རྒྱ་གར་སྐད་དུ། ཏ་ཐཱ་ག་ཏ་སཾ་གཱི་ཏི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། དེ་བཞིན་གཤེགས་པ་བགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །བམ་པོ་དང་པོ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་དེ་བཞིན་གཤེགས་པ་བསོད་སྙོམས་གཅིག་གིས་ཟླ་བ་གསུམ་ནང་དུ་ཡང་དག་འཇོག་ལ་ཞུགས་ནས་བཞུགས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ཟླ་བ་གསུམ་པོ་དེ་ཉིད་འདས་པ་དང ། བཅོམ་ལྡན་ 364b འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཚེ་དང་ལྡན་པ་ཤཱ་རིའི་བུའང་ཟླ་བ་གསུམ་པོ་འདས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་དང ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང ། ཚེ་དང་ལྡན་པ་ཀཱ་ཏྱའཻ་བུ་ཆེན་པོ་དང ། ཚེ་དང་ལྡན་པ་གསུམ་པོ་ཆེ་ཆེན་པོ་དང ། ཚེ་དང་ལྡན་པ་ཀ་པི་ན་དང ། ཚེ་དང་ལྡན་པ་དོན་ཡོད་རྒྱལ་པོ་དང ། ཚེ་དང་ལྡན་པ་རབ་འབྱོར་དང ། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང ། ཚེ་དང་ལྡན་པ་ཉེ་བར་འཁོར་དང ། ཚེ་དང་ལྡན་པ་ནམ་གྲུ་དང ། ཚེ་དང་ལྡན་པ་འཆར་ཀ་ནག་པོ་དང ། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། ཚེ་དང་ལྡན་པ་གྲགས་སྦྱིན་དང ། ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་དང ། ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་དང ། ཚེ་དང་ལྡན་པ་སྒྲ་གཅན་ཟིན་དང ། གནས་བརྟན་དེ་ལྟ་བུ་དག་དང ། དེ་ལ་སོགས་པ་ཉན་ཐོས་སྟོང་ཉིས་བརྒྱ་ལྔ་བཅུའི་བར་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །རིགས་ཀྱི་བུ་བཟང་སྐྱོང་དང ། རིགས་ཀྱི་བུ་རིན་ཆེན་འབྱུང་གནས་དང ། ཡོན་ཏན་སྦེད་དང ། རལ་གྲིའི་ཚོགས་ཅན་དང ། མིས་བྱིན་དང ། ཆུ་ལྷ་ 365a ༄#། །དང ། དབང་པོས་བྱིན་དང ། གུས་བྱིན་དང ། མིས་བྱིན་དང ། དེ་དག་དང ། གཞན་ཡང་དེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལྔ་སྟོང་ཐམ་པ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ལྷའི་དབང་པོ་བརྒྱད་བྱིན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་ལྷན་གཅིག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ལྷའི་བུ་ཡོངས་སུ་དགའ་ལྡན་དང ། ལྷའི་བུ་དཔལ་བཟང་དང ། ལྷའི་བུ་སྤྲུལ་པ་དག་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །མི་མཇེད་ཀྱི་བདག་པོ་ཚངས་པའང་ལྷའི་བུ་སྟོང་ཕྲག་དུ་མ་དག་དང་ལྷན་ཅིག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ཟླ་བའང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་དང ། ལྷའི་བུ་རབ་ཞི་དུལ་བའི་དབང་ཕྱུག་རྣམས་གནས་གཙང་མའི་རིས་ཀྱི་ལྷའི་བུ་སྟོང་ཕྲག་དུ་མ་དག་དང་ལྷན་ཅིག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་ 365b གཅིག་ཏུ་འཁོད་དོ། །དེ་ནས་ལྷའི་བུ་ཉི་མ་དང ། ལྷའི་བུ་ཟླ་བའང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གནས་པ་གང་གིས་དགུན་ཟླ་གསུམ་བཞུགས་ཤིང ། བཅོམ་ལྡན་འདས་ཀྱི་དབང་པོ་རྣམས་ནི།་ཡོངས་སུ་དང ། ཞལ་མདོག་ནི། ཡོངས་སུ་དག་།སྐུ་མདོག་ནི། ཡོངས་སུ་དཀར་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ། ང་ནི། སངས་རྒྱས་བགྲོ་བས་ཟླ་བ་གསུམ་གནས་ཤིང ། འཇམ་དཔལ། ང་ནི། དེ་བཞིན་གཤེགས་པ་བགྲོ་བ་དང ། ཆོས་བགྲོ་བས་ཟླ་བ་གསུམ་གནས་གནས་སོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། སངས་རྒྱས་བགྲོ་བ་དང ། དེ་བཞིན་གཤེགས་པ་བགྲོ་བ་དང ། ཆོས་བགྲོ་བ་དེ་གང་ལགས། བཅོམ་ལྡན་འདས། སངས་རྒྱས་བགྲོ་བ་དང ། དེ་བཞིན་གཤེགས་པ་བགྲོ་བ་དང ། ཆོས་ཀྱི་བགྲོ་བ་དེའི་ངོ་བོ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་རྣམས་དང ། 366a ༄#། །དེ་བཞིན་གཤེགས་པ་ཐབས་ཅིག་ཏུ་མོས་པ་མཛད་པ་ཇི་ལྟ་བུ་ལགས་པའི་བཀའ་མཆིད་དེའི་སྣོད་དུ་བདག་ཀྱང་གྱུར་ན་ལེགས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། འཇམ་དཔལ། ལེགས་སོ། །ལེགས་སོ། །འཇམ་དཔལ། ཁྱོད་དེ་བཞིན་གཤེགས་པ་ལ་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་དེ་དག་དང་ཐབས་ཅིག་ཏུ་བགྲོ་བའི་ངོ་བོ་གང་ཡིན་པའི་དོན་ཉིད་འདྲི་བར་སེམས་པ་ནི། འཇམ་དཔལ། ཁྱོད་ཡང་ལེགས་སོ། ། འཇམ་དཔལ། ཁྱོད་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་ཤིང་སངས་རྒྱས་འབུམ་ཕྲག་མང་པོ་ལ་དགེ་བའི་རྩ་བ་སྐྱེད། སངས་རྒྱས་འབུམ་ཕྲག་མང་པོ་ལ་བསྙེན་བཀུར་བྱས་སུ་ཟིན་ཀྱང་འཇམ་དཔལ། རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་དེ་དག་གི་མཐུས་ན་ཆོས་བགྲོ་བ་ལ་ཁྱོད་སྤོབས་སོ། །འཇམ་དཔལ། སངས་རྒྱས་བགྲོ་བ་དང ། དེ་བཞིན་གཤེགས་པ་བགྲོ་བ་དང ། ཆོས་བགྲོ་བའི་ཆོས་ཀྱི་རྣམ་གྲངས་འདི་གང་དག་གི་ལག་ཏུ་འགྲོ་བ་དེ་དག་ནི། བདུད་སྡིག་ཅན་གྱི་ལག་ཏུ་འགྲོ་བར་མི་འགྱུར་རོ། །འཇམ་དཔལ། སངས་རྒྱས་བགྲོ་བ་དང ། དེ་བཞིན་གཤེགས་པ་བགྲོ་བ་དང ། ཆོས་བགྲོ་བའི་ཆོས་ཀྱི་རྣམ་གྲངས་འདི་གང་དག་གི་ལག་ཏུ་འགྲོ་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གི་མདུན་དུའང་དེ་ 366b བཞིན་གཤེགས་པ་མངོན་སུམ་དུ་གྱུར་ལ། དེ་དག་ཀྱང་ངས་མཐོང་བར་རིག་པར་བྱའོ། །འཇམ་དཔལ། སངས་རྒྱས་བགྲོ་བ་དང ། དེ་བཞིན་གཤེགས་པ་བགྲོ་བ་དང ། ཆོས་བགྲོ་བ་འདི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་གི་ལག་ཏུ་འགྲོ་བ་དང ། གནག་དག་སྤོང་བར་བྱེད་པ་དག་ཀྱང་ངས་མཐོང་ངོ ། །འཇམ་དཔལ། རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་སྤོང་བར་མི་བྱེད་པའི་རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་དེ་དག་ནི། དད་པ་དང་ལྡན་པར་འགྱུར། དད་པར་འགྱུར། དྲང་བ་དང ། གཡོ་མེད་པ་དང ། སྤྱོད་ལམ་ཕུན་སུམ་ཚོགས་པ་དང ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པར་འགྱུར་རོ། །འཇམ་དཔལ། ཡང་རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་དེ་དག་ཚུལ་ཁྲིམས་དང་ལྡན་པར་འགྱུར་རོ། །ལེ་ལོ་ཅན་དང ། བརྣབ་སེམས་ཅན་དང ། གནོད་སེམས་ཅན་གྱི་སེམས་སུ་མི་འགྱུར་རོ། །དྲན་པ་ཉམས་པ་དང ། སེར་སྣ་ཅན་དུ་མི་འགྱུར་རོ། །འཇམ་དཔལ། རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་དེ་དག་ཚུལ་ཁྲིམས་དང་ལྡན་པར་འགྱུར་རོ། །དེ་དག་ནི། ལེ་ལོ་མེད་པ་དང ། བརྣབ་སེམས་མེད་པ་དང ། གནོད་སེམས་ཀྱི་སེམས་མེད་པ་དང ། སེར་སྣ་མེད་པ་དང ། དྲན་པ་དང་ལྡན་པ་དང ། བློ་གྲོས་དང་ལྡན་པ་དང ། རྟོགས་པ་དང་ལྡན་པ་དང ། ཁྲེལ་ཡོད་པ་ཕུན་སུམ་ཚོགས་པ་དང ། བརྩོན་འགྲུས་བརྩམས་པ་དང ། མོས་པ་མང་བར་འགྱུར་རོ། །དེ་སྐད་ཅེས་བཀའ་ 367a ༄#། །སྩལ་པ་དང ། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ལྟར་བཅོམ་ལྡན་འདས་ཀྱིས་ལྷ་དང ། མི་དང ། ལྷ་མ་ཡིན་དང་བཅས་པ་དང ། ལྷ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་སངས་རྒྱས་བགྲོ་བ་དང ། དེ་བཞིན་གཤེགས་པ་བགྲོ་བ་དང ། ཆོས་བགྲོ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་འདི་བཀའ་སྩལ་ཅིང་བཤད་པ་དེའི་དུས་ལ་བབ་ལགས་སོ། །བདེ་བར་གཤེགས་པ། དེའི་དུས་ལ་བབ་ལགས་ཏེ། འདི་ལྟར་བཅོམ་ལྡན་འདས་ལས་ཐོས་ནས་དེ་བཞིན་ཉིད་དུ་འཛིན་པར་འགྱུར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ། ཁྱོད་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་བཤད་དོ། །བཅོམ་ལྡན་འདས། ལེགས་སོ། །ཞེས་གསོལ་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང ། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་བཀའ་སྩལ་ཏོ། །འཇམ་དཔལ། ཤར་ཕྱོགས་ལོགས་ན་སངས་རྒྱས་ཀྱི་ཞིང་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་ 367b བཞེས་ལ་ཆོས་ཀྱང་སྟོན་ཏོ། །འཇམ་དཔལ། དེ་ན་ངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པས་གང་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས། དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ། དེ་བཞིན་གཤེགས་པ་མི་འཁྲུགས་པ་དེས་ང་ལ་འདི་སྐད་ཅེས་སྨྲས་སོ། །བྱིས་པ་སོ་སོའི་སྐྱེ་བོའི་བདག་ཏུ་འདུ་ཤེས་པ་གང་ལ་གནས་པ་དེ་ལ་གནས་ནས་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ། ངས་དེ་བཞིན་གཤེགས་པ་མི་འཁྲུགས་པ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྱིས་པ་སོ་སོའི་སྐྱེ་བོའི་བདག་ཏུ་འདུ་ཤེས་པ་གང་ལ་གནས། དེ་སྐད་ཅེས་སྨྲ་པ་དང ། དེས་ང་ལ་འདི་སྐད་ཅེས་སྨྲས་སོ། །མི་ཤེས་པ་ལ་གནས་ནས་བྱིས་པ་སོ་སོའི་སྐྱེ་བོའི་བདག་ཏུ་འདུ་ཤེས་པ་བྱུང་བ་ནི། མི་གནས་པ་སྟེ། དེ་ལྟ་བུ་ལ་གནས་ནས་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །འཇམ་དཔལ། གཞན་ཡང་དེ་བཞིན་གཤེགས་པ་མི་འཁྲུགས་པས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱཀྱའི་རྒྱལ་པོའི་མཆོག་ཤཱཀྱ་ཐུབ་པས་ཅི་ལ་གནས་ཏེ་བདག་བླ་ན་མེད་པ་ཡང་ 368a ༄#། །དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ། ངས་དེ་བཞིན་གཤེགས་པ་མི་འཁྲུགས་པ་ལ་འདི་སྐད་ཅེས་སྨྲས་སོ། །བྱིས་པ་སོ་སོའི་སྐྱེ་བོ་གང་ལ་གནས་པའི་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ཀུན་ཏུ་འབྱུང་བ་དེ་ལ་གནས་ནས་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ། དེ་བཞིན་གཤེགས་པ་མི་འཁྲུགས་པས་ང་ལ་འདི་སྐད་ཅེས་སྨྲས་སོ། ། བྱིས་པ་སོ་སོའི་སྐྱེ་བོའི་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་གང་ལ་གནས་ཏེ་ཀུན་ཏུ་འབྱུང་བར་འགྱུར། དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ། ངས་དེ་བཞིན་གཤེགས་པ་མི་འཁྲུགས་པ་ལ་འདི་སྐད་ཅེས་སྨྲས་སོ། །སྒྱུ་མའི་སྐྱེས་བུ་གང་ལ་གནས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་རབ་ཏུ་འཇུག་པ་དེ་ལ་གནས་ནས་བྱིས་པ་སོ་སོའི་སྐྱེ་བོའི་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ཀུན་ཏུ་འབྱུང་བ་དེ་ལྟ་བུ་ལ་གནས་ཏེ་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ནི།་ཡིད་ཀྱི་ཡང་དག་པར་བགྲོ་བའི་དྲི་བའོ། །འཇམ་དཔལ། གཞན་ཡང་ཤར་ཕྱོགས་ལོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ 368b ཏུ་སྲུང་ཞེས་བྱ་བ་དེས་ང་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་ཤཱཀྱ་རྒྱལ་པོའི་མཆོག་ཤཱཀྱ་ཐུབ་པས་གང་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ། ངས་དེ་བཞིན་གཤེགས་པ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྱིས་པ་སོ་སོའི་སྐྱེ་བོ་གང་ལ་གནས་པའི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཀུན་ཏུ་འབྱུང་བ་དེ་ལ་གནས་ནས་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ། དེ་བཞིན་གཤེགས་པ་དེས་ང་ལ་འདི་སྐད་ཅེས་སྨྲས་སོ། །བྱིས་པ་སོ་སོའི་སྐྱེ་བོའི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གང་ལ་གནས་ཏེ་ཀུན་ཏུ་འབྱུང་བར་འགྱུར། དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ། ངས་དེ་བཞིན་གཤེགས་པ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་གནས་ནས་བྱིས་པ་སོ་སོའི་སྐྱེ་བོའི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཀུན་ཏུ་འབྱུང་བར་འགྱུར། དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅིའི་སླད་དུ་བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་བསམ་གྱིས་མི་ཁྱབ་པ་ལགས། བཀའ་སྩལ་པ། འཇམ་དཔལ། གནས་མེད་པ་ཞེས་བྱ་བའི་གནས་ 369a ༄#། །མེད་པ་ལ་གནས་ཏེ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཀུན་ཏུ་འབྱུང་ངོ ། །འཇམ་དཔལ། གཞན་ཡང་ངས་དེ་བཞིན་གཤེགས་པ་ཀུན་ཏུ་སྲུང་དེ་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་སྲུང་གིས་གང་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། དེ་སྐད་ཅེས་སྨྲས་པ་དང ། དེ་བཞིན་གཤེགས་པ་དེས་ང་ལ་འདི་སྐད་ཅེས་སྨྲས་སོ། །བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་མཚམས་མེད་པའི་ལས་རྣམས་གང་ལ་གནས་ཏེ་ཀུན་ཏུ་འབྱུང་བ་དེ་ལ་གནས་ནས་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་མཚམས་མ་མཆིས་པའི་ལས་རྣམས་གང་ལ་གནས་ཏེ་ཀུན་ཏུ་འབྱུང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་མཚམས་མེད་པའི་ལས་རྣམས་ནི།་ཡོད་པ་མ་ཡིན་པ་དེ་ལ་གནས་ཏེ་ཀུན་ཏུ་འབྱུང་ངོ ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། མི་ཞིག་གཉིད་ཀྱིས་ལོག་པའི་རྨི་ལམ་ན་སྦྲུལ་གདུག་པ་ཞིག་ལག་གིས་བཟུང་བ་ 369b ལས།་དེས་དེ་ཟིན་ནས་གཞི་དེ་ལས་དེ་འཆི་བར་འགྱུར་བའམ། འཆི་བ་ལ་ཐུག་པ་ཙམ་དུ་སྡུག་བསྔལ་ཞིང་དེ་འཆི་བར་ཉེ་བའི་ཚོར་བས་རེག་པ་ལས་སད་པར་གྱུར་ན། སད་མ་ཐག་ཏུ་དེའི་སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བ་དེ་དང ། དེ་དག་མེད་པ་ཉིད་དུ་ཤེས་པ་ན། འཇམ་དཔལ། དེ་ཇི་སྙམ་དུ་སེམས། ཅི་མི་དེ་སྦྲུལ་གདུག་པ་དེས་ཟིན་ཏམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །འཇམ་དཔལ། འདི་ཇི་སྙམ་དུ་སེམས། མི་དེ་མ་ཟིན་བཞིན་དུ་སྡུག་བསྔལ་བར་གྱུར་ཏམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ན་སྦྲུལ་གདུག་པའང་མ་མཆིས་ལ། བཅོམ་ལྡན་འདས། གང་ཟིན་པ་དེའང་མ་མཆིས་པ་ལགས་ན། དེ་ན་ཚོར་བར་འགྱུར་ཞིང་མངོན་པ་ལྟ་ག་ལ་མཆིས། བཀའ་སྩལ་པ། འཇམ་དཔལ། དེ་བཞིན་དུ་ཆོས་ཐམས་ཅད་ནི། མི་གནས་པ་སྟེ། ཆོས་ཐམས་ཅད་མི་གནས་པ་ཅི་འདྲ་བར་ཟིན་པའང་དེ་དང་འདྲ་སྟེ། ཚོར་བའང་དེ་དང་འདྲའོ། །ཚོར་བ་ཅི་འདྲ་བར་སྦྲུལ་གདུག་པའང་དེ་དང་འདྲའོ། །སྦྲུལ་གདུག་པ་ཅི་འདྲ་བར་ཆོས་ཐམས་ཅད་ཀྱང་དེ་དང་འདྲའོ། །ཆོས་ཐམས་ཅད་ཅི་འདྲ་བར་མཚམས་མེད་པའང་དེ་དང་འདྲའོ། །མཚམས་མེད་པ་ཅི་འདྲ་བར་བྱང་ཆུབ་ཀྱང་དེ་དང་འདྲའོ། །བྱང་ཆུབ་ཅི་འདྲ་བར་གནས་ཀྱང་དེ་དང་འདྲ་སྟེ། དེ་ལྟ་བུ་ལ་གནས་ནས་ཁོ་བོ་བླ་ན་མེད་པ་ཡང་དག་པར་ 370a ༄#། །རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ནི། ཡིད་ཀྱི་ཡང་དག་པར་བགྲོ་བའི་དྲི་བའོ། །འཇམ་དཔལ། གཞན་ཡང་ཤར་ཕྱོགས་ལོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ལྟ་བུ་ཞེས་བྱ་བ་དེ་ལངས་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ལྟ་བུས་ཅི་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ། དེ་བཞིན་གཤེགས་པ་རི་རབ་ལྟ་བུས་ང་ལ་འདི་སྐད་ཅེས་སྨྲས་སོ། །སའི་ཁམས་དང ། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་དང ། ནམ་མཁའི་ཁམས་གང་ལ་གནས་པའི་མཐའ་དེ་ལ་གནས་ནས་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །འཇམ་དཔལ།་གཞན་ཡང་དེ་བཞིན་གཤེགས་པ་རི་རབ་ལྟ་བུས་ང་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ་པོའི་མཆོག་ཤཱཀྱ་ཐུབ་པས་གང་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། དེ་སྐད་ཅེས་སྨྲས་པ་དང ། ངས་དེ་ལ་འདི་ 370b སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་རི་རབ་ལྟ་བུས་གང་ལ་གནས་ཏེ་འགྲོ་བ་དྲུག་སྟོན་པ་དེ་ལ་གནས་ནས་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ནི། ཡིད་ཀྱི་ཡང་དག་པར་བགྲོ་བའི་དྲི་བའོ། །འཇམ་དཔལ། གཞན་ཡང་ཤར་ཕྱོགས་ལོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་མེ་ཏོག་ཅེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། དེ་ལ་ངས་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་མེ་ཏོག་གིས་གང་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ལ། སངས་རྒྱས་ཀྱི་ཞིང་འདིའང་ཇི་ལྟར་མངོན་པར་བསྒྲུབས། དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་མེ་ཏོག་གས་ང་ལ་འདི་སྐད་ཅེས་སྨྲས་སོ། །ཁོ་བོ་དང་པོ་སེམས་བསྐྱེད་པ་ལ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ལ། སྒྱུ་མའི་སྐྱེས་བུས་རྣམ་པར་ཐར་པ་བརྒྱད་ཇི་ལྟར་མངོན་པར་བསྒྲུབས་པ་དེ་ལྟར་སངས་རྒྱས་ཀྱི་ཞིང་འདིའང་མངོན་པར་བསྒྲུབས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། འཇམ་དཔལ་གཞོན་ 371a ༄#། །ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་ན། དེ་བཞིན་གཤེགས་པ་ཀུན་ཏུ་མེ་ཏོག་དེས་དང་པོ་སེམས་བསྐྱེད་པ་ལ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། དང་པོའི་སེམས་གང་ཡིན་པ་དེའང་མ་སྐྱེས་པ་ཡིན་ལ། ད་ལྟར་གྱི་དེའང་མ་སྐྱེས་པ་ཡིན་ཏེ། དང་པོའི་སེམས་བསྐྱེད་པ་དེ་ལྟ་བུ་ལ་གནས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་མེ་ཏོག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །འཇམ་དཔལ། གཞན་ཡང་དེ་བཞིན་གཤེགས་པ་ཀུན་ཏུ་མེ་ཏོག་གིས་ང་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་ཤཱཀྱའི་རྒྱལ་པོའི་མཆོག་ཤཱཀྱ་ཐུབ་པས་ཅི་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ། ངས་དེ་བཞིན་གཤེགས་པ་དེ་ལ་འདི་སྐད་ཅེས་སྨྲས་སོ། །གང་ལ་གནས་ནས་ཆགས་པ་ཐམས་ཅད་ཤེས་པ་དེ་ལ་གནས་ནས་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ 371b སངས་རྒྱས་ཏེ། དེ་ནི། ཡིད་ཀྱི་ཡང་དག་པར་བགྲོ་བའི་དྲི་བའོ། །འཇམ་དཔལ། གཞན་ཡང་ཤར་ཕྱོགས་ལོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་ཐམས་ཅད་ལས་ཡང་དག་པར་འདས་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། དེ་ལ་ངས་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་ལས་ཡང་དག་པར་འདས་པ་ཅི་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ།་དེ་བཞིན་གཤེགས་པ་དེས་ང་ལ་འདི་སྐད་ཅེས་སྨྲས་སོ། །བྱིས་པ་སོ་སོའི་སྐྱེ་བོའི་སྲིད་པ་མངོན་པར་འགྲུབ་པ་གང་ལ་གནས་པ་དེ་ལ་གནས་ཏེ་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །འཇམ་དཔལ། གཞན་ཡང་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་ལས་ཡང་དག་པར་འདས་པས་ངལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་ཤཱཀྱའི་རྒྱལ་པོའི་མཆོག་ཤཱཀྱ་ཐུབ་པས་གང་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། དེ་སྐད་ཅེས་སྨྲས་པ་དང ། ངས་དེ་ལ་འདི་སྐད་ཅེས་སྨྲས་སོ། །འཁོར་བ་ན་འཁོར་བའི་ཚེ་སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་མཐའ་མི་མངོན་པ་གང་ལ་གནས་པ་དེ་ལ་གནས་ཏེ་ཁོ་བོ་ 372a ༄#། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །འཁོར་བ་ན་འཁོར་བའི་ཚེ་གང་ལ་གནས་ཏེ་སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་མཐའ་མི་མངོན་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། མ་རིག་པ་ལ་གནས་ནས་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་སྔོན་གྱི་མཐའ་མི་མངོན་ནོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་སྔོན་གྱི་མཐའ་མི་མངོན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། འདི་ལྟར་ཆོས་ཐམས་ཅད་ནི། དངོས་པོ་མེད་པ་སྟེ། དངོས་པོ་མེད་པ་ལ་གནས་ནས་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །འཇམ་དཔལ་གྱིས་གསོལ་པ། དེ་བཞིན་གཤེགས་པ་ཏིང་ངེ་འཛིན་ཇི་ལྟ་བུ་ཞིག་ལ་གནས་ནས་ཆོས་འདི་དག་ལ་ཡང་དག་པར་བགྲོ་བ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། བསམ་གྱིས་མི་ཁྱབ་ཅིང་དྲི་མ་མེད་པ་ཤིན་ཏུ་ཡོངས་སུ་དཀར་བའི་ཕྱག་རྒྱའི་ཏིང་ངེ་འཛིན་ལ་གནས་ནས་དེ་བཞིན་གཤེགས་པ་རྣམས་ཆོས་འདི་དག་ལ་བགྲོ་བ་མཛད་དོ། །འཇམ་དཔལ། སངས་ 372b རྒྱས་ཀྱི་སྐུ་གཅིག་ཀྱང་མེད་མོད་ཀྱི། ཏིང་ངེ་འཛིན་དེ་ལ་གནས་ན་སངས་རྒྱས་ཀྱི་སྐུ་ཐ་དད་པའང་སྣང་ངོ ། །འཇམ་དཔལ། སངས་རྒྱས་ཀྱི་ཞིང་གཅིག་ཀྱང་མེད་མོད་ཀྱི། ཏིང་ངེ་འཛིན་དེ་ལ་གནས་ན་སངས་རྒྱས་ཀྱི་ཞིང་ཐ་དད་པའང་སྣང་ངོ ། །འཇམ་དཔལ། ཉན་ཐོས་གཅིག་ཀྱང་མེད་མོད་ཀྱི། ཏིང་ངེ་འཛིན་དེ་ལ་གནས་ན་ཉན་ཐོས་ཐ་དད་པའང་སྣང་ངོ ། །འཇམ་དཔལ། སངས་རྒྱས་ཀྱི་གསུང་གཅིག་ཀྱང་མེད་མོད་ཀྱི། ཏིང་ངེ་འཛིན་དེ་ལ་གནས་ན་སངས་རྒྱས་ཀྱི་གསུང་ཐ་དད་པའང་གྲག་གོ་།འཇམ་དཔལ། རྣམ་པར་རིག་པ་གཅིག་ཀྱང་མེད་མོད་ཀྱི། ཏིང་ངེ་འཛིན་དེ་ལ་གནས་ན་རྣམ་པར་རིག་པ་ཐ་དད་པའང་བྱེད་དོ། །འཇམ་དཔལ། སེམས་ཅན་གཅིག་ཀྱང་མེད་མོད་ཀྱི། ཏིང་ངེ་འཛིན་དེ་ལ་གནས་ན་སེམས་ཅན་མང་པོ་དེ་དག་ཀྱང་རྣམ་པར་གྲོལ་བར་འགྱུར་རོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། ཨ་ལ་ལ་ཏིང་ངེ་འཛིན་འདི་ནི། རྒྱ་ཆེ་བ་ལགས་སོ། །བཅོམ་ལྡན་འདས། ཨ་ལ་ལ་ཏིང་ངེ་འཛིན་འདི་ནི། བསམ་གྱིས་མི་ཁྱབ་པ་ལགས་སོ། །བཅོམ་ལྡན་འདས། ཨ་ལ་ལ་ཏིང་ངེ་འཛིན་འདི་ནི། ཆགས་པ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས། ཨ་ལ་ལ་ཏིང་ངེ་འཛིན་འདི་ནི། རྟོགས་པར་དཀའ་བ་ལགས་སོ། །བཅོམ་ལྡན་འདས། ཨ་ལ་ལ་ཏིང་ངེ་འཛིན་འདི་ནི། ཟབ་པ་ལགས་སོ། །བཅོམ་ལྡན་འདས། ཨ་ལ་ལ་ཏིང་ངེ་འཛིན་འདི་ནི། ཤིན་ཏུ་འདས་པ་ལགས་སོ། ། 373a ༄#། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། འཇམ་དཔལ། ཏིང་ངེ་འཛིན་འདི་ནི། བསམ་གྱིས་མི་ཁྱབ་པའོ། །འཇམ་དཔལ། ཏིང་ངེ་འཛིན་འདི་ནི། ཆགས་པ་མེད་པའོ། །འཇམ་དཔལ། ཏིང་ངེ་འཛིན་འདི་ནི། རྟོགས་པར་དགའ་བའོ། །འཇམ་དཔལ། ཏིང་ངེ་འཛིན་འདི་ནི། ཟབ་པའོ། །འཇམ་དཔལ།་ཏིང་ངེ་འཛིན་འདི་ནི། ཤིན་ཏུ་འདས་པའོ། །འཇམ་དཔལ། ཏིང་ངེ་འཛིན་འདི་ལ་གནས་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་དྲི་བའི་ཕྱིར་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གཞན་དུའང་མི་འགྲོའོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ངའི་ཐད་དུ་མི་འོང་སྟེ། ངའང་དེ་དག་ལ་འདྲིའོ། །དེ་དག་ཀྱང་ང་ལ་འདྲི་བར་བྱེད་དོ། །འོན་ཀྱང་འཇིག་རྟེན་གྱི་ཁམས་འདི་ཉིད་ན་གནས་ཏེ་འཇིག་རྟེན་གྱི་ཁམས་དེ་དང་དེ་དག་ན་གནས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་འདྲིའོ། །འཇིག་རྟེན་གྱི་ཁམས་དེ་དང་དེ་དག་ན་གནས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ང་འདི་ན་གནས་པ་ལ་འདྲི་བར་བྱེད་དོ། །འཇམ་དཔལ། ང་ཏིང་ངེ་འཛིན་འདི་ལ་གནས་ཏེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དབྱངས་ཀྱིས་གོ་བར་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐད་དུ་སྒྲ་དེ་སྒྲིབ་པའི་བྱ་བ་མི་བྱེད་དོ། །འཇམ་དཔལ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཏིང་ངེ་འཛིན་འདི་ལ་ 373b གནས་ཏེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དབྱངས་ཀྱིས་གོ་བར་བྱེད་དེ། ང་ལའང་སྒྲིབ་པར་མི་བྱེད་དོ། །འཇམ་དཔལ། ཏིང་ངེ་འཛིན་འདི་ལ་གནས་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ལན་ཡང་འདེབས་ལ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཏིང་ངེ་འཛིན་འདི་ལ་གནས་ནས་ང་ལའང་ལན་འདེབས་སོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། མི་ཞིག་འདི་ནས་སོང་སྟེ་གྲོང་ཁྱེར་ཆེན་པོ་རྒྱ་ཆེ་བ་ཞིག་ཏུ་ཕྱིན་ལ། དེ་དག་གཅིག་ལ་གཅིག་སྨྲ་སྟེ། དེ་དག་ཕན་ཚུན་སྨྲ་བའི་ཚེ་བྲག་ཅའི་སྒྲ་ཞིག་གྲག་པར་གྱུར་ན། འཇམ་དཔལ། འདི་ཇི་སྙམ་དུ་སེམས། དེ་ན་བྲག་ཅ་གཅིག་ཤོས་ཀྱིས་བྲག་ཅ་གཞན་ལ་གོ་བར་བྱེད་དམ། ཅི་བྲག་ཅ་སྔ་མ་ཤོས་ཀྱི་སྒྲ་བྲག་ཅ་ཕྱི་མ་ཤོས་གཞན་གྱིས་ཤེས་སམ། འོན་ཏེ་ཕན་ཚུན་དུ་ཐོས་སམ་ཀུན་ཏུ་ཤེས། འཇམ་དཔལ་གྱིས་གསོལ་བ། བཅོམ་ལྡན་འདས། བྲག་ཅ་སྔ་མ་ཤོས་དེའི་སྒྲ་དེ་དག་བྲག་ཅ་ཕྱི་མ་ཤོས་ཀྱིས་ཐོས་པའམ་འཚལ་བ་མ་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས།་བྲག་ཅ་ནི། རྣམ་པར་རིག་པ་མ་མཆིས་པའི་སླད་དུ་སྟེ། རྣམ་པར་རིག་པ་མ་མཆིས་པ་དེ་ནི། ཡིད་ཀྱི་ཡང་དག་པར་བགྲོ་བའི་དྲི་བའོ། །འཇམ་དཔལ། གཞན་ཡང་ཤར་ཕྱོགས་ལོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་འོད་ཅེས་བྱ་བ་དེ་ལ་ངས་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ 374a ༄#། །དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་འོད་ཀྱིས་གང་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། དེ་སྐད་ཅེས་སྨྲས་པ་དང ། དེ་བཞིན་གཤེགས་པ་ཀུན་ཏུ་འོད་ཀྱིས་ང་ལ་འདི་སྐད་ཅེས་སྨྲས་སོ། །འདུ་ཤེས་ལ་བརྟེན་ནས་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལ་ངས་འདི་སྐད་ཅེས་སྨྲས་སོ། །ཇི་ལྟར་འདུ་ཤེས་ལ་བརྟེན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་དེས་ང་ལ་འདི་སྐད་ཅེས་སྨྲས་སོ། །འདུ་ཤེས་ལ་གནས་པ་དེ་ཇི་ལྟ་བུ། དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ། ངས་དེ་བཞིན་གཤེགས་པ་དེ་ལ་འདི་སྐད་ཅེས་སྨྲས་སོ། །འདུ་ཤེས་ལ་གནས་པ་མེད་དོ། །དེས་སྨྲས་པ། དེ་ལྟར་ན་གནས་པ་མེད་པས་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །འཇམ་དཔལ། གཞན་ཡང་དེ་བཞིན་གཤེགས་པ་ཀུན་ཏུ་འོད་ཀྱིས་ང་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་ཤཱཀྱའི་རྒྱལ་པོའི་མཆོག་ཤཱཀྱ་ཐུབ་པས་གང་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ། ངས་དེ་བཞིན་གཤེགས་པ་དེ་ 374b འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་གང་ལ་གནས་པ་དེ་ལ་གནས་ཏེ་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ནི། ཡིད་ཀྱི་ཡང་དག་པར་བགྲོ་བའི་དྲི་བའོ། །འཇམ་དཔལ། གཞན་ཡང་ཤར་ཕྱོགས་ལོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་སྲུང་གི་བདག་པོ་སྤྲིན་གྱི་དབང་ཕྱུག་སྒྲོན་མ་ཞེས་བྱ་བ་དེ་ལ་ངས་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་ཀུན་ཏུ་སྲུང་གི་བདག་པོ་སྤྲིན་གྱི་དབང་ཕྱུག་སྒྲོན་མས་གང་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། དེས་ང་ལ་འདི་སྐད་ཅེས་སྨྲས་སོ། །བསམ་གྱིས་མི་ཁྱབ་པའི་དབྱིངས་གང་ལ་གནས་པ་དེ་ལ་གནས་ཏེ་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །འཇམ་དཔལ། གཞན་ཡང་དེ་བཞིན་གཤེགས་པ་དེས་ང་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་ཤཱཀྱའི་རྒྱལ་པོའི་མཆོག་ཤཱཀྱ་ཐུབ་པས་གང་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སང་རྒྱས། དེ་ལ་ངས་འདི་སྐད་ཅེས་སྨྲས་སོ། །སེམས་ཅན་གྱི་ཁམས་གང་ལ་གནས་ 375a ༄#། །པ་དེ་ལ་གནས་ཏེ་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སེམས་ཅན་གྱི་ཁམས་ཞེས་བགྱི་བ་གང་ལ་གནས་པ་ལགས། དེ་སྐད་ཅེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ། དེའི་ཕྱིར་ཁྱོད་ཀྱིས་དོན་དེ་ཉིད་ཤེས་པར་བྱ་བའི་ཕྱིར་དཔེ་བསྟན་པར་བྱའོ། ། དཔེས་བཀའ་སྩལ་པའི་དོན་འདིར་མི་ཁ་ཅིག་གིས་ཤེས་པར་ཡང་འགྱུར་རོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། སྒྱུ་མ་མཁན་ནམ་སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་སྟོང་གི་བར་སྣང་ལ་གླང་པོ་ཆེའི་ཚོགས་དང ། རྟ་པའི་ཚོགས་དང ། ཤིང་རྟའི་ཚོགས་དང ། དཔུང་བུ་ཆུང་གི་ཚོགས་དང ། མིའི་ལུས་དག་སྤྲུལ་ཏེ་འོང་ཞིང་འགྲོ་བའམ། ཡན་ལག་བཞི་བའི་དཔུང་གི་ཚོགས་དག་ཀུན་ཏུ་སྟོན་པར་བྱེད་ན། འཇམ་དཔལ། དེ་ཇི་སྙམ་དུ་སེམས། ཡན་ལག་བཞི་པའི་དཔུང་གི་ཚོགས་དེ་གང་ན་གནས། དཔུང་གི་ཚོགས་བསྟན་པ་གང་ཡིན་པ་གང་ཡང་དེ་ན་སྣང་ངམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་ཏེ། དེ་ན་དཔུང་གི་ཚོགས་ཤིན་ཏུ་མ་མཆིས་ན་སྣང་ 375b བར་འགྱུར་བའམ། གང་ན་གནས་པར་འགྱུར་བའམ། མངོན་པར་ལྟ་ག་ལ་ཞིག་མཆིས། འཇམ་དཔལ། དེ་བཞིན་དུ་སེམས་ཅན་ནམ། སེམས་ཅན་དུ་བཏགས་པའང་ཤིན་ཏུ་ཡོད་པ་མ་ཡིན་ན་དེ་གནས་པར་འགྱུར་བ་དང ། མངོན་པ་ལྟ་ག་ལ་ཡོད། འཇམ་དཔལ། གནས་དེ་ལྟ་བུ་ལ་གནས་ཏེ་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ནི། ཡིད་ཀྱི་ཡང་དག་པར་བགྲོ་བའི་དྲི་བའོ། །བསྟན་པ་འདི་བཤད་པ་ན་འདོད་པ་ན་སྤྱོད་པ་དང ། གཟུགས་ན་སྤྱོད་པའི་ལྷའི་བུ་སྟོང་ཕྲག་དྲུག་ཁྲི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ་།བྲམ་ཟེ་ལྷག་པའི་ང་རྒྱལ་ཅན་འབུམ་ཕྲག་སུམ་ཅུ་རྩ་གཉིས་ནི། ལྷག་པའི་ང་རྒྱལ་མེད་པའི་ཤེས་པ་སྐྱེས་སོ། །ལྷའི་བུ་འབུམ་ཕྲག་བཞི་ནི། མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་དེའི་ཚེ་འཛུམ་པ་མཛད་དེ། འདི་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྣ་ཚོགས་ཁ་དོག་དུ་མ་འདི་ལྟ་སྟེ། སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དང ། བཙོད་ཀ་དང ། ཤེལ་དང ། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ནས་དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་སུ་མེད་པ་དག་འོད་ཀྱིས་ཁྱབ་པར་བྱས་ཏེ། 376a ༄#། །ཚངས་པའི་འཇིག་རྟེན་གྱི་བར་དུ་སོང་ནས་སླར་ལོག་སྟེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་མི་སྣང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་མ་ཐག་ཏུ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་དག་འོད་ཀྱིས་སྣང་བར་བྱས་ཤིང་རབ་ཏུ་བརྒྱན་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་ནི། གང་ལགས། རྐྱེན་ནི། གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྟན་པ་འདི་བཤད་པ་ན་འདོད་པ་ན་སྤྱོད་པ་དང ། གཟུགས་ན་སྤྱོད་པའི་ལྷའི་བུ་སྟོང་ཕྲག་དྲུག་ཁྲི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ་།བྲམ་ཟེ་ལྷག་པའི་ང་རྒྱལ་ཅན་འབུམ་ཕྲག་སུམ་ཅུ་རྩ་གཉིས་ནི། ལྷག་པའི་ང་རྒྱལ་མེད་པའི་ཤེས་པ་སྐྱེས་སོ། །ལྷའི་བུ་འབུམ་ཕྲག་བཞི་ནི། མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །ལྷའི་བུ་སུམ་ཁྲི་ཉིས་སྟོང་པོ་འདི་དག་ལྷའི་རིས་འདི་ནས་ཤི་འཕོས་ཏེ། དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་ལ། དེ་དག་སངས་རྒྱས་ཀྱི་ཞིང་དེ་ནས་སངས་རྒྱས་ཀྱི་ཞིང་དག་ 376b ཏུའང་འགྲོ་བར་འགྱུར་རོ། །དེ་དག་གིས་བསྐལ་པ་དཔག་ཏུ་མེད་གྲངས་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབས་ནས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ།་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་འོད་ཅེས་བྱ་བར་འགྱུར་རོ། །བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ང་དེ་དག་གི་སངས་རྒྱས་ཀྱི་ཞིང་ཡང་ཀུན་ནས་སྣང་བ་དང་ལྡན་པར་འགྱུར་རོ། །དཔེར་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་བལྟ་ན་སྡུག་པ་རྟག་ཏུ་བརྒྱན་པ་དེ་བཞིན་དུ། དེ་དག་བྱང་ཆུབ་ཐོབ་པའི་འཇིག་རྟེན་གྱི་ཁམས་ཀྱང་རྟག་ཏུ་བརྒྱན་པར་འགྱུར་ཏེ། འཇམ་དཔལ། འཛུམ་པ་མཛད་པའི་རྒྱུ་ནི། དེ་ཡིན་ནོ། །རྐྱེན་ནི། དེ་ཡིན་ནོ། །འཇམ་དཔལ། འདི་ལྟ་སྟེ། ཤར་ཕྱོགས་ལོགས་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་གྲངས་མེད་དཔག་ཏུ་མེད་པ་དག་ཀྱང་སངས་རྒྱས་ཀྱི་བགྲོ་བ་དང ། དེ་བཞིན་གཤེགས་པའི་བགྲོ་བ་དང ། ཆོས་ཀྱི་བགྲོ་བ་འདི་ཉིད་སྟོན་པར་མཛད་དོ། །དེ་བཞིན་དུ་ལྷོ་ཕྱོགས་དང ། དེ་བཞིན་དུ་ནུབ་ཕྱོགས་དང ། དེ་བཞིན་དུ་བྱང་ཕྱོགས་དང ། དེ་བཞིན་དུ་འོག་གི་ཕྱོགས་དང ། དེ་བཞིན་དུ་སྟེང་གི་ཕྱོགས་དང ། དེ་བཞིན་དུ་ཕྱོགས་བཅུ་དག་ན་དེ་བཞིན་གཤེགས་པ་གྲངས་མེད་དཔག་ཏུ་མེད་པ་དག་ཀྱང་སངས་རྒྱས་ཀྱི་བགྲོ་བ་དང ། ཆོས་ཀྱི་བགྲོ་བ་དང ། དེ་བཞིན་གཤེགས་པའི་བགྲོ་བ་འདི་ཉིད་སྟོན་ 377a ༄#། །པར་མཛད་དེ། ངས་ཡི་གེ་གང་གིས་བསྟན་པ་ཡི་གེ་དེ་ཉིད་ཀྱིས་དེ་བཞིན་གཤེགས་པ་དེ་དག་ཀྱང་སྟོན་པ་མཛད་དོ། །འཇམ་དཔལ། འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱི་བགྲོ་བ་དང ། དེ་བཞིན་གཤེགས་པའི་བགྲོ་བ་དང ། ཆོས་ཀྱི་བགྲོ་བ་ཆོས་ཀྱི་རྣམ་གྲངས་འདི་ནམ་མཁས་ཡོངས་སུ་ཟིན་པའི་ས་ཕྱོགས་འདི་ཉིད་དུ་ཡང་དག་པར་བསྒྲགས་སོ། །འཇམ་དཔལ། མ་འོངས་པའི་དུས་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་འབྱུང་བར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པའི་བགྲོ་བ་དང ། སངས་རྒྱས་ཀྱི་བགྲོ་བ་དང ། ཆོས་ཀྱི་བགྲོ་བ་ཆོས་ཀྱི་རྣམ་གྲངས་འདི་ནམ་མཁས་ཡོངས་སུ་ཟིན་པའི་ས་ཕྱོགས་འདི་ཉིད་དུ་འཆད་པར་འགྱུར་རོ། ། འཇམ་དཔལ། དེ་བཞིན་གཤེགས་པ་བྱམས་པས་ཀྱང་སངས་རྒྱས་ཀྱི་བགྲོ་བ་དང ། དེ་བཞིན་གཤེགས་པའི་བགྲོ་བ་དང ། ཆོས་ཀྱི་བགྲོ་བ་ཆོས་ཀྱི་རྣམ་གྲངས་འདི་ནམ་མཁས་ཡོངས་སུ་ཟིན་པའི་ས་ཕྱོགས་འདི་ཉིད་དུ་ཡང་དག་པར་སྒྲོག་པར་འགྱུར་རོ། །འཇམ་དཔལ། སངས་རྒྱས་ཀྱིས་གསུངས་པའོ། །ཞེས་སྨྲ་བ་གང་ཡིན་པ་དེ་ནི། ཡང་དག་པར་སྨྲ་བ་སྟེ། འཇམ་དཔལ། སངས་རྒྱས་ཀྱི་བགྲོ་བ་དང ། དེ་བཞིན་གཤེགས་པའི་བགྲོ་བ་དང ། ཆོས་ཀྱི་བགྲོ་བའི་ཆོས་ཀྱི་རྣམ་གྲངས་འདི་ནི། དེ་བཞིན་གཤེགས་པས་ 377b གསུངས་པའོ། །ཞེས་སྨྲ་བ་གང་ཡིན་པ་དེ་ནི། ཡང་དག་པར་སྨྲ་བའོ། །འཇམ་དཔལ། གཞན་ཡང་ཤར་ཕྱོགས་ལོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡན་ལག་མཆོག་ཅེས་བྱ་བ་དེས་ང་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་ཤཱཀྱའི་རྒྱལ་པོའི་མཆོག་ཤཱཀྱ་ཐུབ་པས་གང་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། དེ་སྐད་ཅེས་སྨྲས་པ་དང ། དེ་ལ་ངས་འདི་སྐད་ཅེས་སྨྲས་སོ། །སྒྱུ་མའི་སྐྱེས་བུ་རྣམ་པར་ཐར་པ་བརྒྱད་མངོན་པར་སྒྲུབ་པ་གང་ལ་གནས་པ་དེ་ལ་གནས་ཏེ་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །འཇམ་དཔལ། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡན་ལག་མཆོག་ཅེས་བྱ་བ་དེ་ལ་ངས་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་ཡན་ལག་མཆོག་གིས་གང་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། དེ་སྐད་ཅེས་སྨྲས་པ་དང ། དེས་ང་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གང་ལ་གནས་ཏེ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་ 378a ༄#། །པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ལ་གནས་ཏེ་ཕུང་པོའི་ལྷག་མ་མཆིས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བསམ་གྱིས་མི་ཁྱབ་པའི་མཐའི་ཡུལ་ལ་གནས་ཏེ་ཡོངས་སུ་མྱ་ངན་ལས་འདའོ། །འཇམ་དཔལ། ཆོས་ཐམས་ཅད་ནི། དེ་ལྟ་བུ་ལ་གནས་པ་སྟེ། དེ་ནི། ཡིད་ཀྱི་ཡང་དག་པར་བགྲོ་བའི་དྲི་བའོ།། འཇམ་དཔལ། གཞན་ཡང་ཤར་ཕྱོགས་ལོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་གཟིགས་ཞེས་བྱ་བ་དེས་ང་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་ཤཱཀྱའི་རྒྱལ་པོའི་མཆོག་ཤཱཀྱ་ཐུབ་པས་གང་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། དེ་སྐད་ཅེས་སྨྲས་པ་དང ། དེ་ལ་ངས་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་ཀྱི་སྤྲུལ་པ་གང་ལ་གནས་པ་དེ་ལ་གནས་ཏེ་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །འཇམ་དཔལ། གཞན་ཡང་དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་ཞེས་བྱ་བ་དེ་ལ་ངས་འདི་སྐད་ཅེས་སྨྲས་སོ། །དེ་ 378b བཞིན་གཤེགས་པ་ཀུན་ཏུ་གཟིགས་ཀྱིས་གང་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། དེ་སྐད་ཅེས་སྨྲས་པ་དང ། དེས་ང་ལ་འདི་སྐད་ཅེས་སྨྲས་སོ། །མཐའ་གང་ཁོ་ན་ལ་གནས་ནས། ཁོ་བོ་ལ་འདྲི་བ་དེ་ལ་གནས་ཏེ་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ནི། ཡིད་ཀྱི་ཡང་དག་པར་བགྲོ་བའི་དྲི་བའོ། །འཇམ་དཔལ། གཞན་ཡང་ཤར་ཕྱོགས་ལོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའ་རྣམ་དག་མངོན་འཕགས་དཔལ་གྱི་རྒྱལ་པོ་ཞེས་བྱ་བ་དེས་ངལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ་པོའི་གཙོ་བོ་ཤཱཀྱ་ཐུབ་པས་གང་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། དེ་སྐད་ཅེས་སྨྲས་པ་དང ། ངས་དེ་བཞིན་གཤེགས་པ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྱིས་པ་སོ་སོའི་སྐྱེ་བོའི་ཆོས་རྣམས་གང་ལ་གནས་པ་དེ་ལ་གནས་ཏེ་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་བྱིས་པ་སོ་སོའི་སྐྱེ་བོའི་ཆོས་རྣམས་གང་ན་གནས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། ཁྱོད་ 379a ༄#། །ཀྱིས་བྱིས་པ་སོ་སོའི་སྐྱེ་བོའི་ཆོས་རྣམས་ཡང་དག་པར་རྫོགས་པར་མཐོང་ངམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། བྱིས་པ་སོ་སོའི་སྐྱེ་བོའི་ཆོས་རྣམས་ནི། ཕྱི་དང་ནང་ན་མི་དམིགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། འདི་ལྟར་ཕྱི་དང་ནང་ལ་མི་གནས་པར་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །འཇམ་དཔལ། གཞན་ཡང་དེ་བཞིན་གཤེགས་པ་དེ་ལ་ངས་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའ་རྣམ་དག་མངོན་འཕགས་དཔག་གྱི་རྒྱལ་པོས་གང་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། དེ་སྐད་ཅེས་སྨྲས་པ་དང ། དེས་ང་ལ་འདི་སྐད་ཅེས་སྨྲས་སོ། །སྒྱུ་མའི་སྐྱེས་བུ་རྣམ་པར་ཐར་པ་བརྒྱད་མངོན་པར་སྒྲུབ་པ་གང་ལ་གནས་པ་དེ་ལ་གནས་ཏེ་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ལྟར་ 379b སྒྱུ་མའི་སྐྱེས་བུ་ཉིད་མ་མཆིས་ཤིང་མི་དམིགས་པ་ལགས་ན། དེའི་རྣམ་པར་ཐར་པ་བརྒྱད་ཀྱི་སྒོ་མངོན་པར་སྒྲུབ་པ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། འདི་ཇི་སྙམ་དུ་སེམས། ཆོས་གང་མེད་ཅིང་མི་དམིགས་པ་དེ་སྒྱུ་མའི་སྐྱེས་བུ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། འདི་ཇི་སྙམ་དུ་སེམས། ཅི་སྒྱུ་མའི་སྐྱེས་བུ་ཡོད་དམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། དེ་བཞིན་དུ་རྣམ་པར་ཐར་པ་བརྒྱད་པོ་དེ་ལྟ་བུ་ལ་གནས་ཏེ་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ནི། ཡིད་ཀྱི་ཡང་དག་པར་བགྲོ་བའི་དྲི་བའོ། །འཇམ་དཔལ། གཞན་ཡང་ཤར་ཕྱོགས་ལོགས་ན་དེ་བཞིན་གཤེགས་པ་འོད་ཀྱི་དཀྱིལ་འཁོར་མངོན་པར་འཕགས་པའི་མེ་ཏོག་དཔལ་གྱི་གཟི་བརྗིད་རྒྱལ་པོ་ཞེས་བྱ་བ་དེ་ལ་ངས་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་འོད་ཀྱི་དཀྱིལ་འཁོར་མངོན་པར་འཕགས་པའི་མེ་ཏོག་དཔལ་གྱི་གཟི་བརྗིད་རྒྱལ་པོས་གང་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། དེ་སྐད་ཅེས་སྨྲས་པ་དང ། 380a ༄#། །ངེས་ང་ལ་འདི་སྐད་ཅེས་སྨྲས་སོ། །གཟུགས་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་གང་ལ་གནས་པ་དང ། རྣམ་པར་ཤེས་པ་གང་ལ་གནས་པ་དེ་ལ་གནས་ཏེ་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། གཟུགས་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་དག་གང་ན་གནས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ།་འདི་ཇི་སྙམ་དུ་སེམས། ཕུང་པོ་ལྔ་མ་གཏོགས་པར་ཕུང་པོ་ལྔ་གང་ལ་གནས་པའི་ཆོས་འགའ་ཞིག་འདི་ན་ཡོད་དམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། འདི་ཇི་སྙམ་དུ་སེམས། གཟུགས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་གཟུགས་ལ་གནས་པ་ཡིན་ནམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། འདི་ཇི་སྙམ་དུ་སེམས།་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་གང་དག་ཡིན་པ་དང ། རྣམ་པར་ཤེས་པའི་ངོ་བོ་ཉིད་གང་ཡིན་པ་དེ་རྣམ་པར་ཤེས་པ་ལ་གནས་པ་ཡིན་ནམ། གསོལ་ 380b པ།་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། འདི་ཇི་སྙམ་དུ་སེམས། གཟུགས་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་མི་གནས་པ་ཡིན་ནམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། དེ་ལྟ་ལགས་ཏེ། བཅོམ་ལྡན་འདས། གཟུགས་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ནི། མི་གནས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། དེ་བཞིན་དུ་རྣམ་པར་རིག་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི། རྣམ་པར་རིག་པ་མེད་པ་ཡིན་ལ། རྣམ་པར་རིག་པ་མེད་པ་གང་ཡིན་པ་དེ་ནི། བྱང་ཆུབ་སྟེ། གཟུགས་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པའང་དེ་ལྟ་བུ་ལ་གནས་པའོ། །འཇམ་དཔལ། གཞན་ཡང་དེ་བཞིན་གཤེགས་པ་འོད་ཀྱི་དཀྱིལ་འཁོར་མངོན་པར་འཕགས་པའི་མེ་ཏོག་དཔལ་གྱི་གཟི་བརྗིད་རྒྱལ་པོ་དེས་ང་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་ཤཱཀྱའི་རྒྱལ་པོའི་གཙོ་བོ་ཤཱཀྱ་ཐུབ་པས་གང་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས། དེ་སྐད་ཅེས་སྨྲས་པ་དང ། དེ་ལ་ངས་འདི་སྐད་ཅེས་སྨྲས་སོ། །ཆོས་ཐམས་ཅད་ཟད་པ་མེད་པ། ནམ་མཁའི་མཐའ་དང་མཉམ་པ་དེ་ནི། བྱང་ཆུབ་སྟེ། དེ་ལྟ་བུ་ལ་ 381a ༄#། །གནས་ནས་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཆོས་ཐམས་ཅད་ནི། དེ་ལྟ་བུ་ལ་གནས་པ་སྟེ། དེ་ནི།་ཡིད་ཀྱི་ཡང་དག་པར་བགྲོ་བའི་དྲི་བའོ། །བསྟན་པ་འདི་བཤད་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དག་པ་རབ་ཏུ་གཡོས་སོ། །འགུལ་ཏོ། ། ལྡེག་གོ་།འཁྲུགས་སོ། །འུར་འུར་རོ། །ཆེམ་ཆེམ་མོ། །ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །འཇིག་རྟེན་གྱི་བར་མུན་པ་མུན་ནག་གང་ན་ཉི་མ་དང་ཟླ་བ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ། འདི་ལྟར་གཟི་བརྗིད་ཆེ་བའི་འོད་ཀྱིས་སྣང་བར་མ་ནུས་པ་དང ། གཟི་བརྗིད་ཀྱིས་གཟི་བྱིན་ཅན་དུ་མ་ནུས་པ་དང ། སྣང་བས་སྣང་བར་མ་ནུས་པ་དང ། གསལ་བས་གསལ་ཞིང་སྣང་བར་མ་ནུས་པ་གང་དག་ཡིན་པ་འཇིག་རྟེན་གྱི་བར་དེ་དག་ཐམས་ཅད་སྐད་ཅིག་དེ་ཉིད་དང ། ཐང་གཅིག་དེ་ཉིད་དང ། ཡུད་ཙམ་དེ་ཉིད་ལ་སྣང་བས་ཁྱབ་པར་གྱུར་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད་དེ། འདི་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྣ་ཚོགས་ཁ་དོག་དུ་མ་འདི་ལྟ་སྟེ། སྔོན་པོ་ 381b དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དང ། བཙོད་ཀ་དང ། ཤེལ་དང ། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ནས་དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་འོད་ཀྱིས་ཁྱབ་པར་བྱས་ཏེ། ཚངས་པའི་འཇིག་རྟེན་གྱི་བར་དུ་སོང་ནས་སླར་ལོག་སྟེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་གཡས་ཕྱོགས་ལོགས་སུ་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཟིགས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།་ཀུན་དགའ་བོ། འཁོར་འདི་ནི། དག་པ་སྟེ། གཙང་བ། སྙིང་པོ་ལ་གནས་པའོ། །ཀུན་དགའ་བོ། བསྟན་པ་འདི་བཤད་པ་ན་དགེ་སློང་ལྔ་བརྒྱ་ནི། ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ཀུན་དགའ་བོ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་འདི་ན་དགེ་སློང་ཇི་སྙེད་ཅིག་གནས་པ་ཀུན་དགའ་བོ། དེ་དག་གི་ནང་ནས་ཆོས་འདི་དག་ལ་གང་ཐེ་ཚོམ་ཟ་བའམ། ཡིད་གཉིས་ཟ་བའམ། སོམ་ཉི་ཟ་བའི་དགེ་སློང་འགའ་ཡང་མ་བྱུང་ངོ ། །བྱང་ཆུབ་སེམས་དཔའ་ལྔ་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། སྲོག་ཆགས་སྟོང་ཕྲག་དུ་མས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་ཐམས་ཅད་ཀྱང་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་ 382a ༄#། །དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བརྗོད་ཅེས་བྱ་བར་མིང་མཐུན་པ་ཉིད་དུ་འགྱུར་རོ། །ཞེས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏོ། །དེ་དག་གི་ཚེའི་ཚད་ནི། བསྐལ་པ་གཅིག་ཐུབ་པར་འགྱུར་རོ། །དེ་དག་གི་དམ་པའི་ཆོས་ནི། བསྐལ་པ་ཕྱེད་ཀྱི་བར་དུ་གནས་པར་འགྱུར་རོ། །དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་འདི་སྙམ་དུ་སེམས་པར་གྱུར་ཏོ། །བདག་གིས་ནི། བཅོམ་ལྡན་འདས་ཡུན་རིང་ཞིག་ཏུ་མ་མཐོང་བས། བདག་གིས་བཅོམ་ལྡན་འདས་ལ་ཕྱག་བྱ་བ་དང ། བལྟ་བ་དང ། བསྙེན་བཀུར་བྱ་བའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་འགྲོ་བར་བྱའོ་སྙམ་མོ། །དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དེའི་ཚེ་སྣ་ཆེན་པོ་ལ་གཏོགས་པ་དབྱིབས་རིང་ལ་སྨྲས་པ། བཅོམ་ལྡན་འདས་ལ་ཕྱག་བྱ་བ་དང ། བལྟ་བ་དང ། བསྙེན་བཀུར་བྱ་བའི་ཕྱིར་འདོང་དགོས་ཀྱི། ངའི་ཤིང་རྟ་བཞོན་པ་བཟང་པོ་དང་ལྡན་པ་ཐོག་མར་སྦྱོར་ཅིག་།ཡང་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དེའི་ཚེ་སྣ་ཆེན་པོ་ལ་གཏོགས་པ་དཔལ་མཆོག་ལ་སྨྲས་པ། བཅོམ་ལྡན་འདས་ལ་ཕྱག་བྱ་བ་དང ། བལྟ་བ་དང ། བསྙེན་བཀུར་བྱ་བའི་ཕྱིར་འདོང་དགོས་ཀྱི། དཔལ་མཆོག་།ཁྱོད་སོང་ལ་ཡན་ལག་བཞི་པའི་དཔུང་གི་ཚོགས་དག་ཤོམས་ཤིག་ཅེས་ 382b སྒོས་ཤིག་།ཡང་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཙུན་མོ་དམ་པ་ལ་སྨྲས་པ། བཅོམ་ལྡན་འདས་ལ་ཕྱག་བྱ་བ་དང ། བལྟ་བ་དང ། བསྙེན་བཀུར་བྱ་བའི་ཕྱིར་ཁྱོད་ཀྱང་འདོང་ངོ ། །ཞེས་སྨྲས་སོ། །ཡང་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་གཞོན་ནུ་སགས་བྱིན་ལ་སྨྲས་པ། གཞོན་ནུ་ས་གས་བྱིན། ཁྱོད་སོང་ལ་རི་དྭགས་འཛིན་གྱི་མ་ལ་རྒྱལ་པོ་གསལ་རྒྱལ་ན་རེ། བཅོམ་ལྡན་འདས་ལ་ཕྱག་བྱ་བ་དང ། བལྟ་བ་དང ། བསྙེན་བཀུར་བྱ་བའི་ཕྱིར་འདོང་དགོས་སོ། །ཞེས་སྤྲོན་ཅིག་།དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་སྣ་ཆེན་པོ་ལ་གཏོགས་པ་རྩིས་པ་ས་ག་བཟང་པོ་ལ་སྨྲས་པ། ས་ག་བཟང་པོ། ཁྱོད་སོང་ལ་གྲོང་ཁྱེར་ཆེན་པོ་མཉན་ཡོད་ཀྱི་མི་དེ་དག་ཐམས་ཅད་ཀྱང་རྒྱར་གཞུག་ཅིང ། ལྗོངས་ཀྱི་མི་དང ། གྲོང་རྡལ་པའི་མི་ཐམས་ཅད་ལའང་རྐང་ཐང་པས་ཀྱང་རྐང་ཐང་པ་དང ། བཞི་མདོ་པས་ཀྱང་བཞི་མདོ་པ་དང ། སུམ་མདོ་བས་ཀྱང་སུམ་མདོ་པ་དང ། ཤིང་རྟ་བས་ཀྱང་ཤིང་རྟ་བ་ལ་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ན་རེ། བཅོམ་ལྡན་འདས་ལ་ཕྱག་བྱ་བ་དང ། བལྟ་བ་དང ། བསྙེན་བཀུར་བྱ་བའི་ཕྱིར་འདོང་དགོས་ཀྱི།་ཆ་རྫས་གྱིས་ཤིག་ཅེས་སྤྲོན་ཅིག་།སྣ་ཆེན་པོ་ལ་གཏོགས་པ་ཐམས་ཅད་ལའང་སྤྲོན་ཅིག་།ཁྱིམ་བདག་མགོན་མེད་ཟས་སྦྱིན་ལའང་སྤྲོན་ཅིག་།ཁྱིམ་བདག་དང་དཔོན་བཟང་ 383a ༄#། །པོ་ལའང་སྦྲོན་ཅིག་།ཁྱིམ་བདག་ས་ག་ལའང་སྦྲོན་ཅིག་།ཁྱིམ་བདག་ཀླུ་དགའ་ལའང་སྦྲོན་ཅིག་།ཚོང་བ་དང་ཁྱིམ་བདག་ཐམས་ཅད་ལའང་སྦྲོན་ཅིག་།ཁྱིམ་བདག་བསོད་ནམས་དཔལ་འབྱུང་ལའང་སྦྲོན་ཅིག་།ཁྱིམ་བདག་བསོད་ནམས་དཔལ་ལའང་སྦྲོན་ཅིག་།ཁྱིམ་བདག་བསོད་ནམས་དཔལ་གྱི་སྙིང་པོ་དང ། གཅོས་མིན་གྱིས་བྱིན་དང ། རི་དྭགས་འཛིན་དང ། འཕེལ་བྱེད་དང ། ས་གས་བྱིན་རྣམས་ལའང་སྦྲོན་ཅིག་།ཁྱིམ་བདག་དགའ་པོ་དཔལ་དང ། དཔའ་བོའི་འགྲོས་ཀྱིས་འགྲོ་བ་དང ། དགའ་བྱེད་དང ། དག་པའི་སེམས་དང ། དོན་གྲུབ་དང ། ཀུན་འཛིན་རྣམས་ལའང་སྦྲོན་ཅིག་།ཁྱིམ་བདག་བཀོད་པའི་མཆོག་ལའང་སྦྲོན་ཅིག་།ཁྱིམ་བདག་རྣ་གཙུག་ལའང་སྦྲོན་ཅིག་།ཁྱིམ་བདག་རྣ་ཆ་ཅན་ལའང་སྦྲོན་ཅིག་།ཁྱིམ་བདག་མེ་ཏོག་རྣ་ཅན་ལའང་སྦྲོན་ཅིག་།བཅོམ་ལྡན་འདས་ལ་ཕྱག་བྱ་བ་དང ། བལྟ་བ་དང ། བསྙེན་བཀུར་བྱ་བའི་ཕྱིར་འདོད་དགོས་ཀྱི། ཡུལ་ཀོ་ས་ལའི་རྒྱལ་པོས་བཀའ་སྩལ་པ་བཞིན་དེ་ལྟར་གོ་མ་ཐག་ཏུ་གྲོགས་པོ་དག་དེངས་ཤིག་།གྲོགས་པོ་དག་དེངས་ཤིག་།དེ་ལྟར་སྣ་ཆེན་པོ་ལ་གཏོགས་པ་རྩིས་པ་ས་ག་བཟང་པོས་ཀྱང་རྒྱལ་པོ་ཆེན་པོ་ལྟར་མཉན་ནས་རྒྱལ་པོ་གསལ་རྒྱལ་གྱིས་ཇི་སྐད་བསྒོ་བ་བཞིན་བསྒྲགས་སོ། །དེ་ནས་བཙུན་མོ་ཕྲེང་ཐོགས་ཀྱིས་བྲན་མོ་ 383b དཔལ་བཟང་མོ་དང ། བྲན་མོ་མེ་ཏོག་དཔལ་དང ། བྲན་མོ་དཔལ་དགའ་མོ་རྣམས་ལ་སྨྲས་པ། ཁྱོད་དེང་ལ་ང་ན་རེ། ཁྱིམ་བདག་གི་ཆུང་མ་རབ་ཏུ་རྟོགས་བྱེད་ལ། བཅོམ་ལྡན་འདས་ལ་ཕྱག་བྱ་བ་དང ། བལྟ་བ་དང ། བསྙེན་བཀུར་བྱ་བའི་ཕྱིར་འདོང་དགོས་སོ། །ཞེས་སྦྲོན་ཅིག་།ངའི་ཚིག་གིས་ཁྱིམ་བདག་གི་ཆུང་མ་ཟླ་བ་དང ། དྲི་མེད་དང ། བདེ་དཔལ་དང ། འཕགས་མ་དང ། ཀུན་ཤེས་དང ། དཔེ་མེད་དཔལ་དང ། བཀོད་མཆོག་མ་དང ། ཟླ་བཟང་མ་དང ། དྲི་མེད་ལྡན་རྣམས་ལའང་སྦྲོན་ཅིག་།གནང་ཆེན་མོ་དེ་དག་གིས་ཇོ་མོ་ལེགས་སོ། །ཞེས་ཇོ་མོའི་ལྟར་མཉན་ནས་ཇི་སྐད་བསྒོ་བ་བཞིན་སྦྲན་ཏོ། །དེ་ནས་སྣ་ཆེན་པོ་ལ་གཏོགས་པ་དབྱིབས་རིང་གིས་རྒྱལ་པོ་གསལ་རྒྱལ་གྱི་བཞོན་པ་བཟང་པོ་བཤམས་སོ། ། བཤམས་ནས་ཀྱང་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། །ལྷའི་ཆིབས་པ་བཟང་པོ་ནི། བཤམས་ལགས་སོ། །དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་ཕྱག་བྱ་བ་དང ། བལྟ་བ་དང ། བསྙེན་བཀུར་བྱ་བའི་ཕྱིར་བཞོན་པ་བཟང་པོ་ལ་ཞོན་ཏེ་རྒྱལ་པོ་ཆེན་པོའི་མཐུ་དང ། རྒྱལ་པོ་ཆེན་པོའི་རྫུ་འཕྲུལ་གྱིས་བཙུན་མོའི་འཁོར་གྱི་ནང་ན་གནས་ཤིང ། བཙུན་མོའི་འཁོར་གྱིས་མདུན་གྱིས་ནི། བལྟས། ལྗོངས་ཀྱི་མི་དང ། གྲོང་རྡལ་པས་ནི། བསྐོར། ཡན་ལག་ 384a ༄#། །བཞི་པའི་དཔུང་གི་ཚོགས་ཀྱིས་ནི། མདུན་གྱིས་བལྟས། མེ་ཏོག་དང ། མེ་ཏོག་ཕྲེང་དང ། བདུག་པ་དང ། དྲི་དང ། ཕྲེང་བ་དང ། བྱུག་པ་དང ། ཕྱི་མ་དང ། གདུགས་དང ། རྒྱལ་མཚན་དང ། བདན་དང ། གོས་དག་ནི། ཐོགས། རིན་པོ་ཆེའི་གོས་རིན་ཐང་མེད་པ་དག་ནི། ཁྱེར། རིན་པོ་ཆེའི་གོས་རྒྱ་ཆེ་ཞིང་ཡངས་པ་དག་ནི།་བགོས། ཤིང་རྟ་སྟོང་ཕྲག་དྲུག་ཁྲི་དང ། ཁྱོགས་པ་སྟོང་ཕྲག་དྲུག་ཁྲི་དང ། རྐང་ཐང་བ་སྟོང་ཕྲག་དྲུག་ཁྲིས་ནི། བསྐོར། བ་དན་སྟོང་ཕྲག་དྲུག་ཁྲིས་ནི། བསྒྲེང ། རོལ་མོའི་སྒྲ་སྟོང་ཕྲག་དྲུག་ཁྲི་དང ། རྔ་བོ་ཆེ་དང་སིལ་སྙན་གྱི་སྒྲ་དུ་མ་དག་ནི། སྒྲོག་ཅིང ། རྒྱལ་པོ་ཆེན་པོ་དེའི་མཐུས་གྲོང་ཁྱེར་ཆེན་པོ་མཉན་ཡོད་དུ་དོང་ངོ ། །དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཞོན་པ་ལ་ཇི་སྲིད་བཞོན་དུ་རུང་བ་དེ་སྲིད་དུ་བཞོན་པས་སོང་སྟེ། བཞོན་པ་ལས་བབས་ནས་ཡུལ་ན་མཐུ་དང ། བརྩོན་འགྲུས་ཐོབ་པ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་རྒྱལ་པོའི་རྟགས་ལྔ་པོ་གང་དག་ཡིན་པ་འདི་ལྟ་སྟེ། རལ་གྲི་རིན་པོ་ཆེ་དང ། གདུགས་རིན་པོ་ཆེ་དང ། ཅོད་པན་རིན་པོ་ཆེ་དང ། བསིལ་ཡབ་རིན་པོ་ཆེ་དང ། མཆིལ་ལྷམ་ནོར་བུ་རིན་པོ་ཆེ་ལས་བྱས་པ་སྟེ། དེ་དག་ཐམས་ཅད་ཕུད་ཅིང་བཞག་ནས་རྐང་པས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ ། །དེ་ནས་ཀོ་ས་ལའི་ 384b རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་སྒྲ་ཆུང་བར་རིག་ནས་སྣ་ཆེན་པོ་ལ་གཏོགས་པ་དབྱིབས་རིང་ལ་སྨྲས་པ། དབྱིབས་རིང ། འདི་ལྟར་འདི་ནི། བསམ་གཏན་པ་གནས་མེད་པ་རྣམས་ཀྱི་གནས་སོ། །རྣལ་འབྱོར་པ་དབེན་པ་ལ་དགའ་བ་རྣམས་དང ། སྟོང་པ་ཉིད་ལ་གནས་པ་རྣམས་དང ། མཚན་མ་མེད་པ་ལ་གནས་པ་རྣམས་དང ། སྨོན་པ་མེད་པ་ལ་གནས་པ་རྣམས་ཀྱི་གནས་སོ། །བསམ་གཏན་པ་མི་གནས་པ་རྣམས་ཀྱི་གནས་ཏེ། ཕས་ཀྱི་རྒོལ་བ་རྣམས་ཀྱིས་ཀྱང་སྟོང་ལ། གནས་པ་རྣམ་པ་དེ་ལྟ་བུ་དེ་དག་དང ། སྒྲ་ཆུང་བ་དང ། དབེན་པ་འདིས་གནས་སོ། །དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ས་ག་གཞོན་ནུ་དཔལ་ལ་སྨྲས་པ། ས་ག་གཞོན་ནུ་དཔལ། ངའི་འཁོར་རྣམས་གཅོམ་བསྐྱུངས་ཤིག་།དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་དགེ་སློང་གི་དགེ་འདུན་གྱིས་བསྐོར་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་གྱིས་བལྟས་ཤིང ། ལྷའི་འཁོར་མང་པོས་བསྐོར་ནས་མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཅིང་བཞུགས་པ་མཐོང་ངོ ། །དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དགའ་བ་དང ། མཆོག་ཏུ་དགའ་བ་སྐྱེས་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །སྣང་ཞིང་གསལ་བར་མཛད་པ་འོད་མཛད་པ། །ཕས་ཀྱི་རྒོལ་བ་ཀུན་གྱིས་མི་གཡོས་ཤིང ། 385a ༄#། །འཁོར་གྱི་ནང་ན་ཟླ་བ་ཉ་བ་ལྟར། །གང་ཟག་དམ་པ་རྣམ་པར་ལམ་མེར་བཞུགས། །ཆོས་ཀྱི་དམ་པ་སྟོན་པ་མཛད་པ་ན། །ཕྱོགས་བཅུ་ཀུན་ཏུ་ཁྱོད་ནི་ཐ་ལེ་ཞིང ། བདུད་ཀྱི་སྡེ་དཔོན་མ་ལུས་རབ་བཅོམ་ནས། །གསེར་གྱི་རི་བོ་འཕགས་བཞིན་ལམ་མེར་གདའ། །ཀླུ་ཡི་བདག་པོ་མི་གཡོས་གནས་པ་ལྟར། །གཽ་ཏ་མཱ་ཡི་ཉན་ཐོས་མི་ཕ་མ་ལགས། །ཞི་གནས་དགྱེས་ཀྱི་སྲས་རྣམས་ཞི་གནས་དགའ། །དེ་དག་ནང་ན་རྒྱལ་བ་གསུང་ཚེ་མཛེས། །ཡོན་ཏན་ཡང་དག་སྟོན་པ་འཇིག་རྟེན་ཕགས། །དེ་ལྟར་རྒྱལ་བ་ཤཱཀ་ཐུབ་ལམ་མེར་བཞུགས། །ཇི་ལྟར་རི་རབ་རྒྱ་མཚོའི་ནང་འཕགས་ཤིང ། །རིན་ཆེན་སྣ་ཚོགས་རྣམས་ཀྱིས་མཛེས་པ་ལྟར། །དེ་བཞིན་ཤཱཀྱ་ཁྱུ་མཆོག་འཇིག་རྟེན་འཕགས། །སེམས་ཅན་ཀུན་ཡང་ཁྱོད་འཕགས་ལམ་མེར་བཞུགས། །ཇི་ལྟར་པདྨ་ཆུས་ནི་མི་གོས་ལྟར། །དེ་བཞིན་འཇིག་རྟེན་དག་ན་མ་གོས་བཞུགས། །ཇི་ལྟར་རིམ་བ་རྟག་ཏུ་བརྟན་པ་ལྟར། །ཁྱོད་ནི་ཡང་དག་འཕགས་པས་ཀུན་ཏུ་མཛད། །དེ་ལྟར་རྒྱལ་བ་མཁས་པ་རྣམས་ཀྱིས་བསྐོར། །ལྷ་དང་བཅས་པའི་འཁོར་ནང་མངོན་པར་འཕགས། །སུམ་ཅུ་རྩ་གསུམ་གནས་ན་ཡོངས་འདུ་ཤིང་།། མེ་ཏོག་ལེགས་ཆད་འཕགས་མཛེས་ལྷག་གེ་ལྟར། །དེ་བཞིན་ལྷ་དང་བཅས་པའི་འཁོར་ནང་ན། །ཤཱཀྱ་ཁྱུ་མཆོག་མཚན་གྱིས་རྣམ་པར་མཛེས། །འོད་གསལ་གྱུར་བརྒྱད་ནོར་བུ་ 385b བཻ་ཌཱུརྱ། །དུ་གུལ་ཀ་ཤི་གོས་ཀྱི་སྟེང་བཞག་ན། །ཀུན་གྱིས་མི་གོས་ལྟ་བུར་དགྲ་བཅོམ་རྣམས། །མེ་ལོང་བཞིན་དུ་སེམས་དག་དྲི་མ་མེད། །ཁྱོད་ཀྱི་ཉན་ཐོས་དེ་དག་ནི། །བྱམས་པ་ཤིན་ཏུ་བསྒོམས་ནས་གནས། །ཉན་ཐོས་བརྟན་རྣམས་ཡེ་ཤེས་དགའ། །ཉོན་མོངས་མ་མཆིས་གདམས་ངག་སྟོན། །རྒྱལ་པོ་འདིར་ནི་མཆིས་པ་ཡང ། །དེ་དག་རྣམས་ཀྱིས་མཚོར་ལགས། །གང་གི་ཉན་ཐོས་དེ་དག་ནི། །ཞི་ཞིང་ཆོས་ཀུན་མི་གནས་པ། །ཅང་མཁྱེན་ཁྱོད་ལ་ཕྱག་འཚལ་ལོ། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཀྱིས་ནི་སྐུ་བསྒོམས་ཤིང ། །ཡེ་ཤེས་སྐུ་ཡིས་ཞུགས་པ་ལགས། །ཡེ་ཤེས་སྐུ་ཡིས་རྫོགས་སངས་རྒྱས། །སྐུ་ཡིས་ཟླ་བ་གསུམ་དུ་བཞུགས། །རྫོགས་སངས་རྒྱས་པ་སྨྲ་རྣམས་མཆོག་།ཡེ་ཤེས་ལྡན་པ་རྟག་ཏུ་མཛེས། །ཕྱི་མའི་དུས་ན་ཡེ་ཤེས་ལས། །ཉམས་འགྱུར་དགེ་སློང་རྣམས་ཀྱང་འབྱུང ། །རྒོད་ཅིང་དབང་པོ་ཕལ་པ་དང་།རྒོད་པའི་དགེ་སློང་མཁྱེན་ནས་ནི། །བསོད་སྙོམས་གཅིག་གིས་ཟླ་གསུམ་དུ། །རྒྱལ་བ་ཏིང་ངེ་འཛིན་ལ་བཞུགས། །ཕྱི་མའི་དུས་ན་ཟང་ཟིང་ལ། །བརྐམ་ཆགས་དགེ་སློང་རྣམས་འབྱུང་བས། །བསོད་སྙོམས་གཅིག་གིས་ཟླ་གསུམ་དུ། །རྒྱལ་བ་ཏིང་ངེ་འཛིན་ལ་བཞུགས། །ཕྱི་མའི་དུས་ཀྱི་དགེ་སློང་ཕྱིར། །ཁྱོད་ཀྱིས་དེ་སྐད་བཀའ་སྩལ་ཏེ། །དེ་ཚེ་བདག་དད་པ་རྣམས། །བསྟན་པ་འདི་ལ་བསླབ་པ་འབྱུང ། །སེམས་ཅན་གང་དག་མ་དད་པ། །ཆོས་འདི་དག་ནི་ཐོས་ནས་ཀྱང ། ། 386a ༄#། །དེ་དག་དགའ་བར་མི་འགྱུར་བས། །དེ་དག་བསྐུལ་ཕྱིར་འདི་མཛད་དོ། །བམ་པོ་གཉིས་པ། དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་དད་པའི་སེམས་ཀྱིས་ཡང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་དད་པའི་སེམས་ཀྱིས་བཅོམ་ལྡན་འདས་མཐོང་ནས་ཡང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ནི། ཡུལ་ཀོ་ས་ལའི་རྒྱལ་པོ་ལགས་སོ། །བཅོམ་ལྡན་འདས། བདག་ནི། ཡུལ་ཀོ་ས་ལའི་རྒྱལ་པོ་ལགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོས་བཀུར་སྟི་བྱས་པ་དང ། རི་མོ་བྱས་པ་དང ། མཆོད་པ་བྱས་པས་ཆོག་གི་།ལོངས་ཤིག་།ལོངས་ལ་རྒྱལ་པོ་ཆེན་པོ་རང་གི་སྟན་ལ་འདུག་ཅིག་།དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་སྤྱན་སྔ་ན་འདུག་ཅིང་བཅོམ་ལྡན་འདས་ལ་མིག་མི་འཛུམ་པས་བལྟས་སོ། །བལྟས་ནས་ཀྱང་རིན་པོ་ཆེའི་གོས་རིན་ཐང་མེད་པ་ལག་ན་ཐོགས་ཐོགས་པ་དང ། རང་གི་ལུས་ལ་གོས་གྱོན་པ་གང་ཡིན་པ་དེ་ལུས་ 386b ལས་ཕུད་དེ་བཅོམ་ལྡན་འདས་ལ་ཕུལ་ལོ། །ཕུལ་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གི་གོས་རིན་པོ་ཆེ་འདི་ནི། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་གྲུབ་པ། མ་སྨད་པ། བཟང་བ། ཁ་ན་མ་ཐོ་བ་མ་མཆིས་པ། རང་གི་ལུས་ལ་འཚལ་འཚལ་བ་ལགས་ཏེ། འདི་བདག་གི་དབང་ཕྱུག་གིས་སུ་ལས་འཕྲོག་པའང་མ་མཆིས་ཀྱི། སྔོན་ལེགས་པར་སྤྱད་པ་ལས་མངོན་པར་གྲུབ་པ་ལགས་ན། བཅོམ་ལྡན་འདས་ཀྱི་བཞེས་སུ་གསོལ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ། འདི་ལྟར་ཡུལ་ཀོ་ས་ལའི་རྒྱལ་པོ་འདིས་གོས་རིན་པོ་ཆེ་ཡོངས་སུ་སྤྱད་སྤྱད་པ་འདི་བཅོམ་ལྡན་འདས་ལ་ཕུལ་ལོ་སྙམ་མོ། །དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱི་མཐུས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཤེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གི་གོས་རིན་པོ་ཆེ་འདི་སྔ་ནས་བཅོམ་ལྡན་འདས་ལ་དབུལ་ལོ། །སྙམ་པའི་སེམས་དེ་ལྟ་བུ་ནི། མ་སྐྱེས་ལགས་ཀྱི། བཅོམ་ལྡན་འདས་མཐོང་ནས་ནི། སེམས་སྐྱེས་ལགས་ན་ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་གོས་རིན་པོ་ཆེ་འདི་བཞེས་སུ་གསོལ། བཅོམ་ལྡན་འདས། སེམས་འདི་ནི། མྱུར་དུ་འགྱུར་བ་ལགས་ལ། བཅོམ་ལྡན་འདས། དེ་བཞིན་གཤེགས་ 387a ༄#། །པ་དེ་དག་ནི། རྙེད་པར་དཀའ་སྟེ། ཨུ་དུམྦ་རའི་མེ་ཏོག་བཞིན་དུ་མཆོག་ཏུ་རྙེད་པར་དཀའ་བས་དབུལ་ལོ་སྙམ་པ་དེ་སྐྱེས་ལགས་སོ། །བདག་གིས་བཅོམ་ལྡན་འདས་མཉེས་པར་བགྱིས་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །ཁྱོད་ནི་རྐང་གཉིས་གཙོ་བོ་སྟེ། །བསོད་ནམས་གཟི་བརྗིད་ཀུན་ཏུ་འཕགས། །ཉོན་མོངས་ཅན་སེམས་མ་གཏོགས་པར། །མཐོང་ན་དགའ་བ་སུ་མི་སྐྱེད། །སེམས་ཅན་མ་རུངས་གང་དག་གིས། །ཐུབ་དབང་མ་མཆོད་དེ་དག་བརླག་།ུ་དུམྦ་རའི་མེ་ཏོག་ལྟར། །གསལ་མཛད་འཇིག་རྟེན་དག་ན་དཀོན། །ཤཱཀྱ་སེངྒེ་མི་ཡི་མཆོག་།མགོན་པོ་བདག་གི་དེང་གཉེན་གྱི། །ཡེ་ཤེས་ལ་ནི་བདག་སྨོན་པས། །ཁྱོད་ལ་དེང་ནི་མཆོད་པ་བགྱིད། །བྱང་ཆུབ་ཡེ་ཤེས་གང་འདོད་པ། །སངས་རྒྱས་རྣམས་ལ་མཆོད་འདི་ལགས། །སངས་རྒྱས་ཡེ་ཤེས་ཆེད་ཀྱི་ཕྱིར། །མི་མཆོག་ལ་ནི་མཆོད་བགྱིད་ན། །མགོན་པོ་བདག་གི་བཞེས་སུ་གསོལ། །རྒྱལ་བ་བདག་གི་བཞེས་སུ་གསོལ། །སེམས་ཅན་ཀུན་གྱི་དོན་སླད་དུ། །ཁྱོད་ལ་བདག་ནི་ན་བཟའ་འབུལ། །བདག་གི་སེམས་ནི་ཚར་བཅད་ཅིང ། །བདག་གིས་སེར་སྣ་བཅོམ་པས་ན། །ཆོས་རྣམས་བསྐྱེད་པའི་ཆེད་ཀྱི་ཕྱིར། །བདག་གི་སེམས་ལ་གཏོང་བ་སྐྱེས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ན་བཟའ་ཕུལ་བ་བཞེས་ནས་རྒྱལ་པོ་ 387b གསལ་རྒྱལ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། ཁྱོད་ཀྱིས་སེམས་བསྐྱེད་པ་རྒྱ་ཆེན་པོ་སྐྱེས་པ་ལེགས་སོ། །ལེགས་སོ། །རྒྱལ་པོ་ཆེན་པོ། དེའི་ཕྱིར་ཆོས་བཞི་པོ་དག་ལ་བརྩོན་པར་བྱ་སྟེ།་བཞི་གང་ཞེ་ན། རྒྱལ་པོ་ཆེན་པོ། འདི་ལྟ་སྟེ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཡུལ་ན་མཐུ་དང་བརྩོན་འགྲུས་ཐོབ་པས་དགེ་སྦྱོང་དང ། བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པའི་ཐང་དུ་འགྲོ་བར་བྱ་ཞིང་ཡོངས་སུ་དྲི་བར་བྱ་བ་དང ། དེ་བཞིན་གཤེགས་པའི་བསྟན་པ་བསྲུང་བ་དང་བསྐྱབ་པའི་ཕྱིར་བསྒྲུབ་པར་བྱ་བ་དང ། ཟབ་མོ་ལ་མོས་པས་ཆོས་བཙལ་བར་བྱ་བའི་ཕྱིར་སྤྲོ་བར་བྱ་བ་དང ། ལོག་པར་ལྟ་བ་དང་བྲལ་བས་ཡང་དག་པ་ཉིད་དུ་ངེས་པར་བྱ་བའི་ཕྱིར་སྤྲོ་བར་བྱ་བ་སྟེ། རྒྱལ་པོ་ཆེན་པོ། ཆོས་བཞི་པོ་དེ་དག་ལ་བརྩོན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ནས་བདེ་བར་གཤེགས་པས་དེ་སྐད་གསུངས་ཏེ། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་ཚུལ་ཁྲིམས་ལྡན་རྣམས་ལ། །གུས་པ་དག་ནི་རྟག་བྱེད་ཅིང ། །དངོས་པོ་ཀུན་གྱིས་འདྲི་བྱེད་པ། །དེས་ནི་ཤེས་རབ་རྣམ་པར་འཕེལ། །དགེ་སློང་རྣམས་ལ་གུས་པ་དག་།བྱས་པའི་ལས་ནི་དགེ་བ་ཡི། །ཇི་ལྟར་དག་པ་དེ་བཞིན་དུ། །དེ་ཡི་སེམས་ནི་དག་པར་འགྱུར། །བསྟན་པ་སྲུང་བ་བྱས་པ་ནི། །རྟག་ཏུ་ཀུན་ནས་སྲུང་བ་ཡིན། །ཡན་ལག་དང་པོ་འདི་ཡིས་ནི། །ལུས་ནི་ངེས་ 388a ༄#། །པར་དག་པར་འགྱུར། །རྒྱལ་རིགས་དག་གིས་ཟབ་མོའི་ཆོས། །རྟག་ཏུ་ཉན་ཅིང་འདུག་བྱེད་ཅིང ། །ཕྱིར་ཞིང་ཐོས་པར་འདོད་འགྱུར་ཞིང ། །ཡང་དང་ཡང་དུ་ཚོལ་བར་འགྱུར། །ཟབ་མོའི་ཆོས་ནི་ཐོས་ནས་ཀྱང ། །ལོག་པ་དག་ནི་སྤྱོད་མི་བྱེད། །རྒྱལ་པོ་ལོག་པར་ལྟ་བྲལ་ཞིང ། །ཡང་དག་ཆོས་ནི་ཤེས་པར་འགྱུར། །ཟབ་མོའི་ཆོས་ནི་ཤེས་ནས་ཀྱང ། །དེ་ནི་ལོག་པར་མི་སྤྱོད་ཅིང ། །སྡིག་པ་ཀུན་དང་བྲལ་བས་ན། །དེས་ན་རྒྱལ་པོ་ཁྱད་པར་འཕགས། །ཆོས་ཀྱི་དམ་པ་བཞི་པོ་ལ། །རྒྱལ་རིགས་བཞི་པོ་རྟག་པར་ནི། །འགྲོ་བ་ངན་པར་དེ་མི་འགྲོ་།དེ་ལ་བདེ་འགྲོ་རྙེད་མི་དཀའ། །སངས་རྒྱས་མྱུར་དུ་མཐོང་འགྱུར་ཞིང ། །དེ་ལས་ཆོས་ཀྱང་ཉན་བྱེད་ལ། །རྫོགས་སངས་རྒྱས་ཀྱིས་བཤད་པ་ཡི། །ཟབ་མོའི་ཆོས་ནི་ཤེས་པར་འགྱུར། །ཆོས་བཞི་དག་ལ་སྟེར་བྱེད་ཅིང ། །སེམས་ཀྱིས་བྱང་ཆུབ་བསྔོ་བྱེད་ན། །ཡར་གྱི་ངོ་ཡི་ཟླ་བ་ལྟར། །དེ་ཡི་ཡེ་ཤེས་འཕེལ་བར་འགྱུར། །སེམས་ཀྱིས་བྱང་ཆུབ་བསྔོ་བྱེད་ཅིང ། །ཆོས་མཆོག་དག་ནི་ཚོལ་བྱེད་ན། །རྐང་གཉིས་དམ་པ་རྫོགས་སངས་རྒྱས། འཇིག་རྟེན་དམ་པར་དེ་འོས་སོ། །ཆོས་རྣམས་ཀུན་གྱི་དམ་པ་སྟེ། །ཆོས་མཆོག་དག་ནི་སྟོན་པ་པོ། །དེ་ལ་མཆོད་པ་བྱས་ནས་ནི། །ཐེག་པ་མཆོག་ཏུ་ངེས་པར་འགྱུར། །རྒྱལ་པོ་རྒྱལ་རིགས་གང་ཞིག་ནི། །ཆོས་ཀྱི་དམ་པ་ཚོལ་འདོད་པ། །ཡང་དང་ཡང་དུ་ཆོས་ཀྱི་ 388b མཆོག་།ཆོས་བཞི་པོ་ལ་བསྟན་པར་བྱོས། །རྒྱལ་པོ་ཆེན་པོ། གཞན་ཡང་མཆོག་འོས་ནི། སེམས་ཅན་རྣམས་ཀྱི་ཕྱིར་ཆོས་ཀྱི་མཆོག་རྣམ་པར་འབྱེད་དོ། །རྒྱལ་པོ་ཆེན་པོ། ཆོས་ཀྱི་མཆོག་གང་ཞེ་ན། རྒྱལ་པོ་ཆེན་པོ། ཆོས་ཀྱི་མཆོག་ནི། ཆོས་ཐམས་ཅད་གཟུང་བར་བྱ་བ་མ་ཡིན་པའོ། །སུས་གཟུང་བར་བྱ་བ་མ་ཡིན་ཞེ་ན། རྒྱལ་པོ་ཆེན་པོ། སུས་ཀྱང་མི་འཛིན་པ་དེའི་ཕྱིར་ཆོས་ཐམས་ཅད་གཟུང་བར་བྱ་བ་མ་ཡིན་ནོ། །ཞེས་བྱའོ། །རྒྱལ་པོ་ཆེན་པོ། ཆོས་ཐམས་ཅད་ཆོས་ཐམས་ཅད་ཅེས་བྱ་བ་ཇི་ལྟ་བུ་ཞེ་ན། རྒྱལ་པོ་ཆེན་པོ། ཆོས་དེ་དག་ཐམས་ཅད་ནི།་ཆོས་མ་ཡིན་ཏེ། དེས་ན། ཆོས་ཐམས་ཅད་ཆོས་ཐམས་ཅད་ཅེས་བྱའོ། །དེ་དག་ཆོས་མ་ཡིན་པ་ཇི་ལྟ་བུ་ཞེ་ན། རྒྱལ་པོ་ཆེན་པོ། གང་ཇི་ཙམ་དུ་སྤྱོད་པ་དེ་ཙམ་དུ་ཆོས་ཀྱི་འདུ་ཤེས་མ་ཡིན་ནོ། །རྒྱལ་པོ་ཆེན་པོ། ཆོས་ཀྱི་འདུ་ཤེས་མ་ཡིན་པ་ཞེས་བྱ་བ་ནི། མི་ཤེས་པ་འབྱུང་ངོ ། །གལ་ཏེ་འདུ་ཤེས་སུ་དམིགས་ན་འདུ་ཤེས་མ་ཡིན་པར་འགྱུར་རོ། །རྒྱལ་པོ་ཆེན་པོ།་འདུ་ཤེས་གཞན་དུ་གྱུར་ན་འདུ་ཤེས་མ་ཡིན་པར་འགྱུར་ཏེ། རྒྱལ་པོ་ཆེན་པོ། འདུ་ཤེས་ཞེས་བྱ་བ་འདི་ནི། བརྡའོ། །རྒྱལ་པོ་ཆེན་པོ། འདུ་ཤེས་ཞེས་བྱ་བ་འདི་ནི། ཆགས་པའོ། ། རྒྱལ་པོ་ཆེན་པོ། འདུ་ཤེས་ཡོད་ན་བྱིས་པ་ཞེས་བྱའོ། །རྒྱལ་པོ་ཆེན་པོ། བྱིས་པ་ཞེས་བྱ་བ་ནི། བྱིས་པ་གནས་པར་བྱེད་པའོ། །ཅིའི་ཕྱིར་བྱིས་པ་གནས་པར་བྱེད་པ་ཞེས་བྱ་ཞེ་ན། བྱིས་པ་ 389a ༄#། །གནས་པར་བྱེད་པའི་ཕྱིར་རོ། །ཅི་ནས་གནས་པར་བྱེད་ཅེ་ན། འདུ་ཤེས་གནས་པར་བྱེད་དོ། །འདུ་ཤེས་དེ་གང་ཞེ་ན། འདི་ལྟ་སྟེ། བདག་ཏུ་འདུ་ཤེས་པ་དང་སྲིད་པར་འདུ་ཤེས་པ་དང ། སེམས་ཅན་དུ་འདུ་ཤེས་པ་དང ། གཟུགས་སུ་འདུ་ཤེས་པ་ནས་རྣམ་པར་ཤེས་པར་འདུ་ཤེས་པའི་བར་དང ། མིག་ཏུ་འདུ་ཤེས་པ་དང ། རྣ་བར་འདུ་ཤེས་པ་དང ། སྣར་འདུ་ཤེས་པ་དང ། ལྕེར་འདུ་ཤེས་པ་དང ། ལུས་སུ་འདུ་ཤེས་པ་དང ། ཡིད་དུ་འདུ་ཤེས་པ་ནས་འདུ་ཤེས་ཐམས་ཅད་ཀྱི་བར་དུ་གནས་པར་བྱེད་ཅིང ། ཐ་ན་མྱ་ངན་ལས་འདས་པར་འདུ་ཤེས་པར་ཡང་གནས་པར་བྱེད་དོ། །རྒྱལ་པོ་ཆེན་པོ། །མྱ་ངན་འདས་པ་ཞེས་བྱ་བ་ཅིའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱ་ཞེ་ན། མྱ་ངན་ལས་འདས་པར་འདུ་ཤེས་པ་སྟེ། རྒྱལ་པོ་ཆེན་པོ། མྱ་ངན་འདས་པར་འདུ་ཤེས་པ་ནི། མེད་པའོ། །རྒྱལ་པོ་ཆེན་པོ། བྱིས་པ་མྱ་ངན་འདས་པ་ཞེས་བྱ་བ་ནི། འཁོར་ལོའི་ཚུལ་དང ། ཆུ་ཀླུང་འཁྱིལ་པའི་ཚུལ་གྱིས་སོ། །རྒྱལ་པོ་ཆེན་པོ། ཚུལ་ཞེས་བྱ་བ་ཅིའི་ཕྱིར་ཚུལ་ཞེ་ན། སྤྱོད་ཡུལ་མ་ཡིན་པ་སྟེ། གང་ན་སུའི་སྤྱོད་ཡུལ་ཡང་མ་ཡིན་པའོ། །སུའི་སྤྱོད་ཡུལ་ཡང་མ་ཡིན་པ་ནི། འདུ་ཤེས་ཀྱི་སྤྱོད་ཡུལ་མ་ཡིན་པའོ། །རྒྱལ་པོ་ཆེན་པོ། སྤྱོད་ཡུལ་ཞེས་བྱ་བ་ཅིའི་ཕྱིར་ཞེ་སྤྱོད་ཡུལ་ཞེས་བྱ་ཞེ་ན། སེམས་དེ་དང ། སྤྱོད་པ་ཆེན་པོ་དེ་དང ། ཡང་དག་པ་མ་ཡིན་པའི་སྤྱོད་པ་ 389b སྦེད་པར་བྱེད་པའོ། །ཡང་དག་པ་མ་ཡིན་པ་གང་ཞེ་ན། གང་དེ་ཁོ་ན་མ་ཡིན་པ་ནི། ཡང་དག་པ་མ་ཡིན་པའོ། །དེ་ལ་ཡོད་པ་མ་ཡིན་པ་ཞེས་བརྗོད་པ་ནི། ཐམས་ཅད་ཡང་དག་པ་མ་ཡིན་པ་སྟེ།་དེས་ན། ཡོད་པ་མ་ཡིན་པ་ཞེས་བྱའོ། །རྒྱལ་པོ་ཆེན་པོ། །ཡོད་པ་མ་ཡིན་པ་ཞེས་བྱ་བ་ཅིའི་ཕྱིར་ཡོད་པ་མ་ཡིན་པ་ཞེས་བྱ་ཞེ་ན། རྒྱལ་པོ་ཆེན་པོ། དངོས་པོ་མེད་དོ། །ཡང་དག་པ་མ་ཡིན་པ་ཅིའི་ཕྱིར་དངོས་པོ་མེད་ཅེ་ན། ཡང་དག་པར་མ་ཡིན་པ་ནི། མི་རྟག་པའོ། །ཡང་དག་པ་མ་ཡིན་པ་ནི། མི་སྡུག་པའོ། །ཡང་དག་པ་མ་ཡིན་པ་ནི། བདག་མེད་པའོ། །ཡང་དག་པ་མ་ཡིན་པ་ནི། སྲིད་པ་མི་གཙང་བའོ། །གང་མི་དབེན་པ་དེ་ནི། ཡང་དག་པ་མ་ཡིན་པའོ། །རྒྱལ་པོ་ཆེན་པོ། དེ་བཞིན་དུ་དེ་ནི། ཕྱིན་ཅི་ལོག་ཡིན་ནོ། །ཅིའི་ཕྱིར་ཕྱིན་ཅི་ལོག་ཅེས་བྱ་ཞེ་ན། རྒྱལ་པོ་ཆེན་པོ། ཕྱིན་ཅི་ལོག་ནི། ཚུ་རོལ་ནའང་མེད། ཕ་རོལ་ནའང་མེད། གཉི་གའི་བར་ནའང་མེད་ན། རྒྱལ་པོ་ཆེན་པོ། དེ་ནི། འདུ་ཤེས་ལྟག་ལ་ཡོད། འདུ་ཤེས་དེ་གང་ཞེ་ན། མི་རྟག་པར་འདུ་ཤེས་པ་དང ། སྡུག་བསྔལ་བར་འདུ་ཤེས་པ་དང ། བདག་མེད་པར་འདུ་ཤེས་པ་དང ། མི་སྡུག་པར་འདུ་ཤེས་པའོ། །རྒྱལ་པོ་ཆེན་པོ། ཅིའི་ཕྱིར་འདུ་ཤེས་ཚུ་རོལ་ནེའང་མེད།་ཕ་རོལ་ནའང་མེད། གཉི་གའི་བར་ནའང་མེད་ཅེ་ན། མི་རྟག་པར་འདུ་ཤེས་པ་ནི། རྟག་པ་ཁོ་ནར་འདུ་ཤེས་པར་ལྟོས་ཤིག་།རྒྱལ་པོ་ཆེན་པོ། ཇི་སྐད་དུ་བསྟན་པར་འགྱུར་ 390a ༄#། །ཞེ་ན།་གཉི་གའི་བར་ཞེས་བྱ་བ་ཅིའི་ཕྱིར་གཉི་གའི་ངར་ཞེས་བྱ་ཞེ་ན། རྒྱལ་པོ་ཆེན་པོ། གང་ན་བར་མེད་པ་དེ་ན་དབུས་ཀྱང་མི་དམིགས་ན། དེ་ལ་མཐར་ལྟ་ག་ལ་འགྱུར། རྒྱལ་པོ་ཆེན་པོ། གང་ན་དབུས་མི་དམིགས་པ་དེ་ན་མཐའ་ཡང་མི་དམིགས་སོ། །གང་ན་མཐའ་མི་དམིགས་པ་དེ་ན་འགྲོ་བའང་རྣམ་པར་ཆད་དོ། །གང་ན་འགྲོ་བར་རྣམ་པར་ཆད་པ་དེ་ན་སུའང་སོང་བ་མེད་དོ། །གང་ན་སུའང་སོང་བ་མེད་པ་ན་འགྲོ་བའང་མེད་དོ། །གང་ན་འགྲོ་བ་མེད་པ་དེ་ན་ཉིད་མཚམས་སྦྱོར་བ་མེད་དོ། །གང་ཉིད་མཚམས་སྦྱོར་བ་མེད་པ་དེ་ནི། མཚམས་སྦྱོར་བ་སྟེ། བྱང་ཆུབ་དེ་ནི། གནས་པ་ཁོ་ནའོ། བྱང་ཆུབ་གནས་པ་གང་ཡིན་པ་དེ་ནི། འཛིན་པ་མེད་པའོ། །འཛིན་པ་མེད་པ་གང་ཡིན་པ་དེ་ནི། སེམས་ཅན་ཞེས་བྱ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ནི། སེམས་ཅན་གྱི་མཆོག་ཅེས་བརྗོད་དོ། །དེས་ན་བྱང་ཆུབ་སེམས་དཔའ་ནི། འཛིན་པ་མེད་པའོ། །ཅིའི་ཕྱིར་འཛིན་པ་མེད་ཅེ་ན། དམིགས་པ་མི་འཛིན་པ་དེའི་ཕྱིར་འཛིན་པ་མེད་པ་ཞེས་བརྗོད་དེ། རྒྱལ་པོ་ཆེན་པོ། དེ་དག་ནི། ཆོས་ཀྱི་མཆོག་གོ་།དེ་ལྟར་ན་ཆོས་ཟབ་མོ་བསྟན་ཅིང་དེ་བཞིན་དུ་དེ་དག་བཤད་དེ། འདི་ལྟར་མ་བྱས་པ། མ་བསྒྱུར་བ། མ་བཤིག་པ་སྟེ། ངོ་བོ་ཉིད་ཀྱིས་སྟོང་ངོ ། །རྒྱལ་པོ་ཆེན་པོ། ངོ་བོ་ཉིད་ཅེས་བྱ་བ་ཅིའི་ཕྱིར་ངོ་བོ་ཉིད་ 390b ཀྱིས་སྟོང་ཞེ་ན། གང་བདག་གི་དངོས་པོ་མེད་པ་དེའི་ཕྱིར་ཆོས་ཐམས་ཅད་ནི། ངོ་བོ་ཉིད་ཀྱིས་སྟོང་ཞེས་བྱའོ། །རྒྱལ་པོ་ཆེན་པོ། ཟབ་མོ་ཞེས་བྱ་བ་ཅིའི་ཕྱིར་ཟབ་མོ་ཞེས་བྱ་ཞེ་ན། རྒྱལ་པོ་ཆེན་པོ། །བརྟན་པ་རྣམས་འཇུག་པའོ། །རྒྱལ་པོ་ཆེན་པོ། བརྟན་པ་དག་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཏེ། དེ་དག་འཇུག་གོ་།ཅིའི་ཕྱིར་འཇུག་ཅེ་ན ། ཆོས་ཐམས་ཅད་སྟོང་པ་ལ་འཇུག་སྟེ། གང་དག་སྟོང་པ་ཉིད་ལ་འཇུག་པ་དེ་དག་འཇུག་སྟེ། དེའི་ཕྱིར་ཆོས་ཐམས་ཅད་ནི། སྟོང་པ་ཉིད་ཅེས་བརྗོད་དོ། །གཟུང་བར་བྱ་བ་མ་ཡིན་པ་ཞེས་བྱ་བ་ནི། ཆོས་ཐམས་ཅད་མཚན་མ་མེད་པའོ། །རྒྱལ་པོ་ཆེན་པོ། ཅིའི་ཕྱིར་མཚན་མ་མེད་ཅེ་ན། རྒྱལ་པོ་ཆེན་པོ། ཆོས་ཐམས་ཅད་ནི། བདག་མེད་པ་སྟེ། གང་དག་བདག་མེད་པ་དེ་དག་ནི། བསྟན་དུ་མེད་པའོ། །གང་དག་བསྟན་དུ་མེད་པ་དེ་དག་ནི། མི་འཁྲུགས་པའོ། །གང་དག་མི་འཁྲུགས་པ་དེ་དག་ནི། གནས་པའོ། །གང་དག་གནས་པ་དེ་དག་ནི། མ་བསྒྲུབས་པའོ། །གང་དག་མ་བསྒྲུབས་པ་དེ་དག་ནི། ཆུད་ཟོས་པ་མེད་པའོ། །གང་ཆུད་ཟོས་པ་མེད་པ་ནི། ཆོས་རྣམས་ཀྱི་ཆོས་ཀྱི་དབྱིངས་གནས་པ་ཞེས་བྱའོ། །རྒྱལ་པོ་ཆེན་པོ། ཆོས་ཀྱི་དབྱིངས་གནས་པ་ཞེས་བྱ་བ་ནི། ཅིའི་ཕྱིར་ཆོས་གནས་པ་ཞེས་བྱ་ཞེ་ན། རྒྱལ་པོ་ཆེན་པོ། ཆོས་ནི། གནས་མེད་པའོ། །གནས་མེད་པ་ཞེས་བྱ་བ་དེ་ནི། དང་པོ་ཉིད་ནས་མི་དམིགས་ 391a ༄#། །ལ་དང་པོ་ཉིད་ཀྱང་མི་དམིགས་སོ། །གང་དག་གི་གནས་མི་དམིགས་པ་དེ་དག་གི་འགྲོ་བའང་མེད་དོ། །འོང་བའང་མེད་དོ། །གང་གི་འོང་བ་མི་དམིགས་པ་དེ་ཐམས་ཅད་ནི། སྟོང་པའི་དབྱིངས་ཞེས་བྱའོ། །རྒྱལ་པོ་ཆེན་པོ། ཅིའི་ཕྱིར་དབྱིངས་མི་དམིགས་ཤེས་ན། གལ་ཏེ་དབྱིངས་ལས་དབྱིངས་ཤིག་དམིགས་ན། དབྱིངས་དེ་ཉིད་དབྱིངས་སུ་འགྱུར་རོ། །རྒྱལ་པོ་ཆེན་པོ། དེ་ལྟར་ན། བྱིས་པ་རྣམས་ནི། རྣམ་པར་ཐར་པ་ལ་རྒྱུག་གོ་།རྒྱལ་པོ་ཆེན་པོ། རྣམ་པར་ཐར་པ་ཞེས་བྱ་བ་ཅིའི་ཕྱིར་རྣམ་པར་ཐར་པ་ཞེས་བྱ་ཞེ་ན།་རྣམ་པར་ཐར་པ་ནི། ཟད་པ་མེད་པའོ། །གང་དག་ཟད་པ་མེད་པ་ལ་རྒྱུག་པ་དེ་དག་ནི། ཟད་པར་འགྱུར་རོ། །གང་དག་ཟད་པར་འགྱུར་བ་དེ་དག་ནི། ཡོངས་སུ་བཟད་པར་འགྱུར་རོ།། གང་དག་ཡོངས་སུ་ཟད་པར་འགྱུར་བ་དེ་དག་ནི། ཡོངས་སུ་ཉམས་པར་འགྱུར་རོ། །ཇི་ལྟར་ཡོངས་སུ་ཉམས་པར་འགྱུར་ཞེ་ན། རང་བཞིན་ལས་ཡོངས་སུ་ཉམས་པར་འགྱུར་ཏེ།་གང་དག་ཡོངས་སུ་ཉམས་པར་འགྱུར་བ་དེ་དག་གི་རྣམ་པར་ཐར་པའི་སྒོ་ནི། ཐག་རིང་ངོ ། །རྒྱལ་པོ་ཆེན་པོ། སྒོ་ཞེས་བྱ་བ་ཅིའི་ཕྱིར་སྒོ་ཞེས་བརྗོད་ཅེ་ན། གཉིས་ལ་ཀུན་ནས་དགའ་བ་དེའི་ཕྱིར་སྒོའོ། །རྒྱལ་པོ་ཆེན་པོ། རྣམ་པར་ཐར་པའི་སྒོ་ཞེས་བྱ་བ་འདི་ནི། ལྡེམ་པོ་ངག་གོ་།རྒྱལ་པོ་ཆེན་པོ། ལྡེམ་པོ་ངག་ཅེས་བྱ་བ་ཅིའི་ཕྱིར་ལྡེམ་པོ་དག་ 391b ཅེས་བྱ་ཞེ་ན། འདི་ལ་ངག་ཅུང་ཟད་ཀྱང་མེད་ལ་དེ་ལ་ཤེས་པར་བྱ་བའང་མེད་དོ། །གང་ལ་ཤེས་པར་བྱ་བ་མེད་པ་དེ་ནི། རྣམ་པར་ཤེས་པར་བྱ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ། རིགས་པ་མ་ཡིན་པ་མི་རིགས་པ་ཞེས་བྱ་བ་ཅིའི་ཕྱིར་རིགས་པ་མ་ཡིན་པ་ཞེ་ན། ལེན་ཅིང་འདོར་བར་བྱེད་པའི་ཕྱིར་རོ། །ཅི་ཞིག་ལེན་ཅིང་འདོར་བར་བྱེད་ཅེ་ན། གང་ན་ལེན་པ་མེད་ཅིང་འདོར་བ་མེད་པའོ། །གང་དག་འདོར་བ་དེ་དག་ནི། རྣམ་པར་རྒྱུག་པའོ། །གང་དུ་རྣམ་པར་རྒྱུག་ཅེ་ན། བྱང་ཆུབ་ལ་རྣམ་པར་རྒྱུག་གོ་།སྟོང་པ་ཉིད་ལ་རྣམ་པར་རྒྱུག་གོ་།རྣམ་པར་རྒྱུག་པ་དེ་དག་ནི།་བསྟན་པ་འདི་དང ། བྱང་ཆུབ་དང་ཉེ་བ་ལས་དེ་དག་ཐག་རིང་ངོ ། །རྒྱལ་པོ་ཆེན་པོ། ཉེ་བ་ཞེས་བྱ་བ་ཅིའི་ཕྱིར་ཉེ་བ་ཞེས་བྱ་ཞེ་ན། བྱང་ཆུབ་དང་ཉེ་བའང་མ་ཡིན། མི་ཉེ་བའང་མ་ཡིན་པའོ། །གང་བྱང་ཆུབ་གང་ལ་བཀོད་པ་ཡོད་པ་མ་ཡིན་པ་དེའི་ཕྱིར་ཉེ་བར་ཞི་བ་དང ། ཉེ་བར་ཞི་བ་མ་ཡིན་པ་ཞེས་བརྗོད་པར་མི་བྱའོ། །རྒྱལ་པོ་ཆེན་པོ། ཉེ་བར་ཞི་བ་ཞེས་བྱ་བ་དང ། བྱང་ཆུབ་ཅེས་བྱ་བ་ཅིའི་ཕྱིར་བྱང་ཆུབ་ཅེས་བྱ་ཞེ་ན། སེངྒེའི་ཕྱིར་རོ། །སེངྒེ་གང་ཞེ་ན། བག་ཚ་བ་མེད་པའོ། །ཅིའི་ཕྱིར་བག་ཚ་བ་མེད་པ་ཞེས་བརྗོད་ཅེ་ན། རྒྱལ་པོ་ཆེན་པོ། བག་ཚ་བ་ནི། འདས་པ་ཞེས་བརྗོད་དོ། །གང་བག་ཚ་བ་མེད་པ་དེ་དག་ལ་ཅིའི་ཕྱིར་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བརྗོད་ཅེ་ན། འགྲོ་བ་དང ། འོང་བ་སྟེ། དེའི་ཕྱིར་དེ་བཞིན་ 392a ༄#། །གཤེགས་པ་དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །རྒྱལ་པོ་ཆེན་པོ། གཞན་ཡང་ཅིའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་ཞེ་ན། འདི་ལྟར་སོང་བའང་མེད། མ་སོང་བའང་མེད་པ་དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །རྒྱལ་པོ་ཆེན་པོ། སངས་རྒྱས་ཀྱི་བགྲོ་བ་ཞེས་བརྗོད་པ་ཅིའི་ཕྱིར་སངས་རྒྱས་ཀྱི་བགྲོ་བ་དང ། དེ་བཞིན་གཤེགས་པའི་བགྲོ་བ་ཞེས་བརྗོད་ཅེ་ན། ཆོས་ཐམས་ཅད་བགྲོ་བ་མེད་པར་དེས་རྟོགས་པའི་ཕྱིར་རོ། །ཇི་ལྟར་རྟོགས་ཤེ་ན། འགྲོ་བ་དང་འོང་བ་མེད་པ་ཇི་ལྟར་རྟོགས་པ་དེ་ལྟར་རྟོགས་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་ཀྱི་རྣམ་གྲངས་ཟབ་མོ་འདི་ནི། ངོ་མཚར་ལགས་སོ། །བཅོམ་ལྡན་འདས། ཆོས་འདི་བསྟན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བའི་སེམས་ཅན་ནི།་ཇི་སྙེད་ཅིག་མཆིས་ལགས། ཉན་ཐོས་ཀྱི་གནས་ལ་གནས་པ་ནི། ཇི་སྙེད་ཅིག་མཆིས་ལགས། རང་སངས་རྒྱས་ཀྱི་གནས་ལ་གནས་པ་ནི། ཇི་སྙེད་ཅིག་མཆིས་ལགས།་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། འདི་ལྟར་ང་འཆད་པ་གང་ཡིན་པ་དང ། འཆད་པར་འགྱུར་བ་གང་ཡིན་པ་དང ། ངས་ཆོས་བཤད་པ་གང་ 392b ཡིན་པ་དང ། ཆོས་མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡིན་པའི་ཆོས་བསྟན་པ་འདི་ལ་ནི། སེམས་ཅན་ངེས་པར་འབྱུང་བ་གང་ཡང་མེད་དོ། །ཉན་ཐོས་ཀྱི་ཕྱིར་གནས་པ་མ་ཡིན་ནོ། །རང་སངས་རྒྱས་ཀྱི་ཕྱིར་གནས་པ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ། འདི་ལྟ་སྟེ། དཔེར་ན། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་སྐྱེ་བོ་ཕལ་པོ་ཆེའི་མདུན་དུ་དཔུང་གི་ཚོགས་ཡན་ལག་བཞི་པ་མངོན་པར་སྤྲུལ་ཏེ་ཤོམ་ཞིང་གོ་ཆ་བསྐོན་ལ། རྒྱལ་པོ་གཉིས་གཡུལ་འགྱེད་པར་སྡུད་པ་ལས། རྒྱལ་པོ་ཆེན་པོ་དེ་ལ་སྒྱུ་མ་མཁན་གྱིས་སྤྲུལ་པའི་རྒྱལ་པོ་གཉིས་ལས། དེ་ལ་རྒྱལ་པོ་གཅིག་ནི། ཕམ་པར་གྱུར། དེ་ལ་རྒྱལ་པོ་གཅིག་ཤོས་གང་ཡིན་པ་དེ་ནི། སྤྲུལ་པའི་གཡུལ་དེར་གཡུལ་བྱེ་བ་ལས་སྡུལ་པའི་རྒྱལ་པོ་དེ་རྒྱལ་ནས་དེ་དཔུང་གི་ཚོགས་ཡན་ལག་བཞི་པོའི་དེའི་མདུན་དུ་ཚིག་འདི་སྐད་ཅེས་ངས་རྒྱལ་པོ་ཆེན་པོ་ཕམ་པར་བྱས་སོ། །ངས་ཚར་མ་ཕྱུང་ངོ ། །ཞེས་སྨྲ་ན། རྒྱལ་པོ་ཆེན་པོ། འདི་ཇི་སྙམ་དུ་སེམས། རྒྱལ་པོ་ཕམ་པ་དེ་ཅི་འདྲ་བ་ཞིག་ཡིན། གསོལ་པ། བཅོམ་ལྡན་འདས། སྒྱུ་མ་མཁན་གྱིས་སྤྲུལ་པའི་རྒྱལ་པོས་སྒྱུ་མ་མཁན་གྱིས་སྤྲུལ་པ་ཕམ་པར་བགྱིས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ། སྤྲུལ་པས་སྤྲུལ་པ་འགའ་ཞིག་ཕམ་པར་བྱེད་དམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །དེ་ཅིའི་སླད་ 393a ༄#། །དུ་ཞེ་ན།་སྤྲུལ་པའི་མཐུ་གང་ལགས་པ་དེ་ནི། དངོས་པོ་མ་མཆིས་པ་ལགས་ཏེ། དངོས་པོ་མ་མཆིས་པས་དངོས་པོ་མ་མཆིས་པ་ཕམ་པར་བགྱིད་པ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས། རྒྱལ་པོ་ཕམ་པ་འདི་དང ། རྒྱལ་པོ་འདི་ཞེས་བགྱི་བ་དེ་ནི། བྱིས་པ་རྣམས་ཀྱི་རྨོངས་པ་ལགས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ། དེ་བཞིན་དུ་གང་ཆོས་རྣམས་ཀྱི་རང་བཞིན་དེ་ལའང་ཕམ་པ་དང ། མ་ཕམ་པ་མེད་དེ། ཆོས་འདི་ནི། གནས་པ་ཁོ་ན་སྟེ། ཆོས་ཀྱི་དབྱིངས་ནི། གནས་པ་ཉིད་དོ། །ཆོས་སྐྱོན་མེད་པ་ཉིད་དོ། །དེ་ལ་དེ་བཞིན་གཤེགས་པ་ནི། ཡང་དག་པར་སྨྲ་བ། དེ་བཞིན་དུ་སྨྲ་བ། ཕྱིན་ཅི་མ་ལོག་པར་སྨྲ་བ། གཞན་མ་ཡིན་པར་སྨྲ་བ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པར་རྗེས་སུ་ཐ་སྙད་འདོགས་སོ། །རྒྱལ་པོ་ཆེན་པོ། བྱིས་པ་རྣམས་ཇི་ལྟར་འཛིན་པ་དེ་ལྟར་དེ་བཞིན་གཤེགས་པ་ནི། བསྟན་དུ་མེད་པ་ཞེས་བྱ་བར་སྟོན་ཏོ། །རྒྱལ་པོ་ཆེན་པོ། དེ་བཞིན་གཤེགས་པ་ནི། ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པའོ། །ཅིའི་ཕྱིར་དེ་བཞིན་གཤེགས་པ་ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་ཞེས་བརྗོད་ཅེ་ན། ཐ་སྙད་ཐམས་ཅད་མཚུངས་པའི་ཕྱིར་རོ། །གང་མཚུངས་པ་དེ་ནི། ཆད་པ་སྟེ། གང་ཆད་པ་དེ་ལ་མཚུངས་པ་ཞེས་བརྗོད་དོ། །ཐ་སྙད་དེ་ཐམས་ཅད་ཡང་དག་པར་ཆད་པ་དེ་ནི། ཆོས་རྣམས་སྐྱེ་བ་ 393b མེད་པའོ། །རྒྱལ་པོ་ཆེན་པོ། འདི་ལྟར་རྩིས་ཀྱི་དྲུང་ཇི་ལྟར་བཞག་པ་དེ་ལྟར་བསྟན་པར་བྱ་སྟེ། རྒྱལ་པོ་ཆེན་པོ། འདི་ལྟ་སྟེ། དཔེར་ན། འབུམ་ཕྲག་གཅིག་ལས་བྱེ་བ་མང་པོར་སྟོན་པ་ནི།་འབུམ་ཕྲག་དེ་ལས་བྱེ་བ་དག་བྱུང་བའོ། །རྒྱལ་པོ་ཆེན་པོ། འདི་ལྟ་སྟེ། དཔེར་ན། མེ་ལོང་གི་དཀྱིལ་འཁོར་གཅིག་གི་ནང་ན་གཟུགས་བརྙན་མང་པོ་སྣང་ཡང་མེ་ལོང་གི་དཀྱིལ་འཁོར་དེ་ལ་གཟུགས་བརྙན་དེ་དག་མེད་དོ། །རྒྱལ་པོ་ཆེན་པོ། འདི་ལྟ་སྟེ། དཔེར་ན། ཡིག་འབྲུ་གཅིག་གི་ནང་དུ་ཡིག་འབྲུ་མང་པོ་དག་མངོན་པར་སྒྲུབ་ཀྱང་ཡིག་འབྲུ་དེ་ལ་ཡིག་འབྲུ་དེ་དག་མི་སྣང་ངོ ། །རྒྱལ་པོ་ཆེན་པོ། འདི་ལྟ་སྟེ། དཔེར་ན། དགེ་སློང་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་ཞིག་གཅིག་ཏུ་གྱུར་ནས་མང་པོར་འགྱུར་ཞིང་མང་པོར་གྱུར་ནས་གཅིག་ཏུའང་འགྱུར་བ་དེ་བཞིན་དུ། རྒྱལ་པོ་ཆེན་པོ། དེ་བཞིན་གཤེགས་པས་སྟོབས་དང ། མི་འཇིགས་པ་དང ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཐོབ་ནས་སེམས་ཅན་རྣམས་ལ་གདམས་པའི་ཕྱིར་ཆོས་བསྟན་པར་སེམས་ཅན་འདི་སྙེད་ཅིག་དུལ་ལོ་ཞེས་འཇིག་རྟེན་གྱི་ཐ་སྙད་དང ། བགྲང་བའི་ཚུལ་གྱིས་དེ་ལྟར་སྟོན་ཏོ། །རྒྱལ་པོ་ཆེན་པོ། ཇི་ལྟར་དུལ་བ་དང ། གང་དག་དུལ་བ་དང ། གང་གིས་དུལ་བ་དེ་དག་ནི། རྒྱལ་པོ་ཆེན་པོ། དེ་བཞིན་གཤེགས་པའི་གཉིས་སུ་མེད་པ་ལ་གནས་པ་སྟེ། ཆོས་འདི་བསྟན་པས་སེམས་ཅན་འདི་སྙེད་ཅིག་དུལ་ལོ། །ཞེས་བྱ་བ་དེ་ནི། 394a ༄#། །མ་བྱས་པ། འགྱུར་བ་མེད་པར་སེངྒེའི་སྒྲ་སྒྲོག་པའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ་འདི་བཤད་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ཏོ། །གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་སོ། །ལྡེག་།རབ་ཏུ་ལྡེག་།ཀུན་ཏུ་རབ་ཏུ་ལྡེག་གོ་།དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས།་འཇིག་རྟེན་དུ་དོག་ས་ཆེར་གཡོས་པར་གྱུར་པའི་རྒྱུ་ནི། གང་ལགས། རྐྱེན་ནི། གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། དེ་བཞིན་གཤེགས་པས་བསྟན་པ་འདི་བཤད་པ་ན་འདོད་པ་ན་སྤྱོད་པ་དང ། གཟུགས་ན་སྤྱོད་པའི་ལྷ་ཐེར་འབུམ་ཕྲག་འབུམ་ཕྲག་བརྒྱད་ཅུ་པོ་དག་ནི། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ་།ལྷ་ཐེར་འབུམ་ཕྲག་དགུ་བཅུ་ནི། མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །བྲམ་ཟེ་སྟོང་ཕྲག་དྲུག་ཅུ་ནི། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ་།སྲོག་ཆགས་ལྷ་དང་མིར་བཅས་པ་བརྒྱད་ཁྲི་ནི། ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་གོ་།སྲོག་ཆགས་མིའི་ 394b སྐྱེ་རྒུ་སྟོང་ཕྲག་དྲུག་ཁྲི་ནི། མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །སྲོག་ཆགས་སྟོང་ཕྲག་བརྒྱད་སྟོང་ནི། ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱེད་དོ། །རྒྱལ་པོ་ཆེན་པོ། འཇིག་རྟེན་དུ་ས་ཆེར་གཡོས་པར་གྱུར་པའི་རྒྱུ་ནི། དེ་ཡིན་ནོ། །རྐྱེན་ནི། དེ་ཡིན་ནོ། །རྒྱལ་པོ་ཆེན་པོ། དེ་བཞིན་གཤེགས་པ་བགྲོ་བའི་ཆོས་ཀྱི་རྣམ་གྲངས་འདི་ནམ་མཁའ་དང་ལྡན་པའི་ས་ཕྱོགས་འདི་ཉིད་དུ་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་བཤད་དོ། །ངའང་འཆད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པའང་ས་ཕྱོགས་འདི་ཉིད་དུ་འཆད་པར་འགྱུར་རོ། །དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཆོས་ཀྱི་རྣམ་གྲངས་འདི་ཉིད་ལ་མཆོད་པ་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་མེ་ཏོག་དང ། སྤོས་དང ། ཕྲེང་བ་སྣ་ཚོགས་དེ་དག་གིས་མངོན་པར་གཏོར་ཏོ། །རབ་ཏུ་མངོན་པར་གཏོར་ནས་ཚིག་འདི་སྐད་དུ། འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པར་འདོད་པས་ནི། དེ་བཞིན་གཤེགས་པ་བགྲོ་བའི་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པར་བྱའོ། །ཞེས་སྨྲས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། ལྷའི་བུ་དག་ཚུར་ཤེག་།ཆོས་ཀྱི་རྣམ་གྲངས་འདི་ཉིད་ལ་མཆོད་པ་བྱ་བའི་ཕྱིར་བཅོམ་ལྡན་ 395a ༄#། །འདས་ལ་ལྷའི་མེ་ཏོག་དང ། བདུག་པ་དང ། སྤོས་དང ། ཕྲེང་བ་དང ། ཙནྡན་གྱི་ཕྱེ་མ་དག་གིས་གཏོར་བར་བྱའོ། །མངོན་པར་གཏོར་བར་བྱའོ། །མངོན་པར་རབ་ཏུ་གཏོར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གྲོགས་པོ་དག་།ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པ་བྱས་པས་ནི། འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱས་པར་འགྱུར་བའི་ཕྱིར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་མེ་ཏོག་མནྡཱ་ར་བས་གཏོར་ཏོ། །རབ་ཏུ་གཏོར་ཏོ། །སྟེང་གི་བར་སྣང་ལས་ཀྱང་ལྷའི་རོལ་མོའི་སྒྲ་བསྒྲགས་སོ། །དེ་བཞིན་གཤེགས་པ་ཉིད་ལ་མཆོད་པ་བྱ་བའི་ཕྱིར་ཐམས་ཅད་དང་ལྡན་པའི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཡང་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་དར་གྱི་ལྔ་ལྡི་དག་གིས་རྒྱས་པར་གྱུར་ལ། ཚིག་འདི་སྐད་དུ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པ་བྱེད་པ་ནི། འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱས་པར་འགྱུར་རོ། །དེ་ནས་ཁྱིམ་བདག་དེ་དག་གིས་མེ་ཏོག་དང ། སྤོས་དང ། ཕྲེང་བ་སྣ་ཚོགས་ཇི་ལྟར་ཐོགས་ཐོགས་པ་དེ་དག་བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏེ། 395b ཚིག་འདི་སྐད་དུ། གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པ་བྱེད་པ་དེ་དག་གིས་ནི། འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གསལ་རྒྱལ་དང ། ལྷའི་དབང་པོ་བརྒྱ་བྱིན་དང ། ཁྱིམ་བདག་དེ་དག་ལ་བཀའ་སྩལ་པ། ལྷའི་བུ་དག་།ཇི་སྐད་སྨྲས་པ་དེ་དེ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང ། འཆང་བ་དང ། ཀུན་ཆུབ་པར་བྱེད་པ་དང ། ཀློག་པ་དང ། གཞན་དག་ལའང་རྒྱ་ཆེར་སྟོན་པར་བྱེད་པ་དང ། དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་པ་དང ། ཐ་ན་གླེགས་བམ་དུ་བྱས་ཏེ་འཆང་བ་དེ་ནི། འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པར་བྱས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་དག་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་ཀྱང་དེ་བཞིན་གཤེགས་པ་བགྲོ་བ་དང ། ཆོས་བགྲོ་བ་ཆོས་ཀྱི་ 396a ༄#། །རྣམ་གྲངས་འདི་ཉིད་བསྟན་ཏོ། །ཀུན་དགའ་བོ། མ་འོངས་པའི་དུས་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་འབྱུང་བར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པ་བགྲོ་བ་དང ། ཆོས་བགྲོ་བ་ཆོས་ཀྱི་རྣམ་གྲངས་འདི་ཉིད་སྟོན་པར་འགྱུར་རོ། །ཀུན་དགའ་བོ། ད་ལྟར་ཕྱོགས་བཅུ་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་འཚོ་ཞིང་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་དེ་བཞིན་གཤེགས་པ་བགྲོ་བ་དང ། ཆོས་བགྲོ་བ་ཆོས་ཀྱི་རྣམ་གྲངས་འདི་ཉིད་སྟོན་ཏོ། །བསྟན་ཏོ། །སྟོན་པར་འགྱུར་རོ། །ཀུན་དགའ་བོ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་ནི། ཡང་དག་ཕུལ་ལོ། །ཞེས་ཡང་དག་པར་སྨྲ་བས་སྨྲ་ན། ཀུན་དགའ་བོ། དེ་བཞིན་གཤེགས་པ་བགྲོ་བ་དང ། ཆོས་བགྲོ་བ་ཆོས་ཀྱི་རྣམ་གྲངས་འདི་ལ་ཡང་དག་པར་སྨྲ་བས་སྨྲའོ། །ཀུན་དགའ་བོ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་སངས་རྒྱས་ཀྱི་ཡེ་ཤེས་དང ། སངས་རྒྱས་ཀྱི་སྟོབས་རྣམས་དང ། སངས་རྒྱས་ཀྱི་མི་འཇིགས་པ་རྣམས་ཚོལ་བར་འདོད་པ་དང ། སངས་རྒྱས་ཀྱི་གནས་ལ་གནས་པར་འདོད་པ་དང ། སངས་རྒྱས་ཀྱི་ཡེ་ཤེས་སྒྲུབ་པར་འདོད་པ་དང ། སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་འདོད་པ་དེས་ནི། དེ་བཞིན་གཤེགས་པ་བགྲོ་བ་དང ། ཆོས་བགྲོ་བ་ཆོས་ཀྱི་རྣམ་ 396b གྲངས་འདི་ཟུངས་ཤིག་།ཀུན་ཆུབ་པར་གྱིས་ཤིག་།འཇུག་པར་གྱིས་ཤིག་།ཆོངས་ཤིག་།ལྷོགས་ཤིག་།དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་བགྲོ་བ་དང ། ཆོས་བགྲོ་བ་ཆོས་ཀྱི་རྣམ་གྲངས་འདི་ཐ་ན་གླེགས་བམ་དུ་བྱས་ཏེ་འཆང་བ་དང ། ཀློག་པ་དང ། ཟླ་བ་ཕྱེད་ཀྱི་བར་དུ་བརྗོད་ཅིང་འདོན་པ་དེས་རྨི་ལམ་ན་ང་ཆོས་སྟོན་པ་མཐོང་ན་དེའི་ཡོན་ཏན་གྱི་ཕན་ཡོན་དུ་འགྱུར་བ་ནི། ཀུན་དགའ་བོ། དེ་བཞིན་གཤེགས་པ་བགྲོ་བ་དང ། ཆོས་བགྲོ་བ་ཆོས་ཀྱི་རྣམ་གྲངས་འདི་ཐ་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལའི་རྣ་ལམ་དུ་གྲག་པ་དང ། ཐ་ན་ཐོས་པ་ཙམ་དུའང་འགྱུར་བ་དང ། ཐོས་ནས་ཀྱང་ཡི་རང་བར་འགྱུར་ན། ཀུན་དགའ་བོ། དེས་ན།་དེའི་མཐའ་ནི། ཀུན་དགའ་བོ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་ཡིན་པར་རྟོགས་པར་བྱ་སྟེ། ཀུན་དགའ་བོ།་ཆོས་ཟབ་མོ་འདི་བསྟན་པས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་མི་སྐྲག་ཅིང་མི་དངང་ལ་དངང་བར་མི་འགྱུར་བའི་རྣམ་པ་ནི། དེ་ཡིན་ནོ། །མཚན་མ་ནི། དེ་ཡིན་ནོ། །རྟགས་ནི།་དེ་ཡིན་ནོ། །དབྱིབས་ནི། དེ་ཡིན་ནོ། །ཀུན་དགའ་བོ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཁ་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ 397a ༄#། །ཞུགས།་ཡང་དག་པར་འཇུག་།ཡང་དག་པར་འཇུག་པར་འགྱུར་བ་དེ་དག་གིས་ཀྱང་དེ་བཞིན་གཤེགས་པ་བགྲོ་བ་དང ། ཆོས་བགྲོ་བ་ཆོས་ཀྱི་རྣམ་གྲངས་འདི་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་གཟུང་བར་བྱ། ཀུན་ཆུབ་པར་བྱ། གདོན་པར་བྱ། བཅང་བར་བྱ། གཞན་དག་ལའང་བཤད་པར་བྱ། བསྟན་པར་བྱ་སྟེ། ཀུན་དགའ་བོ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་མང་དུ་འཕེལ་བར་འགྱུར་རོ། །དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སང་གི་གདུགས་ལ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བདག་གི་གདུགས་ཚོད་གསོལ་བར་གནང་བར་མཛད་དུ་གསོལ།་རྒྱལ་པོ་གསལ་རྒྱལ་ལ་ཐུགས་བརྩེ་བར་མཛད་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་ངོ ། །དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ནི། བགྱི་བ་མང་ཞིང་བགྱིད་པ་མང་བས་མཆི་ལགས་སོ། །དེ་སྐད་ཅེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ། དེའི་དུས་ལ་དབབ་པར་ཤེས་ན་སོང་ཞིག་།དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་བུད་ 397b མེད་གཙོ་མོ་ལ་སྨྲས་པ། བུད་མེད། ཁྱོད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ལ་བཅོམ་ལྡན་འདས་ཀྱིས་ཆོས་གང་བཤད་པ་དེ་ཐམས་ཅད་ང་ལའང་ཟློས་ཤིག་།དེ་ནས་རྒྱལ་པོ་གསལ་རྒྱལ་གུས་པ་དང་བཅས། ཞེ་ས་དང་བཅས་པས་བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ། འདི་ནས་ཤར་ཕྱོགས་ལོགས་ན་འཇིག་རྟེན་གྱི་ཁམས་ཀུན་ནས་ཡོན་ཏན་ལྡན་ཞེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་བཀོད་པ་མཆོག་སྒྲུབ་མེ་ཏོག་མངོན་འཕགས་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་ལ་ངས་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་བཀོད་པ་མཆོག་སྒྲུབ་མེ་ཏོག་མངོན་འཕགས་རྒྱལ་པོས་གང་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། དེ་སྐད་ཅེས་སྨྲས་པ་དང ། དེས་ང་ལ་འདི་སྐད་ཅེས་སྨྲས་སོ། །མེ་ཏོག་འདི་གང་ལ་གནས་པ་དེ་ལ་ཆོས་ཐམས་ཅད་གནས་ཏེ། ཁོ་བོ་དེ་ལྟ་བུ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། མེ་ཏོག་དེ་དག་ཅི་ལ་གནས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་ 398a ༄#། །དཔལ།་མེ་ཏོག་དེ་དག་ནི། གནས་པ་མེད་དོ། །འཇམ་དཔལ། མེ་ཏོག་དེ་དག་ནི། རང་བཞིན་གྱི་གནས་ལ་གནས་པ་སྟེ། ཆོས་ཐམས་ཅད་ཀྱང་དེ་ལྟ་བུ་ལ་གནས་པས་བྱང་ཆུབ་དེའང་དེ་དང་འདྲ་སྟེ། དེ་ལ་བྱེ་བྲག་ཅུང་ཟད་ཀྱང་མེད་དོ། །འཇམ་དཔལ། གཞན་ཡང་དེ་བཞིན་གཤེགས་པ་དེས་ང་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་ཤཱཀྱའི་རྒྱལ་པོའི་གཙོ་བོ་ཤཱཀྱ་ཐུབ་པས་གང་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ། ངས་དེ་བཞིན་གཤེགས་པ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁོ་བོ་ཡང་དག་པའི་མཐའ་ལ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ནི། ཡིད་ཀྱི་ཡང་དག་པར་བགྲོ་བའི་དྲི་བའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས། ཡང་དག་པའི་མཐའ་ཅི་ལ་གནས་ལགས། བཀའ་སྩལ་པ། དེའི་ཕྱིར་ཁྱོད་ཉིད་ལ་འདྲིའི། ཁྱོད་ཇི་ལྟར་བཟོད་པ་དེ་ལྟར་ལན་ཐོབ་ཅིག་།འཇམ་དཔལ། འདི་ལྟ་སྟེ། དཔེར་ན། སོས་ཀའི་ཟླ་བ་ཐ་མ་དྲོ་ཞིང་ཚ་བའི་དུས་ལ་བབ་པའི་ཚེ་མི་ཉམ་ཆུང་བ་ཞིག་གིས་སྨིག་རྒྱུ་གཡོ་བ་མཐོང་བ་ལས་དེ་སྐོམ་པར་གྱུར་ལ། དེའི་གྲོགས་ 398b གང་དག་ཡིན་པ་དེ་དག་ཀྱང་སྨིག་རྒྱུ་དེ་ལ་ཆུར་འདུ་ཤེས་པར་གྱུར་ཏེ། དེ་དག་ཤས་ཆེར་འགྲོ་ཞིང ། འདི་ལྟར་སྨིག་རྒྱུ་དེ་ལ་ཆུར་འདུ་ཤེས་པ་རྣམས་ཇི་ལྟ་ཇི་ལྟར་འགྲོ་ཞིང་གང་དུ་འགྲོ་བ་དེ་ལྟ་དེ་ལྟར་དེ་དག་གི་སྐོམ་པ་འཕེལ་བར་འགྱུར་ན། འཇམ་དཔལ། འདི་ཇི་སྙམ་དུ་སེམས། མི་དེ་དག་གི་འདུ་ཤེས་ཡང་དག་པར་ཡིན་ནམ། གསོལ་པ། བཅོམ་ལྡན་འདས།་དེ་ནི། མ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ། འདི་ཇི་སྙམ་དུ་སེམས། ཅི་སྨིག་རྒྱུ་ལ་ཆུ་གནས་སམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །སྨིག་རྒྱུ་ལ་ཆབ་ཀྱང་མ་མཆིས་ལགས་ན། གནས་པ་ལྟ་ག་ལ་མཆིས་ཏེ། གནས་པ་མ་མཆིས་པས་བཅོམ་ལྡན་འདས། དེ་ནི། བརྗོད་པར་བགྱི་བ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཡང་དག་པའི་མཐའ་ལ་གནས་ཏེ། བྱང་ཆུབ་དེའང་དེ་དང་འདྲའོ། །འཇམ་དཔལ། གཞན་ཡང་ཤར་ཕྱོགས་ལོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་སྒྲུབ་བཀོད་དུ་མ་མངོན་འཕགས་རྒྱལ་པོ་ཁྱུ་མཆོག་རྣམ་པར་རོལ་པ་ཞེས་བྱ་བ་དེས་ང་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་ཤཱཀྱའི་རྒྱལ་པོའི་གཙོ་བོ་ཤཱཀྱ་ཐུབ་པས་གང་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་ 399a ༄#། །རྒྱས།་དེ་སྐད་ཅེས་སྨྲས་པ་དང ། ངས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཆོས་ཐམས་ཅད་ལ་གནས་ནས་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་ཐམས་ཅད་ཅི་ལ་གནས་ལགས། བཀའ་སྩལ་པ། འཇམ་དཔལ། ཆོས་ཐམས་ཅད་ནི། རང་བཞིན་ལའང་གནས་ལ། དེ་དག་རང་བཞིན་ལ་གནས་པའང་མ་ཡིན་ཏེ།་བྱང་ཆུབ་དེའང་དེ་དང་འདྲའོ། །འཇམ་དཔལ། གཞན་ཡང་ངས་དེ་བཞིན་གཤེགས་པ་མེ་ཏོག་སྒྲུབ་བཀོད་དུ་མ་མངོན་འཕགས་རྒྱལ་པོ་ཁྱུ་མཆོག་རྣམ་པར་རོལ་པ་དེ་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པས་གང་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། དེ་སྐད་ཅེས་སྨྲས་པ་དང ། དེས་ང་ལ་འདི་སྐད་ཅེས་སྨྲས་སོ། །ཡང་དག་པའི་མཐའ་གང་ལ་གནས་པ་དེ་ལ་གནས་ནས་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ནི། ཡིད་ཀྱི་ཡང་དག་པར་བགྲོ་བའི་དྲི་བའོ། །དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ 399b ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཡང་དག་པའི་མཐའ་ཅི་ལ་གནས་ལགས། བཀའ་སྩལ་པ། མ་འོངས་པའི་མཐའ་དང ། ད་ལྟར་བྱུང་བའི་མཐའ་གང་ལ་གནས་པ་ལྟར་འདས་པའི་མཐའ་ཡང་དེ་ལྟར་གནས་སོ། །གསོལ་པ། བཅོམ་ལྡན་འདས། ད་ལྟར་བྱུང་བའི་མཐའ་ཞེས་བགྱི་བའི་ཚིག་གི་དོན་གང་ལགས། བཀའ་སྩལ་པ། འཇམ་དཔལ། ཆོས་ཐམས་ཅད་ནི།་རང་བཞིན་གྱིས་འཆི་འཕོ་མེད་ཅིང་མ་སྐྱེས་པ་སྟེ། དེ་ནི། ད་ལྟར་བྱུང་བའི་མཐའ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས། འདས་པའི་མཐའ་ཞེས་བགྱི་བའི་ཚིག་གི་དོན་གང་ལགས། བཀའ་སྩལ་པ། འཇམ་དཔལ། ཆོས་ཐམས་ཅད་ནི། བསམ་གྱིས་མི་ཁྱབ་པའི་མཐའ་སྟེ། དེའི་ཕྱིར་འདས་པའི་མཐའ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས། མ་འོངས་པའི་མཐའ་ཞེས་བགྱི་བའི་ཚིག་གི་དོན་གང་ལགས། བཀའ་སྩལ་པ། འཇམ་དཔལ། མ་འོངས་པའི་མཐའ་ནི། མ་སྐྱེས་པ་སྟེ། དེའི་ཕྱིར་མ་འོངས་པའི་མཐའ་ཞེས་པའོ། ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ཙམ་དུ་དོན་ཤིན་ཏུ་རྣམ་པར་ངེས་པ་ངོ་མཚར་ལགས་སོ། །བཀའ་སྩལ་པ། འཇམ་དཔལ།་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དོན་དང་ཚིག་ཤིན་ཏུ་རྣམ་པར་ངེས་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། ཚིག་རྣམ་པར་ངེས་པ་ཞེས་བགྱི་བའི་ 400a ༄#། །ཚིག་གི་དོན་གང་ལགས། བཀའ་སྩལ་པ། འཇམ་དཔལ། བྱས་པར་ངེས་པའོ། །ཅིའི་ཕྱིར་དེས་ཤེ་ན། ཚིག་ལན་མེད་པར་ངེས་པའོ། །ཅིའི་ཕྱིར་ཚིག་ལན་མེད་པར་ངེས་ཤེ་ན། ཅིར་ཡང་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས། བརྗོད་པར་བགྱི་བ་མ་ལགས་པའི་ཚིག་གི་དོན་གང་ལགས། བཀའ་སྩལ་པ། སྨྲ་བ་ནི།་བརྗོད་པར་བྱ་བ་སྟེ། སྨྲ་བ་ཐམས་ཅད་ནི། བརྗོད་པར་བྱ་བ་མ་ཡིན་པའོ། །སྨྲ་བ་གང་ཞེ་ན། འཇམ་དཔལ། སྨྲ་བ་ནི། གནས་ཐ་དད་པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས། གནས་ཐ་དད་པ་ཞེས་བགྱི་བའི་ཚིག་གི་དོན་གང་ལགས། བཀའ་སྩལ་པ། འཇམ་དཔལ། གནས་ཐ་དད་པ་ཞེས་བྱ་བ་ནི། སྨྲ་བ་འཛིན་པའི་འཛིན་པ་སྟེ། མཚན་མར་འཛིན་པའོ། །སྲོག་ཏུ་འཛིན་པའོ། །ཐམས་ཅད་འཛིན་པའོ། །གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་ཐམས་ཅད་འཛིན་པ་ལགས། བཀའ་སྩལ། གཉི་ག་འཛིན་པ་ཡིན་པའི་ཕྱིར་རོ། །གསོལ་པ། ཅིའི་སླད་དུ་གཉི་ག་འཛིན་པ་ལགས། བཀའ་སྩལ་པ། བདག་ཏུ་འཛིན་པ་དང ། གཞན་དུ་འཛིན་པ་སྟེ། ཚིག་དེ་ནི། བདག་ཏུ་འཛིན་པ་དང་ལྡན་པའང་མ་ཡིན། གཞན་དུ་འཛིན་པ་དང་ལྡན་པ་ཡིན་སྟེ། དེའི་ཕྱིར་ངེས་པ་ཞེས་བྱའོ། །དེ་ནས་བྱམས་མའི་བུ་གང་པོ་འདི་སྙམ་དུ་སེམས་པར་གྱུར་ཏེ། 400b སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ལེགས་པར་གསུངས་པའི་ཚིག་རབ་ཏུ་འབྱེད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ངེས་པའི་དོན་གཅིག་ཏུ་སྒྲུབ་ཅིང་རྣམ་པར་དབྱེ་བ་ལ་མཁས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཡེ་ཤེས་ཡོངས་སུ་གཏུགས་པ་མེད་པ་ཐུགས་སུ་ཆུད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཚིག་འབྲུ་གསལ་བའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཆོས་ཀྱི་འཁོར་ལོ་ལ་ལྡེམ་པོར་དགོངས་པའི་བཀོད་པ་ལ་མངོན་པར་དགྱེས་པ་སྟེ། མ་ལ་བདག་གིས་བཅོམ་ལྡན་འདས་ལ་ཆོས་ཐམས་ཅད་ཡི་གེ་སྒྲུབ་པའི་རྣམ་པར་དབྱེ་བ་ངེས་པར་རྣམ་པར་འབྱེད་པ་ཞུ་བར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱམས་མའི་བུ་གང་པོའི་སེམས་ཀྱི་རྣམ་པར་རྟོག་པ་ཐུགས་ཀྱིས་མཁྱེན་ནས་བྱམས་མའི་བུ་གང་པོ་ལ་བཀའ་སྩལ་པ། གང་པོ། ཡི་གེ་སྒྲུབ་པའི་རྣམ་པར་དབྱེ་བ་ངེས་པར་འབྱེད་པ་ལ་ངེས་པ་ཞེས་བྱ་བ་ལ།་གཅིག་ནི། གང་ཡིན། སྒྲུབ་པ་ནི། གང་ཡིན་ཞེ་ན། གཅིག་ནི། མངོན་པར་ཤེས་པ་སྟེ། དེ་ནི། སྒྲུབ་པའོ། །སྒྲུབ་པ་སྒྲུབ་པ་ཞེས་བྱ་བ་ནི། གང་གི་ཡིན། ཐོབ་པར་བྱེད་པ་ཐོབ་པར་བྱེད་པ་ནི། གང་གི་ཡིན་ཞེ་ན། ཐོབ་པར་བྱེད་པ་རྟོགས་པ་ནི། དེ་བཞིན་གཤེགས་པ་ཡིན་ཏེ། དེ་བཞིན་གཤེགས་པ་འཇིག་པ་དང ། དེ་བཞིན་གཤེགས་པའི་ 401a ༄#། །འབྱུང་བའོ། །གང་པོ། དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་ཅིའི་ཕྱིར་བརྗོད་པར་བྱ་ཞིང་སུའི་བརྗོད་པར་བྱ་བ་ཡིན་ཞེ་ན། དངོས་པོས་ཀྱང་བརྗོད་པར་བྱ་བ་མ་ཡིན་ལ། དངོས་པོ་མེད་པས་ཀྱང་བརྗོད་པར་བྱ་བ་མ་ཡིན་ནོ། །དངོས་པོ་ཡོད་པས་བརྗོད་པར་བྱ་བ་མ་ཡིན་ལ། དངོས་པོ་ཡོད་པ་མ་ཡིན་པས་བརྗོད་པར་བྱ་བའང་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི། ཚིག་ཐམས་ཅད་ལོག་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི། གནས་ལས་ལོག་པ་མ་ཡིན་ཏེ། ཚིག་ཐམས་ཅད་ཀྱིས་བརྗོད་པར་བྱ་བ་མ་ཡིན་ནོ། །གང་པོ། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། འདིའོ་ཞེས་བརྗོད་པར་བྱ་བ་མ་ཡིན་ནོ། །གང་པོ། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། བརྗོད་པར་བྱ་བ་མ་ཡིན་ཏེ། དཔེར་ན།་ནམ་མཁའ་ནི། ལུས་སུ་གྱུར་པའང་མེད་དོ། །འགྱུར་བའང་མེད་དོ། དེ་ནི། དངོས་པོ་དང ། དངོས་པོ་མེད་པས་བརྗོད་པར་བྱ་བ་མ་ཡིན་ནོ། །གང་པོ། དེ་བཞིན་གཤེགས་པར་མཐོང་ངོ ། །ཞེས་གང་གིས་བརྗོད་པ་དང ། གང་ལའང་བརྗོད་པའང་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བྱམས་མའི་བུ་གང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་བསྟན་པ་འདིའི་མིང་ཅི་ལགས། བཀའ་སྩལ་པ། འདི་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བགྲོ་བའོ།། 401b གང་པོ།་དེ་ནི། འདི་ཡིན་ཞེས་བྱ་བ་ཅིའི་ཕྱིར་དེ་ནི། འདི་ཡིན་ཞེ་ན། གྲངས་མེད་པ་འདི་དག་གིས་བགྲོ་བར་བྱ་བ་དག་ནི། བགྲོ་བའོ། །གང་པོ།་ཅིའི་ཕྱིར་བགྲོ་བ་ཞེས་བྱ་ཞེ་ན། དེ་ནི། བགྲོ་བ་མེད་པ་དང ། རྣམ་པར་བགྲོ་བ་མེད་པ་འདི་ཡིན་ནོ། །གང་པོ། ཆོས་ཀྱི་རྣམ་གྲངས་ཆོས་ཀྱི་རྣམ་གྲངས་ཞེས་བྱ་བ་ཅིའི་ཕྱིར་ཆོས་ཀྱི་རྣམ་གྲངས་ཞེས་བྱ་ཞེ་ན། ཤེས་པར་བྱ་བ་མ་ཡིན་པའོ། །ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པའོ། །མ་བརྗོད་པའོ། །མ་སྨྲས་པའོ། །སྒྲ་མེད་པའོ། །བརྗོད་དུ་མེད་ཅིང་བརྗོད་པ་ལས་འདས་པའོ། །རྣམ་པར་རིག་པ་མེད་པའོ།། གདགས་པར་བྱ་བ་མ་ཡིན་པའོ། །མི་གནས་པའོ། །བླང་དུ་མེད་ཅིང་དོར་དུ་མེད་པ་སྟེ། ཆོས་དེ་དག་ནི། ཆོས་ཀྱི་རྣམ་གྲངས་སུ་བསྟན་ཏོ། །གང་པོ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཚུལ་གྱི་གནས་འདི་ཁོང་དུ་ཆུད་པར་བྱེད་པ་དེ་དག་གི་ནི། དོན་དང་ཚིག་འབྲུས་ཡོངས་སུ་གཏུགས་པར་མི་འགྱུར་ཏེ། གང་པོ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ལ་ངས་ཚུལ་གྱི་གནས་འདི་གཞག་པར་བྱའོ། །གང་པོ། ཚུལ་གྱི་གནས་ཞེས་བྱ་བ་ཅིའི་ཕྱིར་ཚུལ་གྱི་གནས་ཞེས་བྱ་ཞེ་ན། གང་པོ། འདི་ནི། ཚུལ་གྱི་གནས་ཞེས་བྱ་བའམ་ཚུལ་མ་ཡིན་པའི་གནས་ཞེས་བྱ་བ་མེད་པ་དེའི་ཕྱིར་ཚུལ་གྱི་གནས་ཞེས་བརྗོད་དོ། གང་པོ། ཚིག་གཙོ་བོ་དེ་ནི། འདི་ཡིན་ནོ། །གང་པོ། ཚིག་གཙོ་བོ་ཚིག་གཙོ་བོ་ཞེས་བྱ་བ་ 402a ༄#། །ཅིའི་ཕྱིར་ཚིག་གཙོ་བོ་ཞེས་བྱ། དེ་དག་ཅིའི་ཕྱིར་ཚིག་གཙོ་བོ་ཞེས་བྱ་ཞེ་ན། གང་པོ། དཔེར་ན། རྣམ་པར་ཐར་པ་རྣམས་ཀྱི་ཚིག་གི་དོན་བཞིན་ནོ། །གང་པོ། གཞན་ཡང་ཚིག་རབ་ཏུ་དབྱེ་བ་ཞེས་བྱ་བ་གང་གི་ཚིག་རབ་ཏུ་དབྱེ་བའི་རང་བཞིན་སྣང་བ་ཡིན་ཞེ་ན། རང་བཞིན་གྱིས་དངོས་པོ་མེད་པ་དེ་ལྟར་སྣང་ངོ ། །སྣང་བ་དེ་ནི། འདི་ལྟར་སྣང་སྟེ།་ཆོས་ཐམས་ཅད་སྣོད་མ་ཡིན་པ་དེ་ལྟར་སྣང་ངོ ། །གང་པོ། སྣང་བ་དང་བྲལ་བ་དེ་ལྟར་སྣང་ངོ ། །གང་པོ། ལས་དང་རྣམ་པར་སྨིན་པ་སྣང་བ་ལ། ལས་ནི། གང ། རྣམ་པར་སྨིན་པ་ནི། གང་ཞེ་ན། གང་པོ། ལས་ནི། དཀར་པོ་དང ། ནག་པོ་དང ། དཀར་པོའང་མ་ཡིན་ནག་པོའང་མ་ཡིན་པའོ། །རྣམ་པར་སྨིན་པ་ནི། ངེས་པར་སྤངས་པ་སྟེ། དེ་ལྟར་ན་སྣང་བ་ཡིན་ནོ། །ཆོས་ཐམས་ཅད་དབྱེར་མེད་པ་དེའི་ཕྱིར་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །ཅིའི་ཕྱིར་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་ཞེ་ན། དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དོན་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། དོན་ཅེས་བྱ་བ་ནི། རང་བཞིན་གྱིས་སྟོང་པ་སྟེ། གང་རང་བཞིན་གྱིས་དབྱེར་མེད་པའོ། །རྣམ་པ་ཐམས་ཅད་དུ་རང་བཞིན་གྱིས་སྟོང་ཞིང་དབྱེར་མེད་དེ། དེའི་ཕྱིར་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང ། སྤོབས་པ་སོ་སོ་ཡང་ 402b དག་པར་རིག་པ་དང ། ཆོས་སོ་སོ་ཡང་དག་པར་རིག་པ་ཅིའི་ཕྱིར་ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་ཞེ་ན། ཆོས་རྣམས་ཀྱི་རང་བཞིན་ནི། ཆོས་ཉིད་དེ། དེ་ནི། མ་བྱས་པའོ། ། གང་མ་བྱས་པ་དེ་ནི། རང་བཞིན་ཏེ། དེ་ནི། དབྱེར་མེད་པས་ཆོས་རྣམས་ཀྱི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །སྤོབས་པའི་རང་བཞིན་ཅིའི་ཕྱིར་རང་བཞིན་ཞེས་བྱ་ཞེ་ན། ཆོས་ཐམས་ཅད་དབྱེར་མེད་པ་དེ་ལྟར་སྣང་བའོ། །ཆོས་ཐམས་ཅད་རང་བཞིན་གྱིས་དངོས་པོ་མེད་པ་དེ་ལྟར་སྣང་བའོ། །ཆོས་ཐམས་ཅད་རང་བཞིན་གྱིས་འགགས་པ་དེ་ལྟར་སྣང་བའོ། །ཆོས་ཐམས་ཅད་མིག་ཡོར་དང་མཚུངས་པ་དེ་ལྟར་སྣང་བའོ། །གང་པོ། གཞན་ཡང་ལས་ནི། སྣ་ཚོགས་སུ་སྣང་སྟེ། ལས་དེའང་རྣམ་པར་སྨིན་པས་སྣ་ཚོགས་པ་ཉིད་དོ། །གང་པོ། རྣམ་པར་སྨིན་པ་དེའང་དབང་པོས་སམ། དབང་པོ་བྱེ་བ་ཕྲག་དགུ་བཅུའམ། བྱེ་བ་ཕྲག་བརྒྱའི་སྒོ་ནས་ལས་ཀྱི་རྣམ་པར་ཕྱེ་བས་ཐ་དད་པ་སྟེ། དེ་ལྟར་སྣང་ངོ ། །རྣམ་པར་སྨིན་པའི་ཆེད་དུ་ལས་བསྐྱེད་པར་སྣང་སྟེ། འདིར་བསྐྱེད་པ་ནི། སྐྲུན་པ་སྟེ། ཀུན་ཏུ་སྐྱེད་པའོ། །ཅིའི་ཕྱིར་ཀུན་ཏུ་སྐྱེད་པ་ཞེས་བྱ་ཞེ་ན། སྡུག་བསྔལ་ཀུན་ཏུ་སྐྱེད་པའི་ཕྱིར་རོ། །སྡུག་བསྔལ་གང་ཞེ་ན།་སྲེད་པ་དང ། ལྟ་བའོ། །དེ་ལ་ལྟ་བ་ལ་ཆགས་པ་གང་ཞེ་ན། གང་དུ་འགྲོ་བའང་མེད་ཅིང་གནས་པའང་མེད་པ་ཡིན་ན། བྱིས་པ་རྣམས་ནི། ལྟ་བ་མེད་བཞིན་དུ་ལྟ་བ་ལ་ཆགས་ 403a ༄#། །ནས་ཀུན་ཏུ་རྒྱུག་གོ་།གང་དག་ཀུན་ཏུ་རྒྱུག་པ་དེ་དག་ནི། རྣམ་པར་རྒྱུག་གོ་།གང་དག་རྣམ་པར་རྒྱུག་པ་དེ་དག་ནི། རྣམ་པར་ཉམས་སོ། །གང་དག་རྣམ་པར་ཉམས་པ་དེ་དག་ནི། རྣམ་པར་རྒྱུག་གོ་།གང་དག་རྣམ་པར་རྒྱུག་པ་དེ་དག་ནི། རྩོད་པར་བྱེད་དོ། །ཅིའི་ཕྱིར་རྩོད་པར་བྱེད་ཅེ་ན། ཡོད་པ་མ་ཡིན་པ་དང ། གསོག་དང ། བལྟར་མེད་པ་ལ་རྩོད་པར་བྱེད་དོ། །གཞན་ཡང་བྱིས་པ་སོ་སོའི་སྐྱེ་བོ་ཡང་དག་པར་སྡོམ་པ་ཡིན་པ་རྣམས་ནི། གང་སྐྱེད་ཅེས་བྱ་བ་དེ་ལྟར་སྣང་སྟེ། སྣང་བ་ནི། དེའི་ངེས་པའི་ཚིག་ཏུ་སྣང་བ་ཞེས་བྱའོ། །གང་པོ། སྒྲུབ་པ་ཞེས་བྱ་བ་གང་གི་སྒྲུབ་པ་ཞེ་ན། ཡི་གེའི་སྒྲུབ་པའོ། །གང་པོ། ཅིའི་ཕྱིར་ཡི་གེ་ཞེས་བྱ་ཞེ་ན། གང་ཟག་པ་མེད་པའི་ཕྱིར་རོ། །གང་པོ། ཡི་གེ་ཞེས་བྱ་བ་ནི། གཟོད་མ་ནས་ཟད་པའོ། །གང་པོ། གཟོད་མ་ནས་ཟད་ཅེས་བྱ་བ་ནི། ཟད་པ་མེད་པའོ། །གང་པོ། གཞན་ཡང་ཟད་པ་མེད་པ་དང ། ཟད་པ་མེད་པའི་སྒོ་ཞེས་བྱ་བ་ནི། ཆོས་ཐམས་ཅད་དོ། །ཟད་པ་མེད་པ་དང ། ཟད་པ་མེད་པའི་སྒོ་ཆོས་ཐམས་ཅད་ནི། ཆོས་ཀྱི་སྒོ་སྟེ། གང་པོ། ཆོས་ཀྱི་སྒོ་འདི་ནི། ནམ་མཁའི་སྒོ་ཡིན་ཏེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཞུགས་པ་དེ་ནི། ངེས་པའི་ཚིག་བསྟན་པ་ལ་ཟད་པ་མེད་པར་འགྱུར་རོ། །གད་པོ། ངས་ཆོས་ཀྱི་སྒོ་ཟད་པ་མེད་པ་འདི་ཀུན་དགའ་བོ་ལ་གཏད་པར་བྱའོ།། 403b དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུངས་ཤིག་།ཆོངས་ཤིག་།ལྷོགས་ཤིག་།ཀུན་ཆུབ་པར་གྱིས་ཤིག་།དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་ངམ། ཐ་ན་ཚིག་བཞི་བའི་ཚིགས་སུ་བཅད་པ་ཙམ་བཟུང་ནས་གཞན་དག་ལ་སྟོན་པར་བྱེད་པ་དེ་ནི། ཀུན་དགའ་བོ། སངས་རྒྱས་ཀྱི་མཛད་པ་བྱེད་པ་ཡིན་ཏེ། འདི་གཞན་ལ་སྟོན་པར་བྱེད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཡིན་པ་དེའི་དགེ་བའི་རྩ་བ་མང་དུ་སྐྱེད་པར་འགྱུར་རོ། །ཀུན་དགའ་བོ། དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ལ་ལན་གཉིས་ཡོངས་སུ་གཏད་པས་ཡོངས་སུ་གཏད་དོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་གཡས་པས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་གཟུང་ནས་བཀའ་སྩལ་པ། ཀུན་དགའ་བོ། ངའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྐལ་པ་གྲངས་མེད་པ་བྱེ་བ་ཕྲག་འབུམ་དུ་ཡང་དག་པར་བསྒྲུབས་པ་འདི་ཁྱོད་ཀྱི་ལག་ཏུ་ཡོངས་སུ་གཏད་ཀྱི། ཅི་ནས་ཀྱང་ཟུངས་ལ་གཞན་དག་ལའང་ཀུན་ཆུབ་པར་གྱིས་ཤིག་།ཞུགས་ནས་ཀྱང་གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྒྲོགས་ཤིག་།ཀུན་དགའ་བོ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དེ་བཞིན་གཤེགས་པ་བགྲོ་ 404a ༄#། །བའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏམ། །ཀུན་ཆུབ་པར་བྱེད་དམ། འཇུག་པར་བྱེད་པ་དེ་ལ་ནི། ཚེ་འདི་ལ་ཡོན་ཏན་ལྔ་བརྒྱ་འབྱུང་བར་འགྱུར་རོ། །ལྔ་བརྒྱ་གང་ཞེ་ན། ལུས་ལ་ཡོན་ཏན་བརྒྱ་དང ། ངག་གི་ལས་ཀྱི་ཡོན་ཏན་བརྒྱ་དང ། ཡིད་ཀྱི་ལས་ཀྱི་ཡོན་ཏན་བརྒྱ་དང ། ཀུན་ཏུ་སྲུང་བའི་ཡོན་ཏན་བརྒྱ་དང ། ཆོས་ཀྱི་ཡོན་ཏན་བརྒྱ་པོ་དག་གོ་།ཀུན་དགའ་བོ། དེ་ལ་ལུས་ལ་གནས་པའི་སྲིན་བུའི་རིགས་གང་དག་ཡིན་པ་དེ་དག་དེའི་ལུས་ལ་འབྱུང་བར་མི་འགྱུར་རོ། །ཀུན་དགའ་བོ། དེ་ལྟར་ན་དེ་དག་ལ་མིག་ནད་མི་འབྱུང་ཞིང་རྣ་བའི་ནད་མེད། སྣའི་ནད་མེད། ལྕེའི་ནང་མེད་ཅིང་ལུས་ཀྱི་ནད་ཀྱང་མི་འབྱུང་ངོ ། །མིག་ལ་སྡུག་བསྔལ་མི་འབྱུང་ཞིང་རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ལ་སྡུག་བསྔལ་མི་འབྱུང་ངོ ། །མིག་ལ་ཀུན་ནས་གནོད་པ་མི་འབྱུང་ངོ ། །མིག་མི་གསལ་བར་མི་འགྱུར་རོ། །མིག་ཟུམ་པར་མི་འགྱུར་རོ། །མིག་འཁྲུལ་པར་མི་འགྱུར་རོ། །མིག་འཇིགས་འཇིགས་ལྟ་བུར་མི་འགྱུར་རོ། །མིག་ལོང་བར་མི་འགྱུར་རོ། །མིག་ཡོན་པོར་མི་འགྱུར་རོ། །མིག་ཡ་གཅིག་པར་མི་འགྱུར་རོ། །མིག་ཟུར་གྱིས་ལྟ་བར་མི་འགྱུར་རོ། །མིག་གསལ་བར་འགྱུར་རོ། །མིག་ཀུན་ཏུ་ལྟ་བར་འགྱུར་རོ། །མིག་མ་ཉམས་ཤིང་གཞོན་བག་ཅན་དུ་འགྱུར་རོ། །མིག་རྨ་བྱའི་མགྲིན་པ་ལྟ་བུ་དང ། མིག་གླང་པོའི་ 404b རྒྱལ་པོ་འགྱིང་ཞིང་འགྲོ་བ་ལྟ་བུར་འགྱུར་རོ། །གསང་བ་སྦ་པར་འགྱུར་རོ། །ཡན་ལག་བཅུ་རྣམ་པར་དག་པར་འགྱུར་རོ། །ཉིང་ལག་བཅུ་རྣམ་པར་དག་པར་འགྱུར་རོ། །ཉིང་ལག་མེད་པ་བཅུ་རྣམ་པར་དག་པར་འགྱུར་རོ། །རྣ་བ་བཅུ་རྣམ་པར་དག་པར་འགྱུར་རོ། །སྣ་བཅུ་རྣམ་པར་དག་པར་འགྱུར་རོ། །ལྕེ་བཅུ་རྣམ་པར་དག་པར་འགྱུར་རོ། །བ་སྤུའི་ཁུང་བུ་འཁོར་ལྔ་པ་རྣམ་པར་དག་པར་འགྱུར་རོ། །འབྲས་ཆན་ལ་ཡོད་པའི་རོ་བྲོ་བ་ཉི་ཤུ་རྩ་གཅིག་མྱང་བ་རྣམ་པར་དག་པར་འགྱུར་ཏེ། ལུས་ཀྱི་ཡོན་ཏན་འདི་དག་ཐོབ་པར་འགྱུར་རོ། །དེ་ལ་ངག་གི་ལས་ཀྱི་ཡོན་ཏན་བརྒྱ་ཐོབ་པར་འགྱུར་བ་གང་ཞེ་ན། དབྱངས་ཀྱིས་བསྒྱུར་བའི་ངག་གི་ལས་ཀྱི་ཡོན་ཏན་བཅུ་དང ། གཞན་བསྲུངས་པའི་ངག་གི་ལས་ཀྱི་ཡོན་ཏན་བཅུ་དང ། མ་འོངས་པའི་སྐྱོན་བསྲུངས་པའི་ངག་གི་ལས་ཀྱི་ཡོན་ཏན་བཅུ་དང ། ད་ལྟར་བྱུང་བའི་སྐྱོན་བསྲུངས་པའི་ངག་གི་ལས་ཀྱི་ཡོན་ཏན་བཅུ་དང ། སངས་རྒྱས་ཀྱིས་གནད་པའི་ངག་གི་ལས་བཀྲ་ཤིས་པ་བཅུ་དང ། ལས་ཀྱི་རྗེས་སུ་འབྲེལ་བའི་ངག་གི་ལས་བཅུ་དང ། ལྷས་གནད་པའི་ངག་གི་ལས་དང་ཞིང་ཕན་པ་བཅུ་དང ། བསླབ་པ་ཡོངས་སུ་བཟུང་བའི་ངག་གི་ལས་བཅུ་དང ། ངོ་བོ་ཉིད་ཀྱིས་ཡོན་ཏན་དང་ལྡན་པའི་ངག་གི་ལས་བཅུ་སྟེ། ངག་གི་ལས་ཀྱི་ཡོན་ཏན་བརྒྱ་པོ་འདི་དག་ཐོབ་པར་འགྱུར་རོ། །དེ་ལ་ཡིད་ཀྱི་ལས་ཀྱི་ཡོན་ 405a ༄#། །ཏན་བརྒྱ་ཐོབ་པར་འགྱུར་བ་གང་ཞེ་ན། ཡིད་ཀྱི་ལས་གཅིག་པོ་མི་མཐུན་པ་དེ་དང་བྲལ་བར་འགྱུར་བ་སྟེ། གང་ཞེ་ན། དེས་སྨྲ་བ་སྔོན་དུ་བཏང་སྟེ་ཚིག་བརྗོད་པ་ན་གང་ཡིད་ཀྱི་ལས་མི་མཐུན་པའི་རྗེས་སུ་འཇུག་པ་དང་བྲལ་བར་འགྱུར་བ་ཡིན་ནོ། །སེམས་གཡེང་བར་མི་འགྱུར་རོ། །སེམས་ལ་གནོད་པར་མི་འགྱུར་རོ། །སེམས་འདུ་ཤེས་ཅན་དུ་མི་འགྱུར་རོ། །དེའི་སེམས་ལ་མི་མཐུན་པ་མེད་པར་འགྱུར་རོ། །བློ་དང་ལྡན་པར་འགྱུར་རོ། །རྟོགས་པ་དང་ལྡན་པར་འགྱུར་རོ། །ངེས་པར་འགྱུར་རོ། །སྤྱོད་པ་དང་ལྡན་པར་འགྱུར་རོ། །ཆོ་ག་ལ་མཁས་པར་འགྱུར་རོ། །བརྟག་པ་ཕུན་སུམ་ཚོགས་པར་འགྱུར་རོ། །གཡོག་ཕུན་སུམ་ཚོགས་པར་འགྱུར་རོ། །སྤྱོད་ལམ་ཕུན་སུམ་ཚོགས་པར་འགྱུར་རོ། །དྲན་པ་དང་ལྡན་ཞིང་མི་གཡོ་བར་འགྱུར་རོ། །སེམས་མི་སྒུལ་ཞིང་བརྟན་པར་འགྱུར་རོ། །ཡོན་ཏན་སྒྲུབ་པར་འགྱུར་རོ། །སེམས་འཇམ་པར་འགྱུར་རོ། །ཕྱིར་མི་ལྡོག་པར་འགྱུར་རོ། །སེམས་མི་གཡོ་བར་འགྱུར་རོ། །སེམས་དང་མཐུན་པར་འགྱུར་ཏེ། སེམས་བརྟན་པ་དེ་དང ། ཕྱིར་མི་ལྡོག་པ་དེ་ལ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་གཟིགས་བཞེད་པར་འགྱུར་ལ། ལྷ་རྣམས་ཀྱང་ལྟ་འདོད་པར་འགྱུར་ཞིང་ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། དྲི་ཟ་རྣམས་དང ། མི་འམ་ཅི་ 405b རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་དང ། མི་རྣམས་དང ། མི་མ་ཡིན་པ་རྣམས་ཀྱང་ལྟ་འདོད་པར་འགྱུར་རོ། །དེ་ལ་ལྷ་རྣམས་ཀྱང་སྙན་པར་སྨྲ་ཞིང་ཀླུ་རྣམས་དང ། དྲི་ཟ་རྣམས་དང ། གནོད་སྦྱིན་རྣམས་དང ། མི་འམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་དང ། མི་རྣམས་དང ། མི་མ་ཡིན་པ་རྣམས་ཀྱང་སྙན་པར་སྨྲ་ལ། དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་སྙན་པ་གསུང་བར་འགྱུར་རོ། །ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། དྲི་ཟ་རྣམས་དང ། མི་འམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་དང ། མི་རྣམས་དང ། མི་མ་ཡིན་པ་རྣམས་ཀྱིས་བསྔགས་པར་བྱ་ཞིང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་བསྔགས་པར་བྱ་བ་སྟེ། དེ་ཉིད་འོང་བ་ལ་ལའང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཉེ་བར་སྒྲུབ་པར་མཛད་དོ། །ཀུན་དགའ་བོ། གང་ལ་ལ་དག་མདོ་སྡེ་འདི་འཆང་ངམ། སྟོན་པ་དེ་དག་གིས་ནི། ཡོན་ཏན་བརྒྱ་པོ་མང་པོ་ལ་རེ་བར་བྱའོ། །ཀུན་དགའ་བོ། ཆོས་ཀྱི་རྣམ་གྲངས་འདིར་ནི། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་བསྡུས་སོ། །ཀུན་དགའ་བོ། །དེ་ཅིའི་ཕྱིར་ཞེ་ན། འདིར་ནི། ཆོས་ཐམས་ཅད་བསྡུས་པའི་ཕྱིར་ཏེ། དེ་ནི། སངས་རྒྱས་བགྲོ་བ་འདི་ཡིན་ནོ། །ཀུན་དགའ་བོ། སངས་རྒྱས་བགྲོ་བ་དང ། དེ་བཞིན་གཤེགས་པ་བགྲོ་བ་དང ། ཆོས་བགྲོ་བ་འདི་ནི། 406a ༄#། །སྐྱེས་བུ་དམན་པ་རྣམས་ཀྱི་ལག་ཏུ་འོང་བར་མི་འགྱུར་ཞིང་ལེ་ལོ་ཅན་རྣམས་ཀྱི་ལག་ཏུ་འོང་བར་མི་འགྱུར་ཏེ། སེམས་ཅན་དེ་དག་ནི། དམན་པར་མི་འགྱུར་རོ། །ཀུན་དགའ་བོ། གཞན་ཡང་སངས་རྒྱས་བགྲོ་བ་འདི་གང་དག་གི་ལག་ཏུ་འོང་བར་འགྱུར་བའི་སེམས་ཅན་དེ་དག་ནི། བརྩོན་འགྲུས་བརྩམས་པར་འགྱུར་ལ། སེམས་ཞུམ་པ་མེད་པ་རྣམས་དང ། སེམས་ཚར་བཅད་པ་རྣམས་ཀྱི་ལག་ཏུ་འོང་བར་འགྱུར་རོ། །ཀུན་དགའ་བོ། སངས་རྒྱས་བགྲོ་བ་འདི་སེམས་ཅན་སེམས་ཚར་མ་བཅད་པ་རྣམས་ཀྱི་ལག་ཏུ་འགྲོ་བར་མི་འགྱུར་རོ། །ཀུན་དགའ་བོ། གཞན་ཡང་འདི་ནི། བདུད་རྣམ་པར་འཇོམས་པར་རིག་པར་བྱའོ། ཀུན་དགའ་བོ། བདུད་སྡིག་ཅན་ནི། མདོ་སྡེ་འདི་ནུབ་པར་བྱ་བའི་ཕྱིར་བརྩོན་པར་བྱེད་དེ། ཀུན་དགའ་བོ། དེ་ལ་བདུད་ཀྱི་ལས་ཕྲ་བ་རྣམས་དང ། བདུད་ཀྱི་ལས་ཤིག་ཤིག་པོ་རྣམས་དང ། བདུད་ཀྱི་ལས་ཐག་རིང་བ་རྣམས་སུ་བལྟ་ཞིང་བདུད་ཀྱི་ལས་རྣམས་ཕམ་པར་ཡང་བལྟ་བར་བྱའོ། །ཀུན་དགའ་བོ། གཞན་ཡང་མདོ་འདི་ལས་བདུད་ཀྱི་ལས་མང་པོ་དག་འབྱུང་བར་འགྱུར་ཏེ། དེ་ལ་བདུད་ཀྱི་ལས་ཐག་རིང་བ་རྣམས་ཇི་ལྟ་བུར་བལྟ་ཞེ་ན། མདོ་འདི་ནི། ཧ་ཅང་ཐག་རིང་བའོ། །མདོ་འདི་ནི། ཧ་ཅང་རྒྱ་ཆེ་བའོ། །མདོ་འདི་ནི། ཧ་ཅང་བར་ཆད་མང་པའོ། །མདོ་ 406b འདི་ནི།་ཧ་ཅང་གཡེང་བ་མང་བའོ། །མདོ་འདི་ནི། ཧ་ཅང་ཉོན་མོངས་མང་བའོ། །ཞེས་ཏེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་མདོ་འདིའི་ཡོན་ཏན་དེ་ལྟར་མ་ཤེས་ནས་དེ་དག་གིས་མ་ཤེས་པ་ན་བདུད་ཀྱི་ལྕགས་ཀྱུས་ཟིན་ཅིང་བདུད་ཀྱི་ཞགས་པས་བཅིངས་ན་མདོ་འདི་ལ་བརྩོན་པར་མི་བྱེད། འཛིན་པར་མི་བྱེད། འཆང་བར་མི་བྱེད། ཀུན་ཆུབ་པར་མི་བྱེད། སྟོན་པར་མི་བྱེད་དོ། །ཀུན་དགའ་བོ། སེམས་ཅན་རྣམས་ཇི་ཙམ་གྱིས་ཉམས་པར་འགྱུར་བ་ལྟོས་ཤིག་།ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་བགྲོ་བ་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་མི་བྱེད་ཅིང་འཆང་བར་མི་བྱེད་ལ། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་མི་སྟོན་པ་ནི། ཀུན་དགའ་བོ། འདི་ལྟར་སངས་རྒྱས་ཀྱི་བྱང་ཆུབ་ཡང་དག་ཕུལ་ལ་བརྙས་པ་ཡིན་ཏེ། ལེགས་པ་མ་ཡིན་ནོ། །ཤིན་ཏུ་ལེགས་པ་མ་ཡིན་ནོ། །ཀུན་དགའ་བོ། གང་དག་གིས་མདོ་སྡེ་འདི་ལ་བརྙས་པ་དེ་དག་གིས་ནི། ཆོས་ལའང་བརྙས་པ་ཡིན་ནོ། །ཀུན་དགའ་བོ། གཞན་ཡང་གང་དག་གིས་མདོ་སྡེ་འདི་ལ་བརྙས་པར་བྱེད་པ་དེ་དག་ལ་སྐུལ་བ་འདིས་ཅིར་ཡང་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེས་བུ་རྨོངས་པ་དེ་དག་ནི། མངོན་པར་བརྩོན་པ་མ་ཡིན་ཏེ། དེ་དག་ལ་བསྐུལ་བ་ན་རང་གི་སེམས་ཀྱང་མི་ཤེས་ཤིང་རང་གི་གནས་ཀྱང་མི་ཤེས་ལ། དེ་དག་མི་ཤེས་པས་ 407a ༄#། །བསྐུལ་བའང་འཛིན་པར་མི་བྱེད་དོ། །ཀུན་དགའ་བོ། གཞན་ཡང་འདིར་དེ་བཞིན་གཤེགས་པ་ལ་བརྙས་པ་བྱས་པར་འགྱུར་བ་དང ། ཆོས་ལ་བརྙས་པར་བྱེད་པ་ཅི་ཞིག་ཡོད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ནི། ཆོས་ཉིད་ཀྱིས་མ་བརྙས་པའོ། །ཀུན་དགའ་བོ། སྐྱེས་བུ་རྨོངས་པ་དེ་དག་ནི། ཡང་དག་པ་མ་ཡིན་པའི་ཆོས་རྣམས་ལས་ཡོངས་སུ་ཉམས་པས་བདག་ཉིད་ལ་བརྙས་པར་འགྱུར་གྱི། གང་དག་དེ་བཞིན་གཤེགས་པ་ལ་བརྙས་པར་འགྱུར་བའམ། ཆོས་ལ་བརྙས་པར་འགྱུར་བ་ནི། མེད་དོ། །ཀུན་དགའ་བོ། དེ་བཞིན་གཤེགས་པས་ནི། བརྙས་པ་མེད་པའི་ཆོས་ཐུགས་སུ་ཆུང་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བརྙས་པ་མེད་པའོ། །ཀུན་དགའ་བོ། དེ་ལྟ་བས་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་བརྙས་པར་མི་འགྱུར་བ་དང ། དཔྱས་སུ་མི་འགྱུར་བར་ཆོས་འདི་དག་ཁོང་དུ་ཆུད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ། འདི་ནས་འཇིག་རྟེན་གྱི་ཁམས་འབུམ་ཕྲག་ཚད་མེད་ཅིང་དཔག་ཏུ་མེད་པ་དག་འདས་པའི་ཕ་རོལ་ན་འཇིག་རྟེན་གྱི་ཁམས་ཟླ་འཕགས་འོད་ཟེར་ཅེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨ་ 407b མངོན་འཕགས་འོད་ཟེར་རོལ་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་སོ། །འཇམ་དཔལ། དེ་བཞིན་གཤེགས་པ་དེའི་འཇིག་རྟེན་གྱི་ཁམས་དེ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་པདྨ་དག་གིས་རྒྱས་པར་འགྱུར་ཏེ། པདྨ་དེ་དག་གི་དབུས་ནས་བྱང་ཆུབ་སེམས་དཔའ་དེ་དག་སྐྱིལ་མོ་ཀྲུང་བཅས་བཞིན་དུ་བྱུང་ལ། པདྨ་དེ་དག་ལས་ཀྱང་འོད་ཟེར་བྱུང་ངོ ། ། བྱང་ཆུབ་སེམས་དཔའ་དེ་དག་གིས་འོད་ཟེར་དེ་དག་ལས་སྤྲུལ་པ་སྤྲུལ་པར་བྱེད། སྤྲུལ་པ་དཔག་ཏུ་མེད་པ་དག་སྤྲུལ་པར་བྱེད་ཅིང་སྤྲུལ་པས་ཆོས་ཀྱང་སྟོན་ཏོ། །འཇམ་དཔལ། འོད་ཟེར་དེ་དག་གིས་འཇིག་རྟེན་གྱི་ཁམས་གངྒཱ་ཀླུང་གི་བྱེ་མ་དྲུག་ཅུ་སྙེད་དག་སྣང་བས་གསལ་བར་བྱས་སོ། །འཇམ་དཔལ། དཔེར་ན། སྟོན་ཀའི་དུས་སུ་ནམ་མཁའ་དག་ཅིང་དྲི་མ་མེད་ལ་ཆར་སྤྲིན་མེད་པ། ཟླ་བ་ཡར་གྱི་ཚེས་བཅོ་ལྔའི་ནམ་གྱི་གུང་ཐུན་ལ་ཟླ་བའི་དཀྱིལ་འཁོར་སྨོན་མེད་ཟླ་བའི་འོད་ཟེར་གྱིས་ཀུན་ཏུ་གསལ་བར་སྣང་བ་དེའི་ཚེ་ཛམྦུའི་གླིང་ཁོར་ཡུག་ཏུ་སྣང་བས་ཤིན་ཏུ་ཁྱབ་པར་འགྱུར་རོ། །འཇམ་དཔལ། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཟླ་འཕགས་འོད་ཟེར་དེ་ཁོར་ཡུག་ཏུའང་སྣང་བས་ཤིན་ཏུ་ཁྱབ་པར་འགྱུར་རོ། །དེ་བཞིན་དུ་ཤར་དང ། ལྷོ་དང ། ནུབ་དང ། བྱང་དང ། དེ་བཞིན་དུ་སྟེང་དང ། དེ་བཞིན་དུ་འོག་དང ། དེ་བཞིན་དུ་ཕྱོགས་ལྨྪམྶ་དང ། དེ་བཞིན་དུ་ཕྱོགས་བཅུའི་འཇིག་ 408a ༄#། །རྟེན་དག་ཏུའང་འཇིག་རྟེན་གྱི་ཁམས་གངྒཱ་ཀླུང་གི་བྱེ་མ་དྲུག་ཅུ་སྙེད་དག་སྣང་བས་གསལ་བར་བྱས་སོ། །འཇམ་དཔལ། རྒྱུ་དེས་ན་འཇིག་རྟེན་གྱི་ཁམས་དེའི་མིང་ཟླ་འཕགས་འོད་ཟེར་ཅེས་བྱའོ། །འཇམ་དཔལ། དེ་བཞིན་གཤེགས་པ་དེ་ཆོས་སྟོན་པའི་སྤྱི་བོ་ནས་པདྨ་བྱུང་སྟེ། པདྨ་དེ་དག་ལ་འོད་ཟེར་བྱུང་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བར་བྱས་སོ། །འོད་ཟེར་དེ་དག་ལས་ཀྱང་སངས་རྒྱས་ཀྱི་སྐུ་བྱུང་སྟེ། སངས་རྒྱས་ཀྱི་སྐུ་དེ་དག་གིས་ཀྱང་དེ་བཞིན་གཤེགས་པ་དེ་ལ་པདྨ་དག་གིས་གཏོར་ཏོ། །མངོན་པར་གཏོར་ཏོ། །འཇམ་དཔལ། པདྨ་གཏོར་བ་དེ་དག་ཉིད་ཀྱང་དེ་བཞིན་གཤེགས་པའི་སྐུར་གནས་སོ། །འཇམ་དཔལ། འདི་ལྟར་བཅོམ་ལྡན་འདས་དེའི་སྨོན་ལམ་གྱི་རྒྱུས་ན། བཅོམ་ལྡན་འདས་དེ་པདྨ་མངོན་འཕགས་ཞེས་བྱའོ། །འཇམ་དཔལ། དེ་ནས་ངས་དེ་བཞིན་གཤེགས་པ་པདྨ་མངོན་འཕགས་འོད་ཟེར་རོལ་པ་དེ་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་པདྨ་མངོན་འཕགས་འོད་ཟེར་རོལ་པས་ཅི་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། དེ་སྐད་ཅེས་སྨྲས་པ་དང ། དེས་ང་ལ་འདི་སྐད་ཅེས་སྨྲས་སོ། །འདས་པ་དང ། མ་འོངས་པའི་སེམས་གང་ལ་གནས་ནས་དེ་ལྟར་ 408b བྱང་ཆུབ་པ་དེ་ལྟ་བུ་ལ་གནས་ཏེ་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། འདས་པ་དང ། མ་འོངས་པའི་སེམས་ཅི་ལ་གནས་ལགས། བཀའ་སྩལ་པ། འཇམ་དཔལ། གང་འདས་པའི་སེམས་དེ་ནི། མ་སྐྱེས་པའོ། །འཇམ་དཔལ། གང་མ་འོངས་པའི་སེམས་དེའང་མ་སྐྱེས་པའོ། །གང་ད་ལྟར་བྱུང་བའི་སེམས་དེའང་མ་སྐྱེས་པའོ། །གང་མི་སྐྱེ་བ་ནི། དེ་བཞིན་ཉིད་བྱང་ཆུབ་པར་བྱ་བའི་ཕྱིར་ཏེ། དེ་ནི། བྱང་ཆུབ་བོ། །འཇམ་དཔལ། དཔེར་ན།་འདས་པའི་སྒྱུ་མའང་ཡོད་པ་མ་ཡིན་ནོ། །མ་འོངས་པའི་ཡང་ཡོད་པ་མ་ཡིན་ལ། ད་ལྟར་བྱུང་བའི་ཡང་ཡོད་པ་མ་ཡིན་ཏེ། རང་གི་ངོ་བོས་དབེན་ཞིང་རང་གི་ངོ་བོ་དང་བྲལ་བ་ཡིན་ནོ། ། འཇམ་དཔལ། དེ་བཞིན་དུ་གང་འདས་པའི་སེམས་དེ་ནི། མ་སྐྱེས་པའོ། །གང་མ་འོངས་པའི་སེམས་དེའང་མ་སྐྱེས་པའོ། །གང་ད་ལྟར་བྱུང་བའི་སེམས་དེའང་མ་སྐྱེས་པ་སྟེ། བྱང་ཆུབ་དེ་ནི། དེ་ལྟ་བུ་ཡིན་ནོ། །འཇམ་དཔལ། བྱང་ཆུབ་ནི། འདས་པའང་མ་ཡིན། མ་འོངས་པའང་མ་ཡིན། ད་ལྟར་བྱུང་བའང་མ་ཡིན་ཏེ། འཇམ་དཔལ། བྱང་ཆུབ་དེ་ནི། དེ་ལྟ་བུ་ཡིན་ནོ། །འཇམ་དཔལ། འདི་ལྟར་བྱང་ཆུབ་ནི། ཡོད་པའང་མ་ཡིན། འཇམ་དཔལ། བྱང་ཆུབ་དེ་ནི། མེད་པའང་མ་ཡིན་ནོ། །འཇམ་དཔལ། དེ་བཞིན་དུ་ཆོས་ཐམས་ཅད་ནི། བྱང་ 409a ༄#། །ཆུབ་ཀྱང་ཡིན་ལ། ཆོས་ཐམས་ཅད་བྱང་ཆུབ་མ་ཡིན་པའང་ཡིན་ནོ། །བམ་པོ་གསུམ་པ་སྟེ་ཐ་མ། དེ་ནས་ཁྱིམ་བདག་དེད་དཔོན་བཟང་པོ་དང་།། ཁྱིམ་བདག་རྣམ་པར་དག་སྤྱོད་དང ། ཁྱིམ་བདག་ཀླུ་དགའ་དང ། ཁྱིམ་བདག་འཛིན་མེད་དང ། ཁྱིམ་བདག་རྣ་གཙུག་དང ། ཁྱིམ་བདག་གཙུག་ན་ནོར་བུ་དང ། ཁྱིམ་བདག་རྣ་བ་གང་པོ་དང ། ཁྱིམ་བདག་དོན་གྲུབ་དང ། ཁྱིམ་བདག་རིན་ཆེན་གོམ་པས་འགྲོ་དང ། ཁྱིམ་བདག་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ལུས་ཐོགས་པ་མ་མཆིས་པ་ལགས་ཤིང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བྱམས་པའི་སྤྱན་དང་ལྡན་ཏེ་ངོ་མཚར་བ་ལགས་ན། དགུང་ཟླ་གསུམ་པོ་འདི་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དུ་ཙམ་ཞིག་དང་ཐབས་ཅིག་ཏུ་དེ་བཞིན་གཤེགས་པ་བགྲོ་བ་འདི་ལ་བགྲོ་བ་མཛད་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་རྣམས། སངས་རྒྱས་ཀྱི་མཚན་ཉིད་ནི་གཞལ་བར་བྱ་བ་མ་ཡིན་གྱི། ཐོང་ཞིག་།དེ་ནས་ཁྱིམ་བདག་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་བགྲོ་བའི་ 409b ཆོས་ཀྱི་རྣམ་གྲངས་འདི་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དུ་ཙམ་ཞིག་དང་ཐབས་ཅིག་ཏུ་བགྲོ་བ་མཛད་པ་དཔེས་བསྟན་པར་སྤྱོད་ལགས་སམ། བཀའ་སྩལ་པ། ཁྱིམ་བདག་རྣམས། སངས་རྒྱས་ཀྱི་ཡེ་ཤེས་ལ་བརྟག་པ་དང ། མངོན་པར་ཡིད་ཆེས་པར་བྱ་བ་དག་དཔེའི་སྒོ་ནས་ནི། མཁས་པ་རྣམས་དང ། མོས་པ་མང་བ་རྣམས་དང ། ང་རྒྱལ་བཅོམ་པ་རྣམས་དང ། བློ་རྒྱ་ཆེ་བ་རྣམས་དང ། སངས་རྒྱས་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་མཆོག་ལ་གནས་པ་དག་གིས་ཤེས་པར་ནུས་ཀྱི། བྱིས་པ་རྣམས་དང ། བདག་ཏུ་འདུ་ཤེས་པ་རྣམས་དང ། ང་རྒྱལ་གྱིས་ཉམས་པ་རྣམས་དང ། བློ་ཆུང་བ་རྣམས་ཀྱིས་ནི། མི་ནུས་པས་དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང ། ངས་ཁྱེད་ལ་བཤད་དོ། །ཁྱིམ་བདག་རྣམས། དཔེ་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ་གང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི། ཁོར་ཡུག་ཐེར་འབུམ་ཡོད་པར་ཉི་མ་ཐེར་འབུམ་འཁོར་ཞིང་གནས་སོ། །ཟླ་བ་ཐེར་འབུམ་འཁོར་ཞིང་གནས་སོ། །ཁྱིམ་བདག་རྣམས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་རིའི་རྒྱལ་པོ་ཁོར་ཡུག་ཆེན་པོ་དག་གིས་ཡོངས་སུ་བསྐོར་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེའི་ཁོངས་ན་གང་དག་སེམས་ཅན་དུ་གདགས་པས་བཏགས་པ་སེམས་ཅན་ཐམས་ཅད་ 410a ༄#། །སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། གང་དག་འཇིག་རྟེན་གྱི་ཁམས་དེ་ན་སའི་ཁམས་ཡོད་པ་དང ། རིན་པོ་ཆེ་དང་འདྲ་བའི་རྩཝ་དང ། ཤིང་དང་ཡལ་ག་དང ། ལོ་མ་དང ། འདབ་མ་དག་ཉེ་བར་བཟུང་བ་དང ། རི་ཐམས་ཅད་དང ། དེ་དག་ལ་གང་དག་སའི་ཁམས་ཡོད་པ་དང ། ཇི་ཙམ་དུ་འབྱུང་བ་ཆེན་པོ་བཞི་གནས་པ་ལ་སའི་ཁམས་སུ་གདགས་པས་བཏགས། དེ་རྡུལ་ཕྲ་རབ་ཀྱི་རྡུལ་དུ་བརླགས་ན། ཁྱིམ་བདག་རྣམས། དེ་ཇི་སྙམ་དུ་སེམས། རྡུལ་ཕྲ་རབ་དེ་དག་མང་བ་ཡིན་ནམ། དེ་སྐད་ཅེས་བཀའ་སྩལ་པ་དང ། ཁྱིམ་བདག་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྡུལ་ཕྲ་རབ་དེ་དག་མང་བ་ལགས་སོ། །རྡུལ་ཕྲ་རབ་རྡུལ་དེ་དག་ཤིན་ཏུ་མང་བ་ལགས་སོ། །བཅོམ་ལྡན་འདས། རྡུལ་ཕྲ་རབ་ཀྱི་རྡུལ་དེ་དག་ཚད་མ་མཆིས་པ་ལགས་སོ། །ཁྱིམ་བདག་རྣམས། གཞན་ཡང་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ་སེམས་ཅན་རྣམས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་དག་སྙེད་དུ་གྱུར་ཅིང་སེམས་ཅན་དེ་དག་ཀྱང་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། དེ་དག་ཐམས་ཅད་ཀྱིས་མིའི་ལུས་ཐོབ་ནས་ཀྱང་རབ་ཏུ་བྱུང་ངོ ། །དེ་དག་ཐམས་ཅད་རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་ཐོབ་སྟེ། དེ་དག་མངོན་པར་ཤེས་པ་དག་མངོན་སུམ་དུ་བྱེད་ཅིང ། དེ་དག་མངོན་པར་ཤེས་པ་དྲུག་པོའི་རྫུ་ 410b འཕྲུལ་གྱི་སྟོབས་ཀྱིས་ཉན་ཐོས་ཆེན་པོ་དེ་དག་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཁོ་ན་དག་ཉན་ཐོས་གཅིག་གིས་སེ་གོལ་འགའ་གཏོགས་པ་ཙམ་གྱིས་འདའ་བར་བྱེད་དོ། ། ཁྱིམ་བདག་རྣམས། རྣམ་གྲངས་འདིས་ན་ཉན་ཐོས་ཆེན་པོ་རེ་རེས་ཀྱང་འདའ་བར་བྱེད་ལ། གལ་ཏེ་གཅིག་གིས་འདའ་བར་བྱེད་པས་ཀྱང་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དུ་འགྲོ་བར་བྱེད་དེ། ཁྱིམ་བདག་རྣམས། རྣམ་གྲངས་འདིས་ན་ཉན་ཐོས་ཆེན་པོ་དེ་དག་ལོ་བརྒྱ་སྙེད་དུ་འདའ་བར་བྱེད་ན། ཁྱིམ་བདག་རྣམས། དེ་ཇི་སྙམ་དུ་སེམས། ཉན་ཐོས་ཆེན་པོ་དེ་དག་གིས་ལོ་བརྒྱ་སྙེད་ཐལ་བར་འདའ་བའི་འཇིག་རྟེན་གྱི་ཁམས་ཇི་སྙེད་ཅིག་ཡོད། གསོལ་པ། བཅོམ་ལྡན་འདས། ཉན་ཐོས་ཆེན་པོ་དེ་དག་གིས་འདའ་བའི་འཇིག་རྟེན་གྱི་ཁམས་ཇི་སྙེད་པ་དེ་དག་ནི། ཚང་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས། འཇིག་རྟེན་གྱི་ཁམས་དེ་དག་གྲངས་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ་ཉན་ཐོས་ཆེན་པོ་དེ་དག་གིས་ལོ་བརྒྱ་སྙེད་ཐལ་བར་འདའ་བའི་འཇིག་རྟེན་གྱི་ཁམས་ཇི་སྙེད་པའི་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་གྲོང་ཁྱེར་ཆེན་པོ་གཅིག་ཏུ་གྱུར་ལ།་གྲོང་ཁྱེར་ཆེན་པོ་དེའང་སྲིད་ཇི་ཙམ་པ་དེ་ཙམ་ཁོ་ནར་རྒྱའང་ཡོད་ལ་དེའི་འཕང་དུའང་དེ་ཙམ་ཡོད་ན། ཁྱིམ་བདག་རྣམས། དེ་ཇི་སྙམ་དུ་སེམས། གྲོང་ཁྱེར་གྱི་ར་བ་དེའི་ངོས་ 411a ༄#། །རྒྱ་ཆེ་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། གྲོང་ཁྱེར་དེ་ནི། རྒྱ་ཆེ་བ་ལགས་སོ། །བདེ་བར་གཤེགས་པ། གྲོང་ཁྱེར་དེ་ནི། མཐའ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས། ཇི་ཙམ་དུ་འདི་ལྟ་བུའི་དཔེ་དག་ལེགས་པར་ཡོངས་སུ་བཙལ་པ་ནི། ངོ་མཚར་ཆེ་བ་ལགས་སོ། །ཁྱིམ་བདག་རྣམས། གལ་ཏེ་གྲོང་ཁྱེར་ཆེན་པོ་ཡུངས་འབྲུ་མ་གྲུགས་པས་བྱུར་བུར་བཀང་ན། ཡུངས་འབྲུ་དེ་དག་མང་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། ཡུངས་འབྲུ་དེ་དག་མང་བ་ལགས་སོ། །བདེ་བར་གཤེགས་པ། ཤིན་ཏུ་མང་བ་ལགས་སོ། །བཀའ་སྩལ་པ། ཁྱིམ་བདག་རྣམས། དེ་བས་ཆེས་མང་ཞིང་ཆེས་གྲངས་མེད་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་དེ་བཞིན་གཤེགས་པ་བགྲོ་བ་དང ། ཆོས་བགྲོ་བ་ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་བགྲོ་བ་མཛད་དོ། །དེ་སྐད་ཅེས་བཀའ་སྩལ་ནས་ཁྱིམ་བདག་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པས་དཔེ་ཆ་ཕྲ་ཞིང་ཐག་རིང་བར་མཆི་བ་འདི་ལྟ་བུ་བཙལ་པ་ནི། ངོ་མཚར་ཆེ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་རྣམས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་དེ་ནི། 411b དེ་ལྟ་བུ་ཡིན་པར་རིག་པར་བྱ་སྟེ། ཇི་ལྟར་ཞུས་པ་བཞིན་ཀུན་ནས་ཡོངས་སུ་བཙལ་བར་བྱའོ། །དེ་བཞིན་གཤེགས་པ་ནི། ཆགས་པ་མེད་པའི་ཡེ་ཤེས་དང་ལྡན་ཏེ། ཆགས་པ་མེད་པའི་ཆོས་རྟོགས་པས་གང་དང་གང་ཞུས་པ་དེ་དང་དེ་ལ་ཐོགས་པ་མེད་དོ། །ཁྱིམ་བདག་རྣམས། དཔེར་ན། སྐྱེས་བུ་ལ་ལ་ཞིག་གིས་དེའི་སྟོབས་དང ། མཐུ་དང ། བརྩོན་འགྲུས་ཀྱིས་ནམ་མཁའ་མཐའ་ཡས་ཤིང་མུ་མེད་པར་ཕྱོགས་བཞི་གང་དང་གང་དུ་མདའ་འཕངས་པ་དེ་སྲིད་དུ་ཤུགས་ཀྱིས་སོང་སྟེ་ས་ལ་ལྷུང་ན། ཁྱིམ་བདག་རྣམས། དེ་ཇི་སྙམ་དུ་སེམས། མདའ་དེ་དག་ངེས་པར་ས་ལ་ལྷུང་ངམ། བཅོམ་ལྡན་འདས། སྐྱེས་བུ་དེའི་སྟོབས་དང ། མཐུ་དང ། བརྩོན་འགྲུས་ཀྱིས་ཇི་སྲིད་པ་དེ་སྲིད་དུ་ཤུགས་ཀྱིས་མཆིས་ནས་དོག་ས་ལ་ལྷུང་ཡང ། བཅོམ་ལྡན་འདས། དེ་དག་ནི། ནམ་མཁའ་ལ་ཐོགས་པ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། ཁྱིམ་བདག་རྣམས། དེ་བཞིན་དུ་དེ་བཞིན་གཤེགས་པ་ནི། གཏིང་དཔག་དགའ་བ་མཐའ་ཡས་ཤིང་མུ་མེད་པ་སྟེ། མུ་མེད་པ་བཞི་དག་དང་ལྡན་ནོ། །བཞི་གང་ཞེ་ན། ཚུལ་ཁྲིམས་མུ་མེད་པ་དང་ལྡན་པ་དང ། ཏིང་ངེ་འཛིན་མུ་མེ་པ་དང་ལྡན་པ་དང ། ཤེས་རབ་མུ་མེད་པ་དང་ལྡན་པ་དང ། རྣམ་པར་གྲོལ་བ་མུ་མེད་པ་དང་ལྡན་པའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་བདེ་བར་གཤེགས་པས་དེ་སྐད་གསུངས་ཏེ། སྟོན་ 412a ༄#། །པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇིག་རྟེན་སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་ཡེ་ཤེས་མཐའ་ཡས་པས། །སེམས་ཀྱི་ལས་དག་རྣམ་སྦྱངས་ཏེ། །ཕྱི་ནས་མྱ་ངན་ལས་འདས་པ་སྟོན། །ཇི་ལྟར་ནམ་མཁའི་ཁམས་རྣམས་ལ། །མཐའ་དག་དམིགས་མེད་དེ་ཡི་ཕྱིར། །དེ་བཞིན་ཡེ་ཤེས་ཆེན་པོ་ཡི། །འཇུག་པ་ལ་ནི་དམིགས་པ་མེད། །ཡེ་ཤེས་ཆེན་པོ་ཆགས་མེད་པ། །དེ་ལ་ཆགས་པ་ཡོད་མིན་ཞིང ། །ཡེ་ཤེས་ནམ་མཁར་མཚུངས་ཉིད་དེ། །སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ། །ནམ་མཁའི་ཁམས་སུ་མདའ་མང་པོ། །འཕེན་པར་བྱེད་ཅིང་འཕངས་ནས་ཀྱང ། །དེ་དག་ཕྱིར་ནི་ས་ལ་ལྷུང ། །དེ་བཞིན་བྱིས་པ་བློ་ངན་རྣམས། །ཡེ་ཤེས་བཟང་པོ་འདི་ཐོས་ནས། །དེ་དག་འདིར་ནི་ཕྱིར་ཡང་ལྷུང ། །གང་དུ་མདའ་དག་འཕགས་ནས་ཀྱང ། །དེ་དག་ས་ལ་སླར་ལྷུང་སྟེ། །ནམ་མཁའ་ཡི་ནི་དབྱིངས་དེ་ལ། །ནམ་ཡང་ཆགས་པར་མི་འགྱུར་རོ། །དེ་བཞིན་སངས་རྒྱས་ཡེ་ཤེས་ནི། །ཆགས་པ་དག་ཏུ་མི་དམིགས་སོ། །གང་དུ་བློ་ནི་རབ་གནས་པར། །བྱིས་པ་དེ་དག་དེར་ལྷུང་སྟེ། །བྱིས་པའི་མཐུ་ནི་རྟོགས་ནས་ཀྱང ། །སངས་རྒྱས་ཡེ་ཤེས་རབ་ཏུ་བསྒྲགས། །དེ་ཕྱིར་ཡེ་ཤེས་བསྒྲགས་པ་ནི། །ང་ལ་མཁྱུད་པ་ཡོད་མ་ཡིན། །ཇི་ལྟར་ནམ་མཁའ་མུ་མེད་ཅིང ། །ཚད་ཡོད་མ་ཡིན་མཐའ་ཡས་ལྟར། །དེ་བཞིན་ཡེ་ཤེས་ཆེན་པོ་ཡི།། 412b མཐའ་ནི་དམིགས་པར་མི་འགྱུར་རོ། །ང་ཡི་ཡེ་ཤེས་འདི་ལ་ནི། །བྱིས་པའི་བློ་ཅན་ཐེ་ཚོམ་ཟ། །གནས་མི་འགྱུར་ཏེ་ནམ་མཁའ་ལ། །ཇི་ལྟར་མདའ་འཕངས་ལྷུང་བ་བཞིན། །ལྷ་དང་བཅས་པའི་འཇིག་རྟེན་གྱི། །མདུན་དུ་ང་ནི་འདུག་ནས་ཀྱང ། །སེངྒེ་བཞིན་དུ་སྒྲ་སྒྲོག་པ། །ང་ལ་ཐེ་ཚོམ་ཡོད་མ་ཡིན། །དེ་ཚེ་ཤཱཀྱ་སེངྒེ་ཡི། །ང་རོ་འདི་ནི་སྒྲོག་པ་ན། །དེ་ཡི་མོད་ལ་སྲོག་ཆགས་ནི། །བྱེ་བ་བརྒྱད་ཅུ་བྱང་ཆུབ་ཞུགས། །ཤཱཀྱ་སེངྒེའི་ང་རོ་འདི། །བསྒྲགས་པ་དེ་ཡི་མོད་ལ་ནི། །ས་འདི་རྣམ་པ་དྲུག་དག་ཏུ། །ཀུན་ནས་ཀྱང་ནི་གཡོས་པར་གྱུར། །དེ་ཚེ་འོད་ཟེར་བྱུང་གྱུར་ཅིང ། །འོད་ཀྱང་རྒྱ་ཆེ་བྱུང་བར་གྱུར། །སངས་རྒྱས་ཀྱིས་མཛད་ཆོ་འཕྲུལ་དག་།བསམ་མི་ཁྱབ་པ་ངོ་མཚར་བྱུང ། །སངས་རྒྱས་ཞལ་གྱི་སྒོ་ནས་ནི། །དེ་ཡི་ཚེ་ན་ལྗགས་ཕྱུང་སྟེ། །སངས་རྒྱས་ཞིང་ནི་མཐའ་ཡས་པ། །འཇིག་རྟེན་འདི་ནི་ཁེབས་པར་མཛད། །སྐྱེས་བུ་ཁྱུ་མཆོག་ལྗགས་ཀྱིས་ནི། །འཇིག་རྟེན་འདི་དག་ཁེབས་མཛད་ནས། །ཡན་ལག་བརྒྱད་ལྡན་ཚིག་གིས་ནི། །ཀུན་དགའ་བོ་ལ་འདི་སྐད་གསུངས། །ཀུན་དགའ་ཡང་དག་གསུང་བ་སྟེ། །ཡང་དག་ཆོས་ནི་སྟོན་མཛད་པ། །སྐྱེས་བུ་དམ་པ་དཀོན་གྱུར་པ། །སངས་རྒྱས་ལ་ནི་མཆོད་པ་གྱིས། །ཀུན་དགའ་སེམས་ཅན་མཆོག་མ་ཁ་ཅིག་གིས། །དཔེ་དག་ཐོས་ནས་བྱང་ཆུབ་སྐྱེད་བྱེད་པ། །བྱང་ཆུབ་དོན་གཉེར་བྱང་ཆུབ་སེམས་དཔའ་གང ། །ཡོན་ཏན་བརྒྱན་ 413a ༄#། །དེ་དག་ནི་སྦྱིན་པར་བྱ། །ཀུན་དགའ་དགེ་སློང་ཕོ་མོ་དང ། །དགེ་བསྙེན་ཕ་དང་དགེ་བསྙེན་མ། །གང་ཟག་མཆོག་མ་དེ་དག་ནི། །སངས་རྒྱས་ཉིད་དུ་ལུང་བསྟན་བྱ། །ཀུན་དགའ་ཕྱི་དུས་དགེ་སློང་གང ། །ངས་ནི་དེ་དག་མཐོང་བ་རྣམས། །ཕྱི་མའི་དུས་ཀྱི་ཚེ་དག་ན། །འདི་འདྲའི་མདོ་དག་ཉན་བྱེད་ལ། །མདོ་འདི་དག་ནི་ཐོས་ནས་ཀྱང ། །ཤཱཀྱ་སེངྒེས་བསྟན་པ་ཡི། །མདོ་འདི་ཀྱེ་མའོ་ལེགས་གསུངས་ཞེས། །གང་རྣམས་དག་ནི་དགའ་བར་འགྱུར། །གང་གིས་མདོ་འདི་ཐོས་ནས་ཀྱང ། །སེམས་ནི་བྱང་ཆུབ་ཕྱིར་བསྔོ་བ། །ཀུན་དགའ་མི་དེ་དག་ལ་ནི། །སངས་རྒྱས་འགྱུར་ཞེས་ངས་ལུང་བསྟན། །གང་གིས་མདོ་འདི་ཐོས་ནས་ཀྱང ། །སེམས་ནི་བྱང་ཆུབ་ཕྱིར་བསྔོ་བ། །འདྲེན་པ་དག་ཏུ་མི་འགྱུར་ཞེས། །དེས་ནི་ཐེ་ཚོམ་བསྐྱེད་མི་བྱ། །ཀུན་དགའ་ངས་ནི་ཏིང་འཛིན་འདི། །དེ་དག་ལ་ནི་གཞག་བྱ་ཞིང ། །ལྷ་དང་བཅས་པའི་འཇིག་རྟེན་ལ། །ངས་ནི་བྱིན་གྱིས་བརླབ་པར་བྱ། །ངས་ནི་བྱིན་གྱིས་བརླབས་ནས་ཀྱང ། །ཕྱི་དུས་འཇིགས་པ་ཆེན་པོའི་ཚེ། །མདོ་སྡེ་འདི་ནི་འཛམ་གླིང་དུ། །ཕྱིས་ནི་འབར་བ་དག་ཏུ་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་པ་བདག་དེ་དག་ལ་བཀའ་སྩལ་པ། ཁྱིམ་བདག་རྣམས། གཞན་ཡང་རབ་ཏུ་ཤེས་པར་བྱ་བ་ནི། གང་དག་ཤར་ཕྱོགས་ལེགས་ན་རྡུལ་ཕྲ་\?\་རབ་ 413b ཀྱི་རྡུལ་དེ་དག་ཇི་སྙེད་པ་དེ་སྙེད་པས་ཆེས་མང་བའི་དེ་བཞིན་གཤེགས་པ་རྣམས་དང་ལྷན་ཅིག་ཏུ་ཆོས་ཀྱི་རྣམ་གྲངས་འདི་བགྲོ་བ་མཛད་དོ། །དེ་བཞིན་དུ་ལྷོ་དང ། དེ་བཞིན་དུ་ནུབ་དང ། དེ་བཞིན་དུ་བྱང་དང ། དེ་བཞིན་དུ་འོག་དང ། དེ་བཞིན་དུ་སྟེང་དང ། དེ་བཞིན་དུ་ཕྱོགས་བཅུ་ཐམས་ཅད་དང ། ཕྱོགས་མཚམས་བཅུ་པོ་མཐའ་ཡས་ཤིང་ཚད་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་དེ་དག་ཇི་སྙེད་པ་དེ་སྙེད་པས་ཆོས་མང་བའི་དེ་བཞིན་གཤེགས་པ་རྣམས་དང་ལྷན་ཅིག་ཏུ་ཆོས་ཀྱི་རྣམ་གྲངས་འདི་བགྲོ་བ་མཛད་དོ། །ཁྱིམ་བདག་རྣམས། གལ་ཏེ་རྡུལ་ཕྲ་རབ་ཀྱི་རྡུལ་ཕྲ་མོ་དེ་དག་ཇི་སྙེད་པ་དེ་སྙེད་ཀྱི་བསྐལ་པ་གྲངས་མེད་པའི་ཡང་གྲངས་མེད་པའི་བསྐལ་པར་གནས་ཏེ། སངས་རྒྱས་དེ་དག་གི་མཚན་རབ་ཏུ་བརྗོད་པ་དེ་སྙེད་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་བགྲོ་བའི་ཆོས་ཀྱི་རྣམ་གྲངས་འདི་བགྲོ་བ་མཛད་དོ། །དེ་བཞིན་གཤེགས་པ་དེ་དག་གིས་མཚན་བརྗོད་པ་མ་བྱས་པའི་བར་སྐབས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ། །དེ་ནས་དེད་དཔོན་བཟང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི།་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། དབང་ཆེ་བར་གྲགས་པ་སྟེ། ངོ་མཚར་ཆེ་བ་ལགས་སོ། །བཅོམ་ལྡན་འདས། ཕྱོགས་ 414a ༄#། །བཅུའི་འཇིག་རྟེན་ན་ད་ལྟར་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་ཐམས་ཅད་དང ། བཅོམ་ལྡན་འདས་ཐབས་ཅིག་ཏུ་དེ་བཞིན་གཤེགས་པའི་ཆོས་ཀྱི་རྣམ་གྲངས་འདི་བགྲོ་བ་མཛད་ལགས་སོ། །བཀའ་སྩལ་པ། ཁྱིམ་བདག་།ཇི་སྐད་སྨྲས་པ་དེ་དེ་བཞིན་ནོ། །ཁྱིམ་བདག་།ཕྱོགས་བཅུའི་འཇིག་རྟེན་ན་གང་དག་སངས་རྒྱས་བཅོམ་ལྡན་འདས་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་ཐམས་ཅད་དང ། བཅོམ་ལྡན་འདས་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་བགྲོ་བའི་ཆོས་ཀྱི་རྣམ་གྲངས་འདི་བགྲོ་བ་མཛད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། ཁྱིམ་བདག་།དེད་དཔོན་བཟང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས། ཏིང་ངེ་འཛིན་གང་ལ་གནས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཐབས་ཅིག་ཏུ་དེ་བཞིན་གཤེགས་པ་བགྲོ་བའི་ཆོས་ཀྱི་རྣམ་གྲངས་འདི་བགྲོ་བ་མཛད་ལགས། བཀའ་སྩལ་པ། ཁྱིམ་བདག ། ཆོས་ཀྱི་དབྱིངས་ངེས་པར་བྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་པ་གང་ལ་གནས་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང ། ཆོས་ཀྱི་རྣམ་གྲངས་འདི་བགྲོ་བ་མཛད་དོ། ། 414b གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་ཆོས་ཀྱི་དབྱིངས་ངེས་པར་བྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བརྗོད་ལགས། བཀའ་སྩལ་པ། ཁྱིམ་བདག་།ཇི་ཙམ་དུ་ཆོས་ཐམས་ཅད་ནི།་ཆོས་ཀྱི་དབྱིངས་ཡིན་ཡང་ཆོས་ཀྱི་དབྱིངས་སུ་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཁྱིམ་བདག་།ཏིང་ངེ་འཛིན་འདི་ལ་གནས་ནས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཁྱིམ་བདག་།ང་ཏིང་ངེ་འཛིན་འདི་ལ་གནས་ནས་ཆོས་ཀྱི་དབྱིངས་ལ་ནི། ཆོས་འགའ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཁྱིམ་བདག་།ང་ཏིང་ངེ་འཛིན་འདི་ལ་གནས་ནས་ཆོས་ཀྱི་དབྱིངས་ལ་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །གཟུགས་ལའང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །གཟུགས་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཁྱིམ་བདག་།ང་ཏིང་ངེ་འཛིན་འདི་ལ་གནས་ནས་དེ་བཞིན་དུ་ཆོས་ཀྱི་དབྱིངས་ལ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་དག་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །རྣམ་པར་ཤེས་པ་ལའང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །རྣམ་པར་ཤེས་པ་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་རྣམ་ 415a ༄#། །པར་ཤེས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཁྱིམ་བདག་།ང་ཏིང་ངེ་འཛིན་འདི་ལ་གནས་ནས་ཆོས་ཀྱི་དབྱིངས་ལ་མིག་གི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །མིག་གི་ཁམས་ལའང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །མིག་གི་ཁམས་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་མིག་གི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །དེ་བཞིན་དུ་གཟུགས་ཀྱི་ཁམས་ལ་མ་ཡིན་ཞིང་རྣ་བའི་ཁམས་ལ་སྒྲའི་ཁམས་མ་ཡིན་ནོ། །སྣའི་ཁམས་ལ་དྲིའི་ཁམས་མ་ཡིན་ནོ། །ལྕེའི་ཁམས་ལ་རོའི་ཁམས་མ་ཡིན་ནོ། །ལུས་ཀྱི་ཁམས་ལ་རེག་བྱའི་ཁམས་མ་ཡིན་ཏེ། ཡིད་ཀྱི་ཁམས་ཀྱང་མ་ཡིན་ནོ། །ཁྱིམ་བདག་།ང་ཏིང་ངེ་འཛིན་འདི་ལ་གནས་ནས་ཆོས་ཀྱི་དབྱིངས་ལ་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཆོས་རྣམས་ལ་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཆོས་ཀྱི་དབྱིངས་ལའང་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཆོས་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། ། ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཁྱིམ་བདག་།ང་ཏིང་ངེ་འཛིན་འདི་ལ་གནས་ནས་ཆོས་ཀྱི་དབྱིངས་ལ་སའི་ཁམས་ཡང་དག་ 415b པར་རྗེས་སུ་མི་མཐོང་ངོ ། །སའི་ཁམས་ལའང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །སའི་ཁམས་ལ་མ་གཏོགས་པར་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་སའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །དེ་བཞིན་དུ་ཆུ་དང ། མེ་དང ། རླུང་ལའང་སྦྱར་བར་བྱའོ། །ཁྱིམ་བདག་།ང་ཏིང་ངེ་འཛིན་འདི་ལ་གནས་ནས་འདས་པའི་ཆོས་ཀྱི་དབྱིངས་ལ་འདས་པའི་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཆོས་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་འདས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཆོས་ཀྱི་དབྱིངས་ལ་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །མ་འོངས་པའི་ཆོས་ཀྱི་དབྱིངས་ལའང་མ་འོངས་པའི་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །མ་འོངས་པ་ལའང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །མ་འོངས་པ་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་མ་འོངས་པའི་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཆོས་ཀྱི་དབྱིངས་ལ་ད་ལྟར་བྱུང་བ་ཡང་དག་པར་རྗེས་སུ་ 416a ༄#། །མི་མཐོང་ངོ ། །ད་ལྟར་བྱུང་བ་ལའང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ད་ལྟར་བྱུང་བ་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་ད་ལྟར་བྱུང་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཁྱིམ་བདག་།ང་ཏིང་ངེ་འཛིན་འདི་ལ་གནས་ནས་ཆོས་ཀྱི་དབྱིངས་ལ་སོ་སོའི་སྐྱེ་བོའི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །སོ་སོའི་སྐྱེ་བོའི་ཆོས་ལའང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །སོ་སོའི་སྐྱེ་བོའི་ཆོས་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་སོ་སོའི་སྐྱེ་བོའི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཁྱིམ་བདག་།ང་ཏིང་ངེ་འཛིན་འདི་ལ་གནས་ནས་ཆོས་ཀྱི་དབྱིངས་ལ་སློབ་པའི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །སློབ་པའི་ཆོས་ལའང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །སློབ་པའི་ཆོས་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་སློབ་པའི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཁྱིམ་བདག་།ང་ཏིང་ངེ་འཛིན་འདི་ 416b ལ་གནས་ནས་ཆོས་ཀྱི་དབྱིངས་ལ་རང་སངས་རྒྱས་ཀྱི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །རང་སངས་རྒྱས་ཀྱི་ཆོས་ལའང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། ། རང་སངས་རྒྱས་ཀྱི་ཆོས་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་རང་སངས་རྒྱས་ཀྱི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཁྱིམ་བདག་།ང་ཏིང་ངེ་འཛིན་འདི་ལ་གནས་ནས་ཆོས་ཀྱི་དབྱིངས་ལ་སངས་རྒྱས་ཀྱི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །སངས་རྒྱས་ཀྱི་ཆོས་ལའང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་སངས་རྒྱས་ཀྱི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །སངས་རྒྱས་ཀྱི་ཆོས་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །དེ་སྐད་ཅེས་བཀའ་སྩལ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅིའི་སླད་དུ་ཆོས་ཀྱི་དབྱིངས་ཞེས་བྱ་ལགས། བཀའ་སྩལ་པ། འཇམ་དཔལ། ཆོས་ཀྱི་དབྱིངས་ནི། དབྱིངས་མེད་པ་སྟེ། འཇམ་དཔལ། ངས་དེ་ལས་དགོངས་ནས་ཆོས་ཀྱི་དབྱིངས་ཞེས་བསྟན་ཏོ། །འཇམ་དཔལ། ཆོས་ཐམས་ཅད་ 417a ༄#། །ལས་ངེས་པར་བྱུང་བ་ཞེས་བྱ་བ་ནི། འཇམ་དཔལ། ཆོས་ཐམས་ཅད་ཁམས་ལས་ངེས་པར་བྱུང་བ་དེའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས། ངེས་པར་བྱུང་བ་ཞེས་བགྱི་བ་ཅིའི་སླད་དུ་ངེས་པར་བྱུང་བ་ཞེས་བགྱི་ལགས། བཀའ་སྩལ་པ། འགྲོ་བའང་མེད། འོང་བའང་མེད་པ་དེའི་ཕྱིར་ངེས་པར་བྱུང་བ་ཞེས་བྱ་སྟེ། འཇམ་དཔལ། ཆོས་ཐམས་ཅད་ཀྱི་ཚུལ་ནི། དེ་ལྟ་བུ་སྟེ། འཇམ་དཔལ། ཆོས་རྣམས་ཀྱི་འཇུག་པ་ནི། དེ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། འཇུག་པ་ཞེས་བགྱི་བ་ཅིའི་སླད་དུ་འཇུག་པ་ཞེས་བགྱི་ལགས། བཀའ་སྩལ་པ། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ་དེའི་ཕྱིར་འཇུག་པ་ཞེས་བྱའོ། །དེའི་ཚེ་གཞོན་ནུ་པདྨ་དཔལ་གྱི་སྙིང་པོ་ཞེས་བྱ་བ་འདུས་ཤིང་འདུག་པར་གྱུར་ཏོ། །དེ་ནས་གཞོན་ནུ་པདྨའི་དཔལ་གྱི་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་ཆོས་བཀའ་སྩལ་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ། ཏིང་ངེ་འཛིན་འདི་ནི། སོ་སོའི་སྐྱེ་བོ་དང་ཐུན་མོང་མ་ལགས་སོ། །རང་སངས་རྒྱས་དང་ཐུན་མོང་མ་ལགས་སོ།། བཅོམ་ལྡན་འདས། ཏིང་ངེ་འཛིན་འདི་ནི། གང་དག་སངས་རྒྱས་ཀྱི་ཆོས་ཞེས་བརྗོད་པ་དེ་དག་དང་ཡང་ཐུན་མོང་མ་ལགས་སོ། །བཅོམ་ལྡན་འདས། དེ་ལྟར་ན། ཏིང་ངེ་འཛིན་ 417b འདི་ནི།་ལྡན་པའང་མ་ལགས། མི་ལྡན་པའང་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། འདི་ལྟར་གང་ཕྲད་པར་འགྱུར་བའམ། ཕྲད་པར་འགྱུར་བ་མ་ལགས་པའི་ཆོས་དེ་དག་མ་མཆིས་པའི་སླད་དུའོ། །ཆོས་འགའ་ཞིག་མཆིས་ན་ནི། དེ་ལྟར་ཡང་ལགས་ན། འགའ་ཡང་མ་མཆིས་པ་དེ་ལ་ནི། ཕྲད་པའང་མ་མཆིས། མི་ཕྲད་པའང་མ་མཆིས་ལགས་སོ། །བཅོམ་ལྡན་འདས། དེ་ལྟར་ན། ཏིང་ངེ་འཛིན་འདི་ནི། ཐུན་མོང་མ་ལགས་སོ། །བཅོམ་ལྡན་འདས། གཞན་ཡང་ཏིང་ངེ་འཛིན་འདི་ལ་སུའང་སྙོམས་པར་མི་འཇུག་སྟེ། དེ་ཅིའི་སླད་དུ་ཞེ་ན།་བཅོམ་ལྡན་འདས། སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་སླད་དུའོ། །བཅོམ་ལྡན་འདས། དེ་ལྟར་ལགས་པས་མཉམ་པ་ཉིད་ལ་སྙོམས་པར་འཇུག་པའང་མ་མཆིས། ཞུགས་པའང་མ་མཆིས་ལགས་ཏེ། དེ་ལྟར་ན། ཏིང་ངེ་འཛིན་འདི་ནི། བརྗོད་པར་བགྱི་བ་མ་ལགས་སོ། །བཅོམ་ལྡན་འདས། གཞན་ཡང་ཏིང་ངེ་འཛིན་འདི་ནི།་སེམས་ཅན་ཐམས་ཅད་དང་ཐུན་མོང་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། འདི་ལྟར་སེམས་ཅན་ཐམས་ཅད་ཀྱིས་མཉམ་པ་ཉིད་ཐོབ་ལགས་ཏེ། བཅོམ་ལྡན་འདས། དེའི་སླད་དུ་ཏིང་ངེ་འཛིན་འདི་ནི། སེམས་ཅན་ཐམས་ཅད་དང་ཐུན་མོང་ལགས་སོ། །བཅོམ་ལྡན་འདས། གཞན་ཡང་ཏིང་ངེ་འཛིན་འདི་ནི། སུས་ཀྱང་ཐོབ་པ་མ་ལགས་ 418a ༄#། །ཏེ།་དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། མཉམ་པ་ཉིད་ཀྱི་ཚོགས་མ་མཆིས་པའི་སླད་དུ་སྟེ། བཅོམ་ལྡན་འདས། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ནི། མི་དམིགས་པ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས། གཞན་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་ལགས་པ་དེ་ལྟར་ཏིང་ངེ་འཛིན་འདིའང་ཐུན་མོང་ལགས་ཏེ། ཇི་ལྟར་སེམས་ཅན་ཐམས་ཅད་མི་འཕྲོག་པ་དེ་ལྟར་ཏིང་ངེ་འཛིན་འདིའང་མི་འཕྲོག་པའོ། །བཅོམ་ལྡན་འདས། གཞན་ཡང་གང་སེམས་ཅན་གྱིས་རྣམ་པར་དབེན་པའི་ཏིང་ངེ་འཛིན་འདི་ནི། སེམས་ཅན་ཐམས་ཅད་དང་ཐུན་མོང་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། གང་རྣམས་པར་དབེན་པ་ཉིད་དེ་ནི། ཏིང་ངེ་འཛིན་ལགས་སོ། །བཅོམ་ལྡན་འདས། གཞན་ཡང་ཏིང་ངེ་འཛིན་འདི་ནི། བསམ་གྱིས་མི་ཁྱབ་པ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། སེམས་ཀྱི་ཡུལ་ལས་ཡང་དག་པར་འདས་པའི་སླད་དུ་ཏིང་ངེ་འཛིན་འདི་ནི། བསམ་གྱིས་མི་ཁྱབ་པ་ལགས་སོ། །བཅོམ་ལྡན་འདས། གཞན་ཡང་ཏིང་ངེ་འཛིན་འདི་ནི། ཆོས་གང་ལའང་མི་སེམས་པས་བསམ་གྱིས་མི་ཁྱབ་པ་ཉིད་དེ།་དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། བསམ་གྱིས་མི་ཁྱབ་པས་སེམས་མ་མཆིས་པ་ལགས་ཏེ། གང་མ་མཆིས་པ་དེ་ནི། ཏིང་ངེ་འཛིན་ལགས་སོ། །བཅོམ་ལྡན་ 418b འདས།་སེམས་ནི། སེམས་མ་མཆིས་པ་ལགས་ཏེ། དེའང་ཏིང་ངེ་འཛིན་ལགས་སོ། །བཅོམ་ལྡན་འདས། གཞན་ཡང་ཏིང་ངེ་འཛིན་འདི་ནི། གང་མཚན་མ་དེ་དག་ལ་མི་གནས་པ་སྟེ། གང་མི་གནས་པ་དེ་ནི། ཏིང་ངེ་འཛིན་ལགས་སོ། །བཅོམ་ལྡན་འདས། གཞན་ཡང་ཏིང་ངེ་འཛིན་འདི་ནི། ཉམས་པ་ཡོངས་སུ་མ་རྫོགས་པའི་ཚུལ་གྱིས་ཐོབ་པ་མེད་པ་སྟེ། བཅོམ་ལྡན་འདས། གང་ཡོངས་སུ་མ་རྫོགས་པ་དེ་ནི། ཏིང་ངེ་འཛིན་ལགས་སོ། །བཅོམ་ལྡན་འདས། གཞན་ཡང་ཏིང་ངེ་འཛིན་འདི་ནི། ཉམས་པ་སྟེ། སངས་རྒྱས་ཀྱི་ཡུལ་ཇི་ཙམ་པ་དེ་ཙམ་དུ་འདི་ནི། ཏིང་ངེ་འཛིན་ལགས་སོ། །བཅོམ་ལྡན་འདས། སངས་རྒྱས་ཀྱི་ཡུལ་ཞེས་བགྱི་བ་ཡུལ་མ་མཆིས་པ་སྟེ། གང་ཡུལ་མ་མཆིས་པ་དེ་ནི། ཏིང་ངེ་འཛིན་ལགས་སོ། །བཅོམ་ལྡན་འདས། གཞན་ཡང་ཏིང་ངེ་འཛིན་འདི་ནི། མ་བསྟན་པ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། གང་གཞན་ཡང་ཐ་སྙད་བརྗོད་ལ། ཐ་སྙད་བརྗོད་པའི་ཆོས་དེ་དང་དེ་དག་ནི། ཆོས་དེ་ལ་མ་མཆིས་ཏེ། གང་མ་མཆིས་པ་དེ་ནི། ཏིང་ངེ་འཛིན་ལགས་སོ། །བཅོམ་ལྡན་འདས། གཞན་ཡང་ཏིང་ངེ་འཛིན་འདི་ནི། ཡི་གེ་མ་མཆིས་པ་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། འདི་ལྟར་ཡི་གེ་དེ་དག་ནི། མ་མཆིས་པ་ལགས་སོ། །གང་མ་མཆིས་པ་དེ་ནི། ཏིང་ངེ་འཛིན་ལགས་སོ། །བཅོམ་ལྡན་ 419a ༄#། །འདས།་གཞན་ཡང་ཏིང་ངེ་འཛིན་འདི་ནི། བརྗོད་པ་མ་མཆིས་པ་སྟེ། གང་བརྗོད་པ་མ་མཆིས་པ་དེ་ནི། མ་བརྗོད་པ་སྟེ། དེ་ལྟར་ན། ཏིང་ངེ་འཛིན་འདི་ནི།་བརྗོད་པ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས། ཏིང་ངེ་འཛིན་འདི་ནི། རྣམ་པར་རིག་པ་མ་མཆིས་པ་སྟེ། གང་རྣམ་པར་རིག་པ་མ་མཆིས་པ་དེ་ནི། ཏིང་ངེ་འཛིན་ཏེ།་བཅོམ་ལྡན་འདས། དེ་ལྟར་ན། ཏིང་ངེ་འཛིན་འདི་ནི། རྣམ་པར་རིག་པ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས། གཞན་ཡང་ཏིང་ངེ་འཛིན་གང་དང་གང་བསྟན་པ་དེ་དང་དེའི་ཆོས་དེ་དང་དེ་དག་དེ་ན་མ་མཆིས་ལ། གང་གཞན་ཡང་མ་མཆིས་པ་དེ་དག་ནི། ངོ་བོ་ཉིད་ཀྱིས་སྟོང་སྟེ། གང་དག་ངོ་བོ་ཉིད་ཀྱིས་སྟོང་པ་དེ་ནི། ཏིང་ངེ་འཛིན་ལགས་སོ། །གང་ཏིང་ངེ་འཛིན་དེ་ནི། མཉམ་པ་ཉིད་ལགས་ལ་ཆོས་དེ་དག་ཀྱང་མཉམ་པ་ཉིད་ལགས་ཏེ། ཆོས་དེ་དག་ནི། ངེས་པར་བྱུང་བ་མ་ལགས་པས། བཅོམ་ལྡན་འདས། དེ་ལྟར་ན། ཏིང་ངེ་འཛིན་འདི་ནི། བརྗོད་པར་བགྱི་བ་མ་ལགས་སོ། །དེ་ནས་གནས་བརྟན་ཤཱ་རདྭ་ཏིའི་བུས་གཞོན་ནུ་པདྨ་དཔལ་གྱི་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །པདྨ་དཔལ་གྱི་སྙིང་པོ། ཁྱོད་ཏིང་ངེ་འཛིན་འདི་ལ་འདོད་པ་མེད་དམ། སྨྲས་པ། བཙུན་པ་ཤཱ་རིའི་བུ། ཁོ་བོ་ནི། ཏིང་ངེ་འཛིན་འདི་ལ་འདོད་པ་མ་མཆིས་སོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་ 419b པ་ཤཱ་རིའི་བུ། གལ་ཏེ་ཆོས་འདི་དག་ལ་བདག་ཅིག་ཁོ་བོས་ཡང་དག་པར་རྗེས་སུ་མཐོང་ན་ནི། ཆོས་དེ་དག་ལ་ཁོ་བོ་འདོད་པར་ཡང་འགྱུར་རོ། །སྨྲས་པ། པདྨ་དཔལ་གྱི་སྙིང་པོ། ཁྱོད་ཀྱིས་སངས་རྒྱས་ཀྱི་ཆོས་རྣམས་ལ་དེ་ཡང་དག་པར་རྗེས་སུ་མ་མཐོང་ངམ། སྨྲས་པ། བཙུན་པ་ཤཱ་རིའི་བུ། གལ་ཏེ་སངས་རྒྱས་ཀྱི་ཆོས་རྣམས་ལ་བདག་ཅིག་ཁོ་བོས་ཡང་དག་པར་རྗེས་སུ་མཐོང་བ་དེ་ལྟར་གྱུར་ན་ནི། སངས་རྒྱས་ཀྱི་ཆོས་རྣམས་བདག་གིས་འདུས་བྱས་པར་ཡང་འགྱུར་རོ། །སྨྲས་པ། པདྨ་དཔལ་གྱི་སྙིང་པོ། ཁྱོད་ཀྱིས་ཅི་སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་པར་རྗེས་སུ་མཐོང་ངམ། སྨྲས་པ། བཙུན་པ་ཤཱ་རིའི་བུ། གལ་ཏེ་སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་པར་རྗེས་སུ་མཐོང་ན་ནི། སངས་རྒྱས་ཀྱི་ཆོས་དེ་དག་དངོས་པོར་བྱས་པར་ཡང་འགྱུར་ན། བཙུན་པ་ཤཱ་རིའི་བུ། ཆོས་ཐམས་ཅད་ནི། དངོས་པོ་མེད་པའི་ཕྱིར་རོ། །བཙུན་པ་ཤཱ་རིའི་བུ། གལ་ཏེ་སངས་རྒྱས་ཀྱི་ཆོས་རྣམས་ཡོད་པར་གྱུར་ན་སངས་རྒྱས་ཀྱི་ཆོས་ལས་གཞན་པར་ཡོངས་སུ་རྟོགས་པར་ཡང་འགྱུར་ལ། སངས་རྒྱས་ཀྱི་ཆོས་རྣམས་སེམས་དང་བཅས་པར་ཡང་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་གཞོན་ནུ་པདྨ་དཔལ་གྱི་སྙིང་པོ་ལ་ལེགས་སོ། །ཞེས་བྱ་བ་བྱིན་ནོ། །ལེགས་སོ། །ཞེས་བྱ་བ་བྱིན་ནས་ཀྱང་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ། གང་དང་གང་དྲིས་པ་དེ་ 420a ༄#། །དང་དེ་ལ་མི་གནས་པའི་ཆོས་ཡང་དག་པར་བསྒྲགས་པ་དེ་དག་ནི། ཕྱིར་མི་ལྡོག་པའི་རྟགས་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་གཞོན་ནུ་པདྨ་དཔལ་གྱི་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །པདྨ་དཔལ་གྱི་སྙིང་པོ། ཁྱོད་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ལུང་བསྟན་ཏོ། ། དེ་སྐད་ཅེས་སྨྲས་པ་དང ། གཞོན་ནུ་པདྨ་དཔལ་གྱི་སྙིང་པོས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ། གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཆོས་འགའ་ཞིག་མཆིས་ན་ནི། བཙུན་པ་ཤཱ་རིའི་བུ། འདི་ལྟར་ཁོ་བོ་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་ཡང་འགྱུར་རོ། །སྨྲས་པ། པདྨ་དཔལ་གྱི་སྙིང་པོ། ཁྱོད་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་སྙམ་དུ་མི་སེམས་སམ། སྨྲས་པ། བཙུན་པ་ཤཱ་རིའི་བུ། དེ་མ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཤཱ་རིའི་བུ། དེ་ལྟ་ན་ནི། བྱང་ཆུབ་དེ་ནི། ངར་འཛིན་པར་འགྱུར་རོ། ། བཙུན་པ་ཤཱ་རིའི་བུ། དེ་ལྟར་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་སྙམ་པ་ཅི་ཞིག་ཡོད། སྨྲས་པ། པདྨ་དཔལ་གྱི་ 420b སྙིང་པོ།་ཁྱོད་ཤཱཀྱ་ཐུབ་པ་འདི་ད་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་སྙམ་དུ་དེ་ལྟར་མི་སེམས་སམ། སྨྲས་པ། བཙུན་པ་ཤཱ་རིའི་བུ། ཤཱཀྱ་ཐུབ་པ་ཉིད་ཀྱི་ཆོས་ཀྱང་མི་དམིགས་ན། བྱང་ཆུབ་ལྟ་ག་ལ་ཞིག་དམིགས། དེ་ལྟར་ན་ཤཱཀྱ་ཐུབ་པ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་སྙམ་པ་ཅི་ཞིག་ཡོད། སྨྲས་པ། པདྨ་དཔལ་གྱི་སྙིང་པོ། ཁྱོད་ཅི་ལ་སྤྱོད། དེ་ནས་གཞོན་ནུ་པདྨ་དཔལ་གྱི་སྙིང་པོས་དེའི་ཚེ་རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེ་ལྟ་བུ་དག་མངོན་པར་འདུས་བྱས་སོ། །རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེ་ལྟ་བུ་དག་མངོན་པར་འདུས་བྱས་ནས་ཀྱང་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་དག་འོད་ཀྱིས་ཁྱབ་པར་བྱས་ནས་བདག་ཉིད་མི་སྣང་བར་བྱས་སོ། །མི་སྣང་བར་བྱས་ནས་ཀྱང་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སྨྲས་པ། ཤཱ་རིའི་བུས་ཁོ་བོ་མཐོང་ངམ། པདྨ་དཔལ་གྱི་སྙིང་པོ། ཁྱོད་མ་མཐོང་སྟེ། ཁྱོད་ཀྱི་སྒྲ་ཙམ་ཞིག་ཐོས་སོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ། ཅི་སྒྲ་གང་ཡིན་པ་དེ་པདྨ་དཔལ་གྱི་སྙིང་པོ་ཡིན་ནམ། སྨྲས་པ། གཞོན་ནུ། མ་ཡིན་ནོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ། པདྨ་དཔལ་གྱི་སྙིང་པོ་ཞེས་བྱ་བ་རྒྱུར་བྱས་ནས་མིང་དུ་བཏགས་པ་དེ་ཅི་ཞིག་ཡིན། སྨྲས་པ། པདྨ་དཔལ་གྱི་སྙིང་པོ་ཞེས་བྱ་བའི་མིང་དེ་ནི། བརྡར་བཏགས་པའི་ཚིག་གོ ། 421a ༄#། །སྨྲས་པ།་བཙུན་པ་ཤཱ་རིའི་བུ། ཅི་བརྡར་བཏགས་པའི་ཚིག་ལ་སྤྱོད་པ་འགའ་ལྟ་མཆིས་སམ། སྨྲས་པ། པདྨ་དཔལ་གྱི་སྙིང་པོ། །མེད་དོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ། གང་བརྡར་བཏགས་པའི་ཚིག་དེ་ནི། ཚིག་མ་ཡིན་པ་སྟེ། གང་ཚིག་མ་ཡིན་པ་དེའི་སྤྱོད་པ་ནི། རྣམ་པར་རིག་པ་མ་ཡིན་པ་སྟེ། དེ་ནི། ཐེག་པ་འདི་ལའང་མ་མཆིས།་ཐེག་པ་གཞན་ལའང་མ་མཆིས། དེ་ནི། ཚུ་རོལ་ནའང་མ་མཆིས། ཕ་རོལ་ནའང་མ་མཆིས། གཉིས་ཀའི་བར་ནའང་མ་མཆིས་པས་དེ་ནི། ངེས་པར་མྱ་ངན་ལས་འདས་པ་སྟེ། བཙུན་པ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི། དེ་ལྟ་བུ་ལགས་སོ། །དེ་ནས་བཅོམ་ལྡན་འདས་དེའི་ཚེ་འཛུམ་པ་མཛད་དེ། འདི་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྣ་ཚོགས། ཁ་དོག་དུ་མ་འདི་ལྟ་སྟེ། སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དང ། ལེ་བརྒན་དང ། ཤེལ་དང ། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ནས་དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་འོད་ཀྱིས་ཁྱབ་པར་བྱས་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་སོང་སྟེ་སླར་ལོག་ནས་ཀྱང་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་འོད་ཀྱིས་ཁྱབ་པར་བྱས་ཏེ་བཅོམ་ལྡན་ 421b འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་མི་སྣང་བར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའང་རྣམ་པ་དྲུག་ཏུ་གཡོས་ཏེ། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། ལྡེག་།རབ་ཏུ་ལྡེག་།ཀུན་ཏུ་རབ་ཏུ་ལྡེག་གོ་།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དེའི་ཚེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་བསྟོད་པ། གང་ཟག་མཆོག་མ་རྣམ་འདྲེན་རྒྱལ་བའི་མཆོག་།རྒྱུ་མ་མཆིས་པར་འཛུམ་པ་མི་མཛད་ན། །མགོན་པོ་བདེ་གཤེགས་འཛུམ་མཛད་རྒྱུ་གང་ལགས། །རྒྱལ་བའི་འཇིག་རྟེན་འཛུམ་མཛད་རྐྱེན་གང་ལགས། །རྒྱལ་བའི་ཞིང་འདི་འོད་ཀྱིས་སྣང་མཛད་ཅིང ། །ཕྱོགས་བཅུ་འདི་ཀུན་འོད་ཀྱིས་གསལ་མཛད་པས། །ཐུགས་བརྩེར་ལྡན་པ་འཛུམ་མཛད་རྒྱུ་རྐྱེན་གང ། །འཇིག་རྟེན་ཕན་མཛད་བདག་ལ་བཀའ་སྩལ་གསོལ། །སངས་རྒྱས་ཞིང་འདིར་གནས་པའི་སེམས་ཅན་གང ། །བདེ་དང་ནད་མེད་དགའ་ཞིང་རབ་ཏུ་རངས། །འདོད་པའི་བདེ་དང་ཏིང་འཛིན་བདེ་བ་དག་།རི་རབ་སྟེང་ན་གནས་པའི་ལྷ་བཞིན་ནོ། །མགོན་པོ་སེམས་ཅན་དམུས་ལོང་ཁ་ཅིག་དག་།དེ་ཚེ་དེ་དག་མིག་གིས་གཟུགས་རྣམས་མཐོང ། །སེམས་ཅན་གང་དག་འོན་པར་གྱུར་པ་རྣམས། །དེ་དག་ 422a ༄#། །རྣ་བས་སྒྲ་ཡང་ཐོས་པར་གྱུར། །སེམས་ཅན་རྣམས་ཀྱིས་འཕྲལ་དུ་གཏེར་རྙེད་ཅིང ། །བཅིངས་པ་ཐམས་ཅད་དེ་རིང་ཐར་གྱུར་ལ། །སྦྲུམ་པ་རྣམས་ནི་བདེ་ཞིང་ཤིས་པར་བཙས། །དེ་ལྟར་རྨད་བྱུང་གདའ་བ་ངོ་མཚར་ཏོ། །བདག་གི་རྐང་བ་ལ་ནི་མེ་ཏོག་རེག་།ཡིད་དུ་འོང་བའི་སྤོས་ངད་ཕྱོགས་སུ་ལངས། །སངས་རྒྱས་ཞིང་རྣམས་བརྒྱན་པས་ལྷང་ངེར་གདའ། །མགོན་པོ་བདེ་གཤེགས་འཛུམ་མཛད་རྒྱུ་གང་ལགས། །ཟླ་བའི་འོད་དང་ཉི་མའི་འོད་ཀུན་དག་།རྒྱལ་བའི་སྤྱན་སྔ་ན་ནི་ལྷ་མེར་མིན། །སངས་རྒྱས་ཞིང་འདི་ཐམས་ཅད་གསལ་མཛད་པ། །ཇི་ལྟར་དབང་ཕྱུག་དབང་སྒྱུར་ཇི་བཞིན་ནོ། །འདི་ན་སེམས་ཅན་ཁ་ཅིག་ནད་ཀྱིས་ཐེབས། །གང་དག་ནད་པ་ཉམ་ཆུང་མཐུ་ཆུང་བ། ། སེམས་ཅན་མང་པོ་དེ་རིང་ནད་མེད་གྱུར། །སུ་ཡི་མཐུ་ལགས་འདིར་ནི་ལུང་བསྟན་གསོལ། །དེང་འཛུམ་མཛད་པ་ཇི་འདྲར་གདའ་བ་དག་\?\་།དེ་འདྲ་ནམ་ཡང་མ་མཐོང་མ་ཐོས་པས།། དེང་ནི་ཐམས་ཅད་ཐེ་ཚོམ་གྱུར་ལགས་ན། །སྐྱེས་འདུལ་ཁ་ལོ་སྒྱུར་བ་དེ་ལུང་སྟོན། །བདག་ནི་ཁྱོད་ཀྱི་འདྲི་བོ་རིམ་གྲོ་འཚལ། །འཛུམ་པ་མཛད་པའི་རྒྱུ་རྐྱེན་གང་ཅི་ལགས། ། གང་དག་ཐོས་ནས་ཡི་རང་འགྱུར་བ་ཡི། །མགོན་པོ་དེ་རིང་བདག་ལ་དེ་ལུང་སྟོན། །དེང་སུའི་དོན་ཆེར་རྒྱ་ཆེན་འགྱུར་བ་དང ། །ཆོས་ཀྱི་མཛོད་འདི་སུ་ཞིག་འཛིན་པ་དང ། །དེང་ 422b བདུད་དཔུང་བཅས་བཞོན་དང་བཅས་པ་དག་།སུ་འཇོམས་དེ་ནི་བདག་ལ་ལུང་བསྟན་གསོལ། །ཆོས་རྣམས་ཐམས་ཅད་མཐར་ནི་ཕྱིན་པ་པོ། །ཐུབ་པ་ཁྱོད་འདྲ་མ་མཆིས་གོང་ན་ག་ལ་མཆིས། །མི་མཆོག་ཆོས་དབྱིངས་ཁྱོད་ལ་ཞུ་ལགས་ན། །དོན་དམ་མཁས་པས་དེ་ནི་ལུང་བསྟན་གསོལ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། གཞོན་ནུ་པདྨ་དཔལ་གྱི་སྙིང་པོས་བསྟན་པ་འདི་བཤད་པ་ན་སྲོག་ཆགས་སུམ་ཁྲི་བྱང་ཆུབ་ཀྱི་ཕྱིར་ཡང་དག་པར་ཞུགས་སོ། །ཀུན་དགའ་བོ། དེང་བསྟན་པ་འདིའི་དབང་དུ་བྱས་ནས་ངའི་ཐད་ནས་བྱང་ཆུབ་ཀྱི་ཕྱིར་ཞུགས་པ་དག་ཁྱོད་ཀྱིས་མཐོང་ངམ། ཁྱིམ་བདག་འདི་རྣམས་ནི། འདི་ནས་ཤི་འཕོས་མ་ཐག་ཏུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་དག་དེ་ནས་ཤི་འཕོས་ནས་ཀྱང་ཕྱི་མའི་དུས་ལྔ་བརྒྱ་བ་ཐ་མ་ལ་དེ་དག་ཛམྦུའི་གླིང་དུ་མི་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ།། དེ་དག་ཛམྦུའི་གླིང་དུ་སྐྱེས་པའི་མོད་ལ་ཆོས་ཀྱི་རྣམ་གྲངས་འདིའང་ཉན་པར་འགྱུར་རོ། །དེ་ནས་སྲོག་ཆགས་སུམ་ཁྲི་བོ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བདག་ཅག་གིས་ཀྱང་སླད་མའི་ཚེ་སླད་མའི་དུས་ན་ཆོས་ཀྱི་རྣམ་གྲངས་འདི་བཤད་པར་བགྱིའོ། །དེའི་ཚེ་དེའི་དུས་ན་འཁོར་དེ་ཉིད་ན་དགེ་སློང་ལྔ་བརྒྱ་ཙམ་ཞིག་འདུས་ཤིང་འདུག་པར་ 423a ༄#། །གྱུར་པ་དེ་དག་ཐམས་ཅད་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་ཏུ་གསོལ།་བཅོམ་ལྡན་འདས། བདག་ཅག་གིས་ཀྱང་སླད་མའི་དུས་ན་ཆོས་ཀྱི་རྣམ་གྲངས་འདི་རྒྱས་པར་བགྱིའོ། །དེའི་ཚེ་དེའི་དུས་ན་ལྷའི་དབང་པོ་བརྒྱ་བྱིན་དང ། མི་མཇེད་ཀྱི་བདག་པོ་ཚངས་པ་དང ། རྒྱལ་པོ་ཆེན་པོ་བཞི་པོ་དག་འདུས་ཤིང་འདུག་པར་གྱུར་ཏེ། དེ་དག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས། བདག་ཅག་གིས་ནི། ཆོས་སྨྲས་པ་དེ་དག་བསྲུང་ཞིང་བསྐྱབ་པར་བགྱིའོ། །བརྩོན་པར་བགྱིའོ། །ཀུན་ཏུ་བསྲུང་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་ཕྱུང་སྟེ། འོད་རེ་རེ་ལས་ཀྱང་སྤྲུལ་པ་དག་སྤྲུལ་ཏོ། །སྤྲུལ་པ་རེ་རེ་པོས་ཀྱང་དགེ་སློང་དེ་དག་ལ་མེ་ཏོག་དང ། སྤོས་རྣམ་པ་སྣ་ཚོགས་ཀྱིས་གཏོར་ཏོ། །མངོན་པར་གཏོར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་རྫུ་འཕྲུལ་མངོན་པར་འདུ་མཛད་པ་འདི་ལྟ་བུ་མངོན་པར་འདུ་མཛད་དེ། ཁྱིམ་བདག་གི་བུ་བཟང་སྐྱོང་དང ། དེད་དཔོན་བཟང་པོ་དང ། ཕུག་སྦས་དང ། སྡོང་བུས་བྱིན་དང ། ཆུ་ལྷ་དང ། དབང་པོས་བྱིན་དང ། རིགས་ཀྱི་བུ་མིས་བྱིན་དང ། སྐྱེས་བུ་དམ་པ་ 423b བརྒྱད་པོ་དེ་དག་ཐམས་ཅད་ཀྱིས་ཤར་ཕྱོགས་ལོགས་ན་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་དག་མངོན་པར་འདུ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེན་པོ་འདི་བསྟན་ཅིང་བཤད་པ་ན། ཁྱིམ་བདག་བརྒྱད་པོ་དེ་དག་གིས་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་ནས་རབ་ཏུ་སྒྲོག་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཀུན་དགའ་ཁྱོད་ཀྱིས་འདི་དག་ན། །དགེ་སློང་བརྒྱད་པོ་ངའི་མདུན་ན། །ཡེ་ཤེས་ཆེན་པོ་བྱིན་བརླབ་གསོལ། །ཐུབ་པ་ཆེན་པོ་བྱིན་བརླབ་གསོལ། །མགོན་པོ་བདག་ཅག་སླད་དུས་ཚེ། །འདི་འདྲའི་ཆོས་དག་བཤད་བགྱི་ཞེས། །ཐལ་མོ་སྦྱར་ནས་ཆོས་ཀྱི་ཕྱིར། །གསོལ་པ་འདེབས་པ་མཐོང་གྱུར་ཏམ། །གང་དང་ཐབས་ཅིག་བགྲོ་མཛད་ཅིང ། །གང་ན་སངས་རྒྱས་གང་སྒྲོག་རྣམས། །གང་དག་མདོ་འདི་འཛིན་བྱེད་པ། །དེ་ལ་ཐམས་ཅད་སྲུང་བར་མཛད། །གང་དག་བལྟ་དཀའ་ཆོས་སྤྱོད་པས། ། སངས་རྒྱས་དེ་དག་དང་མི་འབྲལ། །གང་ཞིག་འདི་ནི་ལུང་ནོད་པ། །དེ་བཞིན་ཉིད་ལ་གནས་པར་འགྱུར། །ང་ཡིས་བགྲོ་བ་བཤད་པ་འདི། །གང་དག་ལུང་ནོད་འགྱུར་པ་རྣམས། །དེ་དག་ 424a ༄#། །གི་ནི་མདུན་ན་ཡང ། །སངས་རྒྱས་བཞུགས་ཤིང་ཞལ་ཡང་སྟོན། །སངས་རྒྱས་བགྲོ་བ་གསུངས་འདི་ནི། །གང་དག་ལུང་ནོད་འགྱུར་བ་ཡི། །དགེ་སློང་དེ་དང་དེ་དག་རྣམས། །ང་ཡི་ཆོས་སྲུང་སྐྱོང་བར་འགྱུར། །ང་ཡིས་བགྲོ་བ་བཤད་པ་འདི། །གང་དག་ལུང་ནོད་འགྱུར་བ་རྣམས། །དེ་དག་གིས་ནི་བྱང་ཆུབ་བཟུང ། །སངས་རྒྱས་རྣམས་ཀྱི་མཐའ་ཡས་མཛད། །སངས་རྒྱས་བགྲོ་བ་དམ་པ་འདི། །གང་དག་ལུང་ནོད་འགྱུར་བ་རྣམས། །སངས་རྒྱས་ཡེ་ཤེས་བླ་མེད་ལ། །དེ་དག་ཐམས་ཅད་ངེས་བར་གནས། །སངས་རྒྱས་བགྲོ་བ་དམ་པ་འདི། །གང་དག་ལུང་ནོད་འགྱུར་བ་རྣམས། །དེ་དག་གིས་ནི་བདུད་བཏུལ་ཅིང ། །བྱང་ཆུབ་སྙིང་པོར་གནས་པ་ཡིན། །སངས་རྒྱས་བགྲོ་བ་དེ་བཞིན་ཉིད། །འདི་ནི་གང་དག་ལུང་ནོད་པ། །དེ་དག་གིས་ནི་བདུད་བཏུལ་ཅིང ། །བྱང་ཆུབ་སྙིང་པོར་གནས་པ་ཡིན། །བསྟན་པ་དེ་ཡང་གཟུངས་དེ་ཡིན། །ཏིང་ངེ་འཛིན་ཀྱང་བསྟན་པ་ཡིན། །སེམས་ཅན་དེ་དག་འདི་དག་བསྟན། །སངས་རྒྱས་བདེན་པ་གཞན་མི་འགྱུར། །གང་གིས་བྱང་ཆུབ་དག་གི་ཕྱིར། །སངས་རྒྱས་འདི་དག་ཀུན་འདོད་པ། །དེས་ནི་ང་ཡིས་བཤད་པ་ཡི། ། བགྲོ་བ་འདི་ནི་ལུང་མནོད་བྱ། །མི་གང་འདས་པའི་རྫོགས་སངས་རྒྱས། །དེ་དག་ལྟ་བར་འདོད་པས་ནི། །ཆོས་ཉིད་ཡེ་ཤེས་ཆེན་པོ་ཡི། །བགྲོ་བ་འདི་དག་ལུང་མནོད་བྱ། །ཁ་ཅིག་མདོ་ 424b འདི་ཚུལ་ལ་ནི། །སྤྲོ་བར་བྱེད་པ་དེ་དག་ལ། །ཕྱི་དུས་ཚེ་ན་ང་ཡིས་ནི། །འདི་འདྲ་བ་ཡི་ཆོས་བཤད་བྱ། །ང་ཡི་ཆོས་ནི་འདི་འདྲ་དག་།ཐོས་ནས་བཟུང་སྟེ་མང་དུ་ཐོས། །དེ་དག་གིས་ནི་ཏིང་ངེ་འཛིན། །སྣང་བྱེད་ཅེས་བྱ་དེ་རིང་ཐོབ། །ཕྱི་མའི་དུས་ན་དེ་དག་གིས། །ཏིང་ངེ་འཛིན་ལ་གནས་ནས་ནི། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །ང་ཡི་ཆོས་ནི་འཛིན་པར་འགྱུར། །དེ་ཚེ་གང་དག་ཁ་ཅིག་གིས། །མདོ་འདི་འཛིན་འགྱུར་ང་ཡིས་ནི། །དེ་བཞིན་གཤེགས་པ་མ་མཐོང་ཞེས། །ཐེ་ཚོམ་དག་ནི་བསྐྱེད་མི་བྱ། །ཕྱི་དུས་ངན་འགྲོ་ཆེན་པོ་སྟེ། །དེ་ཚེ་གང་དག་མི་རྣམས་ཀྱིས། །ཏིང་འཛིན་མིང་ནི་ཉན་བྱེད་པ། །ཐམས་ཅད་ང་ཡི་མདུན་ན་འཁོད། །མདོ་འདི་དག་ནི་བསྒྲགས་པ་ཡི། །ང་ཡི་སྲས་ནི་འདིར་ཡོད་རྣམས། །ཕྱི་དུས་དམ་ཆོས་འཇིག་པའི་ཚེ། །དེ་དག་ཆོས་ནི་སྐྱོང་བར་འགྱུར། །གང་དག་ཁ་ཅིག་མདོ་འདི་ནི། །ཐོབ་པར་བྱ་ཕྱིར་དེ་ཚེ་བརྩོན། །ཀུན་དགའ་དེ་དག་ཐམས་ཅད་ནི། །སངས་རྒྱས་སྤྱན་གྱིས་ངས་མཐོང་ངོ ། །ཀུན་དགའ་དེ་ཕྱིར་ཁྱོད་ལ་ནི། །བྱང་ཆུབ་མཆོག་མ་གཏད་བྱ་སྟེ། །སྲོག་ཆགས་རྣམས་ལ་བཤད་པ་ལྟར། །ཁྱོད་ལ་འདི་ནི་གཞག་པར་བྱ། །ཁ་ཅིག་མདོ་འདི་བསྲུང་བའི་ཕྱིར། །དེ་ཚེ་བརྩོན་པར་བྱེད་པ་དག ། དེ་དག་གིས་ནི་ང་བསྲུངས་པས། །སངས་རྒྱས་བསྲུངས་པའང་མཐའ་ཡས་སོ། །དེ་ལྟར་ཆོས་སྲུང་བྱས་པས་ནི། །མི་དེ་དག་ནི་སྲུང་བར་འགྱུར། །མདོ་འདི་ཕྱོགས་བཞིར་དེ་དག་གིས། ། 425a ༄#། །བཙལ་ཀྱང་རྙེད་པར་མ་གྱུར་ལ། །ངས་བསྟན་པ་ཡི་སངས་རྒྱས་གང ། །ཕྱོགས་བཅུ་དག་ན་གང་རྣམས་དག་།དེ་ལྟར་སངས་རྒྱས་དེ་དག་ལ། །སྦྱིན་པ་བསམ་མི་ཁྱབ་པ་ཕུལ། །རྣམ་སྨིན་དེ་དག་ཇི་སྙེད་པ། །ངས་བཤད་པ་ནི་མཉན་པར་གྱིས། །མདོ་འདི་རྙེད་པར་མ་གྱུར་པ། །རྙེད་པར་གྱུར་ན་སྨོས་ཅི་དགོས། །སངས་རྒྱས་ཞིང་འདི་ཐམས་ཅད་དག་།མ་ལུས་པར་ནི་མི་ཞིག་གིས། །ཇི་ལྟར་བྱེ་མས་བྱུར་བུར་ནི། །རབ་ཏུ་བཀང་བར་གྱུར་པ་དག་།སྐྱེས་བུ་ལ་ལས་དེ་དག་ཀུན་།ཤར་ཕྱོགས་ལོགས་སུ་དེ་དག་འདོར། །བྱེ་མའི་རྡུལ་ནི་རེ་རེ་ནས། །ལག་པ་གཅིག་གིས་བླངས་ནས་ཀྱང ། །འཇིག་རྟེན་ཁམས་དག་མཐའ་ཡས་པའི། །འཇིག་རྟེན་ཁམས་ནི་དེ་དག་ཏུ། །བྱེ་མའི་རྡུལ་དེ་ཇི་སྙེད་ཉིད། །མ་ལུས་པར་ནི་འཇོག་བྱེད་པ། །དེ་བཞིན་དུ་ནི་སྦྱར་བྱས་པ། །མཁས་པ་གང་གིས་མི་ཤེས་ན། །བྱེ་མ་དག་གི་རྡུལ་གྱུར་པ། །འཇིག་རྟེན་ཁམས་སུ་བགྲང་བྱ་སྟེ། ། དེ་བཞིན་ལྷོ་ཕྱོགས་དག་ཏུ་ཡང ། །མི་དག་གིས་ནི་འདོར་བར་བྱེད། །བྱེ་མའི་ཕུང་པོ་ཇི་སྙེད་དེ། །གང་དག་ང་ཡིས་སྔར་བསྟན་པ། །དེ་བཞིན་ཕྱོགས་བཞི་དག་ཏུ་ཡང ། །མི་ཡིས་བྱེ་མ་འདོར་བར་བྱེད། །སྔར་ནི་ཇི་སྙེད་བསྟན་པ་ཡི། །དེ་སྙེད་བྱེ་མར་གྱུར་པ་དང ། །ཇི་སྙེད་བསྟན་པའི་བྱེ་མ་སྙེད། །དེ་སྙེད་འཇིག་རྟེན་ཁམས་དེ་དག་།འདིར་ནི་དེ་དག་ཐམས་ཅད་ 425b ཀྱང ། །གྲོང་ཁྱེར་གྲུ་བཞི་གཅིག་གྱུར་ལ། །སྐྱེས་བུ་ལ་ལ་བྱུང་བས་ནི། །གྲོང་ཁྱེར་བརྩིགས་\?\་བདེ་དག་ཏུ། །རིན་པོ་ཆེ་ཡིས་བཀང་བྱས་ཏེ། །སྐྱོབ་པ་སངས་རྒྱས་རྣམས་ལ་ཕུལ། ། སྦྱིན་དེ་དེ་དག་ལ་ཕུལ་བས། །འཇིག་རྟེན་མགོན་པོ་བསམ་མི་ཁྱབ། །རྐང་གཉིས་གཙོ་བོར་གྱུར་ཅིག་ཅེས། །བྱང་ཆུབ་མཆོག་ཏུ་སྨོན་པར་བྱེད། །དེ་ནི་བྱང་ཆུབ་ཉིད་ཚོལ་ལ། །མདོ་འདི་དག་ནི་མི་ཚོལ་ཏེ། །ངས་བཤད་པ་ཡི་བགྲོ་བ་དག་།མདོ་འདི་དག་ནི་རྙེད་མི་འགྱུར། །གང་ཞིག་མདོ་འདི་ཚོལ་བྱེད་པ། །དེ་སྟེང་བསོད་ནམས་འཕེལ་བར་འགྱུར། །མང་དུ་ཐོས་པ་ཀུན་དགའ་བོ། །འདི་ལས་བྱང་ཆུབ་ལྷག་པར་ནི། །བགྲོ་མཛད་དེ་བཞིན་དགེ་སློང་དང ། །དགེ་སློང་མ་དག་ངས་ལུང་བསྟན། །ངས་བཤད་པ་ཡི་བགྲོ་བ་འདི། །གང་དག་ཚོལ་བྱེད་དེ་དག་གིས། །ང་སྔོན་བྲམ་ཟེ་ཁྱེའུ་དེའི་ཚེ། །གང་གིས་བྱང་ཆུབ་ཕྱིར་ལུང་བསྟན། །དེ་ཚེ་ཐོག་མར་བྱང་ཆུབ་ཕྱིར། །གང་ལ་བསོད་ནམས་ངས་བསྟན་པ། །མར་མེ་ཞེས་བྱ་བསམ་མི་ཁྱབ། །ཡེ་ཤེས་ལྡན་ཆེན་མཐོང་བ་ཡིན། །གང་དག་འདི་ལུང་ནོད་དེ་དག་།རྫོགས་པའི་སངས་རྒྱས་དེ་མཐོང་ངོ ། །རྟག་པར་སེམས་ཅན་ཀུན་བདེ་ཕྱིར། །གྲངས་མེད་བདུན་བརྒྱ་རྫོགས་པ་སྟེ། །གཅིག་ཀྱང་མ་ཚང་མེད་པར་ནི། །བྱང་ཆུབ་ཆེད་དུ་ངས་བཙལ་ལོ། །མང་ཐོས་ང་དང་ལྷན་ཅིག་ཏུ། །དེ་དག་གིས་ཀྱང་བསོད་ནམས་བསྐྱེད། །གང་དག་འདི་ནི་ལུང་ནོད་ཅིང ། །བྱང་ 426a ༄#། །ཆུབ་མཆོག་མར་སྨོན་བྱེད་པ། །དེ་དག་བྱང་ཆུབ་མི་ཉམས་ཤིང ། །དེ་དག་བྱང་ཆུབ་དཀོན་པ་མེད། །གང་དག་ངས་བཤད་པ་ཡི་མདོ། །འདི་ནི་གང་དག་ལུང་ནོད་པ། །དེ་དག་སངས་རྒྱས་བྱང་ཆུབ་རྒྱུ། །ང་ཡིན་དེ་ནི་ཐེ་ཚོམ་མེད། །གང་དག་ཕྱི་མའི་དུས་དེ་ཚེ། །མི་རྣམས་ཀྱིས་ནི་ཚུལ་འདི་མཐོང ། །ཕྱི་མའི་དུས་ན་དགེ་སློང་དག་།སངས་རྒྱས་བྱ་བ་བྱེད་པར་འགྱུར། །ངས་བསྟན་པ་ཡི་བགྲོ་བ་དག་།འདི་ནི་གང་དག་འཛིན་འགྱུར་བ། །ཀུན་དགའ་དེ་ཕྱིར་དེ་ལ་ནི། །འདི་འདྲའི་མདོ་དག་ངས་གཏད་བྱ། །སངས་རྒྱས་ཀྱིས་བཤད་བགྲོ་བ་དག་།ཡུལ་ཕྱོགས་གང་དུ་འདི་གསུངས་པ། །ས་ཡི་ཕྱོགས་ནི་དེ་དག་ཏུ། །དེ་ཚེ་གནོད་སྦྱིན་མདངས་འཕྲོག་པས། །སེམས་ཅན་རྣམས་ཀྱི་མདངས་མི་འཕྲོག། མང་ཐོས་དེ་ལྟར་ཤེས་པར་གྱིས། །གང་དག་དུག་དང་བཅས་པའི་ལུས། །ཡུལ་ཕྱོགས་སུ་ནི་བསྐུར་བྱ་སྟེ། །དེ་ན་དེ་དག་དུག་མེད་པར། །འགྱུར་བ་ལ་ནི་ཐེ་ཚོམ་མེད། །སངས་རྒྱས་ཀྱིས་བཤད་བགྲོ་བ་དག་།མདོ་འདི་གང་དུ་གསུངས་པ་ཡི། །ས་ཕྱོགས་དེ་ནི་ཀུན་དགའ་བོ། །མཆོད་རྟེན་གྱུར་པར་ཤེས་པར་གྱིས། །སྔོན་གྱི་མགོན་པོ་འདས་པ་སྟེ། །འཇིག་རྟེན་སྣང་བྱེད་གང་དག་གིས། །ས་ཡི་ཕྱོགས་ནི་འདི་ཉིད་དུ། །མདོ་འདི་དག་ནི་རབ་ཏུ་བཤད། །སེམས་ཅན་མྱ་ངན་འཇིགས་བྱེད་པ། །ད་ལྟར་རྫོགས་སངས་རྒྱས་ངས་ཀྱང ། །ས་ཡི་ 426b ཕྱོགས་ནི་འདི་ཉིད་དུ། །མདོ་མཆོག་དག་ནི་བཤད་པར་བྱ། །འཇིག་རྟེན་མགོན་པོ་བསམ་མི་ཁྱབ། །རྫོགས་པའི་སངས་རྒྱས་བྱམས་པས་ཀྱང ། །ས་ཡི་ཕྱོགས་ནི་འདི་ཉིད་དུ། །མདོ་སྡེ་འདི་ནི་འཆད་པར་འགྱུར། །མང་ཐོས་བྱམས་པ་འདི་ཡིས་ནི། །མདོ་འདི་སྟོན་པར་བྱེད་པ་ན། །ཐེར་འབུམ་བརྒྱད་ཅུ་ཚང་བ་དག་།བྱང་ཆུབ་ཏུ་ཡང་ལུང་སྟོན་འགྱུར། །བདག་ནི་གང་གིས་ཡོངས་སྨིན་བྱས། །ཀྱེ་མའོ་སངས་རྒྱས་ཤཱཀྱ་ཐུབ་ཅེས། །སྐད་ཅིག་དེ་ལ་ང་ཡི་མིང ། །རྫོགས་སངས་རྒྱས་ཀྱིས་བརྗོད་པར་འགྱུར། །བྱམས་པ་ཡི་ནི་ཐད་དག་ནས། །སྲོག་ཆགས་བྱེ་བ་གྲངས་མེད་པས། །ང་ཡི་མིང་ནི་ཐོས་ནས་ཀྱང ། །བྱང་ཆུབ་མཆོག་ཏུ་སྨོན་པར་བྱེད། །སྐད་ཅིག་དེ་ལ་སངས་རྒྱས་ལ། །དེ་བཞིན་གཤེགས་པ་བྱམས་པ་ཡང ། །འཛུམ་པ་དག་ནི་མཛད་འགྱུར་ཞིང ། །དེ་ནི་ཆོ་འཕྲུལ་བསམ་མི་ཁྱབ། །ཕྱི་མའི་དུས་ན་གང་ཁ་ཅིག་།ཚུལ་འདི་དག་ནི་ཚོལ་བྱེད་པ། །ཀུན་དགའ་དེ་ནི་དེ་ཡི་ཚེ། །བྱམས་དང་ཕྲད་པར་ལུང་བསྟན་བྱ། །ཤཱཀྱ་སེངྒེ་དེ་ཡིས་ནི། །མདོ་འདི་བཤད་པ་དེ་མོད་ལ། །སྲོག་ཆགས་སྟོང་ཕྲག་བརྒྱད་ཅུ་གང ། །བྱང་ཆུབ་ལ་ནི་མངོན་པར་ཞུགས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། དགེ་སློང་ཆོས་བཞི་དང་ལྡན་ན་སངས་རྒྱས་ཀྱི་བྱང་ཆུབ་སྤོང་བར་བྱེད་དེ། བཞི་གང་ཞེ་ན། ཀུན་དགའ་བོ། འདི་ལ་དགེ་སློང་ལྷག་པའི་ང་རྒྱལ་ 427a ༄#། །ཅན་ཡིན་ཏེ། ལྷག་པའི་ང་རྒྱལ་ཅན་དེས་ལྷག་པའི་ང་རྒྱལ་མེད་པའི་ཆོས་ཐོས་ན་སྐྲག་ཅིང་དངང་ལ་རབ་ཏུ་དངང་བར་འགྱུར་རོ། །གཡང་ས་ཆེན་པོར་ཡང་ལྟུང་བར་འགྱུར་རོ། །དེས་གཏིང་དཔག་མེད་པའང་སྤོང་བར་བྱེད་ཅིང་མི་མཐུན་པར་སྨྲ་ལ་ཀུན་ནས་ཁྲོ་བོར་བྱེད་དོ། །ཀུན་དགའ་བོ། གཞན་ཡང་དགེ་སློང་དེ་ནི། བདག་ཏུ་མངོན་པར་ཞེན་ཅིང་མཚམས་བྲལ་བ་ཡིན། །ཀུན་དགའ་བོ། ཆོས་གཉིས་པོ་འདི་དང་ལྡན་པའི་དགེ་སློང་ནི། སངས་རྒྱས་ཀྱི་བྱང་ཆུབ་སྤོང་བར་བྱེད་ཅིང་མི་མཐུན་པར་སྨྲ་ལ་ཀུན་ནས་ཁྲོ་བར་བྱེད་དོ། །ཀུན་དགའ་བོ། །གཞན་ཡང་དགེ་སློང་ཚུལ་ཁྲིམས་འཆལ་པ་ཆོ་ག་ལ་ལོག་པར་ཞུགས་པ་ཡིན་ཏེ། དེ་ཚུལ་ཁྲིམས་འཆལ་བ་དང་ལྡན་པས་ཚུལ་ཁྲིམས་ཀྱི་གཏམ་ཐོས་ན་ཞུམ་པར་འགྱུར་ཏེ། ཀུན་དགའ་བོ། ཆོས་གསུམ་པོ་འདི་དང་ལྡན་པའི་དགེ་སློང་ནི། སངས་རྒྱས་ཀྱི་བྱང་ཆུབ་སྤོང་བར་བྱེད་ཅིང་མི་མཐུན་པར་སྨྲ་ལ་ཀུན་ནས་ཁྲོ་བར་བྱེད་དོ། །ཀུན་དགའ་བོ། གཞན་ཡང་དགེ་སློང་དམིགས་པར་ལྟ་བ་ཅན་བདག་ཏུ་སྨྲ་བ་ཡིན་ཏེ། དེས་སྟོང་པ་ཉིད་ཀྱི་གཏམ་ཐོས་ན་ཆགས་པ་མེད་པ་ལ་སྐྲག་ཅིང་དངང་ལ་རབ་ཏུ་དངང་བར་འགྱུར་ཏེ། ཀུན་དགའ་བོ། ཆོས་བཞི་པོ་འདི་དག་དང་ལྡན་པའི་དགེ་སློང་ནི། སངས་རྒྱས་ཀྱི་བྱང་ཆུབ་སྤོང་བར་བྱེད་ཅིང་མི་མཐུན་པར་ 427b སྨྲ་ལ་ཀུན་ནས་ཁྲོ་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་བདེ་བར་གཤེགས་པས་དེ་སྐད་གསུངས་ཏེ། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་ལྷག་པའི་ང་རྒྱལ་ཅན། །མ་ཐོབ་ཐོབ་པའི་འདུ་ཤེས་ཅན། །དེ་ནི་དེས་ན་ངས་བསྟན་པའི། །ཟབ་པའི་ཆོས་ནི་སྤོང་བར་བྱེད། །འཇིག་རྟེན་རྒྱང་པན་འདྲེས་པ་ཡི། །དགེ་སློང་ཆོས་སྨྲ་གང་ཡིན་པས། །ངས་བསྟན་པ་ཡི་མདོ་ཟབ་པ། །འདི་ནི་རབ་ཏུ་སྤོང་བར་བྱེད། །བདག་ཏུ་སྨྲ་བའི་དགེ་སློང་གང ། །དམིགས་པ་ལ་ནི་རབ་གནས་པས། །བདག་མེད་ཆོས་དག་ཐོས་ནས་ཀྱང ། །ང་ཡི་བསྟན་པ་སྤོང་བར་བྱེད། །དགེ་སློང་ཚུལ་ཁྲིམས་འཆལ་པ་གང ། །སྡིག་པའི་ཆོས་ཅན་མི་སྡོམ་པས། །ཡོ་བྱད་བསྙུངས་པའི་ཆོས་ཐོས་ན། །ང་ཡི་བསྟན་པ་སྤོང་བར་བྱེད། །སྐྱོབ་པ་ཤཱཀྱ་སེངྒེ་ངའི། །བསྟན་པ་ཤེས་རབ་འཆལ་པ་ཡིས། །སྤངས་ནས་ཀྱང་ནི་ལུས་ཞིག་ནས། །ངན་འགྲོ་རྣམས་སུ་སྐྱེ་བར་འགྱུར། །ཀུན་དགའ་བོ། ཆོས་བཞི་དང་ལྡན་པའི་དགེ་སློང་གིས་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པའི་ཆོས་འདུལ་བ་དག་ཐོས་ན་དགའ་བ་དང ། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་དག་རབ་ཏུ་ཐོབ་པར་འགྱུར་རོ། །ཀུན་དགའ་བོ། འདི་ལ་བཞི་གང་ཞེ་ན། དགེ་སློང་ལྷག་པའི་ང་རྒྱལ་མེད་པ་ཅན་ཡིན་ནོ། །འཇིག་རྟེན་རྒྱང་པན་པ་དང་མ་འདྲེས་པ་ཡིན་ནོ། །གཞན་དག་ལ་ཆོས་དག་པ་སྟོན་པ་ཡིན་ནོ། །དམིགས་པ་ 428a ༄#། །དང་ལྡན་པ་ཡིན་ནོ། །བདག་ཏུ་མངོན་པར་ཞེན་པ་མ་ཡིན་ནོ། །དགེ་བའི་ཆོས་ཅན་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །ཀུན་དགའ་བོ། ཆོས་བཞི་པོ་འདི་དག་དང་ལྡན་པའི་དགེ་སློང་གིས་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པའི་ཆོས་འདུལ་བ་དག་ཐོས་ན་དགའ་བ་དང ། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་དག་རབ་ཏུ་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་བདེ་བར་གཤེགས་པས་དེ་སྐད་གསུངས་ཏེ། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་ང་རྒྱལ་མེད་པ་གང་།། ཡང་དག་ཆོས་ལ་རབ་གནས་དེས། །ཟབ་པའི་ཆོས་དག་ཐོས་ནས་ནི། །དགའ་བ་མཚུངས་མེད་དེས་འཐོབ་བོ། །ཆོས་ཉིད་ཟབ་པ་ཐོས་ནས་ཀྱང ། །ཡང་དག་ཆོས་ལ་རབ་གནས་པས། །དམན་པ་འདི་ནི་རབ་བསྒྲགས་ཏེ། །འཇིག་རྟེན་རྒྱང་པན་སྟེན་མི་བྱེད། །བདག་མེད་ཆོས་དག་ཐོས་ནས་ཀྱང ། །གཅིག་ཏུ་མྱུར་བར་ཞུ་མི་འགྱུར། །ཟླ་བ་ཡར་གྱི་ངོ་ལྟར་ནི། ། དེ་ཡི་ཡེ་ཤེས་རྣམ་པར་འཕེལ། །བདག་མེད་ཆོས་དག་ཐོས་ནས་ཀྱང ། །གང་གི་ཐེ་ཚོམ་ཡོད་མིན་ཞིང ། །ཟླ་བ་ཡར་གྱི་ངོ་ལྟར་ནི། །དེ་ཡི་ཡེ་ཤེས་རྣམ་པར་འཕེལ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ 428b ཡི་རང་སྟེ་མངོན་པར་བསྟོད་དོ། །དེ་བཞིན་གཤེགས་པ་བགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙ་ན་གརྦྷ་དང ། ལོ་ཙཱ་བ་བནྡྷེ་དཔལ་གྱི་དབྱངས་ཀྱིས་བསྒྱུར་ཅིང ། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ། |