rKTs


H172

(e-text produced by ACIP)

see text in transliteration
495a
རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་ལ་ལི་ཀཱ་པ་རི་པྲྀཙྪཱ་ནཱ་མ་མཧཱ་ཡཱ་ན་སཱུཏྲ། བོད་སྐད་དུ། འཕགས་པ་བགྲེས་མོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་བྲི་ཛིན་ཡུལ་རྒྱུ་བ་རྒྱུ་ཞིང་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་གྲོང་ཁྱེར་ཆེན་པོ་ཡངས་པ་ཅན་ག་ལ་བ་དེར་གཤེགས་
495b
དང ། དེའི་ཚེ་གྲོང་གི་བུད་མེད་།ན་མོ་གཏུགས་པ། འཁོགས་པ། ན་ཚོད་ལས་འདས་པར་གྱུར་པ། སྐྱེས་ནས་ལོ་བརྒྱ་ཉི་ཤུ་ལོན་པ་ཞིག་དགོན་པ་ན་རྩཝ་སྡུད་ཅིང་འདུག་སྟེ། བུད་མེད་དེས་བཅོམ་ལྡན་འདས་མཛེས་པ། དང་བར་བྱེད་པ། དབང་པོ་དུལ་བ། ཐུགས་དུལ་བ། དུལ་བ་དང ། ཞི་གནས་མཆོག་བརྙེས་པ། སྦས་པ། སྐྱོན་མེད་པ། དབང་པོ་དུལ་བ། མཚོ་ལྟར་དང་ཞིང་གསལ་ལ་རྙོགས་པ་མེད་པ། གསེར་གྱི་མཆོད་སྡོང་ལྟར་མངོན་པར་འཕགས་པ། དཔལ་གྱིས་ལྷ་མ་མེ། ལྷན་ནེ། ལྷང་ངེ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ་ཐག་རིང་པོ་ནས་བྱོན་པ་མཐོང་ངོ ། །མཐོང་ནས་ཀྱང་སེམས་དང་བར་གྱུར་ནས་དད་པའི་སེམས་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་སྟེ། བུད་མེད་དེས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སྐྱེ་བ་གང་ནས་མཆིས། རྒ་བ་གང་ནས་མཆིས། གང་དུ་མཆི། བཅོམ་ལྡན་འདས་ན་བ་གང་ནས་མཆིས། འཆི་བ་གང་ནས་མཆིས། གང་དུ་མཆི། བཅོམ་ལྡན་འདས། གཟུགས་གང་ནས་མཆིས། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་
496a
༄#། །པར་ཤེས་པ་གང་ནས་མཆིས། གང་དུ་མཆི། བཅོམ་ལྡན་འདས། སའི་ཁམས་གང་ནས་མཆིས། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་དང ། ནམ་མཁའི་ཁམས་དང ། རྣམ་པར་ཤེས་པའི་ཁམས་གང་ནས་མཆིས། གང་དུ་མཆི། བཅོམ་ལྡན་འདས། མིག་གང་ནས་མཆིས། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་གང་ནས་མཆིས། གང་དུ་མཆི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲིང་མོ། སྐྱེ་བ་གང་ནས་ཀྱང་མི་འོང ། རྒ་བ་གང་ནས་ཀྱང་མི་འོང ། གང་དུའང་མི་འགྲོའོ།། སྲིང་མོ།་ན་བ་གང་ནས་ཀྱང་མི་འོང ། །འཆི་བ་གང་ནས་ཀྱང་མི་འོང ། །གང་དུའང་མི་འགྲོའོ། །སྲིང་མོ། གཟུགས་གང་ནས་ཀྱང་མི་འོང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་གང་ནས་ཀྱང་མི་འོང ། གང་དུའང་མི་འགྲོའོ། །སྲིང་མོ། སའི་ཁམས་གང་ནས་ཀྱང་མི་འོང ། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་དང ། ནམ་མཁའི་ཁམས་དང ། རྣམ་པར་ཤེས་པའི་ཁམས་གང་ནས་ཀྱང་མི་འོང ། གང་དུའང་མི་འགྲོའོ། །སྲིང་མོ། །མིག་གང་ནས་ཀྱང་མི་འོང ། །རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་གང་ནས་ཀྱང་མི་འོང ། གང་དུའང་མི་འགྲོའོ། །སྲིང་མོ། །འདི་ལྟ་སྟེ། དཔེར་ན། གཙུབ་ཤིང་དང ། གཙུབ་བསྟན་ལའང་བརྟེན་ལ། དེ་བསྐྱེད་པའི་མིའི་རྩོལ་བ་
496b
ལའང་བརྟེན་ནས་མེ་འབྱུང་སྟེ། མེ་དེའང་རྩཝ་དང ། ཤིང་དེ་བསྲེགས་ནས་རྒྱུ་མེད་པ་དང ། ཤི་བར་འགྱུར་རོ། །སྲིང་མོ། འདི་ཅི་སྙམ་དུ་སེམས། མེ་དེ་གང་ནས་འོང ། གང་དུ་སོང ། གསོལ་པ།་བཅོམ་ལྡན་འདས་ཞུགས་དེ་ནི་ཚོགས་པའི་དབང་གིས་བྱུང་།ཚོགས་པ་དང་བྲལ་བས་འགགས་ཏེ། འགུམ་མོ། །བཀའ་སྩལ་པ། སྲིང་མོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཚོགས་པའི་དབང་གིས་འབྱུང ། ཚོགས་དང་བྲལ་བས་འགགས་ཏེ། འདི་ལ་ཆོས་གང་ཡང་གང་ནས་ཀྱང་འོང་བའམ། གང་དུའང་འགྲོ་བ་མེད་དོ། །སྲིང་མོ། །འདི་ལྟ་སྟེ། མིང་དང ། གཟུགས་ལ་བརྟེན་ནས། མིག་གི་རྣམ་པར་ཤེས་པ་འབྱུང་ཡང་མིག་གི་རྣམ་པར་ཤེས་པ་ལ་སྐྱེད་པར་བྱེད་པའང་མེད། འགག་པར་བྱེད་པའང་མེད། གང་དུའང་གསོག་པ་མེད། ཕུང་པོ་གང་ལས་ཀྱང་འོང་བའམ། འགྲོ་བའང་མེད་ལ། གང་གི་རྣམ་པར་ཤེས་པའི་རྐྱེན་གྱིས་ལས་མངོན་པར་འདུས་བྱས་ནས་ཁམས་གསུམ་དུ་འབྲས་བུ་རྣམ་པ་གསུམ་གྱིས་འབྲས་བུ་ཉེ་བར་སྟོན་ཏེ། འབྲས་བུ་དེའང་སྟོང་པ། འོང་བ་མེད་པ། འགྲོ་བ་མེད་པ། སུས་ཀྱང་མ་སྐྱེས་པ། སུས་ཀྱང་མ་བཀག་པ་སྟེ། སྲིང་མོ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་འགགས་པའོ། །དེ་བཞིན་དུ་རྣ་བ་དང ། སྒྲ་དང ། སྣ་དང ། དྲི་དང ། ལྕེ་དང ། རོ་དང ། ལུས་དང ། རེག་བྱ་དང ། ཡིད་དང ། ཆོས་རྣམས་ལ་རྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་
497a
༄#། །བྱུང་ཡང་ཡིད་ཀྱི་རྣམ་པར་ཤེས་པ་དེ་ལ་སྐྱེད་པར་བྱེད་པའང་མེད། འགག་པར་བྱེད་པའང་མེད། གང་ཡང་གསོག་པའང་མེད། ཕུང་པོ་གང་ལས་ཀྱང་འོང་བའམ། འགྲོ་བའང་མེད་ལ་ཡིད་ཀྱི་རྣམ་པར་ཤེས་པའི་རྐྱེན་གྱིས་ལས་མངོན་པར་འདུ་བྱས་ནས་ཁམས་གསུམ་དུ་འབྲས་བུ་རྣམ་པ་གསུམ་གྱིས་འབྲས་བུ་ཉེ་བར་སྟོན་ཏེ། འབྲས་བུ་དེའང་སྟོང་པ། འོང་བ་མེད་པ། འགྲོ་བ་མེད་པ། སུས་ཀྱང་མ་བསྐྱེད་པ། སུས་ཀྱང་མ་བཀག་པ་སྟེ། སྲིང་མོ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་འགགས་པའོ། །སྲིང་མོ། འདི་ལྟ་སྟེ། དཔེར་ན།་ཤིང་དང ། པགས་པ་དང ། དབྱུག་གུ་ལའང་བརྟེན། དེ་སྐྱེད་པའི་མིའི་རྩོལ་བ་ལའང་བརྟེན་ནས་རྔའི་སྒྲ་འབྱུང་སྟེ། རྔའི་སྒྲ་དེ་འདས་པའང་སྟོན། མ་འོངས་པའང་སྟོན།་ད་ལྟར་བྱུང་བའང་སྟོན་སྟེ། སྒྲ་ནི་ཤིང་ལའང་མི་གནས། པགས་པ་ལའང་མི་གནས། དབྱུག་གུ་ལའང་མི་གནས། མིའི་ལག་པ་ལའང་མི་གནས་མོད་ཀྱི། འོན་ཀྱང་དེའི་རྐྱེན་གྱིས་སྒྲ་འདོགས་ཏེ། གང་སྒྲ་དེ་འདོགས་པའང་སྟོང་པ། འོང་བ་མེད་པ། འགྲོ་བ་མེད་པ། སུས་ཀྱང་མ་བསྐྱེད་པ། སུས་ཀྱང་མ་བཀག་པ་སྟེ། སྲིང་མོ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་འགགས་པའོ། །སྲིང་མོ། དེ་བཞིན་དུ་ཆོས་ཐམས་ཅད་ནི་རྐྱེན་གྱིས་ཁ་ན་ལས་པ་སྟེ། འདི་ལྟར་མ་རིག་པ་དང ། སྲེད་པ་དང ། ལས་དང ། རྣམ་པར་ཤེས་
497b
པའོ། །ཆོས་དེ་དག་ཡོད་ན་འཆི་འཕོ་དང ། སྐྱེ་བ་འདོགས་ཏེ། གང་འཆི་འཕོ་དང ། སྐྱེ་བ་འདོགས་པ་དེའང་སྟོང་པ། འོང་བ་མེད་པ། འགྲོ་བ་མེད་པ། སུས་ཀྱང་མ་སྐྱེས་པ། སུས་ཀྱང་མ་བཀག་པ་སྟེ། སྲིང་མོ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་འགགས་པའོ། །སྲིང་མོ། དེ་ལྟར་སུས་རྔ་སྒྲའི་ཚུལ་རབ་ཏུ་ཤེས་པ་དེས་སྟོང་པ་ཉིད་རབ་ཏུ་ཤེས་སོ། །སུས་སྟོང་པ་ཉིད་རབ་ཏུ་ཤེས་པ་དེས་མྱ་ངན་ལས་འདས་པ་རབ་ཏུ་ཤེས་སོ། །སུས་མྱ་ངན་ལས་འདས་པ་རབ་ཏུ་ཤེས་པ་དེ། ཐ་སྙད་རྣམ་པ་སྣ་ཚོགས་ཀྱིས་ཐ་སྙད་འདོགས་ཀྱང་དངོས་པོ་གང་ལའང་མངོན་པར་ཞེན་པ་མེད་དེ། བདག་གི་འདི་དང ། དེ་ནི་བདག་གོ་ཞེ་འམ། སེམས་ཅན་ནོ་ཞེ་འམ། སྲོག་གོ་ཞེ་འམ། གསོ་བའོ་ཞེ་འམ། སྐྱེས་བུའོ་ཞེ་འམ། གང་ཟག་གོ་ཞེ་འམ། ཤེད་ལས་སྐྱེས་སོ་ཞེ་འམ། ཤེད་བུའོ་ཞེ་འམ། བྱེད་པ་པོ་ཞེ་འམ། བྱེད་དུ་འཇུག་པ་པོ་ཞེ་འམ། ལེན་པ་པོ་ཞེ་འམ། འདོར་བ་པོ་ཞེས་དེ་མངོན་པར་ཞེན་པ་མེད་པར་ཆོས་སྟོན། ཆོས་རབ་ཏུ་སྟོན། ཡང་དག་པའི་མཐའ་སྟོན། ཡང་དག་པའི་མཐའ་རབ་ཏུ་སྟོན་ཏོ། །སྲིང་མོ། འདི་ལྟ་སྟེ། དཔེར་ན། རི་མོ་མཁན་གྱི་སློབ་མ་ཞིག་གིས་རས་བཅོས་མ་ཤིན་ཏུ་ཕྱི་བ་དར་བྱས་པའམ། ཤིང་ལེབ་བམ། རྩིག་ངོས་ཤིན་ཏུ་ཕྱི་བདར་བྱས་བ་ཞིག་ལ་ཚོན་སྣ་ཚོགས་འགྱེད་ཅིང་གཟུགས་ཀྱི་རྣམ་པ་གང་དང ། གང་འདོད་པ། འདི་ལྟ་སྟེ། སྐྱེས་པའི་གཟུགས་གྱི་རྣམ་
498a
༄#། །པའམ།་བུད་མེད་ཀྱི་གཟུགས་ཀྱི་རྣམ་པའམ། གླང་པོ་ཆེའི་གཟུགས་ཀྱི་རྣམ་པའམ། རྟའི་གཟུགས་ཀྱི་རྣམ་པའམ། བོང་བུའི་གཟུགས་ཀྱི་རྣམ་པ་དང ། དེ་དག་ཡན་ལག་དང ། ཉིང་ལག་དང ། དབང་པོ་ཐམས་ཅད་མ་ཚང་བ་མེད་པ་དང ། ཚེགས་ཆུང་དུས་མངོན་བར་སྒྲུབ་ཅིང་འདྲི་སྟེ། མངོན་པར་སྒྲུབ་པར་བྱེད་ཀྱང ། དེ་ལ་ཆོས་གང་ཡང་རི་མོ་མཁན་གྱི་ལག་པ་འམ། སེམས་ལས་གཟུགས་སུ་འཕོས་པ་མེད་མོད་ཀྱི། འོན་ཀྱང་དེའི་རྐྱེན་གྱིས་གཟུགས་འདོགས་ཏེ། གང་གཟུགས་དེ་འདོགས་པ་དེའང་སྟོང་པ། འོང་བ་མེད་པ།་འགྲོ་བ་མེད་པ། སུས་ཀྱང་མ་བསྐྱེད་པ། སུས་ཀྱང་མ་བཀག་པ་སྟེ། སྲིང་མོ། །ཆོས་ཐམས་ཅད་ནི་རང་བཞིན་གྱི་འགགས་པའོ། །སྲིང་མོ། །དེ་བཞིན་དུ་བསོད་ནམས་སུ་ཉེ་བར་འགྲོ་བའི་མངོན་པར་འདུ་བྱེད་པ་རྣམས་ཡོད་ན། འདི་ལྟ་སྟེ། ལྷའམ། མིའི་ནང་དུ་བསོད་ནམས་སུ་ཉེ་བར་འགྲོ་བའི་ལུས་མངོན་པར་གྲུབ་ཀྱང ། དེ་ལ་གང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བ་ནི་རྡུལ་ཙམ་ཡང་མེད་མོད་ཀྱི། འོན་ཀྱང་མངོན་པར་འདུ་བྱེད་པའི་རྐྱེན་གྱིས་སྐྱེ་བ་སྣ་ཚོགས་ཡོད་དེ། སྐྱེ་མཆེད་ཡོད་པའི་ལས་སུ་རྣམ་པར་རིག་གོ་།དེ་བཞིན་དུ་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ཡོད་ན། འདི་ལྟ་སྟེ། སེམས་ཅན་དམྱལ་བ་འམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ །
498b
ལྷ་མ་ཡིན་རྣམས་སུ་བསོད་ནམས་མ་ཡིན་པའི་ལུས་མངོན་པར་འགྲུབ་ཀྱང་དེ་ལ་གང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ནི་རྡུལ་ཙམ་ཡང་མེད་མོད་ཀྱི། འོན་ཀྱང་མངོན་པར་འདུ་བྱེད་པའི་རྐྱེན་གྱིས་སྐྱེ་བ་སྣ་ཚོགས་ཡོད་དེ། སྐྱེ་མཆེད་ཡོད་པས་ལུས་སུ་རྣམ་པར་རིག་གོ་།སྲིང་མོ། འདི་ལྟ་སྟེ། དཔེར་ན། ཀླུ་རྣམས་ཀྱི་ཀླུའི་མཐུས་སྤྲིན་གྱི་ཚོགས་རྒྱ་ཆེན་པོ་འབྱུང་སྟེ། སྤྲིན་གྱི་དྲ་བས་དེ་དག་གིས་ས་ཁེབས་པར་བྱས་ནས་ཆར་ཆེན་པོ་རྒྱ་ཆེར་འབེབས་ཏེ། ཆར་ཆེན་པོ་རྒྱ་ཆེར་ཕབ་ནས་ཀྱང་སྒང་དང ། གཤོངས་ངོམས་པར་བྱེད་དེ། སྒང་དང་གཤོངས་ངོམས་པར་བྱས་ནས། སླར་འགྲོའང་དེ་དག་ཀླུའི་ལུས་སམ། སེམས་ལས་བྱུང་བའང་མེད་མོད་ཀྱི། ཀླུ་རྣམས་ཀྱིས་ཀླུའི་མཐུ་ཉིད་ཀྱིས་སྤྲིན་གྱི་ཚོགས་རྒྱ་ཆེན་པོ་འབྱུང་ངོ ། ། སྲིང་མོ། །དེ་བཞིན་དུ་བསོད་ནམས་སུ་འགྲོ་བའི་མངོན་པར་འདུ་བྱེད་པ་ཡོད་ན། འདི་ལྟ་སྟེ། ལྷའམ། མིའི་ནང་དུ་བསོད་ནམས་སུ་ཉེ་བར་འགྲོ་བའི་ལུས་རྣམས་མངོན་པར་འགྲུབ་བོ། དེ་བཞིན་དུ་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་མངོན་པར་འདུ་བྱེད་པ་རྣམས་ཡོད་ན། འདི་ལྟ་སྟེ། སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། ལྷ་མ་ཡིན་རྣམས་སུ་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་ལུས་མངོན་པར་འགྲུབ་ཀྱང་དེ་ལ་མངོན་པར་འདུ་བྱ་བའང་སྟོང་པ། མངོན་པར་འདུ་བྱེད་པ་
499a
༄#། །པོའང་སྟོང་པ། མངོན་པར་འདུ་བྱེད་པའི་འབྲས་བུའང་སྟོང་པའོ། །སྲིང་མོ། །མི་གཡོ་བར་འགྲོ་བའི་མངོན་པར་འདུ་བྱེད་པ་རྣམས་ཡོད་ན་གཟུགས་མེད་པ་རྣམས་སུ་རྣམ་པར་ཤེས་པ་མཚམས་སྦྱོར་ཏེ། གང་གིས་རྣམ་པར་ཤེས་པ་དེ་གཟུགས་མེད་པ་རྣམས་སུ་མཚམས་སྦྱོར་བ་དེའང་སྟོང་པ། གང་རྣམ་པར་ཤེས་པ་དེ་གཟུགས་མེད་པ་རྣམས་སུ་མཚམས་སྦྱོར་བ་དེའང་སྟོང་པའོ། །དེ་ཅིའི་ཕྱིར་ཞེ་ན། སྲིང་མོ། །ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཏེ། འོན་ཀྱང་ཆོས་རྣམས་འདོགས་སོ། ། མཁས་པ་རྣམས་ནི་དེ་ལ་མངོན་པར་མི་ཞེན་ཏེ། མངོན་པར་ཞེན་པ་མེད་པས་མི་རྩོད་དོ། །རྩོད་པ་མེད་པ་ནི་དགེ་སྦྱོང་གི་ཆོས་ཀྱི་མཆོག་གོ་།གསོལ་པ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་ཟབ་མོ་བཀའ་སྩལ་པས། བཅོམ་ལྡན་འདས། བདག་ཀྱང་ཆོས་འདི་དག་ལ་ཤེས་རབ་ཀྱི་མིག་འཇུག་སྟེ། སླར་ཞིང་ཡིད་གཉིས་མ་མཆིས། ཐེ་ཚོམ་མ་མཆིས་སོ། །བཅོམ་ལྡན་འདས། བདག་སྔོན་ནི་ཆོས་འདི་དག་མ་ཐོས་པས་ཐེ་ཚོམ་མཆིས་སོ། །དེ་ནི་བདག་རྒས། བདག་འཁོགས། བདག་སྡུག་བསྔལ། བདག་དབུལ། བདག་མགོན་མ་མཆིས་ཏེ། བདག་མི་འཚོ་ཞིང་འགུམ་མི་མངའོ། །བཅོམ་ལྡན་འདས། བདག་གིས་ཆོས་འདི་ཐོས་པས་འདི་ན་རྒས་པའམ། དབུལ་བའམ། བདེ་པའམ།
499b
ནད་མ་མཆིས་པའམ། ན་བའམ། ཕྱུག་པའམ། དབུལ་བ་གང་ཡང་མ་མཆིས་སོ་ཞེས་བདག་ཏུ་འདུ་ཤེས་དང་བྲལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་གི་སླད་དུ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་ཟབ་མོ་འདི་ལྟ་བུ་བཀའ་སྩལ་ལ། དེས་ཀྱང་འདི་ལྟར་རབ་ཏུ་བཙལ་བས་བུད་མེད་འདི་ནི་བསོད་ནམས་དང་ལྡན་པ། མཁས་པ། ཤེས་རབ་ཅན་གྱི་རང་བཞིན་ཅན་ལགས་པ་སྙམ་བདག་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ནོ། །ཀུན་དགའ་བོ། ཇི་སྐད་སྨྲས་པ་དེ་དེ་བཞིན་ཏེ། བུད་མེད་འདི་ནི་བསོད་ནམས་དང་ལྡན་པ། མཁས་པ། ཤེས་རབ་ཀྱི་རང་བཞིན་ཅན་ནོ། །ཀུན་དགའ་བོ། །བུད་མེད་འདི་ཚེ་རབས་ལྔ་བརྒྱའི་བར་དུ་ངའི་མར་གྱུར་ཏེ། ཀུན་དགའ་བོ། ངས་ཚེ་རབས་དེ་དག་དེ་དག་ཏུའང་བུད་མེད་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་བསྐྱེད་དོ། །ཀུན་དགའ་བོ། ང་བུད་མེད་འདི་ལ་ཤིན་ཏུ་ཡངས་པར་བྱ་བ་དང ། དད་པ་དང ། གུས་པར་གྱུར་ཏོ། །འདིའང་བདག་གི་བུ་སྤྱད་པ་གང་ལ་སྤྱོད་པའི་སྤྱད་པ་དེ་ལ་བདག་གིས་ཀྱང་སྤྱད་དེ། ཐེག་པ་བདེ་བའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་མོ། །གསོལ་པ།
500a
༄#། །བཅོམ་ལྡན་འདས། འདི་ཅིའི་སླད་དུ་འདི་ལྟར་དབུལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པ་ན་གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་བསྟན་པ་ལ་རབ་ཏུ་བྱུང་བར་གྱུར་པ་དེའི་ཚེ། ཀུན་དགའ་བོ། བུད་མེད་འདི་ངའི་མར་གྱུར་ཏེ། དེས་འདོད་པས་ང་མ་བཏང་ནས་དེའི་ཕྱིར་ང་ཟ་མ་གཅིག་ཟན་བཅད་པ་དང ། དེའི་འོག་ཏུ་འདིས་འདོད་པས་ང་བཏང་བར་གྱུར་ཏེ། ཀུན་དགའ་བོ། །འདི་ལས་དེའི་རྣམ་པར་སྨིན་པས་དེ་ལྟར་དབུལ་བར་གྱུར་ཏོ། །ཀུན་དགའ་བོ། འདི་ནི། འདིའི་དབུལ་བའི་ཐ་མ་ཡིན་ཏེ།་ཀུན་དགའ་བོ། བུད་མེད་འདི། འདི་ནས་ཤི་འཕོས་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་བུད་མེད་ཀྱི་དབང་པོ་ལ་འདོད་ཆགས་དང་བྲལ་ནས་སྐྱེས་པའི་དབང་པོ་ཐོབ་པར་གྱུར་ཏེ། དེར་སྐྱེས་ནས་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་ལ་མཆོད་པ་བྱེད་པར་འགྱུར། སེམས་ཅན་གྲངས་མེད་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དག་བྱང་ཆུབ་ལ་
500b
པར་འགྱུར། སེམས་ཅན་གྲངས་མེད་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དག་བྱང་ཆུབ་ལ་ཡོངས་སུ་སྨིན་པར་བྱེད་པར་འགྱུར། སེམས་ཅན་གྲངས་མེད་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དག་བྱང་ཆུབ་ལ་འགོད་པར་འགྱུར། སེམས་ཅན་གྲངས་མེད་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དག་བྱང་ཆུབ་ལ་བཀོད་ནས། ད་སྟེ་བསྐལ་པ་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་བྱེད་ཅེས་བྱ་བར་འགྱུར་ཏེ། ཀུན་དགའ་བོ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལོངས་སྤྱོད་དང ། ཡོངས་སུ་སྤྱོད་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་པ་དང ། ཀུན་སྤྱོད་པ་དེའང་དེ་འདྲ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ།་བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ། །ངའི་མདུན་ན་ཐལ་སྦྱར་གང་འདུག་པ།། རྒན་མོ་འདི་ལ་ཀུན་དགའ་ཁྱོད་ལྟོས་ཤིག་།འདི་ནས་མི་ཡི་དམ་པ་སངས་རྒྱས་འགྱུར། །བྱང་ཆུབ་ཡན་ལག་མེ་ཏོག་བྱེད་ཅེས་བྱ། །འདི་ནི་བུད་མེད་དངོས་པོ་འདི་སྤངས་ནས། །བདེ་བ་ཅན་གྱི་འཇིག་
501a
༄#། །རྟེན་ཁམས་སུ་འགྲོ་།རྒྱལ་བ་ཚེ་དཔག་མེད་དེ་བསྙེན་བཀུར་ནས། །ཁམས་གསུམ་རྒྱལ་བ་མཚུངས་མེད་སངས་རྒྱས་འགྱུར། །འཇིག་རྟེན་ཁམས་གཞན་དག་ན་གང་བཞུགས་པ། །དྲང་སྲོང་ཆེན་པོ་འཇིག་རྟེན་དོན་མཛད་པ། །རྣམ་འདྲེན་དེ་དག་ལ་ཡང་བསྙེན་བཀུར་ནས། །འདི་ནས་མཚུངས་མེད་མི་མཆོག་སངས་རྒྱས་འགྱུར། །དེ་དག་ཀུན་ལས་ཆོས་ཀྱང་ཐོས་གྱུར་ནས། །བསམ་པ་དག་པས་དེ་བཞིན་འགྲུབ་པར་འགྱུར། །བྱང་ཆུབ་སེམས་མཆོག་མི་བསྐྱོད་གནས་ནས་ནི། །སེམས་ཅན་དཔག་མེད་ཆོས་ལ་སྤྱོད་པར་བྱེད། །དེ་ཡི་ཚེ་ན་གང་དག་དམན་པ་དང ། །སྣ་ཚོགས་ལུས་དང་ཁ་དོག་ངན་པ་དང ། །རྨོངས་དང་འཐེང་པོ་དེ་བཞིན་ཞར་བ་དང ། །ལག་རྡུམ་མཛེ་ཅན་དེ་དག་འབྱུང་མི་འགྱུར། །ཉི་ཟླ་མེ་དང་གློག་དང་ནོར་བུ་རྣམས། །དེ་དག་འདི་ནི་དེ་ཚེ་འབྱུང་མི་འགྱུར། རྣམ་འདྲེན་བྱང་ཆུབ་ཡན་ལག་མེ་ཏོག་གི་།ཐུབ་པའི་འོད་ཀྱིས་ཀུན་ཏུ་གསལ་བར་ཁྱབ། །སུམ་ཅུ་རྩ་གསུམ་ལྷ་མཆོག་རྣམས་ཀྱི་ནི། །ཆུ་ཞེང་རྟགས་དང་ཁ་དོག་ཅི་འདྲ་བ། །དེ་འདྲའི་རང་བཞིན་ཅན་གྱི་སྐྱེ་བོ་ཡིས། །དེ་ཚེ་མ་སྨད་ཞིང་ནི་གང་བར་འགྱུར། །དེ་ན་བདུད་མེད་བདུད་ཀྱི་རིས་ཀྱང་མེད། །བདུད་ཀྱི་
501b
བུད་མེད་བདུད་ཀྱི་ཕྱག་བརྙན་མེད། །བདེ་བར་གཤེགས་པ་དེ་ན་ཆོས་སྟོན་ཚེ། །དེ་ན་མུ་སྟེགས་ཅན་གྱི་མིང་མི་གྲགས། །བདེ་བར་གཤེགས་པ་དེ་ན་ཆོས་སྟོན་ཚེ། །དེ་དུས་ཡི་དྭགས་དུད་འགྲོའི་སྐྱེ་གནས་དང ། །སེམས་དམྱལ་ངན་སོང་རྣམས་ཀྱི་མིང་མི་གྲགས། །དེ་ན་བུད་མེད་མིང་ཡང་གྲགས་མི་འགྱུར། །འདི་ན་ཉན་ཐོས་རྐྱེན་གྱི་ཐེག་པ་ལྟར། །དེ་ཚེ་ཐེག་པ་རྣམ་པར་བཞག་པ་མེད། །ཀུན་ཀྱང་རྫོགས་པའི་བྱང་ཆུབ་སེམས་དང་ལྡན། །དེ་དག་བྱམས་ལ་གནས་ཤིང་སྙིང་རྗེ་ཅན། །ཞིང་དེར་མི་རྣམས་ཐམས་ཅད་རྟག་པར་ཡང ། །རྫུས་ཤིང་སྐྱེས་ཏེ་མངལ་ལས་རྣམ་པར་ཐར། །སྐྱེ་བྲན་བློ་མཆོག་ལྡན་ཞིང་མཁས་པ་སྟེ། །ལེགས་པར་གསུངས་པ་ཐོས་ནས་ཐོས་པ་འཛིན། །ཞིང་གི་བཀོད་ཚུལ་ཅི་འདྲ་འབྱུང་འགྱུར་བ། །ཡོན་ཏན་བསྐལ་པར་འདིར་ནི་བརྗོད་བྱས་ཀྱང ། །རྒྱ་མཚོ་ལས་ནི་ཆུ་ཐིག་གཅིག་ལྟ་བུར། །དཔེ་ཙམ་དུ་ཡང་བརྗོད་པར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། རྒན་མོ་དེ་དང ། བྱང་ཆུབ་སེམས་དཔའ་དེ་དག་དང ། དགེ་སློང་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་
502a
༄#། །མངོན་པར་བསྟོད་དོ། །འཕགས་པ་བགྲེས་མོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུས་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།།