་གསུང་ཞེ་ན། རིགས་ཀྱི་བུ། དེ་ལྟར་ལྷའི་བུ་ཉན་ཐོས་ཀྱི་ཐེག་པ་ལ་གནས་པ་བརྒྱ་སྟོང་ལྷགས་པར་གྱུར་ལ། དེ་དག་ཀྱང་སྔོན་འོད་སྲུང་གིས་སངས་རྒྱས་དང ། ཆོས་དང ། དགེ་འདུན་དང ། བག་བྱེད་པ་ལ་བཀོད་པར་གྱུར་ཅིང་ལྷའི་བུ་དེ་དག་གིས་བྱང་ཆུབ་ཀྱི་ཡན་ལག་གི་གཏམ་ཕྱི་ཕྱིར་ཞིང་ཐོས་པས་གལ་ཏེ་འོད་སྲུང་མ་གཏོགས་པར་ལྷའི་བུ་དེ་དག་ལ་སངས་རྒྱས་སྟོང་གིས་ཆོས་བཤད་ཀྱང་ཤེས་པར་འགྱུར་བའམ། ཤེས་པ་འཛིན་པ་མེད་ནས་འོད་སྲུང་གིས་བྱང་ཆུབ་ཀྱི་ཡན་ལག་རབ་ཏུ་དབྱེ་བ་རྒྱས་པར་བཤད་པ་དང ། ལྷའི་བུ་བརྒྱ་སྟོང་པོ་དེ་དག་གིས་ཀྱང་ཡེ་ཤེས་རྟོགས་པར་གྱུར། སེམས་ཅན་གང་ན་སྟེ་ཆོས་མི་ཉན་ཅིང་ཆོས་ཉན་པར་མི་འགོར་བའི་སེམས་ཅན་དེ་དག་ཀྱང་དེ་བཞིན་གཤེགས་པ་ཆོས་ཀྱི་རྗེའང་བྱང་ཆུབ་ཀྱི་ཡན་ལག་བརྗོད་པ་གསན་ནས་ནད་ལས་ཡོངས་སུ་ཐར་ན། བདག་ཅག་གིས་ལྟ་ཅིའི་ཕྱིར་ཆོས་མཉན་པར་ 102a ༄#། །མི་བྱ་སྙམ་དུ་སེམས་པར་གྱུར་ཏེ། རིགས་ཀྱི་བུ། དེ་ལྟ་བས་ན། ལྷའི་བུ་དེ་དག་གདུལ་བའི་དོན་དུ་བྱ་བ་དང ། སེམས་ཅན་ནད་པ་དག་ལ་ཆོས་ཉིད་བསྟན་པའི་ཕྱིར་དེ་བཞིན་གཤེགས་པས་ང་རོ་རྒྱབ་ན་བས་འོད་སྲུང་བྱང་ཆུབ་ཀྱི་ཡན་ལག་ཤོད་ཅིག་ཅེས་དེ་སྐད་ཀྱི་ཚིག་གསུངས་ཏེ། དེའང་དེ་བཞིན་གཤེགས་པའི་ཐབས་མཁས་པ་ཡིན་གྱི། ལས་ཀྱི་སྒྲིབ་པ་ནི། མ་ཡིན་ནོ། །ཅིའི་ཕྱིར་ན། ཤཱཀྱ་རྣམས་བརླག་པ་ན་དེ་བཞིན་གཤེགས་པ་ང་ཀླད་པ་ན་སྟེ་མི་བཟོད་དོ། །ཞེས་གསུངས་ཤེ་ན། རིགས་ཀྱི་བུ།་འདི་ལ་སེམས་ཅན་ཁ་ཅིག་དེ་བཞིན་གཤེགས་པ་ནི། གཉེན་རྣམས་ཀྱི་དོན་མི་བཞེད། ཕན་པར་མི་བཞེད། བདེ་བར་མི་བཞེད། ཕན་པ་དང་བདེ་བར་མི་བཞེད་པས་དེའི་ཕྱིར་རྒྱལ་པོའི་རིགས་ཐམས་ཅད་ཁ་བཏག་གོ་སྙམ་དུ་སེམས་ཀྱི། དེ་བཞིན་གཤེགས་པས་གཉེན་རྣམས་ཀྱི་ཐོག་མ་མེད་པའི་སྡུག་བསྔལ་གྱི་ཕུང་པོ་མཐར་ཕྱུང་བར་ནི་མི་ཤེས་པའི་སེམས་ཅན་དེ་དག་གི་སེམས་བསྲུང་བའི་ཕྱིར་གནས་བརྟན་དགའ་བོ་ལ་ང་ནི། ཀླད་པ་ན་བ་མི་བཟོད་དོ། །ཞེས་དེ་སྐད་ཀྱི་ཚིག་གསུངས་ཏེ། རིགས་ཀྱི་བུ། གང་གི་ཚེ་ན་དེ་བཞིན་གཤེགས་པས་གནས་བརྟན་དགའ་བོ་ལ་ང་ནི། ཀླད་པ་ན་སྟེ་མི་བཟོད་དོ། །ཞེས་དེ་སྐད་ཀྱི་ཚིག་གསུངས་པ་དེའི་ཚེ་ལྷའི་བུ་ཆད་པར་སྨྲ་བ་སུམ་སྟོང་དང ། སེམས་ 102b ཅན་སྲོག་གཅོད་པར་བྱེད་པ་མང་པོ་ལྷགས་ནས་ལྷའི་བུ་དེ་དག་དང ། སེམས་ཅན་དེ་དག་ལས་ཀྱི་ལམ་ལ་གཞུག་པའི་ཕྱིར་དེ་བཞིན་གཤེགས་པས་སྲོག་བཅད་པའི་ལྷག་མ་ལུས་པས་དེ་བཞིན་གཤེགས་པའི་དབུ་བསྙུང་བར་གྱུར་ཏོ། །ཞེས་ལས་ཀྱི་རྒྱུད་དེ་བསྟན་ཏེ། དེ་བསྟན་པའི་ཚེ་དེ་བཞིན་གཤེགས་པས་ལྷ་དང་མིའི་སྐྱེ་རྒུ་སྟོང་ཕྲག་བཅུ་བཏུལ་ཏེ།་དེའང་དེ་བཞིན་གཤེགས་པའི་ཐབས་མཁས་པ་ཡིན་གྱི། ལས་ཀྱི་སྒྲིབ་པ་ནི། མ་ཡིན་ནོ། །ཅིའི་ཕྱིར་ན། བྲམ་ཟེ་བྷ་ར་དྷྭ་ཛས་དེ་བཞིན་གཤེགས་པ་ལ་མི་སྙན་པ་ལྔ་བརྒྱ་སྨྲས་ན་དེ་བཞིན་གཤེགས་པའང་བཟོད་པར་མཛད་ཅེ་ན། དེ་བཞིན་གཤེགས་པ་ནི། བྲམ་ཟེ་བྷ་ར་དྷྭ་མི་སྙན་པར་སྨྲ་བ་ཕྱོགས་གཞན་དུ་འཕང་བའམ། ངག་གི་ལས་གཅིག་ཕྱུང་བར་ཡང་མི་ནུས་མོད་ཀྱི། འཁོར་དེའི་ནང་ན་ལྷ་དང་མི་མང་པོ་ཚོགས་པར་གྱུར་པས་དེ་དག་གིས་དེ་བཞིན་གཤེགས་པའི་བཟོད་པའི་སྟོབས་བསྐྱེད་པར་མཐོང་སྟེ།་དེ་བཞིན་གཤེགས་པ་མ་ཁེངས་མ་དུད་ཅིང་སེམས་མཉམ་པའི་བདེ་བའི་དངོས་པོ་དང་ལྡན་པ། སེམས་བརྟན་པ། སེམས་མཉེན་པ་དེས་པར་མཐོང་ནས་སྲོག་ཆགས་བཞི་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། དོན་དེ་གཟིགས་ནས་དེ་བཞིན་གཤེགས་པས་བྲམ་ཟེ་བྷ་ར་དྷྭ་ཛས་མི་སྙན་ 103a ༄#། །པར་སྨྲ་བ་བཏང་སྙོམས་སུ་བཞག་གི་།དེ་བཞིན་གཤེགས་པ་ལ་གང་ནའང་ལས་ཀྱི་སྒྲིབ་པ་མེད་དེ། དེའང་དེ་བཞིན་གཤེགས་པའི་ཐབས་མཁས་པ་ཡིན་གྱི།་ལས་ཀྱི་སྒྲིབ་པ་ནི། མ་ཡིན་ནོ། །གང་ཡང་ལྷ་སྦྱིན་ཚེ་རབས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་འབྲང་བར་འགྱུར་བ་དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ངས་ནི། ལྷ་སྦྱིན་ལ་གནས་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་གྱུར་ཅིང་སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་སོ། །རྣམ་གྲངས་གང་གིས་ཤེ་ན། རིགས་ཀྱི་བུ། འདི་ལ་གང་གི་ཚེ་སེམས་ཅན་དག་བདེ་བ་དང་ལྡན་པར་བྱས་པ་དེའི་ཚེ་སྦྱིན་པར་ཡང་མི་ཤེས། ལེན་པར་ཡང་མི་ཤེས་ནས་ལྷ་སྦྱིན་བྱང་ཆུབ་སེམས་དཔའི་གན་དུ་འོངས་ཏེ་བུ་སློང ། ཆུང་མ་སློང ། རྒྱལ་སྲིད་སློང ། ལག་པ་དང ། རྐང་པ་དང ། མིག་དང ། མགོ་དང ། དེ་ལ་སོགས་པ་གཞན་དག་ཀྱང་གང་དཀའ་བར་སྤྱོད་པ། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་སྐྱེད་པར་བྱེད་པ་དག་སློང་ནས་བྱང་ཆུབ་སེམས་དཔའ་མ་ཞུམ་པར་གྱུར་ཅིང་སྦྱིན་པ་བྱེད་དེ།་དེ་མཐོང་ནས་ཀྱང་སེམས་ཅན་དཔག་ཏུ་མེད་པ་དག་དགའ་ཞིང་སྦྱིན་པ་ལ་མོས་པར་གྱུར་ཏེ། བདག་ཅག་ཀྱང་དེ་འདྲ་བར་གྱུར་ཅིག་ཅེས་བྱང་ཆུབ་ཏུ་སྨོན་ལམ་ 103b འདེབས་ཤིང་ཚུལ་ཁྲིམས་འཛིན་པར་བྱེད་དེ། གང་ཚུལ་ཁྲིམས་འདྲལ་བར་འདོད་པ་དག་ཀྱང་དེ་ནས་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་མི་འདྲལ་བ་དེ་མཐོང་ནས་ཀྱང་སེམས་ཅན་དཔག་ཏུ་མེད་པ་དག་ཚུལ་ཁྲིམས་ལེན་པར་བྱེད་དེ། བརྒྱབ་བམ། བརྡེགས་སམ། སྤྱོས་ཀྱང་མི་ཁྲོ་ཞིང་དེ་དག་བཟོད་པ་རྫོགས་པར་འགྱུར་བས་རྣམ་གྲངས་དེའི་ཕྱིར་སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་སོ། །གང་ཡང་ལྷས་བྱིན་གྱིས་དེ་བཞིན་གཤེགས་པ་གསད་པར་བཤམས་པ་དང ། བལ་གླང་ནོར་སྐྱོང་བཏང་བ་དང ། རྡོའི་སྒྱོགས་ཆར་བཙུགས་པ་དེའང་དེ་བཞིན་གཤེགས་པའི་ཐབས་མཁས་པར་ཤེས་པར་བྱའོ། །ལས་ཀྱི་སྒྲིབ་པའི་ཉོན་མོངས་པ་ནི། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཐབས་མཁས་པ་འདི་ལ་གནས་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་སོ། །རིགས་ཀྱི་བུ། མདོར་ན་ལྷ་སྦྱིན་གྲགས་པར་འདོད་པ་དེ་ནི། ངའི་སྟོན་པ་ཡིན་ནོ། །ལས་ཀྱི་རྒྱུད་བཅུ་པོ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་ཐབས་མཁས་པར་ཤེས་པར་བྱ་སྟེ། ལས་ཀྱི་བྱ་བ་ཤིན་ཏུ་སྟོན་པའི་སེམས་ཅན་ལས་ཀྱི་རྣམ་པར་སྨིན་པ་ལ་མི་འཇུག་པའི་སེམས་ཅན་རྣམས་ལ་ཆེ་གེ་མོ་ཞིག་གི་ལས་ཀྱི་རྣམ་པར་སྨིན་པ་ནི། འདིའོ། ། ཆེ་གེ་མོ་ཞིག་གི་ལས་ཀྱི་རྣམ་པར་སྨིན་པ་ནི། འདིའོ། །ཞེས་དེ་བཞིན་གཤེགས་པ་ཐབས་མཁས་པས་ལས་ཀྱི་རྒྱུད་བསྟན་ཏེ། དེ་ཐོས་ནས་ཕན་པ་བྱེད་པར་འགྱུར་རོ། །དེ་ལྟ་བས་ན། རིགས་ 104a ༄#། །ཀྱི་བུ། ཐབས་མཁས་པ་བསྟན་པ་འདི་གསང་བར་གྱིས་ཤིག་།སེམས་ཅན་དགེ་བའི་རྩ་བ་ཆུང་དུ་དང་ལྡན་པ་རྣམས་ཀྱི་མདུན་དུ་མ་འཆད་ཅིག། དེ་ཅིའི་ཕྱིར་ཞེ་ན། བསྟན་པ་འདི་ནི་ཉན་ཐོས་དང ། རང་སངས་རྒྱས་ཀྱི་སའང་མ་ཡིན་ན། སེམས་ཅན་དགེ་བའི་རྩ་བ་ཆུང་དུ་དང་ལྡན་པ་རྣམས་ཀྱི་ལྟ་ཅི་སྨོས། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐབས་ལ་བསླབས་པ་མ་ཡིན་པས་འདི་ནི་དེ་དག་ལ་མི་དགོས་སོ། །བྱང་ཆུབ་སེམས་དཔའ་གང་དག་བསྟན་པ་འདི་ལ་སློབ་པར་འགྱུར་བ་མ་གཏོགས་པར་གཞན་ཐབས་མཁས་པ་འདིའི་སྣོད་དུ་གྱུར་པ་གང་ཡང་མེད་དོ། །འདི་ལྟ་སྟེ། རིགས་ཀྱི་བུ། མཚན་མོ་ས་སྲོས་པའི་མུན་པར་མར་མེ་བུས་ན། ཁྱིམ་ན་སྣོད་ཐམས་ཅད་སྣང་བར་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡང་ཐབས་མཁས་པ་བསྟན་པ་འདི་ཐོས་ཏེ་མོས་པར་གྱུར་ནས་སངས་རྒྱས་ཀྱི་སྤྱོད་པ་ཐམས་ཅད་མཐོང་བར་འགྱུར་ཞིང་སེམས་ཅན་དག་ལའང་སློབ་པར་འགྱུར་རོ། །རིགས་ཀྱི་བུ། ཁྱོད་ལ་བསྒོའོ། །ཁོང་དུ་ཆུད་པར་བྱའོ། །བྱང་ཆུབ་འདོད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ཐབས་མཁས་པ་འདི་གང་ན་རྣར་གྲག་པར་འགྱུར་ན།་དཔག་ཚད་འབུམ་དུའང་འགྲོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་བསྟན་པ་འདི་ཐོས་ན་སྣང་བ་ཐོབ་པར་འགྱུར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་འགྱོད་པ་མེད་པར་ 104b འགྱུར། ཐེ་ཚོམ་དང་བྲལ་བར་འགྱུར་རོ། །དེ་ནས་ལྷ་དང་འཇིག་རྟེན་དུ་བཅས་པའི་འཁོར་བཞི་ལས་སེམས་ཅན་གང་དག་སྣོད་དུ་གྱུར་པ་དེ་དག་གིས་ནི་ཆོས་ཀྱི་རྣམ་གྲངས་འདི་ཐོས་སོ། །གང་སྣོད་དུ་མ་གྱུར་པ་དེ་དག་གི་ནི་རྣ་ལམ་དུའང་མི་གྲག་གོ་།ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ་སྲོག་ཆགས་བདུན་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ། ཆོས་ཀྱི་རྣམ་གྲངས་འདི་ནི་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་པར་ཟུངས་ཤིག་།སངས་རྒྱས་ཐམས་ཅད་ཀྱི་ཐབས་མཁས་པའི་གསང་བའི་ལེའུར་ཟུངས་ཤིག་ཅེས་བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་པ་དང ། དགའ་བོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་མ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་རྣམས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའོ། །ཐབས་མཁས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།ཤློ་ཀ་དྲུག་བརྒྱ་སྟེ་བམ་པོ་གཉིས།། །། |