།།རྒྱ་གར་སྐད་དུ། ཨཱརྱ་དྷརྨ་མུ་དྲཱ་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ཐེག་ 120a ༄#། །པ་ཆེན་པོའི་མདོ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་ལྔ་སྟོང་ཐ་མ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དག་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་མཐུས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རབ་ཏུ་བྱུང་བ་རབ་ཏུ་བྱུང་བ་ཞེས་བགྱི་ན། བཅོམ་ལྡན་འདས། ཇི་ཙམ་གྱིས་ན་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་དགེ་སློང་རབ་ཏུ་བྱུང་བ་འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། སོ་སོའི་སྐྱེ་བོའི་ཆོས་རྣམས་ལས་ཀྱང་མ་འདས་ལ། ཟག་པ་མེད་པའི་ཆོས་རྣམས་ཀྱང་མ་ཐོབ་པ་དེ་ཙམ་གྱིས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་འཕགས་པ་འཇིག་རྟེན་ལས་འདས་པའི་ 120b པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི། དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལོག་པར་རབ་ཏུ་བྱུང་བ་ཡིན་ནོ། །ཤཱ་རིའི་བུ། དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལོངས་སྤྱོད་པར་འོས་ཏེ། གོས་དང ། ཟས་དང ། མལ་ཆ་དང ། སྟན་དང ། ན་བའི་གསོས་སྨན་དང ། སྨན་ཟོང་རྣམས་ལོངས་སྤྱད་པར་འོས་སོ། །ཤཱ་རིའི་བུ། གཞན་ཡང་བརྩོན་པ་མི་གཏོང་བའི་དགེ་སློང་གང་ཡིན་པ་དེ་ནི་གཟུགས་གཏོང་བར་མི་བྱེད། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་གཏོང་བར་མི་བྱེད་དེ། དེ་ཙམ་གྱི་ནི་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི། དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལོག་པར་རབ་ཏུ་བྱུང་བ་ཡིན་ནོ། །ཤཱ་རིའི་བུ། དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལོངས་སྤྱད་པར་འོས་ཏེ། གོས་དང་ཟས་དང ། མལ་ཆ་དང ། སྟན་དང ། ན་བའི་གསོས་སྨན་དང ། སྨན་ཟོང་རྣམས་ལོངས་སྤྱད་པར་འོས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་ 121a ༄#། །སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ། བཅོམ་ལྡན་འདས་ཀྱི་ཅི་ལ་དགོངས་ཏེ། སོ་སོའི་སྐྱེ་བོའི་ཆོས་རྣམས་ལས་ཀྱང་མ་འདས་ལ། ཟག་པ་མེད་པའི་ཆོས་རྣམས་ཀྱང་མ་ཐོབ་པ་དེ་ཙམ་གྱིས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི། དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལོག་པར་རབ་ཏུ་བྱུང་བ་ཡིན་ནོ། །ཤཱ་རིའི་བུ། དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལོངས་སྤྱད་པར་འོས་ཏེ། གོས་དང ། ཟས་དང ། མལ་ཆ་དང ། སྟན་དང ། ན་བའི་གསོས་སྨན་དང ། སྨན་ཟོང་རྣམས་ལོངས་སྤྱོད་པར་འོས་སོ་ཞེས་དེ་སྐད་བཀའ་སྩལ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། སོ་སོའི་སྐྱེ་བོའི་ཆོས་རྣམས་ནི་སྒྱུ་མ་ལྟ་བུ་སྟེ། དེ་དག་ནི་འདའ་བར་བྱ་བར་མི་ནུས་སོ། །ཚེ་དང་ལྡན་པ་རབ་འབྱོར། སོ་སོའི་སྐྱེ་བོའི་ཆོས་རྣམས་ནི་ཡོངས་སུ་མ་གྲུབ་པ་སྟེ། དེ་དག་ནི་འདའ་བར་བྱ་བར་སླ་བ་མ་ཡིན་ནོ། །ཚེ་དང་ལྡན་པ་རབ་འབྱོར། སེམས་ཅན་གྱི་ཁམས་ནི་ནང་ནའང་མི་དམིགས། ཕྱི་རོལ་ནའང་མི་དམིགས། གཉིས་ཀ་མེད་པར་ཡང་མི་དམིགས་ཏེ། སེམས་ཅན་གྱི་ཁམས་ཀྱི་རང་བཞིན་གང་ 121b ཡིན་པ་དང ། སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་དག་ནི་འདའ་བར་བྱ་བར་སླ་བ་མ་ཡིན་ནོ། །ཚེ་དང་ལྡན་པ་རབ་འབྱོར། བཅོམ་ལྡན་འདས་ཀྱིས། འདི་སྐད་དུ། སོ་སོའི་སྐྱེ་བོའི་ཆོས་རྣམས་ལས་ཀྱང་མ་འདས་ལ། ཟག་པ་མེད་པའི་ཆོས་རྣམས་ཀྱང་མ་ཐོབ་པ་དེ་ཙམ་གྱིས་ན། དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་འཕགས་པའི་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི། དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལོག་པར་རབ་ཏུ་བྱུང་བ་ཡིན་ནོ། །ཤཱ་རིའི་བུ། དགེ་སློང་དེ་ལྟ་བུ་ནི་དད་པས་བྱིན་པ་ལོངས་སྤྱོད་པར་འོས་ཏེ། གོས་དང ། ཟས་དང ། མལ་ཆ་དང ། སྟན་དང ། ན་བའི་གསོས་སྨན་དང ། སྨན་ཟོང་རྣམས་ལོངས་སྤྱོད་པར་འོས་སོ་ཞེས་གང་གསུངས་པ་དེའང ། ཚེ་དང་ལྡན་པ་རབ་འབྱོར། གང་དག་གི་རྟེན་ནམ། གནས་མེད་པ་དེ་དག་ནི་ཇི་ལྟར་ཐོབ་པར་རུང ། ཚེ་དང་ལྡན་པ་རབ་འབྱོར། གལ་ཏེ་ཟག་པ་མེད་པའི་ཆོས་རྣམས་ཐོབ་ཏུ་རུང་ན་ནི་དམིགས་པ་ལས་དགྲ་བཅོམ་པ་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ནི་ལྟོས་པ་མེད་པ་སྟེ། ཚེ་དང་ལྡན་པ་རབ་འབྱོར། བཅོམ་ལྡན་འདས་ཀྱིས་དེ་ལ་དགོངས་ནས། འདི་སྐད་དུ། སོ་སོའི་ 122a ༄#། །སྐྱེ་བོའི་ཆོས་རྣམས་ལས་ཀྱང་མ་འདས་ལ། ཟག་པ་མེད་པའི་ཆོས་རྣམས་ཀྱང་མ་ཐོབ་པ་དེ་ཙམ་གྱིས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི། དེ་ལྟར་མ་ཡིན་པ་རབ་ཏུ་བྱུང་བ་གང་ཡིན་པ་དེ་དག་ནི་ལོག་པར་རབ་ཏུ་བྱུང་བ་ཡིན་ནོ། །ཤཱ་རིའི་བུ། དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལ་ལོངས་སྤྱད་པར་འོས་ཏེ། གོས་དང ། ཟས་དང ། མལ་ཆ་དང ། སྟན་དང ། ན་བའི་གསོས་སྨན་དང ། སྨན་ཟོང་རྣམས་ལོངས་སྤྱོད་པར་འོས་སོ་ཞེས་བཀའ་སྩལ་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཡང་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ། བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ཏེ་བརྩོན་པ་མི་གཏོང་བའི་དགེ་སློང་གང་ཡིན་པ་དེ་ནི་གཟུགས་གཏོང་བར་མི་བྱེད། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་གཏོང་བར་མི་བྱེད་དེ། དེ་ཙམ་གྱིས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་བ་འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་བ་ 122b གང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི། དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལོག་པར་རབ་ཏུ་བྱུང་བ་ཡིན་ནོ། །ཤཱ་རིའི་བུ། དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལོངས་སྤྱོད་པར་འོས་ཏེ། གོས་དང ། ཟས་དང ། མལ་ཆ་དང ། སྟན་དང ། ན་བའི་གསོས་སྨན་དང ། སྨན་ཟོང་རྣམས་ལོངས་སྤྱོད་པར་འོས་སོ་ཞེས་དེ་སྐད་བཀའ་སྩལ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། བཅོམ་ལྡན་འདས་ཀྱིས་ཆོས་ཉིད་ལས་དགོངས་ནས། འདི་སྐད་དུ། བརྩོན་པ་མི་གཏོང་བའི་དགེ་སློང་གང་ཡིན་པ་དེ་ནི་གཟུགས་གཏོང་བར་མི་བྱེད། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་གཏོང་བར་མི་བྱེད་ཅེས་བཀའ་སྩལ་ཏོ། །ཚེ་དང་ལྡན་པ་རབ་འབྱོར། ཆོས་ཀྱི་དབྱིངས་ན་ནི་ནང་ནའང་མི་དམིགས། ཕྱི་རོལ་ནའང་མི་དམིགས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ནང་གདགས་པ་ནི་གདགས་སུ་མེད་པ་དང ། སྐྱེ་བ་མེད་པའི་གདགས་པའོ། །དེ་ལྟར་ན་སེམས་ཅན་གྱི་ཁམས་མཉམ་པ་ཉིད་ཀྱིས་ཆོས་ཀྱི་དབྱིངས་མཉམ་པ་ཉིད་དོ། །ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱིས་སེམས་ཅན་གྱི་ཁམས་མཉམ་པ་ཉིད་དོ། །དེ་ལྟར་ན་སེམས་ཅན་གྱི་ཁམས་དང་ཆོས་ཀྱི་དབྱིངས་འདི་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་དོ། །གང་ལ་གཉིས་སུ་མེད་པ་དེ་གཉིས་སུ་དབྱེར་མེད་པ་དེ་ལ་ནི་གསལ་བའང་མེད། གཞག་ 123a ༄#། །པའང་མེད་དོ། །གང་ལ་གསལ་བའང་མེད། གཞག་པའང་མེད་པ་དེ་ནི་འདས་པའམ། འཐོབ་པར་བྱར་མི་ནུས་ཏེ། ཚེ་དང་ལྡན་པ་རབ་འབྱོར། བཅོམ་ལྡན་འདས་ཀྱིས་དེ་ལ་དགོངས་ནས། འདི་སྐད་དུ། བརྩོན་པ་མི་གཏོང་བའི་དགེ་སློང་གང་ཡིན་པ་དེ་ནི་གཟུགས་གཏོང་བར་མི་བྱེད། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་གཏོང་བར་མི་བྱེད་དེ། དེ་ཙམ་གྱིས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི། དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལོག་པར་རབ་ཏུ་བྱུང་བ་ཡིན་ནོ། །ཤཱ་རིའི་བུ། དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལོངས་སྤྱད་པར་འོས་ཏེ། གོས་དང ། ཟས་དང ། མལ་ཆ་དང ། སྟན་དང ། ན་བའི་གསོས་སྨན་དང ། སྨན་ཟོང་རྣམས་ལོངས་སྤྱད་པར་འོས་སོ་ཞེས་བཀའ་སྩལ་ཏོ། །དོགས་པ་མེད་པའི་དགེ་སློང་ནི་དོགས་པ་ཁས་མི་ལེན་ཏོ། །ཡི་གེ་མེད་ཅིང་ཡི་གེ་ལས་འདས་པའི་དགེ་སློང་གང་ཡིན་པ་དེ་ནི་བགྲང་བ་ལས་བསྟན་པར་མི་ནུས་ལ་དེ་ལ་ནི་འོང་བའང་མེད། འགྲོ་བའང་མེད། འགྲེང་བའང་མེད། འདུག་པའང་མེད། ཉལ་བའང་མེད་དོ། ། 123b རྟོག་པ་ཅན་མ་ཡིན་པའི་དགེ་སློང་ནི་བརྟགས་པ་ལ་ལོངས་སྤྱོད་པའོ། །རྟོག་པ་ཅན་གྱི་དགེ་སློང་ནི་མ་བརྟགས་པ་ལ་ལོངས་སྤྱོད་པ་སྟེ། ཚེ་དང་ལྡན་པ་རབ་འབྱོར། བཅོམ་ལྡན་འདས་ཀྱིས་དེ་ལ་དགོངས་ནས་དེ་ཙམ་གྱིས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི། དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལོག་པར་རབ་ཏུ་བྱུང་བ་ཡིན་ནོ།། ཤཱ་རིའི་བུ། དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལོངས་སྤྱད་པར་འོས་ཏེ། གོས་དང ། ཟས་དང ། མལ་ཆ་དང ། སྟན་དང ། ན་བའི་གསོས་སྨན་དང ། སྨན་ཟོང་རྣམས་ལོངས་སྤྱད་པར་འོས་སོ་ཞེས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཤཱ་རིའི་བུ། ལེགས་སོ། །ལེགས་སོ། །ཁྱོད་ཀྱིས་ཇི་སྐད་བསྟན་པ་བཞིན་དུ་ངས་དེ་ལས་དགོངས་ནས་བསྟན་པ་ཡིན་ཏེ། འདི་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ཡིན་ནོ། །ཤཱ་རིའི་བུ། ཕྱག་རྒྱ་འདྲིས་མངོན་པའི་\?\་ང་རྒྱལ་ཅན་བརྟག་པར་འདོད་པས་ནི་ཕྱག་རྒྱ་དེའི་མདུན་དུ་བརྗོད་པར་བྱའོ། །ཤཱ་རིའི་བུ། ཤིན་ཏུ་བརྟག་པ་ནི་ཕྱག་རྒྱ་འདིས་ནི་མངོན་པའི་ང་རྒྱལ་ཅན་མང་པོ་བརྟག་པར་ནུས་ 124a ༄#། །སོ། །ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན་དགེ་སློང་བདུན་བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །སྲིད་པ་ཐ་མ་པའི་དགེ་སློང་བརྒྱ་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་མ་ཞུགས་ཤིང་མ་རྟོགས་ལ་མ་མོས་ནས་སྟན་ལས་ལངས་ཏེ་དོང་ངོ ། །དགེ་སློང་ལྔ་ནི་སྤོང་བར་བྱས་ཤིང་བཟློག་པར་བྱས་ནས་རང་གི་ལུས་དང་བཅས་ཏེ་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། ངས་ཀྱེ་མ་ཆོས་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་ནོ་སྙམ་སྟེ། དེ་ལ་དགོངས་ནས་དེ་སྐད་བསྟན་མོད་ཀྱི་འོན་ཀྱང་གང་དང་ཡང་མི་མཐུན་པ་མེད་དེ། ཤཱ་རིའི་བུ། དཔེར་ན། མི་ལ་ལ་ཞིག་གཉིད་ཀྱིས་ལོག་པའི་རྨི་ལམ་དུ་སྐྱེ་བོ་ཕལ་པོ་ཆེའི་མདུན་དུ་ཁྱོད་ལ་ངས་ཆོས་བཤད་པར་བྱའོ། །ཆོས་དེའང་འཇིག་རྟེན་ཐམས་ཅད་དང་མི་མཐུན་ནོ་ཞེས་ཚིག་ཏུ་སྨྲ་ན། ཤཱ་རིའི་བུ། འདི་ཇི་སྙམ་དུ་སེམས། ཆོས་དེ་དང་མི་མཐུན་པ་གང་དག་ཡིན་པའི་མི་དེ་དག་ཡོད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། དེ་ནི་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། དེ་བཞིན་དུ་ངའང་ཀྱེ་མ་ཆོས་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་ནོ་ཞེས་དེ་སྐད་དུའང་སྟོན་ལ་དེ་འཇིག་རྟེན་དེའང་ཡང་དག་པར་མ་ 124b མཐོང་ངོ ། །འཇིག་རྟེན་མེད་པ་ལ་ནི་ཆོས་ཀྱང་བགྲང་དུ་མེད་དོ། །འཇིག་རྟེན་གདགས་པའང་མེད་དོ། །ཤཱ་རིའི་བུ། འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་ཞེས་བྱ་བ་ནི་ཆོས་རྣམས་མ་འདྲེས་ཤིང་ཆོས་རྣམས་འདྲེ་པ་མེད་པ་ལ་བྱ་བར་གསུངས་སོ། །གསོལ་པ། བཅོམ་ལྡན་འདས། མ་འདྲེས་པ་ཞེས་བགྱི་བའི་ཚིག་གི་དོན་གང་ལགས། བཀའ་སྩལ་པ། ཤཱ་རིའི་བུ།་མ་འདྲེས་པ་ཞེས་བྱ་བ་ནི་ཆོས་རྣམས་རོ་གཅིག་པར་གདགས་པ་ཡིན་ཏེ། གཅིག་པུ་ཁོ་ནའང་མ་ཡིན་ཏེ། ཐ་དད་པ་ཁོ་ནའང་མ་ཡིན་ནོ། །ཤཱ་རིའི་བུ། མ་འདྲེས་པ་ཞེས་བྱ་བ་དེ་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས། སྟོང་པ་ཉིད་ཅེས་བགྱི་བའི་ཚིག་གི་དོན་གང་ལགས། བཀའ་སྩལ་པ། ཤཱ་རིའི་བུ། སྟོང་པ་ཉིད་ཅེས་བྱ་བ་ནི་གདགས་སུ་མེད་པའོ། །གང་གདགས་སུ་མེད་པ་དེ་ནི་གདགས་པར་མི་ནུས་སོ། །གང་གདགས་པར་མི་ནུས་པ་དེ་ནི་འཇིག་རྟེན་པའང་མ་ཡིན། འཇིག་རྟེན་ལས་འདས་པའང་མ་ཡིན་ནོ། །ཤཱ་རིའི་བུ། གང་འཇིག་རྟེན་པ་\?\་མ་ཡིན་འཇིག་རྟེན་ལས་འདས་པའང་མ་ཡིན་པ་དེ་ནི་སྟོང་པ་ཉིད་ཅེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང ། དགེ་སློང་གི་དགེ་འདུན་ཐམས་ཅད་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་ 125a ༄#། །པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།ལོ་ཙཱ་བ་བནྡེ་ཀླུའི་དབང་པོ་དང ། ལྷའི་ཟླ་བས་བསྒྱུར་ཅིང་གཏན་ལ་ཕབ་པ།། |