rKTs


H183

(e-text produced by ACIP)

see text in transliteration
122b
།།རྒྱ་གར་སྐད་དུ། ཨཱརྱ་དཱ་ན་པཱ་ར་མི་ཏཱ་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྦྱིན་པའི་ཕ་རོལ་ཏུ་
123a
༄#། །ཕྱིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།་བཅོམ་ལྡན་འདས་ཉིད་ཀྱི་རྩ་ལག་དང ། ཡུལ་གྱི་མི་རྣམས་ལ་ཕན་གདགས་པའི་ཕྱིར་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ན་རྒྱལ་པོ་ཟས་གཙང་གི་ཀུན་དགའ་ར་བ་ཤིང་སཱ་ལ་དང ། ཏ་ལ་དང ། ཏ་མ་ལ་དང ། དོང་ཀའི་ཤིང་དང ། རྒྱ་ཤུག་དང ། སྟར་ག་ཤིང་དང ། འབྲུ་གོ་དང ། ཤིང་བ་ཊ་དང ། ཀ་ཏ་མྤ་དང ། ་མྲ་དང ། ཉོ་ཏི་དང ། སྒྱུ་རུ་རའི་ཤིང་དང ། བིལྦ་དང་བལ་པོ་སེའུ་དང ། ཀ་བིད་ཐ་དང ། ཆུ་ཤིང་དང ། ནྱ་གྲོ་དྷ་དང ། ུ་དུམྦ་ར་དང ། བ་རུ་རའི་ཤིང་དང ། ་ཤཝད་ཐ་དང ། བཪྴི་ཀ་དང ། སྣ་མ་དང ། དྷ་ནུ་སྐ་རི་དང ། ་ཏི་མུགྟ་དང ། ཙ་མྤ་ཀ་དང ། མྱ་ངན་འཚང་དང ། ཏ་ར་ནི་དང ། སྐྱ་སྣར་དང ། ཤི་རི་ཤ་དང ། རྫུན་དང ། ཤིང་ལྗོན་པ་བརྒྱ་སྟོང་དུ་མས་བརྒྱན་པ། ཕུ་ཆུ་དང ། འབབ་ཆུའི་དོང་དང ། མཚེའུ་དང ། ལྟེང་ཀ་དང ། རྫིང་བུ་དང ། ཁྲོན་པ་དྲི་ཞིམ་པོ་དང་ལྡན་པ་དག་གིས་མཛེས་པར་བྱས་པ། མེ་ཏོག་ཨུཏྤ་ལ་དང ། པདྨ་དང ། ཀུ་མུ་ད་དང ། པདྨ་དཀར་པོ་དག་གིས་གང་བ། ངང་པ་དང ། རྨ་བྱ་དང ། ཁྲུང་ཁྲུང་དང ། ངུར་པ་དང ། ཁུ་བྱུག་དང ། ཆུན་ལག་དང ། ནེ་ཙོ་དང ། རི་སྐེགས་དང ། ཤང་ཤང་ཏེའུ་དང ། ཙ་ཀོ་ར་དང ། འཇོན་མོ་དང ། ཀ་རནད་པ་རྣམས་སྐད་
123b
འབྱིན་པ། བུང་བ་བརྒྱ་སྟོང་དག་གིས་མཛེས་པར་བྱས་པ། ཆུ་ཡན་ལག་བརྒྱད་དང་ལྡན་པ་གསལ་ཞིང་དྲི་ཞིམ་ལ་ཤིན་ཏུ་བསིལ་བ་དང ། རྙོག་པ་མེད་ཅིང་རྣམ་པར་དང་བས་ཡོངས་སུ་གང་བ། གསིང་མ་སྔོ་ཞིང་འཇམ་ལ་གཞོན་པ། དར་དང ། བལ་དང ། སྲིན་བལ་དང ། མོན་དར་དང ། ཀ་ཙ་ལིནྡི་ཀ་དང ། ཟར་མའི་གེས་ལྟར་རེག་ན་བདེ་བ། ཡིད་དུ་འོད་ཞིང་གཙང་ལ་རྡོ་དང ། གསེག་མ་དང ། གྱོ་མོ་དང ། བཀྲ་མི་ཤིས་པ་དང ། འཇམ་རྫབ་དང ། སྙག་སྙིག་མེད་པའི་ས་ཕྱོགས་བཟང་པོ། རི་དྭགས་སྣ་ཚོགས་ལྡང་སྐོ་སྐ་དང ། ཤ་བཀྲ་དང ། སྤྲེའུ་དང ། བྱི་ལ་དང ། སྲེ་མོ་དང ། རི་བོང་དང ། དོམ་དང ། དྲེད་དང ། བྱའི་ཚོགས་ཀྱིས་བསྟེན་པ། མཚན་མོའི་ལྷ་དང ། ལྷའི་བུ་མོ་དང ། འཇིག་རྟེན་སྐྱོང་དང ། ཆུ་ལྷ་དང ། ཞི་བ་དང ། གཤིན་རྗེ་དང ། འཕགས་སྐྱེས་པོ་དང ། ལུས་ངན་པོ་དང ། བརྒྱ་བྱིན་དང ། མིག་མི་བཟང་དང ། ཡུལ་འཁོར་སྲུང་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། དྲི་ཟ་དང ། མིའམ་ཅི་དང ། ལྟི་འཕྱེ་ཆེན་པོ་འབུམ་དག་གནས་པ་ན་བརྟེན་ཅིང་བཞུགས་ཏེ་དགེ་སློང་གི་དགེ་འདུན་ཆེན་པོ་དགེ་སློང་བདུན་ཁྲི་བདུན་སྟོང་ལ། འདི་ལྟ་སྟེ། ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ་དང ། ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་དང ། ཚེ་དང་ལྡན་པ་རབ་འབྱོར་དང ། ཚེ་དང་ལྡན་པ་ཀ་པ་ནི་དང ། ཚེ་དང་ལྡན་པ་བ་ལང་བདག་དང ། ཚེ་དང་ལྡན་པ་གསུས་པོ་ཆེ་དང ། ཚེ་དང་ལྡན་པ་བྷ་ར་དྷྭ་ཛ་དང ། ཚེ་དང་ལྡན་པ་
124a
༄#། །ཀུན་ཤེས་ཀཽ་ཎྜི་ནྱ་དང ། ཚེ་དང་ལྡན་པ་བཟང་ལྡན་དང ། ཚེ་དང་ལྡན་པ་གང་པོ་དང ། ཚེ་དང་ལྡན་པ་རབ་ཏུ་བཟང་པོ་དང ། ཚེ་དང་ལྡན་པ་ལམ་ཕྲན་དང ། ཚེ་དང་ལྡན་པ་བཀུ་ལ་དང ། ཚེ་དང་ལྡན་པ་སྒྲ་གཅན་ཟིན་དང ། ཚེ་དང་ལྡན་པ་ཉེ་དགའ་བོ་དང ། ཚེ་དང་ལྡན་པ་དགའ་བོ་དང ། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། དེ་དག་ལ་སོགས་པ་དགེ་སློང་བདུན་ཁྲི་བདུན་སྟོང་ལ། འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་གང་ཟག་གཅིག་མ་གཏོགས་པར་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཐམས་ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་དང་ཐབས་གཅིག་གོ་།བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་བྱང་ཆུབ་སེམས་དཔའ་བྱེ་བ་འབུམ་ཕྲག་དུ་མ་ལ་།འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པ་དང ། སྤྱན་རས་གཟིགས་དབང་ཕྱུག་དང ། མཐུ་ཆེན་ཐོབ་དང ། ཀུན་ཏུ་བཟང་པོ་དང ། ནམ་མཁའི་
124b
སྙིང་པོ་དང ། ལྷའི་ཅོད་པ་ན་དང ། རིན་ཆེན་ཅོད་པན་དང ། ལག་ན་རིན་ཆེན་དང ། རིན་ཆེན་འོད་དང ། རིན་ཆེན་སྙིང་པོ་དང ། རིན་ཆེན་གཙུག་ཕུད་དང ། རིན་ཆེན་སེང་གེ་དང ། རིན་ཆེན་དྲ་བ་ཅན་དང ། དྲ་བ་ཅན་གྱི་འོད་དང ། ཉི་འོད་དང ། ཟླ་འོད་དང ། མཐུ་བརྟན་དང ། བློ་གྲོས་བརྟན་དང ། བརྩོན་འགྲུས་བརྟན་དང ། མཐུ་རྩལ་བརྟན་དང ། སྤྲོ་བ་བརྟན་དང ། སྤྲོ་བ་ཆེ་བ་དང ། མཆོག་ཏུ་དགའ་བའི་རྒྱལ་པོ་དང ། སྨན་གྱི་རྒྱལ་པོ་དང ། སྨན་ཡང་དག་འཕགས་དང ། དགེ་བ་དྲི་མེད་པ་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོ་དང ། པདྨའི་འདབ་མ་ལྟར་དྲི་མ་མེད་པ་རྒྱུ་སྐར་རྒྱལ་པོ་མངོན་པར་ཤེས་པའི་མེ་ཏོག་ཤིན་ཏུ་རྒྱས་པ་དང ། བུང་བ་དང ། སྣག་ས་དང ། རྨ་བྱ་དང ། འཇོལ་མོ་དང ། མུགས་གསལ་རལ་བའི་ཐོར་ཚུགས་ཅན་དང ། པདྨ་དང ། ཟླ་བ་ལྟར་བཞིན་འཛུམ་ཞིང་བརྗིད་ལ་མདངས་གསལ་བ་དང ། རིན་པོ་ཆེ་མཐོན་ཀ་ལྟར་མིག་ཤིན་ཏུ་མཛེས་པ་ཡོན་ཏན་རིན་པོ་ཆེའི་ཏོག་དང ། སོ་མཉམ་ཞིང་ཐགས་བཟང་ལ་དཀར་བ་དངུལ་དང ། དུང་དང ། ཟླ་བ་དང ། ཀུ་མུད་དང ། འོམ་ལྟར་དཀར་བ་དང ། ལྕེ་ཆུ་ཤིང་གི་ལོ་མ་དང ། ཏ་ལའི་འདབ་མ་ལྟར་ཡངས་ཤིང་ཟངས་ཀྱེ་གླེགས་མ་ལྟ་བུ་དང ། ཁུ་བྱུག་དང།་ནེ་ཙོ་དང ། རི་སྒེགས་དང ། ཀུན་ལ་དང ། ཀ་ལ་པིངྐའི་སྐད་འབྱིན་པ་ལྟ་བུར་ཡིད་དུ་འོང་བའི་ང་རོའི་གདངས་ངེས་པར་སྒྲོགས་པ་དང ། ལུས་ཟླ་བ་དང ། ཉི་མ་འཆར་ཀ་དང ། དོང་
125a
༄#། །ཀའི་ཤིང་དང ། ས་ཧ་ཀ་ར་དང ། མེ་ཏོག་འབྱུང་བའི་ཀ་ཏམ་པ་ལྟ་བུ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྐང་ལག་ཕྲ་ཞིང་མཉེན་པ་གཞོན་ཤ་ཆགས་ཤིང་སྲབ་ལ་འཇམ་ཞིང ། མེ་ཏོག་ལྟར་ཤིན་ཏུ་གཞོན་ལ་རྐང་ལག་གི་སེན་མོ་ཟངས་ཀྱི་མདོག་འདྲ་བ་དང ། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་དགུ་ཁྲིད་གུ་སྟོང་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་སྐོར་བ། བདུད་དང ། ཕྱིར་རྒོལ་བ་ངེས་པར་བཅོམ་པ། བདུད་ཀྱི་ལས་ཐམས་ཅད་ལས་ཡང་དག་པར་འདས་པ།་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཤེས་པ་ལ་མཁས་པ། མངོན་པར་ཤེས་པས་མངོན་པར་ཤེས་པ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མཐའི་སྒོ་བསྒྲུབ་པའི་གཟུངས་ཐོབ་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ཐབས་མཁས་པ་རྟོགས་པར་ཁོང་དུ་ཆུད་པ། འཇིག་རྟེན་གྱི་ཁམས་ཐ་དད་པ་སྟོན་པ། གོ་ཆ་ཆེན་པོ་བགོས་པ། སངས་རྒྱས་ཀྱི་ཡོན་ཏན་ལ་ཐེ་ཚོམ་མེད་པ། ཉོན་མོངས་པ་དང ། ཉེ་བའི་ཉོན་མོངས་པའི་བག་ཆགས་ཐམས་ཅད་ལ་སེམས་པས་བག་ཆགས་དང ། མཚམས་སྦྱོར་བ་དང་བཅས་པར་མངོན་པའི་ང་རྒྱལ་ཡང་དག་པར་བཅོམ་ནས་དུལ་བ་དང ། དེས་པ་དང་ལྡན་པ། དྲན་པ་ཉེ་བར་གཞག་པ་དང ། ཡང་དག་པའི་སྤོང་བ་དང ། རྫུ་འཕྲུལ་གྱི་རྐང་པ་དང ། དབང་པོ་དང །
125b
སྟོབས་དང ། བྱང་ཆུབ་ཀྱི་ཡན་ལག་དང ། ལམ་ལ་ཞུགས་པ། བྱམས་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་དང ། བཟོད་པ་དང ། བསམ་པ་དང ། བག་ལ་ཉལ་ཕུན་སུམ་ཚོགས་པ། ང་རྒྱལ་དང ། རྒྱགས་པ་དང ། དྲེགས་པ་དང ། ཉེས་རྩོམ་དང ། ཁེངས་པ་དང ། སེར་སྣ་དང ། ངར་འཛིན་པ་དང ། ངར་འཛིན་དང ། ང་ཡིར་འཛིན་པ་དང ། ལྷག་པར་ཞེན་པ་དང ། ཆགས་པ་དང ། ཞེན་པ་དང ། བརྒྱལ་བ་དང ། སྲེད་པ་དང ། མངོན་པར་ཞེན་པ་དང ། བྲལ་བ་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པར་བདག་ལ་ཕན་པ་དང ། གཞན་ལ་ཕན་པ་དང ། བདེ་བར་སྦྱོར་བ་ལ་བརྩོན་ལ། དགེ་བའི་རྩ་བ་ཤིན་ཏུ་བསགས་ཤིང་ཚོགས་རྫོགས་པར་བྱས་པའི་རྒྱུད་ཅན་སྒྱུ་དང ། གཡོ་དང ། རྫུན་དང ། ཕྲ་མ་དང ། དག་རྩུབ་པོ་དང།་གསོད་པ་དང ། གནོད་པར་བྱེད་པ་དང ། འཆིང་བ་དང ། ལྟ་བ་ངན་པས་གཟིངས་པ་དང ། བསྡིགས་པ་དང ། རྩོད་པ་དང ། འཐབ་པ་དང ། འབྲེག་པ་དང ། འཁྲུག་ལོང་དང།་འགྱེད་པ་དང ། ཉེ་བའི་ཉོན་མོངས་པ་དང་བྲལ་བ་ཤ་སྟག་དང ། འཇིག་རྟེན་སྐྱིང་བཞི་པོ། འདི་ལྟ་སྟེ། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང།་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང ། རྒྱལ་པོ་ཆེན་པོ་མིག་མི་བཟང་རང་རང་གི་གཡོག་འཁོར་གྱིས་བསྐོར་བ་རྣམས་དང ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལྔས་
126a
༄#། །རྩེན་རང་གི་བུའི་འཁོར་དང་བཅས་པ་དང ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་རང་གི་གནོད་སྦྱིན་གྱི་འཁོར་དང་བཅས་པ་དང ། འབྱུང་པོ་ཆེན་པོའི་མ་ཕྲོག་མ་རང་གི་གནོད་སྦྱིན་མོའི་འཁོར་དང་བཅས་པ་དང ། དུང་ཅན་མ་དང ། མདུང་ཐོགས་མ་དང ། སེར་མོ་དང ། དཀའ་བཟློག་མ་དང ། དཔལ་གྱི་ལྷ་མོ་ཆེན་མོ་དང ། དབྱངས་ཅན་མ་དང ། འཇིགས་བྱེད་མ་དང ། ཟླ་བ་དང ། ལྷའི་དབང་པོ་བརྒྱ་བྱིན་དང ། ལྷའི་བུ་དབང་ཕྱུག་ཆེན་པོ་དང ། མི་མཇེད་ཀྱི་བདག་པོ་ཚངས་པ་རང་གི་ལྷའི་བུའི་འཁོར་དང་བཅས་པ་དག་དང།་ཀླུའི་རྒྱལ་པོ་མ་དྲོས་པ་དང ། ཀླུའི་རྒྱལ་པོ་རྒྱ་མཚོ་རང་རང་གི་ཀླུའི་འཁོར་དང་བཅས་པ་དག་དང ། ནམ་མཁའ་ལྡིང་གི་དབང་པོ་གཟི་ཆེན་དང ། ནམ་མཁའ་ལྡིང་གི་དབང་པོ་ལུས་ཆེན་རང་རང་གི་ནམ་མཁའ་ལྡིང་གི་འཁོར་དང་བཅས་པ་དག་དང ། ལྷ་མ་ཡིན་གྱི་དབང་པོ་སྟོབས་ཅན་དང ། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་རང་རང་གི་ཚོགས་ཀྱི་འཁོར་དང་བཅས་པ་དག་དང ། མི་འམ་ཅིའི་རྒྱལ་པོ་ལྗོན་པ་རང་གི་མི་འམ་ཅིའི་འཁོར་དང་བཅས་པ་དང ། དྲི་ཟའི་བུ་ཟུར་ཕུད་ལྔ་པ་རང་གི་འཁོར་དང་བཅས་པ་དང ། དེ་ལས་གཞན་པ་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་པ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་དཔག་ཏུ་
126b
མེད། གྲངས་མེད་པ་དག་དང་ཡང་ཐབས་གཅིག་སྟེ། རིགས་བཞི་པོ་བྲམ་ཟེ་དང ། རྒྱལ་རིགས་དང ། རྗེའུ་རིགས་དང ། དམངས་རིགས་རྣམས་དང ། འཁོར་བཞི་པོ་དགེ་སློང་དང ། དགེ་སློང་མ་དང།་དགེ་བསྙེན་དང ། དགེ་བསྙེན་མ་རྣམས་དང ། ཤཱཀྱ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་དང ། རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། གྲོང་རྡལ་གྱི་མི་རྣམས་དང ། ཡུལ་གྱི་མི་རྣམས་དང ། ཁྱིམ་བདག་དང ། བློན་པོ་དང ། ཕོ་བྲང་འཁོར་གྱི་མི་དང ། སྒོ་དཔོན་གྱི་འཁོར་རྣམས་ཀྱིས་བསྐོར་ཅིང་མདུན་གྱིས་བལྟས་ནས་བཀུར་སྟི་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གྱི་གསོས་སྨན་དང ། ཡོ་བྱད་མང་པོ་གྱ་ནོམ་པ་དག་བརྙེས་ཤིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་དཔག་ཏུ་མེད། གྲངས་མེད་པ་དག་ཏུའང་བཅོམ་ལྡན་འདས་ཀྱིས་གྲགས་པ་དང ། སྒྲ་དང ། ཚིགས་སུ་བཅད་པ་རྒྱ་ཆེར་མངོན་པར་གྲགས་སོ། །རྡོ་རྗེའི་སྙིང་པོའི་ས་ཕྱོགས་མཉམ་ཞིང་ཡིད་དུ་འོང་ལ་རྒྱ་ཆེ་ཞིང་ཡངས་པ། ཆག་ཆག་ལེགས་པར་བཏབ་པ། ཕྱག་དར་ལེགས་པར་བྱས་པ། ལེགས་པར་རྣམ་པར་ཕྱེ་བ། བོག་སྣོད་ནས་བདུགས་པ།་མེ་ཏོག་ཨུཏྤལ་དང ། པདྨ་དང ། ཀུ་མུད་དང ། པདྨ་དཀར་པོ་དང ། ་ཏི་མུགྟ་ཀ་དང ། ཀ་ཏམྤ་དང ། པཪྴི་ཀ་དང ། ཏ་ར་ནི་དང ། སྐྱ་སྣར་དང ། མྱ་ངན་འཚང་དང ། ཀོ་རན་ད་ཀ་
127a
༄#། །དང ། སྣ་མ་དང ། ཡུ་ཐི་ཀའི་མེ་ཏོག་དག་བཀྲམ་པ། རིན་པོ་ཆེ་མེ་ཏོག་སྣ་ཚོགས་ཀྱི་ཤིང་ལྗོན་པས་མཛེས་པར་བྱས་པ་ན་སེང་གེའི་ཁྲི་རིན་པོ་ཆེའི་སྙིང་པོ་དང།་རིན་པོ་ཆེའི་རས་བཅོས་བུ་འབུམ་དག་བཏིང་བ། རིན་པོ་ཆེའི་བླ་རེ་དྲེས་པ། རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བ་བྲེས་པ། རིན་པོ་ཆེའི་ལྡ་ལྡི་དབྱངས་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། ནོར་བུ་དང ། གསེར་དང ། རྡོ་རྗེ་དང ། བཻ་ཌཱུརྱ་དང ། མུ་ཏིག་དང ། དུང་དང ། མན་ཤེལ་དང ། བྱུ་རུ་དང ། ནད་རྙིལ་དང ། རྡོའི་སྙིང་པོ་དང ། མ་རྒད་དང ། སྤུག་དང ། ཤེལ་དང ། རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་གིས་བརྒྱན་པ་ལ་བཞུགས་ཏེ། དབང་པོ་ཞི་བ། ཐུགས་ཞི་བ། དུལ་བ་དང་ཞི་གནས་དམ་པ་བརྙེས་པ། དུལ་བ་དང་ཞི་གནས་མཆོག་བརྙེས་པ། བསྲུངས་པ། གཙོ་བོར་གྱུར་པ།་དབང་པོ་ཐུལ་བ། མཚོ་ལྟར་དྭང་ཞིང་གསལ་ལ་རྙོག་པ་མེད་པ། རིན་པོ་ཆེའི་མཆོད་སྡོང་ལྟར་མངོན་པར་འཕགས་པ། དཔལ་འབར་ཞིང་ལམ་མེ་ལྷན་ནེར་བཞུགས་པ། སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། སྐུ་དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། རྒྱ་མཚོ་ཆེན་པོ་ལྟར་དམ་པའི་ཆོས་ཀྱི་ཆུས་ཡོངས་སུ་གང་བ། རི་རབ་ལྟར་མི་བསྐྱོད་པ། ས་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བ། ཆུ་ལྟར་དགེ་བའི་རྩ་བ་རབ་ཏུ་སྐྱེད་པ། ཐ་སྙད་ལྟར་ཐུགས་མཉམ་པ། ནམ་མཁའ་ལྟར་གོས་པ་མེད་པ།
127b
ཉི་མ་ལྟར་མི་ཤེས་པའི་མུན་པ་སེལ་བ། ཟླ་བ་ལྟར་དཀར་པོའི་ཆོས་ཡོངས་སུ་རྫོགས་པ། ཡིད་བཞིན་གྱི་ནོར་བུ་ལྟར་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པ། ཉི་མ་ལྟར་ཤར་བ། ཉི་མ་ལྟར་གཟི་བརྗིད་ཀྱིས་ལམ་མེ་བ། ཟླ་བ་ལྟར་བསིལ་ཞིང་སིམ་པར་མཛད་པ། རྒྱ་མཚོ་ལྟར་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པ། རྒྱ་མཚོ་ལྟར་བབ་པ། མེའི་ཕུང་པོ་ལྟར་སྣང་བ། ལུས་མི་བསྐྱོད་པ།་སེམས་མི་གཡོ་བ། ཞི་ཞིང་རབ་ཏུ་ཞི་བ། དབང་པོ་འཁྲུལ་པ་མི་མངའ་བ། མ་ཁེངས་ཤིང་མི་རྒོད་པ། དྲན་པ་ལེགས་པར་ཉེ་བར་གཞག་པ། སྤྱོད་ལམ་མཛེས་པ། ལེགས་པར་མཉམ་པར་བཞག་པ། རྟག་ཏུ་མཉམ་པར་བཞག་པ། ཕྱི་མའི་མཐའི་བསྐལ་པ་བྱེ་བ་ཕྲག་འབུམ་དུ་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྒྲུབས་པ། བསོད་ནམས་ཀྱི་ཚོགས་ཐམས་ཅད་བསགས་པ།་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ཐབས་མཁས་པ། རྟོགས་པར་ཐུགས་སུ་ཆུད་པ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ལ་རྣམ་པར་རོལ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཐུགས་ཀྱིས་སྤྱད་པ། སེམས་ཅན་ཐམས་ཅད་ཀྱིས་ཕན་པ་དང ། བདེ་བ་འཐོབ་པར་བྱ་བའི་ཕྱིར་བརྩོན་པ་དེ་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། དྲི་མ་མེད་པ། འོད་གསལ་བ། ཡིད་
128a
༄#། །དུ་འོང་བ། ཡིད་དུ་འཐད་པ། ཡིད་སིམས་པར་བྱེད་པ། ཡིད་ཤིན་ཏུ་དགའ་བར་བྱེད་པ། ཡིད་སྐུལ་བར་བྱེད་པ། ཡིད་མགུ་ཞིང་རྒྱས་པར་བྱེད་པ། རྣམ་པར་དག་པ། འཇིགས་པ་མེད་པ། མི་རྩུབ་པ། བརྟན་པ། ཟབ་པ། མི་གཡོ་བ། མི་འགྱུར་བ། བརྟག་ཏུ་མེད་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། བསམ་གྱིས་མི་ཁྱབ་པ། རྨད་དུ་བྱུང་བ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ། སྟོན་ཅིང་འཆད་དེ་རྣམ་པར་འབྱེད་ལ་འགྲེལ་ཅིང་གསལ་བར་མཛད་དོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིའི་ཕུག་དང ། ཟོམ་དང ། རི་སུལ་དང ། གསེབ་དང ། སྨན་ལྗོངས་ན་སེང་གེའི་མཆོག་རྣམ་པར་བསྒྱིངས་ཤིང་ང་རོ་རྣམ་པར་སྒྲོགས་པ་ལྟ་བུའི་མིའི་དབང་པོའི་གཙུག་གི་ནོར་བུ་ཞེས་བྱ་བ། གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་ལ་བསྙེན་བཀུར་བྱས་པ། དཀོན་མཆོག་གསུམ་གྱི་གདུང་འཚོབ་པ། སྙིང་རྗེ་ཅན། སྤོབས་པ་ཐོགས་པ་མེད་པ། སྐྱེ་དགུ་ལ་མཉེས་གཤིན་པ། དད་པ་བཟང་བ། བསམ་པ་དགེ་བ། བརྟན་པ། ཟབ་པ། སྙིང་བརྩེ་བ་ཅན། སྙིང་རྗེ་དང་ལྡན་པ། དེས་པ། འགྲོགས་ན་བདེ་བ། མཁས་པ། མཛངས་པ། གསལ་བ། ཡིད་གཞུངས་པ། ཤེས་
128b
ཉེན་དང་ལྡན་པ། ལེ་ལོ་མེད་པ། ཤིན་ཏུ་དུལ་བ། དགེ་དེས་ཆེ་བ། སྒྱུ་ཅན་མ་ཡིན་པ། གཡོ་མེད་པ། མི་རྩུབ་པ། མི་བརླང་བ། དྲང་བ། ང་རྒྱལ་དང ། རྒྱགས་པ་དང ། དྲེགས་པ་དང ། ཐ་བ་དང ། ཁྲོ་བ་དང ། ཕྲག་དོག་དང ། སེར་སྣ་དང ། ངར་འཛིན་པ་དང ། ང་ཡིར་འཛིན་པ་དང ། ལྷག་པར་ཞེན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། མ་རིག་པ་དང་བྲལ་བ་དང ། བསོད་ནམས་དང་ལྡན་པ་ཞིག་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ་།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིའི་ཕུག་དང ། ཟོམ་དང ། རི་སུལ་དང ། གསེབ་དང ། སྨན་ལྗོངས་ན་སེང་གེའི་མཆོག་རྣམ་པར་བསྒྱིངས་ཤིང་ང་རོ་རྣམ་པར་སྒྲོགས་པ་ལྟ་བུའི་མིའི་དབང་པོའི་གཙུག་གི་ནོར་བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་པདྨའི་སྙིང་པོ་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་བདག་གིས་ཞུས་ནས་ཞུ་བ་ལན་གདབ་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་ན། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་བར་འཚལ་ལོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིའི་ཕུག་དང ། ཟོམ་དང ། རིའི་སུལ་དང་
129a
༄#། །གསེབ་དང ། སྨན་ལྗོངས་ན་སེང་གེའི་མཆོག་རྣམ་པར་བསྒྱིངས་ཤིང་ང་རོ་རྣམ་པར་སྒྲོགས་པ་ལྟ་བུའི་མིའི་དབང་པོའི་གཙུག་གི་ནོར་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། ཁྱོད་ལ་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་རྟག་ཏུ་སྐབས་འབྱེད་ཀྱི། རིགས་ཀྱི་བུ། ཁྱོད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང ། ངས་དྲིས་པ་དེ་དང་དེའི་ལན་བཏབ་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིའི་ཕུག་དང ། ཟོམ་དང ། རིའི་སུལ་དང ། གསེབ་དང ། སྨན་ལྗོངས་ན་སེང་གེའི་མཆོག་རྣམ་པར་བསྒྱིངས་ཤིང ། ང་རོ་རྣམ་པར་སྒྲོགས་པ་ལྟ་བུའི་མིའི་དབང་པོའི་གཙུག་གི་ནོར་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དང་པོ་སེམས་བསྐྱེད་པས་གང་ལ་མངོན་པར་བརྩོན་པར་བགྱི་ལགས། དེ་སྐད་ཅེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིའི་ཕུག་དང ། ཟོམ་དང ། རིའི་སུལ་དང ། གསེབ་དང ། སྨན་ལྗོངས་ན་སེང་གེའི་མཆོག་རྣམ་པར་བསྒྱིངས་ཤིང ། ང་རོ་རྣམ་པར་སྒྲོགས་པ་ལྟ་བུའི་མིའི་དབང་པོའི་གཙུག་གི་ནོར་བུ་ལ་ལེགས་སོ་ཞེས་བྱ་
129b
བ་བྱིན་ཏེ། རིགས་ཀྱི་བུ། ལེགས་སོ། །ལེགས་སོ། །རིགས་ཀྱི་བུ། ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་དྲི་བར་སེམས་པ་ནི་ཁྱོད་ཡང་ལེགས་སོ། །དེའི་ཕྱིར་རིགས་ཀྱི་བུ་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ངས་བཤད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིའི་ཕུག་དང ། ཟོམ་དང ། རི་སུལ་དང ། གསེབ་དང ། སྨན་ལྗོངས་ན་སེང་གེའི་མཆོག་རྣམ་པར་བསྒྱིངས་ཤིང་ང་རོ་རྣམ་པར་སྒྲོགས་པ་ལྟ་བུའི་མིའི་དབང་པོའི་གཙུག་གི་ནོར་བུས། བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང ། བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་པས་དགེ་བ་བཅུའི་ལས་ཀྱི་ལམ་དག་ལ་མངོན་པར་བརྩོན་པར་བྱའོ། །རིགས་ཀྱི་བུ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་བཅུའི་ལས་ཀྱི་ལམ་དག་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྲོག་གཅོད་པ་སྤངས་པ་ཡིན། ལོག་པར་ལྟ་བའི་བར་དག་སྤངས་པ་ཡིན་ནོ། །རིགས་ཀྱི་བུ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲོག་གཅོད་པ་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། སྲོག་ཅེས་བྱ་བ་ནི་ཐ་ན་སྲོག་ཆགས་གྲོག་སྦུར་ཡན་ཆད་
130a
༄#། །ལའང་སྡུག་ཅིང་ཕངས་ལ་དགའ་ཞིང་ཡིད་དུ་འོང་བ་ཡིན་ཏེ། བདག་ལའང་སྲོག་འདི་སྡུག་ཅིང་ཕངས་ལ་དགའ་ཞིང་ཡིད་དུ་འོང་བ་ཡིན་གྱི། སུའང་བདག་ལ་གསོད་པ་འམ། གསོད་དུ་འཇུག་པ་འམ། བསད་པ་ལ་རྗེས་སུ་ཡི་རང་བར་མ་གྱུར་ཅིག་བདག་གིས་ཀྱང་སུ་ལའང་གསད་པར་མི་བྱ། གསོད་དུ་གཞུག་པར་མི་བྱ། གསོད་པ་ལ་རྗེས་སུ་ཡི་རང་བར་མི་བྱའོ་སྙམ་མོ། །རིགས་ཀྱི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲོག་གཅོད་པ་སྤངས་པ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། མངལ་ན་གནས་པ་ཡན་ཆད་ཀྱང ། །ཀུན་ལ་སྲོག་ནི་སྡུག་པའི་ཕྱིར། །བདག་གི་སྲོག་ཕངས་གང་ཡིན་པ། །དེ་ནི་སྲོག་ཆགས་གསོད་མི་བྱེད། །དེ་ལ་མ་བྱིན་པར་ལེན་པ་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ནོར་ཞེས་བྱ་བ་ནི་ཐ་ན་རིགས་ངན་དང ། གཡུང་པོ་ཡན་ཆད་ལའང་སྡུག་ཅིང་ཕངས་ལ་དགའ་ཞིང་ཡིད་དུ་འོང་བ་ཡིན་ཏེ། བདག་ལའང་ནོར་འདི་སྡུག་ཅིང་ཕངས་ལ་དགའ་ཞིང་ཡིད་དུ་འོང་བ་ཡིན་གྱི། སུའང་བདག་ལ་འཕྲོག་པ་འམ། འཕྲོག་ཏུ་འཇུག་པའམ། འཕྲོག་པ་ལ་རྗེས་སུ་ཡི་རང་བར་མ་གྱུར་ཅིག་།བདག་གིས་ཀྱང་སུ་ལའང་དབྲོག་པར་མི་བྱ། ཕྲོག་ཏུ་གཞུགས་པར་མི་བྱ། ཕྲོགས་པ་ལ་རྗེས་སུ་ཡི་རང་བར་མི་བྱའོ་སྙམ་མོ། །རིགས་ཀྱི་བུ།
130b
དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་བྱིན་པར་ལེན་པ་སྤངས་པ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཤིང་དང་བོང་བ་ཡན་ཆད་ལ། །གཞན་གྱིས་བོར་བར་གྱུར་པ་ཡང་།། གང་ལ་ཕན་པའི་ནོར་སྡུག་པ། །དེ་ནི་ནོར་ལ་འཕྲོག་མི་བྱེད། །དེ་ལ་འདོད་པས་ལོག་པར་གཡེམ་པ་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ཆུང་མ་ཞེས་བྱ་བ་ནི་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་རྣམས་ལའང ། སྡུག་ཅིང་ཕངས་ལ་དགའ་ཞིང་ཡིད་དུ་འོང་བ་ཡིན་ཏེ། བདག་ལའང་ཆུང་མ་སྡུག་ཅིང་ཕངས་ལ་དགའ་ཞིང་ཡིད་དུ་འོང་བ་ཡིན་གྱི། སུའང་བདག་ལ་འཕྲོག་པ་འམ། འཕྲོག་ཏུ་འཇུག་པ་འམ། ཕྲོགས་པ་ལ་རྗེས་སུ་ཡི་རང་བ་འམ། ནན་གྱིས་མནན་ཏེ། དགའ་མགུར་ཡོངས་སུ་ལོངས་སྤྱོད་པར་མ་གྱུར་ཅིག་།བདག་གིས་ཀྱང་སུ་ལའང་དབྲོག་པར་མི་བྱ། འཕྲོག་ཏུ་བཞུག་པར་མི་བྱ། ཕྲོགས་པ་ལ་རྗེས་སུ་ཡི་རང་བར་མི་བྱ། ནན་གྱིས་མནན་ཏེ། དགའ་མགུར་ལོངས་སྤྱོད་པར་མི་བྱའོ་སྙམ་མོ། །རིགས་ཀྱི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པ་ལ་ལོག་པར་གཡེམ་པ་སྤངས་པ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བྲན་མོར་གྱུར་པ་ཡན་ཆད་ཀྱང ། །གཞན་གྱིས་བཞག་པར་གྱུར་པ་ལ། །གང་ལ་རང་གི་ཆུང་མ་སྡུག་།དེ་ནི་ཆུང་མ་འཕྲོག་མི་བྱེད། །དེ་ལ་བརྫུན་དུ་སྨྲ་བ་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན།
131a
༄#། །རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། བདེན་པ་ཞེས་བྱ་བ་དེ་ནི་ཐ་ན་གནོད་སྦྱིན་དང ། འབྱུང་པོ་དང ། ཤ་ཟ་རྣམས་ལའང་སྡུག་ཅིང་ཕངས་ལ་དགའ་ཞིང་ཡིད་དུ་འོང་བ་ཡིན་ཏེ། བདག་ལའང་བདེན་པ་འདི་སྡུག་ཅིང་ཕངས་ལ། དགའ་ཞིང་ཡིད་དུ་འོང་བ་ཡིན་གྱི། སུའང་བདག་ལ་བརྫུན་དུ་སྨྲ་བས་སུ་ན་འབྱིན་པ་འམ། སུན་འབྱིན་དུ་འཇུག་པ་འམ། སུན་ཕྱུང་བ་ལ་རྗེས་སུ་ཡི་རང་བར་མ་གྱུར་ཅིག་།བདག་གིས་ཀྱང་སུ་ལའང་བརྫུན་དུ་སྨྲ་བས་སུན་དབྱུང་བར་མི་བྱ། སུན་འབྱིན་དུ་གཞུག་པར་མི་བྱ།་སུན་ཕྱུང་བ་ལ་རྗེས་སུ་ཡི་རང་བར་མི་བྱའོ་སྙམ་མོ། །རིགས་ཀྱི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྫུན་དུ་སྨྲ་བ་སྤངས་པ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ།་གནོད་སྦྱིན་འབྱུང་པོ་ཡན་ཆད་ཀྱང ། །གང་ལ་བདེན་པར་སྨྲ་བ་སྡུག་།ཤེས་རབ་ཅན་དེ་བརྫུན་ཚིག་གིས། །ལུས་ཅན་རྣམས་ལ་སུན་མི་འབྱིན། །དེ་ལ་ཕྲ་མའི་ཚིག་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ཕྲ་མའི་ཚིག་ཅེས་བྱ་བ་ནི། ཐ་ན་གང་ཟག་ཕྲ་མ་ཅན་རྣམས་ལའང་ཡིད་མི་སྡུག་ཅིང་མི་འདོད་ལ།་མི་དགའ་ཞིང་ཡིད་དུ་མི་འོང་བ་ཡིན་ཏེ། བདག་ལའང་ཕྲ་མའི་ཚིག་འདི་མི་སྡུག་ཅིང་མི་འདོད་ལ་མི་དགའ་ཞིང་ཡིད་དུ་མི་འོང་བ་ཡིན་གྱི། སུའང་བདག་ལ་ཕྲ་མ་ཟེར་བས་གླེང་བ་
131b
འམ།་གླེང་དུ་འཇུག་པ་འམ། གླེངས་པ་ལ་རྗེས་སུ་ཡི་རང་བར་མ་གྱུར་ཅིག་།བདག་གིས་ཀྱང་སུ་ལའང་ཕྲ་མ་ཟེར་བས་གླེང་བར་མི་བྱ། གླེང་དུ་གཞུག་པར་མི་བྱ། གླེངས་པ་ལ་རྗེས་སུ་ཡི་རང་བར་མི་བྱའོ་སྙམ་མོ། །རིགས་ཀྱི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྲ་མའི་ཚིག་སྤངས་པ་ཡིན་ནོ། །དེ་ལ་ངག་རྩུབ་པོ་སྨྲ་བ་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན། རིགས་ཀྱི་བུ།་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ངག་རྩུབ་པོ་ཞེས་བྱ་བ་ནི་ཐ་ན་གང་ཟག་ངག་རྩུབ་པོ་དང་ལྡན་པ་རྣམས་ལའང་མི་སྡུག་ཅིང་མི་འདོད་ལ་མི་དགའ་ཞིང་ཡིད་དུ་མི་འོང་བ་ཡིན་ཏེ། བདག་ལའང་ངག་རྩུབ་པོ་འདི་མི་སྡུག་ཅིང་མི་འདོད་ལ་མི་དགའ་ཞིང་ཡིད་དུ་མི་འོང་བ་ཡིན་གྱི། སུའང་བདག་ལ་ངག་རྩུབ་པོ་སྨྲ་བ་དང ། གཏུམ་པའི་ཚིག་དང ། བརླང་བའི་ཚིག་དང ། མི་བདེན་པའི་ཚིག་གིས་མཐོ་འཚམ་པ་འམ། མཐོ་འཚམ་དུ་འཇུག་པ་འམ། མཐོ་བརྩམས་པ་ལ་རྗེས་སུ་ཡི་རང་བར་མ་གྱུར་ཅིག་།བདག་གིས་ཀྱང་སུ་ལའང་ངག་རྩུབ་པོ་སྨྲ་བ་དང ། གཏུམ་པའི་ཚིག་དང ། བརླང་བའི་ཚིག་དང ། མི་བདེན་པའི་ཚིག་གིས་མཐོ་འཚམ་པར་མི་བྱ། མཐོ་འཚམ་དུ་གཞུག་པར་མི་བྱ། མཐོ་བརྩམས་པ་ལ་རྗེས་སུ་ཡི་རང་བར་མི་བྱའོ་སྙམ་མོ། །རིགས་ཀྱི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངག་རྩུབ་པོ་སྤངས་པ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གང་དག་སུ་ཡང་རུང་བ་ལ། ཕྲ་མ་
132a
༄#། །ངག་རྩུབ་མི་སྡུག་པ། །དེ་ནི་ཕྲ་མ་མི་ཟེར་ཏེ། །རྩུབ་པའི་ཚིག་ཀྱང་སྲུང་བར་བྱེད། །དེ་ལ་ཚིག་ཀྱལ་པ་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་སྙམ་དུ་སེམས་ཏེ། ཚིག་ཀྱལ་པ་ཞེས་བྱ་བ་ནི་ཐ་ན་གང་ཟག་ཚིག་ཀྱལ་བ་ཅན་དག་ལའང་མི་སྡུག་ཅིང་མི་འདོད་ལ་མི་དགའ་ཞིང་ཡིད་དུ་མི་འོང་བ་ཡིན་ཏེ། བདག་ལའང་ཚིག་ཀྱལ་པ་འདི་མི་སྡུག་ཅིང་མི་འདོད་ལ། མི་དགའ་ཞིང་ཡིད་དུ་མི་འོང་བ་ཡིན་གྱི། སུའང་བདག་ལ་ཚིག་ཀྱལ་བ་སྨྲ་བས་དྲན་པར་བྱེད་པ་འམ། དྲན་པར་བྱེད་དུ་འཇུག་པ་འམ། དྲན་པར་བྱས་པ་ལ་རྗེས་སུ་ཡི་རང་བར་མ་གྱུར་ཅིག་།བདག་གིས་ཀྱང་སུ་ལའང་ཚིག་ཀྱལ་བ་སྨྲ་བས་དྲན་པར་མི་བྱ། དྲན་པར་བྱེད་དུ་མི་གཞུག་།དྲན་པར་བྱས་པ་ལ་རྗེས་སུ་ཡི་རང་བར་མི་བྱའོ་སྙམ་མོ། །རིགས་ཀྱི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚིག་ཀྱལ་པ་སྤངས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྣབ་སེམས་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། བརྣབ་སེམས་ཞེས་བྱ་བ་ནི་ཐ་ན་གང་ཟག་བརྣབ་སེམས་ཅན་རྣམས་ལའང་མི་སྡུག་ཅིང་མི་འདོད་ལ་མི་དགའ་ཞིང་ཡིད་དུ་མི་འོང་བ་ཡིན་ཏེ། བདག་ལའང་བརྣབ་སེམས་འདི་མི་སྡུག་ཅིང་མི་འདོད་ལ་མི་དགའ་ཞིང་ཡིད་
132b
དུ་མི་འོང་བ་ཡིན་གྱི། སུ་ལའང་བདག་ལ་བརྣབ་སེམས་ཀྱི་ཚིག་གིས་བརྗོད་པ་འམ། བརྗོད་དུ་འཇུག་པའམ། བརྗོད་པ་ལ་རྗེས་སུ་ཡི་རང་བར་མ་གྱུར་ཅིག་།བདག་གིས་ཀྱང་སུ་ལའང་བརྣབ་སེམས་ཀྱི་ཚིག་གིས་བརྗོད་པར་མི་བྱ། བརྗོད་དུ་གཞུག་པར་མི་བྱ། བརྗོད་པ་ལ་རྗེས་སུ་མི་རང་བར་མི་བྱའོ་སྙམ་མོ། །རིགས་ཀྱི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྣབ་སེམས་སྤངས་པ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཀྱལ་བའི་ཚིག་དང་བརྣབ་སེམས་གཉིས། །གང་ཞིག་བདག་ཉིད་མི་འདོད་པ། །དེ་ནི་ཀྱལ་པའི་ཚིག་མི་སྨྲ། །བརྣབ་སེམས་ཀྱང་ནི་སྲུང་བར་བྱེད། །དེ་ལ་གནོད་སེམས་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། གནོད་སེམས་ཞེས་བྱ་བ་ནི་ཐ་ན་གང་ཟག་གནོད་སེམས་སུ་གྱུར་བའི་སེམས་དང་ལྡན་བ་རྣམས་ལའང ། །མི་སྡུག་ཅིང་མི་འདོད་ལ་མི་དགའ་ཞིང་ཡིད་དུ་མི་འོང་བ་ཡིན་ཏེ། བདག་ལའང་གནོད་སེམས་འདི་མི་སྡུག་ཅིང་མི་འདོད་ལ་མི་དགའ་ཞིང་ཡིད་དུ་མི་འོང་བ་ཡིན་གྱི། སུའང་བདག་ལ་གནོད་སེམས་ཀྱི་ཚིག་གིས་འཆད་པའམ། འཆད་དུ་འཇུག་པའམ། བཤད་པ་ལ་རྗེས་སུ་ཡི་རང་བར་མ་གྱུར་ཅིག་།བདག་གིས་ཀྱང་སུ་ལའང་གནོད་སེམས་ཀྱི་ཚིག་གིས་བཤད་པར་མི་བྱ། འཆད་དུ་གཞུག་པར་མི་བྱ། བཤད་པ་ལ་རྗེས་སུ་ཡི་རང་བར་མི་བྱའོ་སྙམ་མོ། །རིགས་ཀྱི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་
133a
༄#། །སེམས་དཔའ་ཆེན་པོ་གནོད་སེམས་སྤངས་པ་ཡིན་ནོ། །དེ་ལ་ལོག་པར་ལྟ་བ་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ལོག་པར་ལྟ་བ་ཞེས་བྱ་བ་ནི་ཐ་ན་གང་ཟག་ལོག་པར་ཞུགས་པ་རྣམས་ལའང་མི་སྡུག་ཅིང་མི་འདོད་ལ་མི་དགའ་ཞིང་ཡིད་དུ་མི་འོང་བ་ཡིན་ཏེ། བདག་ལའང་ལོག་པར་ལྟ་བ་འདི་མི་སྡུག་ཅིང་མི་འདོད་ལ་མི་དགའ་ཞིང་ཡིད་དུ་མི་འོང་བ་ཡིན་གྱི། སུའང་བདག་ལ་ལོག་པར་ལྟ་བའི་ཚིག་གིས་སྟོན་པ་འམ། སྟོན་དུ་འཇུག་པ་འམ། བསྟན་པ་ལ་རྗེས་སུ་ཡི་རང་བར་མ་གྱུར་ཅིག་།བདག་གིས་ཀྱང་སུ་ལའང་ལོག་པར་ལྟ་བའི་ཚིག་གིས་བསྟན་པར་མི་བྱ། སྟོན་དུ་གཞུག་པར་མི་བྱ། བསྟན་པ་ལ་རྗེས་སུ་ཡི་རང་བར་མི་བྱའོ་སྙམ་མོ། །རིགས་ཀྱི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལོག་པར་ལྟ་བ་སྤངས་པ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གནོད་སེམས་ལོག་པར་ལྟ་བ་གཉིས།། ཡོང་གིས་མི་འདོད་གང་ཡིན་པ། །དེ་ནི་གནོད་སེམས་མི་བྱེད་དེ། །གང་ལའང་ལོག་པར་མི་འཇུག་གོ་།རིགས་ཀྱི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ལ་མངོན་པར་བརྩོན་པར་བྱེད་དོ། །དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་འདི་བཤད་པ་ན་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་
133b
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱན་དང ། སྤུད་པ་དང ། ལྷབ་ལྷུབ་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། ལེའུ་དང་པོ་འོ།། །།རིགས་ཀྱི་བུ། གཞན་ཡང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་པས་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་མངོན་པར་བརྩོན་པར་བྱའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། ཐབས་དང ། སྨོན་ལམ་དང ། སྟོབས་དང ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རིགས་ཀྱི་བུ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དེ་དག་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པ་བྱིན་པར་བྱེད། ཚུལ་ཁྲིམས་སྲུང་བར་བྱེད། བཟོད་པ་སྒོམ་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། བསམ་གཏན་ལ་བསམ་གཏན་དུ་བྱེད། ཤེས་རབ་འབར་བར་བྱེད། ཐབས་ལ་མཁས་པར་བྱེད། སྨོན་ལམ་འདེབས་པར་བྱེད། སྟོབས་ལ་འཇུག་པར་བྱེད། ཡེ་ཤེས་ལ་འཇུག་པར་བྱེད་དོ། །རིགས་ཀྱི་བུ།
134a
༄#། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟས་དང ། སྐོམ་དང ། བཞོན་པ་དང ། གོས་དང ། རྒྱན་སྦྱིན་པ་ལ་མངོན་པར་བརྩོན་པར་བྱེད་པ་ནས་རྐང་སྦྱིན་པའི་བར་དག་ལ་མངོན་པར་བརྩོན་པར་བྱེད་དོ། །རིགས་ཀྱི་བུ། དེ་ལ་བྱང་ཆུབ་སེམས་དཔའ་ཟས་སྦྱིན་པ་དག་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ཟས་སྦྱིན་པ་ཞེས་བྱ་བ་དེ་ནི་ཚེ་དང ། ཁ་དོག་དང ། སྟོབས་དང ། བདེ་བ་འགྲུབ་པར་འགྱུར་བའི་ཚིག་བླ་དྭགས་ཡིན་ནོ། །དེ་ལྟ་བས་ན་བདག་གིས་ཟས་སྦྱིན་པ་ལ་མངོན་པར་བརྩོན་པར་བྱ་དགོས་ཏེ། བདག་གིས་ཟས་ཀྱི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེས་ཟས་ཀྱི་སྦྱིན་པ་དེ་བྱིན་པས་ཚེ་བྱིན་པ་དང ། བདེ་བ་བྱིན་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཁ་ཟས་སྦྱིན་པ་བྱིན་ན་ན་ནི། །དེས་ན་ཚེ་དང་ཁ་དོག་དང ། །སྟོབས་དང་བདེ་བ་ལྔ་པ་སྤོབས། །ཤེས་རབ་ཅན་གྱིས་བྱིན་པ་ཡིན།། ཁ་ཟས་བྱིན་པས་དགའ་བ་དང ། །ཚེ་རིང་སྟོབས་ལྡན་བདེ་སྐྱིད་འགྱུར། །སྐྱིད་ཅིང་བརྟེན་པ་དེ་དག་ནི། །ཐོགས་མེད་སྤོབས་དང་ལྡན་པར་འགྱུར། །ཕྱུག་ཅིང་ནོར་མང་དཔལ་དང་ལྡན།།
134b
མི་ནི་དེས་ཤིང་བློ་ལྡན་ལ། །བསོད་ནམས་ལྡན་ཞིང་མཁས་ལ་ཞི། །ཁ་ཟས་བྱིན་པས་དེ་ལྟར་འགྱུར། །དེ་ལ་སྐོམ་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། སྐོམ་སྦྱིན་པ་ཞེས་བྱ་བ་དེ་ནི་ཉོན་མོངས་པའི་སྲེད་པ་ཐམས་ཅད་སེལ་བར་འགྱུར་བའི་ཚིག་བླ་དྭགས་ཡིན་ཏེ། དེ་ལྟ་བས་ན་བདག་གིས་སྐོམ་གྱི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་སྐོམ་གྱི་སྦྱིན་པ་དེ་བྱིན་པ་ན། སངས་རྒྱས་ཀྱིས་བསྔགས་པའི་སྨོན་ལམ་བཞིན་དུ་སྐོམ་གྱི་སྦྱིན་པ་འདིས་ན། བདག་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་སྲེད་པའི་རྒྱ་མཚོ་ཐམས་ཅད་སྐེམས་པར་བྱད་པར་གྱུར་ཅིག་།རྣམ་པར་གྲོལ་བའི་རོའི་སྐོམ་གྱིས་ཀྱང་ཚིམ་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །འདི་ལ་ཚིག་ཕྱི་མའང་ཡོད་དེ། རྒ་ཤིའི་ཆུ་སྲིན་གྱིས་དཀྲུགས་པའི། །ཉོན་མོངས་སྲེད་པའི་མཚོ་བསྐམས་ནས། །རྣམ་གྲོལ་རོ་ཡི་སྐོམ་གྱིས་ནི། །མི་རྣམས་བདག་གིས་ཚིམ་པར་བྱ། །སྐོམ་བྱིན་པས་ནི་མཁས་པ་དེ། །ཀུན་ཏུ་འབར་ཞིང་རབ་འབར་བའི། །ཡི་དྭགས་ཉམ་ངར་མི་སྐྱེ་ཞིང ། །སྐོམ་པའི་གནོད་པ་འབྱུང་མི་འགྱུར། །དེ་ལ་བཞོན་པའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་བར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། བཞོན་པའི་སྦྱིན་པ་ཞེས་བྱ་བ་དེ་ནི་བདེ་བ་དང ། རྫུ་འཕྲུལ་གྱི་གཞི་ཐམས་ཅད་སྡུད་པའི་ཚིག་བླ་དྭགས་
135a
༄#། །ཡིན་གྱི། བདག་གིས་བཞོན་པའི་སྦྱིན་པ་བྱིན་པར་བྱ་སྟེ། བཞོན་པ་ཤིང་རྟའམ། བཞོན་པ་ཁྱོགས་སམ། བཞོན་པ་རྟའམ། བཞོན་པ་གླང་པོ་ཆེ་འམ། ལྷམ་སྦྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་བཞོན་པའི་སྦྱིན་པ་དེ་དག་བྱིན་པ་ན། སངས་རྒྱས་ཀྱིས་བསྔགས་པའི་སྨོན་ལམ་བཞིན་དུ་བཞོན་པའི་སྦྱིན་པ་འདིས་ན་བདག་སེམས་ཅན་ཐམས་ཅད་ཀྱི་བདེ་བ་དང ། རྫུ་འཕྲུལ་གྱི་གཞི་ཐམས་ཅད་སྡུད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བཞོན་པ་ཤིང་རྟ་བྱིན་པ་ཡིས། །རྟག་ཏུ་སེམས་ཅན་ཐམས་ཅད་ཀྱིས། །ཐེག་པ་ཆེན་པོ་ཐོབ་གྱུར་ཅིག་།རྫུ་འཕྲུལ་རྐང་པ་ཐོབ་པར་ཤོག་།བཞོན་པ་སྦྱིན་པས་དྲང་སྲོང་ཆེ། །སངས་རྒྱས་ཞིང་ནས་ཞིང་དག་ཏུ། །བློ་ལྡན་བྱ་ཡི་ཤུགས་འདྲ་བར། །རྫུ་འཕྲུལ་གྱིས་ནི་མཁའ་ལ་འགྲོ་།དེ་ལ་གོས་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། གོས་སྦྱིན་པ་ཞེས་བྱ་བ་དེ་ནི་ངོ་ཚ་ཤེས་པ་དང ། ཁྲེལ་ཡོད་པ་དང ། མདོག་ཡོངས་སུ་དག་པར་བྱེད་པའི་ཚིག་བླ་དྭགས་ཡིན་གྱི། བདག་གིས་གོས་ཀྱི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་གོས་ཀྱི་སྦྱིན་པ་དེ་བྱིན་པ་ན། སངས་རྒྱས་ཀྱིས་གནང་བའི་སྨོན་ལམ་བཞིན་དུ་གོས་ཀྱི་སྦྱིན་པ་འདིས་ན་བདག་སེམས་ཅན་ཐམས་ཅད་ཀྱི་ངོ་ཚ་ཤེས་པ་དང ། ཁྲེལ་ཡོད་པ་དང ། མདོག་ཡོངས་སུ་དག་
135b
པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །འདི་ལ་ཚིག་ཕྱི་མའང་ཡོད་དེ། གོས་ཀྱི་སྦྱིན་པ་འདིས་ན་བདག། སེམས་ཅན་ཀུན་གྱི་ངོ་ཚ་ཤེས། །ཁྲེལ་ཡོད་པ་ནི་སྤྱོད་པ་དང ། །མདོག་ཀྱང་དག་པར་བྱེད་གྱུར་ཅིག་།གོས་སྦྱིན་ཤིན་ཏུ་དཔལ་དང་ལྡན། །རྟག་ཏུ་རིགས་ལྡན་གཟུགས་བཟང་ཞིང ། །མི་དེ་ངོ་ཚ་ཤེས་པར་འགྱུར། །མི་ནི་གྲགས་ལྡན་སྐལ་དང་ལྡན། །དེ་ལ་རྒྱན་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། རྒྱན་བྱིན་པ་ཞེས་བྱ་བ་དེ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་རྫོགས་པར་འགྱུར་བའི་ཚིགས་བླ་དྭགས་ཡིན་གྱི། བདག་གིས་རྒྱན་གྱི་སྦྱིན་པ་གསེར་གྱི་རྒྱན་ནམ། ནོར་བུའམ། མུ་ཏིག་གམ། བཻ་ཌཱུརྱ་འམ། དུང་ངམ། མན་ཤེལ་ལམ། བྱུ་རུའི་རྒྱན་སྦྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་རྒྱན་གྱི་སྦྱིན་པ་དེ་བྱིན་པ་ན། སངས་རྒྱས་ཀྱིས་གསུངས་པའི་སྨོན་ལམ་བཞིན་དུ། རྒྱན་གྱི་སྦྱིན་པ་འདིས་ན་བདག་གིས་སེམས་ཅན་ཐམས་ཅད་ཀྱི་ལུས་མཚན་དང ། དཔེ་བྱད་བཟང་པོ་དག་གིས་བརྒྱན་པ་མཐོང་བར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་ཚིག་ཕྱི་མའང་ཡོད་དེ། གསེར་གྱི་རྒྱན་ནི་བྱིན་པ་ཡིས། །མཚན་རྣམས་ཀྱིས་ནི་བརྒྱན་པ་ཡི། །སེམས་ཅན་ཐམས་ཅད་མཐོང་གྱུར་ཅིག་།བདག་ཀྱང་བྱང་ཆུབ་ཚོལ་བར་ཤོག་།ནོར་བུ་མུ་ཏིག་བྱིན་པས་ནི། །གང་དང་གང་དུ་དེ་སྐྱེ་བ། །སྐྱེ་
136a
༄#། །གནས་དེ་དང་དེ་དག་ཏུ། །རིན་ཆེན་ཆར་ནི་འབབ་པར་འགྱུར། །དེ་ལ་མར་མེ་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། མར་མེ་སྦྱིན་པ་ཞེས་བྱ་བ་དེ་ནི་ལྷའི་མིག་ཡོངས་སུ་དག་པར་འགྱུར་བའི་ཚིག་བླ་དྭགས་ཡིན་གྱི། བདག་གིས་མར་མེ་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་མར་མེ་སྦྱིན་པ་བྱིན་པ་ན་སངས་རྒྱས་ཀྱིས་བསྟན་པའི་སྨོན་ལམ་བཞིན་དུ་མར་མེ་བྱིན་པ་འདིས་ནི། བདག་སེམས་ཅན་ཐམས་ཅད་ཀྱི་ལྷའི་མིག་ཡོངས་སུ་དག་པར་འགྱུར་བའི་དོན་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་ཚིག་ཕྱི་མའང་ཡོད་དེ། ཀུན་མཁྱེན་ཡེ་ཤེས་འགྱུར་བ་ཡི། །མར་མེ་སྦྱིན་པ་དེས་ན་བདག་།སེམས་ཅན་ཀུན་གྱི་ལྷ་ཡི་མིག་།རྣམ་པར་དག་པར་བྱེད་གྱུར་ཅིག་།མི་དེ་མར་མེ་སྦྱིན་པ་ཡིས། །འཇིག་རྟེན་དག་ན་དུས་ཀུན་ཏུ། །སངས་རྒྱས་རྣམས་ཀྱི་སྤྱན་སྔ་དང ། །རིམ་གྱིས་སུ་ནི་ལྡན་པར་འགྱུར། །དེ་ལ་རོལ་མོའི་སྒྲ་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། རོལ་མོའི་སྒྲའི་སྦྱིན་པ་ཞེས་བྱ་བ་དེ་ནི་ལྷའི་རྣ་བ་ཡོངས་སུ་རྫོགས་པར་འགྱུར་བའི་ཚིག་བླ་དྭགས་ཡིན་གྱི། བདག་གིས་རོལ་མོའི་སྒྲའི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་རོལ་མོའི་སྒྲའི་སྦྱིན་པ་དེ་བྱིན་པ་ན། སངས་རྒྱས་རྣམ་པར་རོལ་པའི་སྨོན་
136b
ལམ་བཞིན་དུ། རོལ་མོའི་སྒྲའི་སྦྱིན་པ་འདིས་ན་བདག་སེམས་ཅན་ཐམས་ཅད་ཀྱི་ལྷའི་རྣ་བ་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་ཚིག་ཕྱི་མའང་ཡོད་དེ། རོལ་མོའི་སྒྲ་བྱིན་དེས་ན་བདག་།སེམས་ཅན་ཀུན་ལ་ལྷ་རྣ་དང ། །སངས་རྒྱས་བྱང་ཆུབ་འགྲོ་ཕན་པ། །རབ་ཏུ་རྫོགས་པར་བྱེད་གྱུར་ཅིག་།རོལ་མོ་སྒྲ་ནི་བྱིན་པས་ན། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །དཔའ་བོ་རྣམས་ཀྱི་ལྷ་ཡི་སྙན། །གང་དུ་སྐྱེས་པ་དེ་ཡིས་ཐོབ། །དེ་ལ་སྤོས་དང ། ཕྱེ་མ་དང ། བྱུག་པ་སྦྱིན་པ་བྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། སྤོས་དང ། ཕྱེ་མ་དང ། བྱུག་པ་སྦྱིན་པ་ཞེས་བྱ་བ་དེ་ནི་ཚུལ་ཁྲིམས་དང ། ཐོས་པ་དང ། ཏིང་ངེ་འཛིན་གྱི་སྤོས་དང ། ཕྱེ་མ་དང ། བྱུག་པར་འགྱུར་བའི་ཚིག་བླ་དྭགས་ཡིན་གྱི། བདག་གིས་སྤོས་དང ། ཕྱེ་མ་དང ། བྱུག་པ་སྦྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་སྤོས་དང ། ཕྱེ་མ་དང ། བྱུག་པའི་སྦྱིན་པ་བྱིན་པ་ན། སངས་རྒྱས་ཀྱིས་དགོངས་པའི་སྨོན་ལམ་བཞིན་དུ་སྤོས་དང ། ཕྱེ་མ་དང ། བྱུག་པའི་སྦྱིན་པ་འདིས་ན་བདག་གིས་སེམས་ཅན་ཐམས་ཅད་ཚུལ་ཁྲིམས་དང ། ཐོས་པ་དང ། ཏིང་ངེ་འཛིན་གྱི་སྤོས་ཀྱིས་བྱུག་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སྤོས་དང་ཕྱེ་མ་བྱིན་པ་དང ། །བྱུག་པ་དག་ནི་བྱིན་པ་ཡིས། །ཚུལ་ཁྲིམས་ཐོས་དང་ཏིང་ངེ་འཛིན། །
137a
༄#། །ལུས་ཅན་རྣམས་ཀྱིས་ཐོབ་གྱུར་ཅིག་།སྤོས་དང་ཕྱེ་མ་བྱིན་པ་དང ། །བྱུག་པ་བྱིན་པས་སྐྱོབ་རྣམས་ཀྱི། །ལྷ་ཡི་ཤངས་དང་ལྷ་ཡི་སྐུ། །སྐྱོན་མེད་དེ་ཡིས་ཐོབ་པར་འགྱུར། །དེ་ལ་མེ་ཏོག་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། མེ་ཏོག་དང ། མེ་ཏོག་ཕྲེང་གི་སྦྱིན་པ་ཞེས་བྱ་བ་དེ་ནི་གཟུངས་དང ། སྤོབས་པ་དང ། བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེའི་མེ་ཏོག་ཐོབ་པར་འགྱུར་བའི་ཚིག་བླ་དྭགས་ཡིན་གྱི། བདག་གིས་མེ་ཏོག་དང ། མེ་ཏོག་ཕྲེང་གི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་མེ་ཏོག་དང ། མེ་ཏོག་ཕྲེང་གི་སྦྱིན་པ་དེ་བྱིན་པ་ན། སངས་རྒྱས་ཀྱིས་གསུངས་པའི་སྨོན་ལམ་བཞིན་དུ་མེ་ཏོག་དང ། མེ་ཏོག་ཕྲེང་གི་སྦྱིན་པ་འདིས་ན། བདག་གིས་སེམས་ཅན་ཐམས་ཅད་ཀྱི་ལུས་གཟུངས་དང ། སྤོབས་པ་དང ། བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེའི་མེ་ཏོག་གིས་བརྒྱན་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་ཚིག་ཕྱི་མའང་ཡོད་དེ། མེ་ཏོག་མེ་ཏོག་ཕྲེང་བྱིན་པས། །མྱུར་བར་རྣམ་པ་ཐམས་ཅད་དུ། །བྱང་ཆུབ་ཡན་ལག་མེ་ཏོག་གིས། །ལུས་ཅན་ཀུན་ལ་བརྒྱན་པར་ཤོག་།མེ་ཏོག་མེ་ཏོག་ཕྲེང་བྱིན་པས། །གང་དང་གང་དུ་སྐྱེས་པ་དེར། །རྒྱལ་པོ་བློན་པོ་ཞང་བློན་གྱིས། །རྟག་ཏུ་མཆོད་ཅིང་རིམ་གྲོ་བྱེད། །དེ་ལ་རོ་བྲོ་བའི་
137b
སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། རོ་བྲོ་བ་སྦྱིན་པ་ཞེས་བྱ་བ་དེ་ནི་རོ་བྲོ་བའི་མཆོག་ཏུ་འགྱུར་བའི་སྐྱེས་བུ་ཆེན་པོའི་མཚན་དུ་འགྱུར་བའི་ཚིག་བླ་དྭགས་ཡིན་གྱི། བདག་གིས་རོ་བྲོ་བའི་སྦྱིན་པ་རྒུན་འབྲུམ་གྱི་རོ་འམ། བུ་རམ་གྱི་རོ་འམ། སྦྲང་རྩིའི་རོ་འམ། མར་གྱི་རོ་འམ། འབྲུ་མར་གྱི་རོ་འམ།་ལན་ཚཝའི་རོའི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་རོ་བྲོ་བའི་སྦྱིན་པ་དེ་བྱིན་པ་ན། སངས་རྒྱས་ཀྱིས་བསྔགས་པའི་སྨོན་ལམ་བཞིན་དུ། རོའི་སྦྱིན་པ་འདིས་ན་བདག་གིས་སེམས་ཅན་ཐམས་ཅད་ལ་རོ་བྲོ་བའི་མཆོག་ཏུ་འགྱུར་བའི་སྐྱེས་བུ་ཆེན་པོའི་མཚན་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། རོ་ཡི་སྦྱིན་པས་སེམས་ཅན་ཀུན། །ཀུན་མཁྱེན་རོ་ཡི་སྙིང་པོ་ཡིས། །རྫོགས་པའི་སངས་རྒྱས་བྱང་ཆུབ་ཀྱི། །སྤྱོད་པ་ཡོངས་སུ་རྫོགས་གྱུར་ཅིག་།རོ་ཡི་སྦྱིན་པས་ཡིད་གཞུངས་ཤིང ། །དྲན་ལྡན་བློ་གྲོས་རྒྱ་མཚོ་བཞིན། །དེས་ན་རོ་ཡི་རྣམ་གྲངས་ཐོབ། །ལྷུན་གྱིས་གྲུབ་པར་ལོངས་སྤྱོད་ལྡན། །དེ་ལ་གནས་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། གནས་སྦྱིན་པ་ཞེས་བྱ་བ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་གནས་དང ། སྐྱོབ་པ་དང ། གླིང་དང ། སྐྱབས་དང ། དཔུང་གཉེན་དུ་འགྱུར་
138a
༄#། །པའི་ཚིག་བླ་དྭགས་ཡིན་གྱི། བདག་གིས་གནས་ཀྱི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་གནས་ཀྱི་སྦྱིན་པ་དེ་བྱིན་པ་ན། སངས་རྒྱས་ཀྱིས་དམིགས་པའི་སྨོན་ལམ་བཞིན་དུ་གནས་ཀྱི་སྦྱིན་པ་འདིས་ན་བདག་སེམས་ཅན་ཐམས་ཅད་ཀྱི་གནས་དང ། སྐྱོབ་པ་དང ། གླིང་དང ། སྐྱབས་དང ། དཔུང་གཉེན་དུ་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གཞལ་མེད་ཁང་གནས་སྦྱིན་པ་ཡིས། །བདག་ནི་ཛམྦུའི་གླིང་དག་ཏུ། །ལུས་ཅན་རྣམས་ཀྱི་སྐྱོབ་དང་གླིང ། །སྐྱབས་དང་དཔུང་གཉེན་གྱུར་པར་ཤོག ། གཞལ་མེད་ཁང་གནས་སྦྱིན་པ་ཡིས། །གང་དང་གང་དུ་སྐྱེས་པ་ན། །ཁྱིམ་དང་གནས་དང་ཡུལ་འཁོར་གྱི། །བདག་པོ་དང་ནི་གཙོ་བོར་འགྱུར། །དེ་ལ་མལ་དང་སྔས་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། མལ་ཆ་དང ། སྔས་སྦྱིན་པ་ཞེས་བྱ་བ་དེ་ནི་སྒྲིབ་པ་ཐམས་ཅད་གཏན་སྤོང་བའི་འཕགས་པ་དང ། ལྷའི་ཚངས་པའི་གནས་དེ་བཞིན་གཤེགས་པའི་གཟིམས་མལ་དང ། འཕངས་པའི་སྦྱིན་པའི་ཚིག་བླ་དྭགས་ཡིན་གྱི། བདག་གིས་མལ་དང ། སྔས་ཀྱི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་མལ་དང ། སྔས་ཀྱི་སྦྱིན་པ་དེ་བྱིན་པ་ན། སངས་རྒྱས་ཀྱིས་བསྟན་པའི་སྨོན་ལམ་བཞིན་དུ་མལ་དང ། སྔས་ཀྱི་སྦྱིན་པ་འདིས་ན་བདག་སེམས་ཅན་
138b
ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་གཏན་སྤོང་བའི་འཕགས་པ་དང ། ལྷའི་ཚང་པའི་གནས་དེ་བཞིན་གཤེགས་པའི་གཟིམས་མལ་དང ། འཕངས་པ་སྦྱིན་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་ཚིག་ཕྱི་མའང་ཡོད་དེ། མལ་དང་སྔས་རྣམས་བྱིན་པས་བདག་ལ་ནི། །བསོད་ནམས་ཚོགས་ནི་ཅུང་ཟད་ཅི་ཡོད་པ། །དེས་ན་བདག་གིས་སྐྱེ་བོའི་སྒྲིབ་པ་དག་།སྡིག་པའི་བློ་གྲོས་ངན་པ་འཇོམས་པར་ཤོག་།ལུས་ཅན་རྣམས་ཀྱི་ལྟ་བ་ངན་པ་ཡི། །དྲ་བ་ཤེས་རབ་མཚོན་གྱིས་གཅོད་པར་ཤོག་།བདེ་བར་གཤེགས་པ་རྣམས་ལ་འོས་པ་ཡི། །མལ་མཆོག་ཚངས་གནས་བསྟེན་པ་སྦྱིན་པར་ཤོག་།མལ་དང་སྔས་རྣམས་སྦྱིན་པར་བྱེད་པའི་མི། །བསྟན་བཅོས་དག་ལ་མཁས་པར་སྐྱེ་བར་འགྱུར། །ཞི་གནས་ཐོབ་ཅིང་རྒྱ་ཆེར་སྦྱིན་པ་དང ། །པདྨ་ལས་བྱུང་གཟི་ཅན་གཞོན་ནུར་འགྱུར། །དེ་ལ་སྟན་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། །རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། སྟན་སྦྱིན་པ་ཞེས་བྱ་བ་དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ས་གཞི་ལ། བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ཐོབ་པར་འགྱུར་བའི་ཚིག་བླ་དྭགས་ཡིན་གྱི། བདག་གིས་སྟན་གྱི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་སྟན་གྱི་སྦྱིན་པ་དེ་བྱིན་པ་ན། དེ་བཞིན་གཤེགས་པ་དང་མཐུན་པའི་སྨོན་ལམ་བཞིན་དུ། སྟན་གྱི་སྦྱིན་པ་འདིས་ན་བདག་གིས་སེམས་
139a
༄#། །ཅན་ཐམས་ཅད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ས་གཞི་ལ་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ཐོབ་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སྟན་གྱི་སྦྱིན་པ་འདི་ཡིས་ན། །བྱང་ཆུབ་སྙིང་པོའི་རྡོ་རྗེའི་གདན། །བཟང་ཞིང་སྲ་ལ་བརྟན་པ་དང ། ལུས་ཅན་རྣམས་ལ་འབྱུང་བར་ཤོག་།སྣ་ཚོགས་རིན་ཆེན་བདུན་ལས་བྱས། །འཕང་དུ་དཔག་ཚད་གཉིས་ཡོད་ལ། །ཁོ་ར་ཁོར་ཡུག་དཔག་ཚད་གཅིག་།རི་རབ་བཞིན་དུ་སྤ་བ་དང ། །རིན་ཆེན་ལྗོན་ཤིང་བརྒྱས་བསྐོར་ཞིང ། །གཞལ་མེད་ཁང་གིས་ལེགས་པར་བརྒྱན། །དྲིལ་བུ་གཡེར་ཀའི་དྲ་བས་བཀབ། །ནོར་བུ་རིན་ཆེན་སྤྲས་གསལ་བ། །ཚངས་པ་མཚུངས་པར་སྤྱོད་རྣམས་ལ། །ཁྲིའུ་དང་སྟན་དང་སྟེགས་བྱིན་པས། །འཁོར་བ་དག་ན་འཁོར་བའི་ཚེ། །དེ་འདྲའི་སྟན་ནི་ཐོབ་པར་འགྱུར། །དེ་ལ་ཡོ་བྱད་ཀྱི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ཡོ་བྱད་སྦྱིན་པ་ཞེས་བྱ་བ་དེ་ནི་བྱང་ཆུབ་ཀྱི་ཡོ་བྱད་ཡོངས་སུ་རྫོགས་པར་འགྱུར་བའི་ཚིག་བླ་དྭགས་ཡིན་གྱི། བདག་གིས་ཡོ་བྱད་ཀྱི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་ཡོ་བྱད་ཀྱི་སྦྱིན་པ་དེ་སྦྱིན་པ་ན། དེ་བཞིན་གཤེགས་པ་ལ་མོས་པའི་སྨོན་
139b
ལམ་བཞིན་དུ་ཡོ་བྱད་བྱིན་པ་འདིས་ན་བདག་སེམས་ཅན་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ཡོ་བྱད་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་ཚིག་ཕྱི་མའང་ཡོད་དེ། ཡོ་བྱད་ཡོངས་སུ་བཏང་བ་དེས། །བདག་གིས་ཀྱང་ནི་ལུས་ཅན་གྱི། །བྱང་ཆུབ་ཡོ་བྱད་བཙལ་བ་དག་།ཡོངས་སུ་རྫོགས་པར་བྱེད་གྱུར་ཅིག་།ཡོ་བྱད་རབ་ཏུ་བྱིན་པ་ཡིས། །གང་དང་གང་དུ་སྐྱེས་པ་དེར། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཡན་ལག་ཐམས་ཅད་རྫོགས་པར་འགྱུར། །དེ་ལ་སྨན་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། སྨན་གྱི་སྦྱིན་པ་ཞེས་བྱ་བ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་རྒ་བ་དང ། འཆི་བ་མེད་པའི་བདུད་རྩིའི་བདེ་བ་ཡོངས་སུ་རྫོགས་པར་འགྱུར་བའི་ཚིགས་བླ་དྭགས་ཡིན་གྱི། བདག་གིས་སྨན་གྱི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་སྨན་གྱི་སྦྱིན་པ་དེ་བྱིན་པ་ན། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་སྨོན་ལམ་བཞིན་དུ་སྨན་བྱིན་པ་འདིས་ན་བདག་སེམས་ཅན་ཐམས་ཅད་ཀྱི་དགའ་བ་དང ། འཆི་བ་མེད་པའི་བདུད་རྩིའི་བདེ་བ་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། རྩི་དང་སྨན་གྱི་སྦྱིན་པ་ཡི། །སེམས་ཅན་ཐམས་ཅད་ཚེ་དཔག་མེད། །ཐམས་
140a
༄#། །ཅད་མཁྱེན་པའི་བདུད་རྩི་ཡང ། །མྱུར་བ་ཉིད་དུ་ཐོབ་གྱུར་ཅིག་།རྩི་དང་སྨན་གྱི་སྦྱིན་པ་ཡིས། ཟླ་བ་ཉེ་ལྟར་ནད་མེད་ཅིང ། །གནོད་ཆུང་སྐྱིད་ཅིང་བདེ་བར་གནས། །མི་རྣམས་ཚེ་ནི་རིང་བར་འགྱུར། །དེ་ལ་བྲན་དང ། བྲན་མོ་དང ། ལས་བྱེད་པ་དང ། ཞོ་ཤས་འཚོ་བ་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ་བྲན་དང ། བྲན་མོ་དང ། ལས་བྱེད་པ་དང ། ཞོ་ཤ་འཚོ་བ་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་དགའ་དང ། རང་དབང་དང ། རང་བྱུང་གི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་བའི་ཚིག་བླ་དྭགས་ཡིན་གྱི། བདག་གིས་བྲན་དང ། བྲན་མོ་དང ། ལས་བྱེད་པ་དང ། ཞོ་ཤས་འཚོ་བ་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་བྲན་དང ། བྲན་མོ་དང ། ལས་བྱེད་པ་དང།་ཞོ་ཤས་འཚོ་བ་ཡོངས་སུ་གཏོང་བའི་སྦྱིན་པ་དེ་བྱིན་པ་ན། དེ་བཞིན་གཤེགས་པས་གསུངས་ཤིང་བསྟན་པའི་སྨོན་ལམ་བཞིན་དུ་བྲན་དང ། བྲན་མོ་དང ། ལས་བྱེད་པ་དང ། ཞོ་ཤས་འཚོ་བ་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ན། བདག་སེམས་ཅན་ཐམས་ཅད་ཀྱི་རང་དགའ་དང ། རང་དབང་དང ། རང་བྱུང་གིས་ཡེ་ཤེས་
140b
ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བྲན་དང་བྲན་མོ་བཏང་བ་ཡིས། །མདོར་ན་ལུས་ཅན་ཐམས་ཅད་ཀྱི། །རང་བྱུང་གི་ནི་ཡེ་ཤེས་ཀྱི། །སྙིང་པོ་ཡོངས་སུ་རྫོགས་གྱུར་ཅིག་།བྲན་དང་བྲན་མོ་བཏང་བ་ཡིས། །མི་ནི་བྲན་དུ་མི་སྐྱེ་ཞིང ། །བརྟན་པོ་རང་དབང་ཡོད་པས་འཚོ། །ཞུམ་པ་མེད་ཅིང་འཇིགས་པ་མེད། །དེ་ལ་གསེར་དང ། དངུལ་དང ། ནོར་བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། མན་ཤེལ་དང ། བྱུ་རུ་དང ། རིན་པོ་ཆེ་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། གསེར་དང ། དངུལ་དང ། ནོར་བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། མན་ཤེལ་དང།་བྱུ་རུ་དང ། རིན་པོ་ཆེ་ཐམས་ཅད་ཡོངས་སུ་གཏོང་བ་ཞེས་བྱ་བ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མཐའ་ཡས་མུ་མེད་པ་དག་ཏུ་འོད་ཟེར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དང ། བཙོད་ཀ་དང ། ཤེལ་དང ། དངུལ་གྱི་ཁ་དོག་ལྟ་བུ་སྣང་བར་འགྱུར་བའི་ཚིག་བླ་དྭགས་ཡིན་གྱི་།བདག་གིས་གསེར་དང ། དངུལ་དང ། ནོར་བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། མན་ཤེལ་དང ། བྱུ་རུ་དང ། རིན་པོ་ཆེ་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པར་བྱ་གོར་མ་
141a
༄#། །ཆག་སྙམ་མོ། །དེ་གསེར་དང ། དངུལ་དང ། ནོར་བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། མན་ཤེལ་དང ། བྱུ་རུ་དང ། རིན་པོ་ཆེ་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་དེ་བྱིན་པ་ན། དེ་བཞིན་གཤེགས་པས་ཇི་ལྟར་མཁྱེན་ཅིང་བཤད་དེ་གསལ་བར་མཛད་པའི་སྨོན་ལམ་བཞིན་དུ་གསེར་དང ། །དངུལ་དང ། ནོར་བུ་དང།་མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། མན་ཤེལ་དང ། བྱུ་རུ་དང ། རིན་པོ་ཆེ་ཐམས་ཅད་བྱིན་པ་དེས་ན་བདག་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་མཐའ་ཡས་མུ་མེད་པ་དག་ཏུ་འོད་ཟེར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དང ། བཙོད་ཀ་དང ། ཤེལ་དང ། དངུལ་གྱི་ཁ་དོག་ལྟ་བུས་སྣང་བར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་ཚིག་ཕྱི་མའང་ཡོད་དེ། རིན་ཆེན་བྱིན་པ་དེས་ནི་བདག་།འོད་ཟེར་སྣ་ཚོགས་སྣང་བ་ཡིས། །སངས་རྒྱས་དྲང་སྲོང་ཆེ་རྣམས་ཀྱི། །ཞིང་རྣམས་ཐམས་ཅད་སྣང་བྱེད་ཤོག་།རིན་ཆེན་སྣ་ཚོགས་བྱིན་པ་ཡིས། །ངེས་པ་གང་དང་གར་སྐྱེས་པ། །འཇིག་རྟེན་མཚམས་མེད་ཡན་ཆད་དུ། །དེས་ནི་འོད་ཟེར་སྣང་བར་བྱེད། །དེ་ལ་རྟ་དང ། གླང་པོ་ཆེ་དང ། ཤིང་རྟའི་བཞོན་པ་ཡོངས་སུ་གཏོང་པའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ།
141b
རྟ་དང ། གླང་པོ་ཆེ་དང ། ཤིང་རྟའི་བཞོན་པ་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་དང ། ཐེག་པ་མཆོག་དང ། ཐེག་པ་མི་མཉམ་པ་དང་མཉམ་པ་དང ། སངས་རྒྱས་ཀྱི་ཐེག་པ་བླ་ན་མེད་པ། གཙོ་བོ། དམ་པ། རབ་མཆོག། སྡུད་པའི་ཚིག་བླ་དྭགས་ཡིན་གྱི། བདག་གིས་རྟ་དང ། གླང་པོ་ཆེ་དང ། ཤིང་རྟའི་བཞོན་པ་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་རྟ་དང ། གླང་པོ་ཆེ་དང ། ཤིང་རྟའི་བཞོན་པ་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པ་ན་དེ་བཞིན་གཤེགས་པས་གསུངས་ཤིང་བསྒོམས་པའི་སྨོན་ལམ་བཞིན་དུ་རྟ་དང ། གླང་པོ་ཆེ་དང ། ཤིང་རྟའི་བཞོན་པ་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ན་བདག་གིས་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་དང ། ཐེག་པ་མཆོག་དང ། ཐེག་པ་མི་མཉམ་པ་དང་མཉམ་པ་དང ། སངས་རྒྱས་ཀྱི་ཐེག་པ་བླ་ན་མེད་པ། གཙོ་བོ་དམ་པ། རབ་མཆོག་གིས་སྡུད་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་ཚིག་ཕྱི་མའང་ཡོད་དེ། བདག་གིས་གླང་ཆེན་བྱིན་པ་ཡིས། །སངས་རྒྱས་ཐེག་པ་ཐེག་པ་ཆེ། །ཐེག་པ་མཆོག་གིས་ལུས་ཅན་རྣམས། །མྱུར་དུ་སྡུད་པར་བྱེད་པར་ཤོག་།གླང་ཆེན་བྱིན་ཞིང་རྟ་བྱིན་པས། །གསལ་ཞིང་མཁས་ལ་ཤེས་ཉེན་ཅན། །ཐེག་པ་ཆེ་ལ་མོས་པ་དང ། །མི་དེ་སྐལ་པ་ཅན་དུ་འགྱུར། །
142a
༄#། །དེ་ལ་སྐྱེད་མོས་ཚལ་དང ། དཀའ་ཐུབ་ཀྱི་ནགས་ཚལ་དང ། གཙུག་ལག་ཁང་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། སྐྱེད་མོས་ཚལ་དང ། དཀའ་ཐུབ་ཀྱི་ནགས་ཚལ་དང ། གཙུག་ལག་ཁང་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཡན་ལག་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་བའི་ཚིག་བླ་དྭགས་ཡིན་གྱི། བདག་གིས་སྐྱེད་མོས་ཚལ་དང ། དཀའ་ཐུབ་ཀྱི་ནགས་ཚལ་དང ། གཙུག་ལག་ཁང་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་སྐྱེད་མོས་ཚལ་དང ། དཀའ་ཐུབ་ཀྱི་ནགས་ཚལ་དང ། གཙུག་ལག་ཁང་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པ་ན། སངས་རྒྱས་ཀྱིས་བསྟོད་ཅིང་བསྔགས་པའི་སྨོན་ལམ་བཞིན་དུ་སྐྱེད་མོས་ཚལ་དང ། དཀའ་ཐུབ་ཀྱི་ནགས་ཚལ་དང ། གཙུག་ལག་ཁང་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ན་བདག་སེམས་ཅན་ཐམས་ཅད་ཀྱི་བསམ་གཏན་གྱི་ཡན་ལག་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་ཚིག་ཕྱི་མའང་ཡོད་དེ།་ལྷ་གང་སྐྱེད་མོས་ཚལ་བྱིན་པས། །བདག་གིས་སེམས་ཅན་ཐམས་ཅད་ཀྱི། །བསམ་གཏན་ཡན་ལག་རིམ་བཞིན་དུ། །ཡོངས་སུ་རྫོགས་པར་བྱེད་པར་ཤོག །
142b
ལྷ་གང་སྐྱེད་མོས་ཚལ་བྱིན་པས། །རྣལ་འབྱོར་ཅན་གྱི་མི་དེ་ནི། །བསམ་གཏན་ཡན་ལག་ཡོངས་རྫོགས་ཤིང ། །རྣལ་འབྱོར་སྤྱོད་པ་དཀའ་ཐུབ་ཆེ། །དེ་ལ་ཆུང་མ་དང ། བུ་དང ། བུ་མོ་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ་ཆུང་མ་དང ། བུ་དང ། བུ་མོ་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཚིག་བླ་དྭགས་ཡིན་གྱི་བདག་གིས་ཆུང་མ་དང ། བུ་དང ། བུ་མོ་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་ཆུང་མ་དང ། བུ་དང ། བུ་མོ་ཡོངས་སུ་གཏོང་བའི་སྦྱིན་པ་དེ་བྱིན་པ་ན། དེ་བཞིན་གཤེགས་པས་བསྙེན་བཀུར་མཛད་མཛད་པའི་སྨོན་ལམ་བཞིན་དུ་ཆུང་མ་དང ། བུ་དང ། བུ་མོ་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ན་བདག་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་ཚིག་ཕྱི་མའང་ཡོད་དེ། བུ་ཡི་སྦྱིན་པ་དེས་ནི་མྱུར་བར་ཡང ། །སེམས་ཅན་རྣམས་ནི་རེ་རེའི་དོན་གྱི་ཕྱིར། །སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡི། །བྱང་ཆུབ་དམ་པ་འཚང་རྒྱ་བྱེད་པར་ཤོག་།ཆུང་མ་བུ་དང་བུ་མོ་
143a
༄#། །གཏོང་བྱེད་པ། །དེ་ལ་བྱང་ཆུབ་ཟག་མེད་དཀའ་བ་མེད། །བརྩོན་འགྲུས་ལྡན་པའི་མི་ནི་གང་ལ་ཡང ། །དཀའ་བ་ཅི་ཡང་མེད་པར་བལྟ་བར་བྱ། །དེ་ལ་ནོར་དང ། འབྲུ་དང ། བང་མཛོད་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ནོར་དང ། འབྲུ་དང།་བང་མཛོད་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་བ་དེ་ནི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་པའི་ཆོས་ཀྱི་མཛོད་ཡོངས་སུ་རྫོགས་པར་འགྱུར་བའི་ཚིག་བླ་དྭགས་ཡིན་གྱི། བདག་གིས་ནོར་དང ། འབྲུ་དང ། བང་མཛོད་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་ནོར་དང ། འབྲུ་དང ། བང་མཛོད་ཡོངས་སུ་གཏོང་བའི་སྦྱིན་པ་དེ་བྱིན་པ་ན། དེ་བཞིན་གཤེགས་པས་གསུངས་པའི་སྨོན་ལམ་བཞིན་དུ་ནོར་དང ། འབྲུ་དང ། བང་མཛོད་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ན། བདག་སེམས་ཅན་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་མཛོད་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ནོར་དང་དབྱིག་རྣམས་གཏོང་བའི་བསོད་ནམས་ནི། །མཁའ་ལས་ལྷག་པ་བདག་ལ་ཅི་ཡོད་པས། །མི་རྣམས་རྒྱུད་ནི་དམ་པའི་ཆོས་མཛོད་ཀྱི། །རྒྱལ་པོའི་མཛོད་ལྟར་མྱུར་དུ་རྒྱས་གྱུར་ཅིག་།ནོར་དང་འབྲུ་
143b
དང་བང་མཛོད་བུད་མེད་རྣམས། །གཏོང་བའི་བསོད་ནམས་བདག་ལ་ཅི་ཡོད་པ། །དེས་ན་བདག་གིས་བྱང་ཆུབ་མྱུར་ཐོབ་ཅིང ། །དམ་པའི་ཆོས་ཀྱི་མཛོད་ནི་ཐོབ་པར་ཤོག་།དེ་ལ་གླིང་བཞི་དང ། ཛམྦུའི་གླིང་དང ། རྒྱལ་སྲིད་དབང་ཕྱུག་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། །རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། གླིང་བཞི་དང ། ཛམྦུའི་གླིང་གི་རྒྱལ་སྲིད་དབང་ཕྱུག་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་བ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་འཐོབ་པར་འགྱུར་བའི་ཚིག་བླ་དྭགས་ཡིན་གྱི། བདག་གིས་གླིང་བཞི་དང ། ཛམྦུའི་གླིང་དང ། རྒྱལ་སྲིད་ཀྱི་དབང་ཕྱུག་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པར་བྱ་གོར་མཆག་སྙམ་མོ། །དེ་གླིང་བཞི་དང ། ཛམྦུའི་གླིང་དང ། རྒྱལ་སྲིད་ཀྱི་དབང་ཕྱུག་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་དེ་བྱིན་པ་ན། དེ་བཞིན་གཤེགས་པས་བསྟན་པའི་སྨོན་ལམ་བཞིན་དུ་གླིང་བཞི་དང ། ཛམྦུའི་གླིང་དང ། རྒྱལ་སྲིད་ཀྱི་དབང་ཕྱུག་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ན། བདག་སེམས་ཅན་ཐམས་ཅད་དམ་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་འཐོབ་པ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གླིང་བཞི་རིལ་གྱིས་བཏང་བ་འདི་དག་ལས།།
144a
༄#། །བདག་གིས་བསོད་ནམས་ཅུང་ཟད་ཅི་བསྒྲུབས་པ། །དེས་ན་མི་རྣམས་འདི་དག་དམ་ཆོས་ཀྱི། །རྒྱལ་སྲིད་འཐོབ་པའི་མཐའ་ནི་ཐོབ་གྱུར་ཅིག་།ཛམྦུ་གླིང་ནི་བྱིན་པ་ཡིས། །རིན་ཆེན་སྣ་བདུན་ལྡན་པ་ཡི། །རྒྱལ་པོ་གླིང་བཞི་དབང་བྱེད་པ། །དབང་ཕྱུག་རྣམ་པར་རྒྱལ་བར་འགྱུར། །དེ་ལ་གཙུག་གི་ནོར་བུ་དང ། ཅོད་པན་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། གཙུག་གི་ནོར་བུ་དང ། ཅོད་པན་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་བ་དེ་ནི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱི་གཙུག་བལྟར་མི་མཐོང་བར་འགྱུར་བའི་བླ་དྭགས་ཡིན་གྱི། བདག་གིས་གཙུག་གི་ནོར་བུ་དང ། ཅོད་པན་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་གཙུག་གི་ནོར་བུ་དང ། ཅོད་པན་ཡོངས་སུ་གཏོང་བའི་སྦྱིན་པ་དེ་བྱིན་པ་ན། དེ་བཞིན་གཤེགས་པས་གསུངས་པའི་སྨོན་ལམ་བཞིན་དུ་གཙུག་གི་ནོར་བུ་དང ། ཅོད་པན་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ན་བདག་སེམས་ཅན་ཐམས་ཅད་ཀྱི་སྤྱི་གཙུག་བལྟར་མི་མཐོང་བ་ཐོབ་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། མགོ་བོའི་ནོར་བུ་ཅོད་པན་བྱིན་པ་ཡི། །བསོད་ནམས་ཚོགས་ནི་བདག་ལ་ཅི་ཡོད་པ། །
144b
དེས་ན་འདིར་ནི་སེམས་ཅན་ཐམས་ཅད་ཀྱིས། །སྤྱི་གཙུག་བལྟར་མེད་རྟག་ཏུ་ཐོབ་གྱུར་ཅིག་།གཙུག་གི་ནོར་བུ་བྱིན་དེས་བདག་།ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །གསེར་དང་ནོར་བུ་བྱིན་པ་ཡིས། །གཙུག་ཏོར་ཕུན་སུམ་ཚོགས་པར་ཤོག་།དེ་ལ་རྐང་པ་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ།་རྐང་པ་སྦྱིན་པ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་རྐང་པ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བའི་ཚིག་བླ་དྭགས་ཡིན་གྱི། བདག་གིས་རྐང་པ་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་ལ་རྐང་པ་སྦྱིན་པ་དེ་བྱིན་པ་ན། དེ་བཞིན་གཤེགས་པས་བརྙེས་པའི་སྨོན་ལམ་བཞིན་དུ་རྐང་པ་བྱིན་འདིས་ན། མི་རྣམས་དང ། སེམས་ཅན་ཐམས་ཅད་རྟག་ཏུ་མྱུར་བར་ཁྱིམ་ནས་མངོན་པར་བྱུང་ནས་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བའི་གནོད་པ་ཞི་བར་བྱ་བའི་དོན་གྱི་ཕྱིར་འདོད་བཞིན་དུ་བག་བརྐྱང་ནས་རབ་ཏུ་དགའ་ཞིང་དབང་པོ་ཞི་ལ་སྐྱབས་སུ་འོས་པ་ཟླ་བའི་འོད་ལྟར་གཟུགས་ཞི་བ་སྣང་བྱེད་ཉི་མ་སྣ་ཚོགས་ཀྱི་གཟི་བརྗིད་ལྟར་སྙིང་རྗེ་ལས་བྱུང་བའི་འོད་ཟེར་འཕྲོ་བས་མཚམས་མེད་པ་ཡན་ཆད་མུན་པར་ཞུགས་པས་ཉམ་ཐག་པའི་མི་རྣམས་ཀྱི་མུན་པ་སྣང་བར་བྱས་ནས་ལུས་རབ་ཏུ་ཚ་བའི་སྡུག་བསྔལ་རྣམས་སེལ་ཅིང་པདྨའི་རྐང་པ་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་མཚན་
145a
༄#། །གྱིས་སྤྲས་ལ། མཉམ་ཞིང་འཇམ་པ་དང ། སོར་མོ་རིང་ཞིང་ངང་པའི་རྐང་པ་ལྟར་དྲ་བས་འབྲེལ་བ་དང ། སེན་མོ་མེ་ལོང་བཟང་པོ་དག་པར་ཕྱིས་པ་ལྟ་བུས་བརྒྱན་ཏེ། མེ་ཏོག་ཀུནད་ལྟར་འདུག་པ་དང ། ལོང་བུ་མི་མངོན་པ་དང ། རྗེ་ངར་སྨྱིག་མ་དང ། རི་དྭགས་ཨེ་ན་ཡའི་བྱིན་པ་འདྲ་བའི་ཡ་མཚན་གྱི་སྟབས་ཀྱིས་དལ་བུས་དལ་ནས་བྱང་ཆུབ་ཀྱི་སྙིང་པོའི་གདན་རྡོ་རྗེའི་སྟེགས་བུའི་གདན། ཆོས་ཀྱི་སེང་གེའི་ཁྲི་ལ་བདུད་རྣམ་པར་གཞོམ་པའི་ཕྱིར་ཤིན་ཏུ་གནོན་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་ཚིག་ཕྱི་མའང་ཡོད་དེ། རྐང་པ་བྱིན་པ་འདི་ཡིས་ན། །རྐང་མཐིལ་འཁོར་ལོའི་མཚན་ཅན་གྱིས། །བྱང་ཆུབ་སྙིང་པོའི་གདན་བཟང་ལ། །བརྟན་པོས་ཤིན་ཏུ་གནོན་པར་ཤོག་།རྐང་པ་བྱིན་པ་འདིས་ན་བདག་།བྱང་ཆུབ་སྙིང་པོའི་གདན་མཆོག་ལ། །འདུག་ནས་བདུད་རྣམས་སྡེ་དང་དཔུང ། །བཞོན་དང་བཅས་པར་འདུལ་བར་ཤོག། དེ་ལ་ལག་མཐིལ་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ལག་མཐིལ་སྦྱིན་པ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་ལག་པ་སྦྱིན་པའི་ཚིག་བླ་དྭགས་ཡིན་གྱི། བདག་གིས་ལག་མཐིལ་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་
145b
སྙམ་མོ། །དེ་ལ་ལག་མཐིལ་གྱི་སྦྱིན་པ་དེ་བྱིན་པ་ན། དེ་བཞིན་གཤེགས་པས་རྣམ་པར་མཁྱེན་པའི་སྨོན་ལམ་བཞིན་དུ་ལག་མཐིལ་སྦྱིན་པ་འདིས་ན་བདག་སེམས་ཅན་དམན་པ་དང།་ལོང་བ་དང ། བཀྲེན་པ་དང ། མགོན་མེད་པ་དང ། སྡུག་བསྔལ་བ་དང ། དབུལ་པོ་དང ། གནས་མེད་པ་དང ། སྐྱབས་མེད་པ་དང ། དཔུང་གཉེན་མེད་པ་རྣམས་དང ། སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དང ། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དང ། མི་ཁོམ་པར་སྐྱེས་པ་རྣམས་ལ་ཆོས་ཀྱི་ལག་པ་སྦྱིན་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་ཚིག་ཕྱི་མའང་ཡོད་དེ། ལག་མཐིལ་བྱིན་པས་མྱུར་དུ་བདག་།རྣམ་འདྲེན་ལག་ན་རིན་ཆེན་དང ། །ལག་པ་རིང་ཞིང་གསེར་མདོག་ལྡན། །འཇིག་རྟེན་མཆོད་གནས་གྱུར་པར་ཤོག་།སྙིང་རྗེས་ནོན་པར་གྱུར་ནས་ནི། །ཆོས་ཀྱི་ལག་པ་བསྟོད་བྱས་ལ། །ངན་སོང་ཀུན་ལས་ལུས་ཅན་རྣམས། །བདག་གིས་རྟག་ཏུ་འབྱིན་པར་ཤོག་།དེ་ལ་རྣ་བ་དང ། སྣ་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། །རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ།་རྣ་བ་དང ། སྣ་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ཚང་བ་ཡོངས་སུ་རྫོགས་པར་འགྱུར་བའི་ཚིག་བླ་དྭགས་ཡིན་གྱི། བདག་གིས་
146a
༄#། །རྣ་བ་དང ། སྣ་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་རྣ་བ་དང ། སྣ་ཡོངས་སུ་གཏོང་བའི་སྦྱིན་པ་དེ་བྱིན་པ་ན། དེ་བཞིན་གཤེགས་པས་རྣམ་པར་གཞག་པའི་སྨོན་ལམ་བཞིན་དུ་རྣ་བ་དང ། སྣ་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ན། བདག་སེམས་ཅན་ཐམས་ཅད་དབང་པོ་ཐམས་ཅད་དང་ལྡན་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། རྣ་བ་དང་ནི་སྣ་བཏང་བས། །སྲོག་ཆགས་རྣམས་ནི་ཐམས་ཅད་ཀྱང ། །དབང་པོ་ཀུན་དང་ལྡན་གྱུར་ཏེ། ། ཡན་ལག་ཐམས་ཅད་རྫོགས་པར་ཤོག་།རྣ་བ་དང་ནི་སྣ་བཏང་བས། །གང་དང་གང་དུ་སྐྱེས་པ་དེར། །བལྟ་ན་སྡུག་ཅིང་གཟུགས་བཟང་ལ། །མི་ནི་དེ་བཞིན་མཛེས་པར་འགྱུར།། དེ་ལ་མིག་གི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། མིག་སྦྱིན་པ་ཞེས་བྱ་བ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་མིག་སྒྲིབ་པ་མེད་པ་ཡོངས་སུ་དག་པའི་ཚིག་བླ་དྭགས་ཡིན་གྱི། བདག་གིས་མིག་གི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་མིག་གི་སྦྱིན་པ་དེ་བྱིན་པ་ན། དེ་བཞིན་གཤེགས་པས་ཡང་དག་པར་མཛད་པའི་སྨོན་ལམ་བཞིན་དུ་མིག་གི་སྦྱིན་པ་འདིས་ན། བདག་སེམས་ཅན་ཐམས་ཅད་ཀྱི་
146b
ཆོས་ཀྱི་མིག་སྒྲིབ་པ་མེད་པ་ཡོངས་སུ་དག་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་ཚིག་ཕྱི་མའང་ཡོད་དེ། མིག་གི་སྦྱིན་པ་འདིས་ན་བདག་།བླ་མེད་བྱང་ཆུབ་སངས་རྒྱས་ནས། །སེམས་ཅན་ཀུན་གྱི་ཆོས་ཀྱི་མིག་།རྣམ་པར་དག་པར་བྱེད་གྱུར་ཅིག་།མིག་བྱིན་བརྟུལ་ཞུགས་བཟང་པོ་དེས། །དྲི་མ་མེད་ཅིང་སྐྱོན་མེད་ལ། །དག་ཅིང་ཡངས་ལ་མཛེས་བཟང་དང ། །ཞི་བའི་མིག་ནི་ཐོབ་པར་འགྱུར། །ཏྤལ་སྔོན་པོའི་འདབ་འདྲ་དང ། །བྱིའུ་ཀུན་ལའི་མིག་འདྲ་ཞིང ། །མིག་གི་རྫིམ་བ་ཡི་འདྲ། །དེ་འདྲའི་མིག་ནི་དེ་ཡིས་འཐོབ། ། དེ་ལ་མགོ་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། མགོ་བོ་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་བ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁམས་གསུམ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་མཆོག་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པའི་ཚིག་བླ་དྭགས་ཡིན་གྱི། བདག་གིས་མགོ་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་མགོ་ཡོངས་སུ་གཏོང་བའི་སྦྱིན་པ་དེ་བྱིན་པ་ན། དེ་བཞིན་གཤེགས་པའི་རྐྱེན་དུ་བབ་པའི་སྨོན་ལམ་བཞིན་དུ་མགོ་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ན། བདག་སེམས་ཅན་ཐམས་ཅད་འཇིག་རྟེན་གསུམ་ལས་ཁྱད་པར་དུ་འཕགས་པའི་མཆོག་ཐམས་ཅད་མཁྱེན་
147a
༄#། །པའི་ཡེ་ཤེས་ཐོབ་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་ཚིག་ཕྱི་མའང་ཡོད་དེ། མགོ་བོ་ཡོངས་སུ་གཏོང་བ་ཡིས། །བསོད་ནམས་བདག་ལ་ཅི་ཡོད་པ། །དེ་ན་སེམས་ཅན་ཀུན་མཁྱེན་གྱི། །གོ་འཕང་མི་གཡོ་ཐོབ་གྱུར་ཅིག་།དེ་ལ་པགས་ཤུན་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། པགས་ཤུན་ཡོངས་སུ་གཏོང་པའི་སྦྱིན་པ་ཞེས་བྱ་བ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་པགས་པ་འཇམ་ཞིང་སྲབ་ལ་གསེར་གྱི་ཁ་དོག་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བའི་ཚིག་བླ་དྭགས་ཡིན་གྱི། བདག་གིས་པགས་ཤུན་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་པགས་ཤུན་ཡོངས་སུ་གཏོང་བའི་སྦྱིན་པ་དེ་བྱིན་པ་ན། དེ་བཞིན་གཤེགས་པའི་སྨོན་ལམ་བཞིན་དུ་པགས་ཤུན་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ན། བདག་སེམས་ཅན་ཐམས་ཅད་ཀྱི་པགས་པ་འཇམ་ཞིང་སྲབ་ལ། གསེར་གྱི་ཁ་དོག་ལྟ་བུ་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་ཚིག་ཕྱི་མའང་ཡོད་དེ། པགས་ཤུན་ཡོངས་སུ་བཏང་བ་ཡིས། །བདག་གིས་སུ་ནི་ལུས་ཅན་རྣམས། །པགས་ཤུན་ལུས་ལས་སྐྱེས་པ་དག་།འཇམ་སྲབ་གསེར་གྱི་མདོག་སྒྱུར་
147b
ཤོག་།དེ་ལ་ཤ་དང ། ཁྲག་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ཤ་དང་ཁྲག་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་བ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོ་མེད་པ་ཐམས་ཅད་ལས་སྙིང་པོ་བླང་བའི་ཚིག་བླ་དྭགས་ཡིན་གྱི། བདག་གིས་ཤ་དང ། ཁྲག་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་ཤ་དང ། ཁྲག་ཡོངས་སུ་གཏོང་བའི་སྦྱིན་པ་དེ་བྱིན་པ་ན། དེ་བཞིན་གཤེགས་པས་བསྐྱེད་པའི་སྨོན་ལམ་བཞིན་དུ་ཤ་དང ། ཁྲག་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ན་བདག་གིས་སེམས་ཅན་ཐམས་ཅད་སྙིང་པོ་མེད་པ་ཐམས་ཅད་ལས་སྙིང་པོ་ལེན་དུ་འཇུག་པར་བྱེད་པར་གྱུར་ཅིག་ཅེས་སྨོན་འདེབས་སོ། །དེ་ལ་ཚིག་ཕྱི་མའང་ཡོད་དེ། ཤ་དང་ཁྲག་གི་སྦྱིན་པ་ཡི། །རྣམ་སྨིན་བདག་ལ་ཅི་ཡོད་དེས། །སྙིང་པོ་མེད་པ་མ་ལུས་ལ། །འགྲོ་ཀུན་སྙིང་པོར་ཐོབ་གྱུར་ཅིག ། དེ་ལ་རྐང་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། རྐང་སྦྱིན་པ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་རྡོ་རྗེ་ལྟར་མི་ཤིགས་པ་ཡོངས་སུ་རྫོགས་པར་འགྱུར་བའི་ཚིག་བླ་དྭགས་ཡིན་གྱི། བདག་གིས་རྐང་གི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་རྐང་གི་
148a
༄#། །སྦྱིན་པ་དེ་བྱིན་པ་ན། དེ་བཞིན་གཤེགས་པས་བསྐྱེད་པའི་སྨོན་ལམ་བཞིན་དུ་རྐང་གི་སྦྱིན་པ་འདིས་ན། བདག་སེམས་ཅན་ཐམས་ཅད་ཀྱི་ལུས་རྡོ་རྗེ་ལྟར་མི་ཤིགས་པ་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་ཚིག་ཕྱི་མའང་ཡོད་དེ། །རྐང་གི་སྦྱིན་པ་འདི་ཡིས་ན། །བདག་གིས་སེམས་ཅན་ཐམས་ཅད་ཀྱི། །རྣག་གི་ལུས་ཀྱི་ཟ་མ་ཏོག་།རྡོ་རྗེ་མི་ཤིགས་རྫོགས་བྱེད་ཤོག་།གཞན་ཡང ། བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ཁ་དོག་ཕུན་སུམ་ཚོགས་པ་བྱིན་པས་ནི་ཁ་དོག་དང་ལྡན་པར་འགྱུར་གྱི། བདག་གིས་ཁ་དོག་ཕུན་སུམ་ཚོགས་པ་སྦྱིན་པར་བྱ་གོར་མ་ཆག་སྙམ་སེམས་ཤིང་དྲི་ཕུན་སུམ་ཚོགས་པ་བྱིན་པས་ནི་གྲགས་པའི་དྲི་དང་ལྡན་པར་འགྱུར། རོ་བྲོ་བ་ཕུན་སུམ་ཚོགས་པ་བྱིན་པས་ནི་ཡོ་བྱད་གྱ་ནོམ་པ་རྣམས་ཐོབ་པར་འགྱུར། རེག་པ་ཕུན་སུམ་ཚོགས་པ་བྱིན་པས་ནི་རྐང་ལག་འཇམ་ཞིང་གཞོན་ཤ་ཆགས་པར་འགྱུར། རང་གི་ལག་ནས་བྱིན་པས་ནི་བསྙེན་བཀུར་བྱེད་པ་ཐོབ་པར་འགྱུར། གུས་པར་བྱས་ཏེ་བྱིན་པས་ནི་གཉེན་ལ་སོགས་པའི་ནང་དུ་གཞན་གྱིས་བཀུར་སྟི་བྱ་བར་འགྱུར། དུས་སུ་བྱིན་པས་ནི་དེའི་ནོར་རྣམས་དུས་སུ་འགྲུབ་ཅིང་རྒྱས་པར་འགྱུར། མཐུན་པ་དང ། ཡིད་དུ་འོང་བ་བྱིན་པས་ནི་མལ་དང ། གོས་ལ་སོགས་པ་ལོངས་སྤྱོད་ཡིད་དུ་འོང་བ་རྣམས་ལ་སེམས་
148b
འཇུག་པར་འགྱུར། གཞན་ལ་མི་གནོད་པར་བྱིན་པས་ནི་ལོངས་སྤྱོད་བརྟན་པ་དག་ཐོབ་པར་འགྱུར། མི་དགའ་བ་དང་དུ་ལེན་པའི་བྱིན་པས་ནི་འཁོར་སྙིང་ཉེ་བར་འགྱུར། ཟས་བྱིན་པས་ནི་སྟོབས་དང་ལྡན་པར་འགྱུར། སྐོམ་བྱིན་པས་ནི་སྐོམ་པ་མེད་པར་འགྱུར། །གོས་བྱིན་པས་ནི་ཁ་དོག་དང་ལྡན་པར་འགྱུར། མར་མེ་བྱིན་པས་ནི་མིག་དང་ལྡན་པར་འགྱུར། རོལ་མོའི་སྒྲ་བྱིན་པས་ནི་རྣ་བ་ཉམས་པ་མེད་པར་འགྱུར། བཞོན་པ་བྱིན་པས་ནི་བདེ་བ་དང་ལྡན་པར་འགྱུར། སྨན་བྱིན་པས་ནི་ནད་ཉུང་བར་འགྱུར། མེ་ཏོག་བྱིན་པས་ནི་གཞན་གྱིས་མཆོད་པར་འགྱུར། མེ་ཏོག་ཕྲེང་བྱིན་པས་ནི་གཞན་གྱིས་རིམ་གྲོ་བྱ་བར་འགྱུར། བསྟོད་པ་བྱིན་པས་ནི་ཚངས་པའི་དབྱངས་དང་ལྡན་པར་འགྱུར། སྟན་བྱིན་པས་ནི་བླ་མའི་གནས་ཐོབ་པར་འགྱུར། བཞོན་པ་བྱིན་པས་ནི་རྫུ་འཕྲུལ་དང་ལྡན་པར་འགྱུར། བྱུག་པ་བྱིན་པས་ནི་རྨ་མེད་པར་འགྱུར། ཕྱག་དར་བྱ་བ་བྱིན་པས་ནི་རྡུལ་དང་བྲལ་བར་འགྱུར། དྲིལ་བུ་བྱིན་པས་ནི་ཚེ་རབས་དྲན་པར་འགྱུར། གནས་བྱིན་པས་ནི་ཐམས་ཅད་བྱིན་པར་འགྱུར། ཆོས་བྱིན་པས་ནི་བདུད་རྩི་བྱིན་པར་འགྱུར་གྱི། བདག་གིས་ཆོས་ཀྱི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་སྦྱིན་པ་དེ་ལྟ་བུ་བྱིན་པ་ན་ཆགས་པས་སྦྱིན་པར་མི་བྱེད། སྡང་བས་སྦྱིན་པར་མི་བྱེད། རྨོངས་པས་སྦྱིན་པར་མི་བྱེད། ཚིག་པ་ཟ་ཞིང་སྦྱིན་པར་མི་བྱེད། བརྙས་བཞིན་དུ་སྦྱིན་པར་མི་
149a
༄#། །བྱེད། རྡེག་ཅིང་སྦྱིན་པར་མི་བྱེད་དེ། ཚར་བཅད་དེ་སྦྱིན་པར་མི་བྱེད། ཁྱད་དུ་གསོད་ཅིང་སྦྱིན་པར་མི་བྱེད། སྨད་དེ་སྦྱིན་པར་མི་བྱེད། ང་རྒྱལ་གྱིས་ཁེངས་བཞིན་དུ་སྦྱིན་པར་མི་བྱེད། འགྱིང་བཞིན་དུ་སྦྱིན་པར་མི་བྱེད། ལྷག་མར་གྱུར་པ་སྦྱིན་པར་མི་བྱེད། རུལ་ཅིང་མྱགས་པ་སྦྱིན་པར་མི་བྱེད་ཀྱི། སྦྱིན་པ་གང་དང ། གང་སྦྱིན་པ་དེ་གུས་པར་བྱས་ཏེ་སྦྱིན་པར་བྱེད། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཤིང་བརྗོད་ནས་སྦྱིན་པར་བྱེད། མང་དུ་སྦྱིན་པར་བྱེད། བཟང་པོ་སྦྱིན་པར་བྱེད། རབ་ཏུ་དགའ་བས་སྦྱིན་པར་བྱེད། དགའ་ཞིང་མགུ་བས་སྦྱིན་པར་བྱེད། གཙང་བ་དང ། རྒྱ་ཆེར་སྦྱིན་པར་བྱེད། རང་གི་ལག་ནས་སྦྱིན་པར་བྱེད། གུས་པ་དང་བཅས་པ་དང ། ཞེ་སར་བཅས་པས་སྦྱིན་པར་བྱེད། བསམ་པ་དག་ཅིང་བཟང་ལ་དགེ་བས་སྦྱིན་པར་བྱེད། སེར་སྣ་མེད་པར་སྦྱིན་པར་བྱེད། བརྐམ་པ་མེད་པར་སྦྱིན་པར་བྱེད། ཞུམ་པ་མེད་པར་སྦྱིན་པར་བྱེད། འཇིགས་པ་མེད་པར་སྦྱིན་པར་བྱེད། རྒྱ་ཆེ་ཞིང་ཡངས་པར་སྦྱིན་པར་བྱེད་དོ། །དེ་སྦྱིན་པ་དེ་ལྟ་བུ་དེ་སྦྱིན་པ་ན་འདི་སྙམ་དུ་འདི་ནི་ཚུལ་ཁྲིམས་དང་ལྡན་པ་ཡིན་གྱི་བདག་གིས་སྦྱིན་པར་བྱའོ།། འདི་ནི་ཚུལ་ཁྲིམས་འཆལ་བ་ཡིན་ནོ། །འདི་ནི་དགེ་བའི་ཆོས་དང་ལྡན་པ་ཡིན་ནོ། །འདི་ནི་དགེ་བའི་ཆོས་མ་ཡིན་པ་དང་ལྡན་པ་ཡིན་ནོ། །འདི་ལ་བྱིན་ན་ནི་འབྲས་བུ་ཆེ་བ་དང ། །
149b
ཕན་ཡོན་ཆེ་བ་དང ། མཐུ་ཆེ་བར་འགྱུར་རོ། །འདི་ལ་བྱིན་ན་ནི་འབྲས་བུ་མི་ཆེ་བ་དང ། ཕན་ཡོན་མི་ཆེ་བ་དང ། མཐུ་མི་ཆེ་བར་འགྱུར་རོ་སྙམ་དུ་མི་སེམས་སོ། །གཞན་ཡང ། ཡང་དག་པའི་བློ་དང་ལྡན་གྱི་ཡང་དག་པ་མ་ཡིན་པའི་ཕྱིར་དེ་སྦྱིན་པ་དེ་བྱིན་པ་ན། འདི་སྙམ་དུ་སྦྱིན་པ་འདི་དང ། དགེ་བའི་རྩ་བ་དང ། ཆོས་ཀྱི་ཕྱིར་སྦྱིན་པ་ཡོངས་སུ་གཏོང་བ་འདིས་ན་བདག་རྒྱལ་པོར་གྱུར་ཅིག་ཅེའམ། རྒྱལ་པོ་གཞན་ནམ། བློན་པོ་ཆེན་པོ་འམ། ལྷའམ། ཀླུ་འམ། ལྷའི་བུའམ། ལྷ་གཞན་གང་ཡང་རུང་བ་ཞིག་ཏུ་གྱུར་ཅིག་ཅེས་སེམས་སྐྱེད་པར་མི་བྱེད་དོ། །འོ་ན་གང་དུ་ཞེ་ན། གཞན་དུ་ན་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དེ། དགེ་བའི་རྩ་བ་འདི་དང ། ཆོས་ཀྱི་ཕྱིར་ཡོངས་སུ་གཏོང་བ་འདིས་ན ། བདག་སེམས་ཅན་མ་བརྒལ་བ་རྣམས་སྒྲོལ་བ་དང ། མ་གྲོལ་བ་རྣམས་གྲོལ་བར་བྱེད་པ་དང ། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བར་བྱེད་པ་དང ། འཇིག་རྟེན་ལོང་བ་འདྲེན་པ་མེད་པ་དང ། སྐྱོབ་པ་མེད་པ་དང ། སྐྱབས་མེད་པ་དང ། གནས་མེད་པ་དང ། གླིང་མེད་པ་དང ། དཔུང་གཉེན་མེད་པ་རྣམས་ཀྱི་འདྲེན་པ་དང ། ཡོངས་སུ་འདྲེན་པ་དང ། སྒྲོལ་བ་དང ། སྐྱབས་དང ། གནས་དང ། གླིང་དང ། དཔུང་གཉེན་དུ་གྱུར་ཅིག་ཅེས་ཡོངས་སུ་བསྔོ་བར་བྱེད་དོ། །དེ་ལ་འདི་སྐད་
150a
༄#། །ཅེས་བྱ་སྟེ། ཆོས་ཕྱིར་སྦྱིན་པ་འདིས་ན་བདག་།འཁོར་བ་ཡི་ནི་རྒྱ་མཚོ་ལས། །གཞན་མིན་ཐེག་པ་ཆེན་པོ་ཡིས། །སེམས་ཅན་རྣམས་ནི་སྒྲོལ་གྱུར་ཅིག་།སྐྱེ་བོ་ཐམས་ཅད་ཉོན་མོངས་པའི། །འཆིང་བ་དག་ལས་གྲོལ་བར་ཤོག་།དབུགས་མ་ཕྱིན་པ་དབུགས་འབྱིན་ཅིང ། །མྱ་ངན་འདས་ལམ་སྟོན་གྱུར་ཅིག་།འཇིག་རྟེན་ལོང་བ་འདྲེན་མེད་པའི།། ཡོངས་སུ་འདྲེན་པར་བདག་གྱུར་ཅིག་།ལུས་ཅན་རྣམས་ལ་སྐྱོབས་པ་དང ། །དཔུང་གཉེན་གླིང་དང་སྐྱབས་གྱུར་ཅིག་།རིགས་ཀྱི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པར་བྱེད་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིའི་ཕུག་དང ། ཟོམ་དང ། རིའི་སུལ་དང ། གསེབ་དང།་སྨན་ལྗོངས་ན་སེང་གེའི་མཆོག་རྣམ་པར་བསྒྱིངས་ཤིང ། ང་རོ་རྣམ་པར་སྒྲོགས་པ་ལྟ་བུའི་མིའི་དབང་པོའི་གཙུག་གི་ནོར་བུས། བཅོམ་ལྡན་འདས་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་དབྱེ་བ་བཤད་པ་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་བདེ་བ་དང ། ཡིད་བདེ་བ་སྐྱེས་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་པདྨའི་སྙིང་པོ་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུང་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་
150b
དབྱངས་ཀྱིས་ལེགས་སོ་ཞེས་བྱ་བ་གསོལ་ཏོ། །སྦྱིན་མཛད་ལེགས་སོ་རྟག་ཏུ་ཡབ་འདྲ་ཁྱོད་ལེགས་སོ། །སྦྱིན་མཛད་ལེགས་སོ་གསུང་མཛད་བདེ་གཤེགས་ཁྱོད་ལེགས་སོ། །གཉེན་གྱུར་ལེགས་སོ་མཛའ་བོ་སྟོན་པར་གྱུར་བ་ལེགས། །གཅིག་པོ་འདི་ནི་དམྱལ་བ་སྐྱོབ་པ་ཁྱོད་ལེགས་སོ། །ཐུ་བོ་ལེགས་སོ་ལྷ་མི་རྣམས་ནང་བགྲེས་པ་ལེགས། །མཆོད་གནས་ལེགས་སོ་མི་རྣམས་ནང་ན་དཔའ་བོ་ལེགས། །གསུངས་པ་ལེགས་སོ་བདག་ཉིད་ཆེན་པོར་རབ་དུལ་ལེགས། །མི་རྣམས་ཉོན་མོངས་ནད་སེལ་སྨན་པའི་རྒྱལ་པོ་ལེགས། །གྲོལ་བ་ལེགས་སོ་སྲིད་པ་གསུམ་ལས་རྣམ་གྲོལ་ལེགས། །སྨན་པ་ལེགས་སོ་ཕན་བཞེད་དམ་པ་སྦྱིན་མཛད་ལེགས། །དཔལ་ཡོན་ཅན་ལེགས་བཀྲ་ཤིས་སྙོམས་པའི་ཐུགས་མངའ་ལེགས། །སྐལ་ལྡན་ཟླ་བ་ཉ་འདྲ་དྲི་མེད་ཞལ་མངའ་ལེགས། །བློ་ལྡན་མཐོན་མཐིང་སྤྱན་ཡངས་རིང་བ་ལེགས། །དཔལ་ལྡན་ཤངས་འཚམ་ཆ་བྱད་རྨད་དུ་བྱུང་བ་ལེགས། །སྨྲ་མཁས་སྙན་ཤལ་གསེར་གྱི་འཕྱང་ཐག་འདྲ་བ་ལེགས། །མཆེ་བ་ཁ་བ་དུང་འདྲ་ལེགས་ལ་ཕྱག་འཚལ་ལོ། །གཙོ་བོ་བགྲེས་པ་མགོན་པོ་ཁྱོད་ཀྱིས་དེ་རིང་དུ། །མི་རྣམས་སྦྱིན་པ་དབྱེ་བ་ལེགས་པར་གསུངས་པ་ལེགས། ། སླར་ཞིང་ཚུལ་ཁྲིམས་བཟོད་པ་སྟོབས་དང་ཡེ་ཤེས་དང ། །ཐབས་དང་བསམ་གཏན་རྫུ་འཕྲུལ་སྨོན་ལམ་མཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།
151a
༄#། །བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་དང ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང ། རིའི་ཕུག་དང ། ཟོམ་དང།་རིའི་སུལ་དང ། གསེབ་དང ། སྨན་ལྗོངས་ན་སེང་གེའི་མཆོག་རྣམ་པར་བསྒྱིངས་ཤིང་ང་རོ་རྣམ་པར་སྒྲོགས་པ་ལྟ་བུའི་མིའི་དབང་པོའི་གཙུག་གི་ནོར་བུ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་དག་དང ། ལྷའི་བུ་དེ་དག་དང ། རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་བྷརྨ་དང ། ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།