༄#། །རྒྱ་གར་སྐད་དུ། ཨཱརྱ་པཉྩ་ཤ་ཏི་ཀ་པྲཛྙཱ་པ་ར་མི་ཏ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བརྒྱ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར། གཟུགས་ནི་དངོས་པོ་མེད་པ། དངོས་པོ་ངན་པ། དངོས་པོ་ཡོད་པའོ། །རབ་འབྱོར། ཚོར་བ་དང ། འདུ་ཤེས་པ་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ནི་དངོས་པོ་མེད་པ། དངོས་པོ་ངན་པ། དངོས་པོ་ཡོད་པའོ། ། རབ་འབྱོར། མིག་དང ། གཟུགས་རྣམས་དང ། མིག་གི་རྣམ་པར་ཤེས་པ་དང ། རྣ་བ་དང ། སྒྲ་རྣམས་དང ། རྣ་བའི་རྣམ་པར་ཤེས་པ་དང ། སྣ་དང ། དྲི་རྣམས་དང ། སྣའི་རྣམ་པར་ཤེས་པ་དང ། ལྕེ་དང ། རོ་རྣམས་དང ། ལྕེའི་རྣམ་པར་ཤེས་པ་དང ། ལུས་དང ། རེག་བྱ་རྣམས་དང ། ལུས་ཀྱི་རྣམ་པར་ཤེས་པ་དང ། ཡིད་དང ། ཆོས་རྣམས་དང ། ཡིད་ཀྱི་རྣམ་པར་ཤེས་པ་ནི་དངོས་པོ་མེད་པ། དངོས་པོ་ངན་པ། དངོས་པོ་ཡོད་པའོ། །དེ་ལྟར་གཟུགས་དེ། ལེའུ་གསུམ་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པས། གཟུགས་ 163b དེ་ལ་མངོན་པར་ཞེན་ཏོ། །མངོན་པར་སྒྲུབ་པོ། །སྒྲིབ་པར་བྱེད་དོ། །དེ་དག་གཟུགས་དེ་ལ་མངོན་པར་ཞེན་ཅིང་མངོན་པར་སྒྲུབ་སྟེ། སྒྲིབ་པར་བྱེད་པས་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ན། ཐེག་པ་ཆེན་པོས་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་མངོན་པར་ཞེན་ཅིང་མངོན་པར་སྒྲུབ་སྟེ། སྒྲིབ་པར་བྱེད་པས་འདི་ལྟ་སྟེ། སེམས་ཅན་དམྱལ་བ་རྣམས་དང ། དུད་འགྲོ་དང ། ཡི་དྭགས་རྣམས་དང ། ལྷ་རྣམས་དང ། མི་རྣམས་ཀྱི་ནང་དུ་ཡུན་རིང་པོར་རྒ་ཤི་མྱོང་ངོ ། །རབ་འབྱོར། དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་དངོས་པོ་མེད་པ་དང།་དངོས་པོ་ངན་པ་དང ། དངོས་པོ་ཡོད་པ་དང ། རབ་འབྱོར། མིག་དང ། གཟུགས་རྣམས་དང ། མིག་གི་རྣམ་པར་ཤེས་པ་དང ། རྣ་བ་དང ། སྒྲ་རྣམས་དང ། རྣ་བའི་རྣམ་པར་ཤེས་པ་དང ། སྣ་དང ། དྲི་རྣམས་དང ། སྣའི་རྣམ་པར་ཤེས་པ་དང ། ལྕེ་དང ། རོ་རྣམས་དང ། ལྕེའི་རྣམ་པར་ཤེས་པ་དང ། ལུས་དང ། རེག་བྱ་རྣམས་དང ། ལུས་ཀྱི་རྣམ་པར་ཤེས་པ་དང ། ཡིད་དང ། ཆོས་རྣམས་དང།་ཡིད་ཀྱི་རྣམ་པར་ཤེས་པ་དངོས་པོ་མེད་པ་དང ། དངོས་པོ་ངན་པ་དང ། དངོས་པོ་ཡོད་པ་དེ་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་དེ། ལེའུ་གསུམ་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པས། རྣམ་པར་ཤེས་པ་དེ་ལ་མངོན་པར་ཞེན་ཏོ། །མངོན་པར་སྒྲུབ་པོ། །སྒྲིབ་པར་བྱེད་དོ། །དེ་དག་རྣམ་པར་ཤེས་པ་དེ་ལ་མངོན་པར་ཞེན་ཅིང་མངོན་པར་སྒྲུབ་ 164a ༄#། །སྟེ།་སྒྲིབ་པར་བྱེད་པས་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པས་ངེས་པར་འབྱུང་བར་མི་འགྱུར་ན། ཐེག་པ་ཆེན་པོས་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་མངོན་པར་ཞེན་ཅིང་མངོན་པར་སྒྲུབ་སྟེ། སྒྲིབ་པར་བྱེད་པས་འདི་ལྟ་སྟེ། སེམས་ཅན་དམྱལ་བ་རྣམས་དང ། དུད་འགྲོ་དང ། ཡི་དྭགས་རྣམས་དང ། ལྷ་དང ། མི་རྣམས་ཀྱི་ནང་དུ་ཡུན་རིང་པོར་རྒ་ཤི་མྱོང་ངོ ། །མཁས་པ་རྣམས་ཀྱིས་ནི། གཟུགས་དེ། དེ་ལྟར་ལེའུ་གསུམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས། མངོན་པར་ཞེན་པར་མི་བྱེད་ཅིང ། མངོན་པར་སྒྲུབ་པར་མི་བྱེད་ཀྱི། གསལ་བར་བྱེད་དོ། །མངོན་པར་ཞེན་པར་མི་བྱེད་ཅིང་མངོན་པར་སྒྲུབ་པར་མི་བྱེད་ཀྱི། གསལ་བར་བྱེད་པས་ཐེག་པ་ཆེན་པོས་ཀྱང་ངེས་པར་འབྱུང་བར་འགྱུར་ན།་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པས་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་མངོན་པར་ཞེན་པར་མི་བྱེད་ཅིང་མངོན་པར་སྒྲུབ་པར་མི་བྱེད་ཀྱི། གསལ་བར་བྱེད་པས་འདི་ལྟ་སྟེ།་སེམས་ཅན་དམྱལ་བ་རྣམས་དང ། དུད་འགྲོ་དང ། ཡི་དྭགས་རྣམས་དང ། ལྷ་དང ། མི་རྣམས་ཀྱི་ནང་དུ་རྒ་ཤི་མྱོང་བ་མ་ཡིན་ནོ། །རབ་འབྱོར། དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་དང ། མིག་དང ། གཟུགས་རྣམས་དང ། མིག་གི་རྣམ་པར་ཤེས་པ་དང ། རྣ་བ་དང ། སྒྲ་རྣམས་དང ། རྣ་བའི་རྣམ་པར་ཤེས་པ་དང ། སྣ་དང ། 164b དྲི་རྣམས་དང ། སྣའི་རྣམ་པར་ཤེས་པ་དང ། ལྕེ་དང ། རོ་རྣམས་དང ། ལྕེའི་རྣམ་པར་ཤེས་པ་དང ། ལུས་དང ། རེག་བྱ་རྣམས་དང ། ལུས་ཀྱི་རྣམ་པར་ཤེས་པ་དང ། ཡིད་དང ། ཆོས་རྣམས་དང ། ཡིད་ཀྱི་རྣམ་པར་ཤེས་པ་ལེའུ་གསུམ་དུ་མཁས་པ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་མངོན་པར་ཞེན་པར་མི་བྱེད་ཅིང ། མངོན་པར་སྒྲུབ་པར་མི་བྱེད་ཀྱི། གསལ་བར་བྱེད་དོ། །མངོན་པར་ཞེན་པར་མི་བྱེད་ཅིང ། མངོན་པར་སྒྲུབ་པར་མི་བྱེད་ཀྱི། གསལ་བར་བྱེད་པས། ཐེག་པ་ཆེན་པོས་ཀྱང་ངེས་པར་འབྱུང་བར་འགྱུར་ན། ཉན་ཐོས་ཀྱི་ཐེག་པའམ།་རང་སངས་རྒྱས་ཀྱི་ཐེག་པས་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་མངོན་པར་ཞེན་པར་མི་བྱེད་ཅིང ། མངོན་པར་སྒྲུབ་པར་མི་བྱེད་ཀྱི། གསལ་བར་བྱེད་པས་འདི་ལྟ་སྟེ། སེམས་ཅན་དམྱལ་བ་རྣམས་དང ། དུད་འགྲོ་དང ། ཡི་དྭགས་རྣམས་དང ། ལྷ་དང ། མི་རྣམས་ཀྱི་ནང་དུ་རྒ་ཤི་མྱོང་བ་མ་ཡིན་ནོ། །རབ་འབྱོར། གཟུགས་ནི། སྐྱེ་བའོ། །འཇིག་པའོ། །གཟུགས་ཀྱི་སྐྱེ་བ་གང་ཡིན་པ་དེ་ནི། གཟུགས་ཀྱི་སྐྱེ་བ་མེད་པའོ། །གཟུགས་ཀྱི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི། གཟུགས་ཀྱི་སྐྱེ་བ་མེད་པའི་རང་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ཀྱི་སྐྱེ་བ་མེད་པའི་རང་བཞིན་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས། གཟུགས་ཀྱི་སྐྱེ་བ་མེད་པ་གང་ཡིན་པ་དེ་ཡང་དག་པར་སྒྲུབ་བོ།། རབ་འབྱོར། དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་ 165a ༄#། །དང ། རྣམ་པར་ཤེས་པ་ནི། སྐྱེ་བའོ། །འཇིག་པའོ། །རྣམ་པར་ཤེས་པའི་སྐྱེ་བ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་སྐྱེ་བ་མེད་པའོ། །རྣམ་པར་ཤེས་པའི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་སྐྱེ་བ་མེད་པའི་རང་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པར་ཤེས་པའི་སྐྱེ་བ་མེད་པའི་རང་བཞིན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་རྣམ་པར་ཤེས་པའི་སྐྱེ་བ་མེད་པ་གང་ཡིན་པ་དེ། ཡང་དག་པར་སྒྲུབ་བོ། །རབ་འབྱོར། གང་ལ་ལ་ཞིག་གཟུགས་ནི། བདག་གམ་བདག་གིའོ། །ཞེས་དེ་སྐད་སྨྲ་ན། དེ་ནི། ཕྱི་རོལ་གྱི་བྱིས་པ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ་བའོ། །ཞེས་ང་སྨྲའོ། །རབ་འབྱོར། གང་ལ་ལ་ཞིག་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ནི། སྔོན་བྱས་པའི་རྒྱུ་ལས་བྱུང་བའོ། །ཞེས་སམ། དབང་ཕྱུག་གིས་སྤྲུལ་པའི་རྒྱུ་ལས་བྱུང་བའོ། །ཞེས་སམ། རྒྱུ་མེད་རྐྱེན་མེད་པའོ། །ཞེས་དེ་སྐད་སྨྲ་ན། དེ་ནི། ཕྱི་རོལ་བྱིས་པ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ་བའོ། །ཞེས་ང་སྨྲའོ། །རབ་འབྱོར། གང་ཡང་གཟུགས་ནི། གཟུགས་སུ་ཡོད་པའི་མཚན་ཉིད་དོ། །ཚོར་བ་ནི། མྱོང་བའི་མཚན་ཉིད་དོ། །འདུ་ཤེས་ནི། ཀུན་ཏུ་ཤེས་པའི་མཚན་ཉིད་དོ། །འདུ་བྱེད་རྣམས་ནི། མངོན་པར་འདུ་བྱེད་པའི་མཚན་ཉིད་དོ། །རྣམ་པར་ཤེས་པ་ནི། རྣམ་པར་ཤེས་པའི་མཚན་ཉིད་དོ། །ཞེས་དེ་སྐད་ 165b སྨྲ་ན། དེ་ནི། ཕྱི་རོལ་པས་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ་བའོ། །ཞེས་ང་སྨྲའོ། །རབ་འབྱོར། དེ་གང་ཡང་གཟུགས་ནི། སྡུག་བསྔལ་བ་སྟེ། རབ་ཏུ་མ་ཞི་བའོ། ། གཟུགས་འགོག་པ་ནི། བདེ་བ་དང ། ཞི་བའོ། །ཞེས་དེ་སྐད་སྨྲ་ན། དེ་ནི། ཕྱི་རོལ་པས་ཀྱང་ཕྱི་རོལ་ཞེས་བྱ་བ་ནས་ལོག་པར་ལྟ་བའི་བར་དུའོ། །ཞེས་ང་སྨྲའོ། །རབ་འབྱོར། གང་ཡང་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ནི། སྡུག་བསྔལ་བ་སྟེ། རབ་ཏུ་མ་ཞི་བའོ། །རྣམ་པར་ཤེས་པ་འགོག་པ་ནི། བདེ་བ་དང ། ཞི་བའོ། །ཞེས་དེ་སྐད་སྨྲ་ན། དེ་ནི། ཕྱི་རོལ་བས་ཀྱང་ཕྱི་རོལ་ཞེས་བྱ་བ་ནས་ལོག་པར་ལྟ་བའི་བར་དུ་ཞེས་ང་སྨྲའོ། །རབ་འབྱོར། གང་ཡང་གཟུགས་ནི། མེད་པ་ཉིད་དོ། །ཞེས་དེ་སྐད་སྨྲ་ན། དེ་ནི། ཕྱི་རོལ་པས་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ་བའོ། །ཞེས་ང་སྨྲའོ། །རབ་འབྱོར། གང་ཡང་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ནི། མེད་པ་ཉིད་དོ། །ཞེས་དེ་སྐད་སྨྲ་ན། དེ་ནི། ཕྱི་རོལ་པས་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ་བའོ། །ཞེས་ང་སྨྲའོ། །རབ་འབྱོར། གང་ཡང་བཅོམ་ལྡན་འདས་ཀྱིས་གཟུགས་རང་བཞིན་མེད་པ་དང ། སྐྱེ་བ་མེད་པ་དང ། འགག་པ་མེད་པ་དང ། གདོད་མ་ནས་ཞི་བ་དང ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་བསྟན་པ་གང་ཡིན་པའི་བསྟན་པ་དེ་ཐམས་ཅད་ནི། ལྡེམ་པོར་དགོངས་པ་མ་ཡིན་པ། དགོངས་ 166a ༄#། །པ་མ་ཡིན་པ་སྟེ། སྒྲ་ཇི་བཞིན་པ་ཉིད་དུ་ཤེས་པར་བྱའོ། །ཞེས་དེ་སྐད་སྨྲ་ན། དེ་ནི། ཕྱི་རོལ་པས་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ་བའོ། །ཞེས་ང་སྨྲའོ། །རབ་འབྱོར། གང་ཡང་བཅོམ་ལྡན་འདས་ཀྱིས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་རང་བཞིན་མེད་པ་དང ། སྐྱེ་བ་མེད་པ་དང ། འགག་པ་མེད་པ་དང ། གདོད་མ་ནས་ཞི་བ་དང ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་བསྟན་པ་གང་ཡིན་པའི་བསྟན་པ་དེ་ཐམས་ཅད་ནི། ལྡེམ་པོར་དགོངས་པ་མ་ཡིན་པ། དགོངས་པ་མ་ཡིན་པ་སྟེ། སྒྲ་ཇི་བཞིན་པ་ཉིད་དུ་ཤེས་པར་བྱའོ། །ཞེས་དེ་སྐད་སྨྲ་ན། དེ་ནི། ཕྱི་རོལ་བས་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ་བའོ། །ཞེས་ང་སྨྲའོ། །རབ་འབྱོར། གཟུགས་ནི། ཡོད་དེ། གང་གཟུགས་ལ་མངོན་པར་ཞེན་པ་དང ། སྐྱེ་བ་དང ། བསྟན་པར་འགྱུར་བའོ། །གཟུགས་ནི། ཡོད་དེ། གང་གཟུགས་ལ་ཀུན་ནས་ཉོན་མོངས་པ་དང ། གནས་པ་དང ། འཇུག་པར་འགྱུར་བའོ། །གཟུགས་ནི། ཡོད་དེ། གང་གཟུགས་ལ་རྣམ་པར་བྱང་བ་དང ། འབྱོར་པ་དང ། དབང་དུ་འགྱུར་བའོ། །རབ་འབྱོར། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ནི། ཡོད་དེ། གང་རྣམ་པར་ཤེས་པ་ལ་མངོན་པར་ཞེན་པ་དང ། སྐྱེ་བ་དང ། བསྟན་པར་འགྱུར་བའོ། །རབ་འབྱོར། ཚོར་བ་དང ། འདུ་ཤེས་དང ། 166b འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ནི། ཡོད་དེ། གང་རྣམ་པར་ཤེས་པ་ལ་ཀུན་ནས་ཉོན་མོངས་པ་དང ། གནས་པ་དང ། འཇུག་པར་འགྱུར་བའོ། །ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ནི། ཡོད་དེ། གང་རྣམ་པར་ཤེས་པ་ལ་རྣམ་པར་བྱང་བ་དང ། འབྱོར་པ་དང ། དབང་དུ་འགྱུར་བའོ། །རབ་འབྱོར། གཟུགས་ནི། ཡོད་དེ། གང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤངས་ཤིང་ཡོངས་སུ་ཤེས་ཏེ་བསྟན་ན། དབང་དུ་འགྱུར་བའོ། །རབ་འབྱོར། གཟུགས་ནི། ཡོད་དེ། གང་སྤངས་ཤིང་ཡོངས་སུ་ཤེས་ཏེ། ཡང་དག་པར་བསྟན་ན། དབང་དུ་འགྱུར་བའོ། །རབ་འབྱོར། གཟུགས་ནི། ཡོད་དེ། གང་སྤངས་ཤིང་ཡོངས་སུ་ཤེས་པ་ན། ཆོས་དཀར་པོ་དང་ལྡན་པ་དང ། ཆོས་ཐམས་ཅད་ལ་དབང་བསྐུར་བ་དང ། བདེ་བ་ཆེན་པོ་ལ་གནས་པར་འགྱུར་རོ། ། རབ་འབྱོར། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ནི། ཡོད་དེ། གང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤངས་ཤིང་ཡོངས་སུ་ཤེས་ཏེ་བསྟན་ན། དབང་དུ་འགྱུར་བའོ། ། རབ་འབྱོར། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ནི། ཡོད་དེ། གང་སྤངས་ཤིང་ཡོངས་སུ་ཤེས་ཏེ་ཡང་དག་པར་བསྟན་ན། དབང་དུ་འགྱུར་བའོ། །རབ་འབྱོར། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ནི། ཡོད་དེ། གང་སྤངས་ཤིང་ཡོངས་སུ་ཤེས་སྣ། ཆོས་དཀར་པོ་དང་ལྡན་པ་དང ། ཆོས་ཐམས་ཅད་ལ་དབང་བསྒྱུར་བ་དང ། བདེ་བ་ཆེན་པོ་ 167a ༄#། །ལ་གནས་པར་འགྱུར་རོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གཟུགས་ལ་གཟུགས་ཙམ་དང ། སྡུག་བསྔལ་ཙམ་དུ་ཡང་དག་པར་རྗེས་སུ་མི་མཐོང་བ་དེ། གཟུགས་ལ་བདག་ཏུ་དམིགས་སོ། །གང་གཟུགས་ལ་བདག་ཏུ་དམིགས་པ་དེ། གཟུགས་ལ་བདག་ཏུ་ལྟ་བར་དམིགས་སོ། །གང་གཟུགས་ལ་བདག་ཏུ་ལྟ་བར་དམིགས་པ་དེ།་གཟུགས་ལ་ཐམས་ཅད་དམིགས་སོ། །གང་གཟུགས་ལ་ཐམས་ཅད་དམིགས་པ་དེ། གཟུགས་ལ་ཐམས་ཅད་མི་དམིགས་སོ། །གཟུགས་ལ་ཐམས་ཅད་དམིགས་པ་ནི། ཐམས་ཅད་མི་དམིགས་པ་དེའི་དམིགས་པ་དེ་ཡོངས་སུ་གྲུབ་པ་ཡིན་ནོ། །དེ་དམིགས་པ་དེ་ལ་གནས་ན། ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ན། ཐེག་པ་ཆེན་པོས་ལྟ་སྨོས་ཀྱང་ཅི་དགོས། རབ་འབྱོར། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ཙམ་དང ། སྡུག་བསྔལ་ཙམ་དུ་ཡང་དག་པར་རྗེས་སུ་མི་མཐོང་བ་དེ། རྣམ་པར་ཤེས་པ་ལ་བདག་ཏུ་དམིགས་སོ། །གང་རྣམ་པར་ཤེས་པ་ལ་བདག་ཏུ་དམིགས་པ་དེ། རྣམ་པར་ཤེས་པ་ལ་བདག་ཏུ་ལྟ་བར་དམིགས་སོ། །གང་རྣམ་པར་ཤེས་པ་ལ་བདག་ཏུ་ལྟ་བར་དམིགས་པ་དེ། རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་སོ། །གང་རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་པ་དེ། 167b རྣམ་པར་ཤེས་པ་ལ་ཐམས་ཅད་མི་དམིགས་སོ། །གང་རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་པ་ན་ཐམས་ཅད་མི་དམིགས་པ་དེའི་དམིགས་པ་དེ་ཡོངས་སུ་གྲུབ་པ་ཡིན་ནོ། །དེ་དམིགས་པ་དེ་ལ་གནས་ན། ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ན། ཐེག་པ་ཆེན་པོས་ལྟ་སྨོས་ཀྱང་ཅི་དགོས། རབ་འབྱོར། གང་ཡང་གཟུགས་ལ་གཟུགས་ཙམ་དང ། སྡུག་བསྔལ་ཙམ་དུ་ཡང་དག་པར་རྗེས་སུ་མཐོང་བ་དེ། གཟུགས་ལ་བདག་ཏུ་མི་དམིགས་སོ། །གང་གཟུགས་ལ་བདག་ཏུ་མི་དམིགས་པ་དེ། གཟུགས་ལ་བདག་ཏུ་ལྟ་བར་མི་དམིགས་སོ། །གང་གཟུགས་ལ་བདག་ཏུ་ལྟ་བར་མི་དམིགས་པ་དེ། གཟུགས་ལ་ཐམས་ཅད་མི་དམིགས་སོ། །གང་གཟུགས་ལ་ཐམས་ཅད་མི་དམིགས་པ་དེ། གཟུགས་ལ་ཐམས་ཅད་དམིགས་སོ། །གང་གཟུགས་ལ་ཐམས་ཅད་དམིགས་པ་ན། ཐམས་ཅད་མི་དམིགས་པ་དེའི་དམིགས་པ་དེ་ཡོངས་སུ་གྲུབ་པ་ཡིན་ནོ། །དེ་དམིགས་པ་དེ་ལ་གནས་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པས་ངེས་པར་འབྱུང་བར་འགྱུར་གྱི། ཐེག་པ་ཆེན་པོས་ནི། མ་ཡིན་ནོ། །རབ་འབྱོར། གང་ཡང་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་བར་ཤེས་པ་ལ་རྣམ་པར་ཤེས་པ་ཙམ་དང ། སྡུག་བསྔལ་ཙམ་དུ་ཡང་དག་པར་རྗེས་སུ་མཐོང་བ་དེ། རྣམ་པར་ཤེས་པ་ལ་བདག་ཏུ་མི་དམིགས་སོ། །གང་རྣམ་པར་ཤེས་པ་ལ་བདག་ཏུ་མི་དམིགས་པ་དེ། རྣམ་པར་ཤེས་པ་ལ་བདག་ཏུ་ལྟ་ 168a ༄#། །བར་མི་དམིགས་སོ། །གང་རྣམ་པར་ཤེས་པ་ལ་བདག་ཏུ་ལྟ་བར་མི་དམིགས་པ་དེ། རྣམ་པར་ཤེས་པ་ལ་ཐམས་ཅད་མི་དམིགས་སོ། །གང་རྣམ་པར་ཤེས་པ་ལ་ཐམས་ཅད་མི་དམིགས་པ་དེ། རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་སོ། །གང་རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་པ་ན་ཐམས་ཅད་མི་དམིགས་པ་དེའི་དམིགས་པ་དེ་ཡོངས་སུ་གྲུབ་པ་ཡིན་ནོ། །དེ་དམིགས་པ་དེ་ལ་གནས་ན། ཉན་ཐོས་ཀྱི་ཐེག་པ་དང ། རང་སངས་རྒྱས་ཀྱི་ཐེག་པས་ངེས་པར་འབྱུང་བར་འགྱུར་གྱི། ཐེག་པ་ཆེན་པོས་ནི། མ་ཡིན་ནོ།། རབ་འབྱོར། གང་ལ་ལ་ཞིག་གཟུགས་ལ་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་ཙམ་དང ། འཁྲུལ་པ་ཙམ་དུ་ཡང་དག་པར་རྗེས་སུ་མི་མཐོང་བ་དེ། གཟུགས་ལ་གཟུགས་སུ་དམིགས་སོ། །གང་གཟུགས་ལ་གཟུགས་སུ་དམིགས་པ་དེ། གཟུགས་ལ་གཟུགས་སུ་ལྟ་བར་དམིགས་སོ། །གང་གཟུགས་ལ་གཟུགས་སུ་ལྟ་བར་དམིགས་པ་དེ། གཟུགས་ལ་ཐམས་ཅད་དམིགས་སོ། །གང་གཟུགས་ལ་ཐམས་ཅད་དམིགས་པ་དེ། གཟུགས་ལ་ཐམས་ཅད་མི་དམིགས་སོ། །གང་གཟུགས་ལ་ཐམས་ཅད་དམིགས་པ་ན། ཐམས་ཅད་མི་དམིགས་པ་དེའི་དམིགས་པ་དེ་ཡོངས་སུ་གྲུབ་པ་ཡིན་ནོ། །དེ་དམིགས་པ་དེ་ལ་གནས་ན། ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ན། ཐེག་པ་ཆེན་ 168b བོས་ལྟ་སྨོས་ཀྱང་ཅི་དགོས། རབ་འབྱོར། གང་ཡང་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་ཡང་དག་པ་མ་ཡིན་པ་ཀུན་བཏགས་པ་ཙམ་དང ། འཁྲུལ་པ་ཙམ་དུ་ཡང་དག་པར་རྗེས་སུ་མི་མཐོང་བ་དེ། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་དམིགས་སོ། །གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་དམིགས་པ་དེ། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་ལྟ་བར་དམིགས་སོ། །གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ལྟ་བར་དམིགས་པ་དེ། རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་སོ། །གང་རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་པ་དེ།་རྣམ་པར་ཤེས་པ་ལ་ཐམས་ཅད་མི་དམིགས་སོ། །གང་རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་པ་ན་ཐམས་ཅད་མི་དམིགས་པ་དེའི་དམིགས་པ་དེ། ཡོངས་སུ་གྲུབ་པ་ཡིན་ནོ། །དེ་དམིགས་པ་དེ་ལ་གནས་ན། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ན། ཐེག་པ་ཆེན་པོ་ལྟ་སྨོས་ཀྱང་ཅི་དགོས། རབ་འབྱོར། གང་གཟུགས་ལ་ཡང་དག་པ་མ་ཡིན་པ་ཀུན་བཏགས་པ་ཙམ་དང ། འཁྲུལ་པ་ཙམ་དུ་ཡང་དག་པར་རྗེས་སུ་མཐོང་བ་དེ། གཟུགས་ལ་གཟུགས་སུ་མི་དམིགས། གང་གཟུགས་ལ་གཟུགས་སུ་མི་དམིགས་པ་དེ།་གཟུགས་ལ་གཟུགས་སུ་ལྟ་བར་མི་དམིགས་སོ། །གང་གཟུགས་ལ་གཟུགས་སུ་ལྟ་བར་མི་དམིགས་པ་དེ། གང་གཟུགས་ལ་ཐམས་ཅད་མི་དམིགས་སོ། །གང་གཟུགས་ལ་ 169a ༄#། །ཐམས་ཅད་མི་དམིགས་པ་དེ། གཟུགས་ལ་ཐམས་ཅད་དམིགས་སོ། །གང་གཟུགས་ལ་ཐམས་ཅད་དམིགས་པ་ན། ཐམས་ཅད་མི་དམིགས་པ་དེའི་དམིགས་པ་དེ་ཡོངས་སུ་གྲུབ་པ་ཡིན་ནོ། །དེ་མི་དམིགས་པ་དེ་ལ་གནས་ན། ཐེག་པ་ཆེན་པོས་ཀྱང་ངེས་པར་འབྱུང་བར་འགྱུར་ན། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པས་ལྟ་སྨོས་ཀྱང་ཅི་དགོས།་རབ་འབྱོར། གང་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་ཡང་དག་པ་མ་ཡིན་པ་ཀུན་ཏུ་བཏགས་པ་ཙམ་དང ། འཁྲུལ་པ་ཙམ་དུ་ཡང་དག་པར་རྗེས་སུ་མཐོང་བ་དེ། རྣམ་པར་ཤེས་པ་ལ་རྣམ་པ་ཤེས་པར་མི་དམིགས་སོ། །གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་པ་དེ། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་ལྟ་བར་མི་དམིགས་སོ། །གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་ལྟ་བར་མི་དམིགས་པ་དེ། རྣམ་པར་ཤེས་པ་ལ་ཐམས་ཅད་མི་དམིགས་སོ། །གང་རྣམ་པར་ཤེས་པ་ལ་ཐམས་ཅད་མི་དམིགས་པ་དེ། རྣམ་པར་ཤེས་པ་ལ་ཐམས་ཅད་དམིགས་སོ། །གང་རྣམ་པར་ཤེས་པ་ལ་ཐམས་ཅད་མི་དམིགས་པ་ན། ཐམས་ཅད་དམིགས་པ་དེའི་མི་དམིགས་པ་དེ་ཡོངས་སུ་གྲུབ་པ་ཡིན་ནོ། །དེ་དམིགས་པ་དེ་ལ་གནས་ན། ཐེག་པ་ཆེན་པོས་ཀྱང་ངེས་པར་འབྱུང་བར་འགྱུར་ན། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པས་ལྟ་སྨོས་ཀྱང་ཅི་དགོས། 169b རབ་འབྱོར། བྱང་ཆུབ་སེམས་དཔའ་གཟུགས་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ཏེ་ཐ་སྙད་དུ་ཀུན་ཏུ་སྤྱོད་ན་འཇིག་ཚོགས་ལ་ལྟ་བར་ཀུན་ཏུ་སྤྱོད་པ་ཡིན། ཡང་འབྱུང་བའི་སྲེད་པ་ལ་ཀུན་ཏུ་སྤྱོད་པ་ཡིན། འཇིག་པ་ཡོངས་སུ་ཚོལ་བར་ཀུན་ཏུ་སྤྱོད་པ་ཡིན་ཏེ། གཟུགས་ཡོངས་སུ་མི་ཤེས་པའི་རྟགས་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ཏེ་ཐ་སྙད་དུ་ཀུན་ཏུ་སྤྱོད་ན། འཇིག་ཚོགས་ལ་ལྟ་བར་ཀུན་ཏུ་སྤྱོད་པ་ཡིན། ཡང་འབྱུང་བའི་སྲེད་པ་ལ་ཀུན་ཏུ་སྤྱོད་པ་ཡིན། འཇིག་པ་ཡོངས་སུ་ཚོལ་བར་ཀུན་ཏུ་སྤྱོད་པ་ཡིན་ཏེ། རྣམ་པར་ཤེས་པ་ཡོངས་སུ་མི་ཤེས་པའི་རྟགས་ཡིན་ནོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་གཟུགས་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ཏེ་ཐ་སྙད་དུ་ཀུན་ཏུ་མི་སྤྱོད་ན། འཇིག་ཚོགས་ལ་ལྟ་བར་ཀུན་ཏུ་སྤྱོད་པ་མ་ཡིན། ཡང་འབྱུང་བའི་སྲེད་པ་ལ་ཀུན་ཏུ་སྤྱོད་པ་མ་ཡིན། འཇིག་པ་ཡོངས་སུ་ཚོལ་བར་ཀུན་ཏུ་སྤྱོད་པ་མ་ཡིན་ཏེ། གཟུགས་ཡོངས་སུ་ཤེས་པའི་རྟགས་ཡིན་ནོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ཏེ་ཐ་སྙད་དུ་ཀུན་ཏུ་མི་སྤྱོད་ན། འཇིག་ཚོགས་ལ་ལྟ་བར་ཀུན་ཏུ་སྤྱོད་པ་མ་ཡིན། ཡང་འབྱུང་བའི་སྲེད་པ་ལ་ཀུན་ཏུ་སྤྱོད་པ་མ་ཡིན། འཇིག་པ་ཡོངས་སུ་ཚོལ་བར་ཀུན་ཏུ་སྤྱོད་པ་མ་ཡིན་ཏེ། རྣམ་ 170a ༄#། །པར་ཤེས་པ་ཡོངས་སུ་ཤེས་པའི་རྟགས་ཡིན་ནོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་གཟུགས་ལ་རྐྱེན་གང་དག་ཡོངས་སུ་བཟུང་ན། རྣམ་པར་བྱང་བར་འགྱུར་བའི་སེམས་ཀྱི་ས་བོན་ནི། གསུམ་པོ་འདི་དག་སྟེ། མོས་པ་སེམས་ཀྱི་ས་བོན་དང ། ཡིད་འབྱུང་བ་སེམས་ཀྱི་ས་བོན་དང ། ཆུད་མི་གསོན་པ་སེམས་ཀྱི་ས་བོན་ནོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་གཟུགས་ལ་མངོན་པར་ཞེན་པ་མེད་པའི་སེམས་དང ། འབྲལ་བའི་སེམས་དང ། ཡོངས་སུ་སྦྱོང་བའི་སེམས་དང ། སེམས་གསུམ་པོ་འདི་དག་བསྐྱེད་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་གཟུགས་ལ་སེམས་སྐྱེ་བ་དང ། མི་སྐྱེ་བ་དང ། ཆེར་སྐྱེ་བ་དང ། མཉམ་དུ་སྐྱེ་བ་དེ་ཡང་དག་པར་རྗེས་སུ་མཐོང་སྟེ། དེ་དེ་ལྟར་ཡང་དག་པར་རྗེས་སུ་མཐོང་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་རྐྱེན་གང་དག་ཡོངས་སུ་བཟུང་ན། རྣམ་པར་བྱང་བར་འགྱུར་བའི་སེམས་ཀྱི་ས་བོན་ནི། གསུམ་པོ་འདི་དག་སྟེ། མོས་པ་སེམས་ཀྱི་ས་བོན་དང ། ཡིད་འབྱུང་བ་སེམས་ཀྱི་ས་བོན་དང ། ཆུད་མི་གསོན་པ་སེམས་ཀྱི་ས་བོན་ནོ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་མངོན་པར་ཞེན་པའི་སེམས་དང ། འབྲལ་བའི་ 170b སེམས་དང ། ཡོངས་སུ་སྦྱོང་བའི་སེམས་དང་སེམས་གསུམ་པོ་འདི་དག་བསྐྱེད་པར་བྱའོ། །རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་སེམས་སྐྱེ་བ་དང ། མི་སྐྱེ་བ་དང ། ཆེར་སྐྱེ་བ་དང ། མཉམ་དུ་སྐྱེ་བ་དེ་ཡང་དག་པར་རྗེས་སུ་མཐོང་སྟེ། དེ་དེ་ལྟར་ཡང་དག་པར་རྗེས་སུ་མཐོང་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔས་གཟུགས་ལ་ཡོད་པ་ཉིད་དང ། དེ་བཞིན་དུ་ཡོད་པ་ཉིད་དམ། མེད་པ་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ན། དེ་ཁོ་ན་མི་ཤེས་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ། །རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་ཡོད་པ་ཉིད་དང ། དེ་བཞིན་དུ་ཡོད་པ་ཉིད་དམ། མེད་པ་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ན། དེ་ཁོ་ན་མི་ཤེས་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ། །རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔས་གཟུགས་ལ་ཡོད་པ་མ་ཡིན་པ་དང ། དེ་བཞིན་དུ་ཡོད་པ་མ་ཡིན་པ་དང ། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པར་ཡང་དག་པར་རྗེས་སུ་མཐོང་ན། དེ་ཁོ་ན་ཤེས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་ཡོད་པ་མ་ཡིན་པ་ 171a ༄#། །དང ། དེ་བཞིན་དུ་ཡོད་པ་མ་ཡིན་པ་དང ། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པར་ཡང་དག་པར་རྗེས་སུ་མཐོང་ན། དེ་ཁོ་ན་ཤེས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་གཟུགས་ལ་སེམས་མཉམ་པར་གཞག་པར་འདོད་ཅིང་གཟུགས་ལ་མོས་ལ། གཟུགས་ལ་སེམས་དེ་བསྐྱོད། ཀུན་ཏུ་བསྐྱོད། རྣམ་པར་བསྐྱོད་ན། མོས་པ་ངན་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་སེམས་མཉམ་པར་གཞག་པར་འདོད་ཅིང་རྣམ་པར་ཤེས་པ་ལ་མོས་ལ། རྣམ་པར་ཤེས་པ་ལ་སེམས་དེ་བསྐྱོད། ཀུན་ཏུ་བསྐྱོད། རྣམ་པར་བསྐྱོད་ན། མོས་པ་ངན་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་གཟུགས་ལ་སེམས་མཉམ་པར་འདོད་ཅིང་སེམས་དེ་གཟུགས་ལ་མོས་པ་ན། གཟུགས་ལ་སེམས་མི་འདོགས། ཀུན་ཏུ་མི་འདོགས། རྣམ་པར་མི་འདོགས་ན། མོས་པ་བཟང་པོའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་སེམས་མཉམ་པར་གཞག་པར་འདོད་ཅིང ། སེམས་དེ་རྣམ་པར་ཤེས་པ་ལ་མོས་པ་ན། རྣམ་པར་ཤེས་པ་ལ་སེམས་མི་ 171b འདོགས། ཀུན་ཏུ་མི་འདོགས། རྣམ་པར་མི་འདོགས་ན། མོས་པ་བཟང་པོའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་གཟུགས་ལ་མཚན་ཉིད་མེད་པའི་ཆོས་ཡོངས་སུ་ཤེས་པར་བྱ་བ་དང ། སྡུག་བསྔལ་རབ་ཏུ་ཞི་བར་བྱ་བ་དང ། མྱ་ངན་ལས་འདས་པ་ལ་གཅིག་ཏུ་ངེས་པར་བྱ་བའི་ཕྱིར་ཞུགས་ན། ཡང་དག་པར་ཞུགས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་ལྟར་ཡང་དག་པར་ཞུགས་པ་ནི། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་མཚན་ཉིད་མེད་པའི་ཆོས་ཡོངས་སུ་ཤེས་པར་བྱ་བ་དང ། སྡུག་བསྔལ་རབ་ཏུ་ཞི་བར་བྱ་བ་དང ། མྱ་ངན་ལས་འདས་པ་ལ་གཅིག་ཏུ་ངེས་པར་བྱ་བའི་ཕྱིར་ཞུགས་ན། ཡང་དག་པར་ཞུགས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་ལྟར་ཡང་དག་པར་ཞུགས་པ་ནི། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །མཚན་ཉིད་མེད་པར་ཤེས་བྱ་དང ། །སྡུག་བསྔལ་ཞི་བར་བྱ་བ་དང ། །ཞི་བ་གཅིག་ཏུ་ངེས་པར་ནི། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །རབ་འབྱོར། བྱང་ཆུབ་སེམས་དཔའ་གཟུགས་ལ་སྣང་བ་མེད་པ་དང ། ཀུན་ཏུ་སྣང་བ་དང ། དེ་ལ་གནས་པ་དང ། དེ་ལ་འཇུག་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་ 172a ༄#། །དུ་རབ་ཏུ་ཤེས་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་སྣང་བ་མེད་པ་དང ། ཀུན་ཏུ་སྣང་བ་དང ། དེ་གནས་པ་དང ། དེ་ལ་འཇུག་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །ཆོས་གང་སྣང་བ་མེད་པ་དང ། །ཀུན་ཏུ་སྣང་བ་ཉིད་དང་ནི། །དེ་ལ་གནས་དང་རབ་འཇུག་པ། །དེ་ཤེས་ནས་ནི་བྱང་ཆུབ་ཐོབ། །རབ་འབྱོར། བྱང་ཆུབ་སེམས་དཔའ་གཟུགས་ལ་གཟུགས་ཡོངས་སུ་ཚོལ་བ་ན། དེ་མི་དམིགས་ཏེ། གཟུགས་མི་སྣང་བར་བྱས་ཤིང ། གཟུགས་ཀྱི་ཆོས་ཉིད་ཀྱང་རབ་ཏུ་རྟོགས་པར་བྱས་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ཡོངས་སུ་ཚོལ་བ་ན། དེ་མི་དམིགས་ཏེ། རྣམ་པར་ཤེས་པ་མི་སྣང་བར་བྱས་ཤིང ། རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་རབ་ཏུ་རྟོགས་པར་བྱས་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་ཏུ་བཙལ་ནས་མི་དམིགས་ 172b ཆོས། །སེམས་ལ་དངོས་པོར་མི་སྣང་བ། །ཆོས་ཉིད་ལེགས་པར་ཤེས་པ་ཡི། །བློ་ལྡན་བྱང་ཆུབ་འཐོབ་པར་འགྱུར། །རབ་འབྱོར། བྱང་ཆུབ་སེམས་དཔའ་གཟུགས་ལ་དངོས་པོ་མེད་པར་མཁས་པ་ནི། གཟུགས་འཇིག་པ་དང་ལྡན་ཞིང ། གཟུགས་ཀྱི་ཆོས་ཀྱི་དབྱིངས་ལས་མི་གཡོ་བར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་དངོས་པོ་མེད་པར་མཁས་པ་ནི། རྣམ་པར་ཤེས་པ་འཇིག་པ་དང་ལྡན་ཞིང ། རྣམ་པར་ཤེས་པའི་ཆོས་ཀྱི་དབྱིངས་ལས་མི་གཡོ་བར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །བློ་ལྡན་དངོས་པོ་མེད་མཁས་པ། །རྣམ་པར་འཇིག་དང་ལྡན་གྱུར་ཅིང ། །ཆོས་ཀྱི་དབྱིངས་ལས་མི་གཡོ་བར། །ཐམས་ཅད་མཁྱེན་པ་ཉིད་ཐོབ་འགྱུར། །རབ་འབྱོར། བྱང་ཆུབ་སེམས་དཔས་གཟུགས་ལ་དོན་དང་བྲལ་བ་དང ། དོན་མེད་པ་དང ། དོན་ཆེན་པོར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་དོན་དང་བྲལ་བ་དང ། དོན་མེད་པ་དང ། དོན་ཆེན་པོར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། 173a ༄#། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དོན་བྲལ་དོན་ནི་མེད་པ་དང ། །དོན་ཆེན་པོ་ཡི་དོན་དུ་ནི། །ཤེས་ནས་བྱང་ཆུབ་སེམས་དཔའ་རྣམས། །བྱང་ཆུབ་ཆེན་པོ་འཐོབ་པར་འགྱུར། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ལ་རྣམ་པར་རྟོག་པའི་འདོད་ཆགས་དང ། རབ་ཏུ་རྟོག་པའི་འདོད་ཆགས་དང ། རྣམ་པར་རྟོག་པའི་འདོད་ཆགས་དང ། འདོད་ཆགས་དང ། འདོད་ཆགས་ཆེན་པོ་དང་འདོད་ཆགས་ལྔ་ཡོངས་སུ་ཤེས་པར་བྱ་སྟེ། ཡོངས་སུ་སྤང་བར་བྱའོ། ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་རྣམ་པར་རྟོག་པའི་འདོད་ཆགས་དང ། རབ་ཏུ་རྟོག་པའི་འདོད་ཆགས་དང ། རྣམ་པར་རྟོག་པའི་འདོད་ཆགས་དང ། འདོད་ཆགས་དང ། འདོད་ཆགས་ཆེན་པོ་དང་འདོད་ཆགས་ལྔ་ཡོངས་སུ་ཤེས་པར་བྱ་སྟེ། ཡོངས་སུ་སྤང་བར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་གཟུགས་ལ་འདོད་ཆགས་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས་གཟུགས་ཀྱི་རང་བཞིན་མི་དམིགས་སོ། །གཟུགས་ཀྱི་རང་བཞིན་མི་དམིགས་པས། གཟུགས་ལ་གཟུགས་སུ་མི་དམིགས་སོ། །གཟུགས་ལ་གཟུགས་སུ་མི་དམིགས་པས། གཟུགས་ལ་གཟུགས་དམིགས་ཏེ། གང་གཟུགས་ལ་གཟུགས་དམིགས་པ་དེ་ཉིད་ 173b གཟུགས་ལ་གཟུགས་མི་དམིགས་པའོ། །དེ་གཟུགས་དམིགས་པ་མི་དམིགས་པ་དེས། གཟུགས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་འདོད་ཆགས་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས་རྣམ་པར་ཤེས་པའི་རང་བཞིན་མི་དམིགས་སོ། །རྣམ་པར་ཤེས་པའི་རང་བཞིན་མི་དམིགས་པས། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་སོ། །རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་པས། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་ཏེ། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་པ་དེ་ཉིད་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་པའོ། །དེ་རྣམ་པར་ཤེས་པ་དམིགས་པ་མི་དམིགས་པ་དེས་རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ ། །རབ་འབྱོར། བྱང་ཆུབ་སེམས་དཔས་གཟུགས་ལ་རྣམ་པར་རྟོག་པ་དང ། རྣམ་པར་དཔྱོད་པའི་ཞེ་སྡང་དང ། རབ་ཏུ་རྟོག་པ་དང ། རྣམ་པར་དཔྱོད་པའི་ཞེ་སྡང་དང ། རྣམ་པར་རྟོག་པ་དང ། རྣམ་པར་དཔྱོད་པའི་ཞེ་སྡང་དང ། ཞེ་སྡང་དང ། ཞེ་སྡང་ཆེན་པོ་དང་ཞེ་སྡང་ལྔ་ཡོངས་སུ་ཤེས་པར་བྱས་ཏེ་ཡོངས་སུ་སྤང་བར་བྱའོ། །རབ་ 174a ༄#། །འབྱོར།་བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་རྣམ་པར་རྟོག་པ་དང ། རྣམ་པར་དཔྱོད་པའི་ཞེ་སྡང་དང།་རབ་ཏུ་རྟོག་པ་དང ། རྣམ་པར་དཔྱོད་པའི་ཞེ་སྡང་དང ། རྣམ་པར་རྟོག་པ་དང ། རྣམ་པར་དཔྱོད་པའི་ཞེ་སྡང་དང ། ཞེ་སྡང་དང ། ཞེ་སྡང་ཆེན་པོ་དང ། ཞེ་སྡང་ལྔ་ཡོངས་སུ་ཤེས་པར་བྱས་ཏེ་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་གཟུགས་ལ་ཞེ་སྡང་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས་གཟུགས་ཀྱི་རང་བཞིན་མི་དམིགས་སོ། ། གཟུགས་ཀྱི་རང་བཞིན་མི་དམིགས་པས་གཟུགས་ལ་གཟུགས་སུ་མི་དམིགས་སོ། །གཟུགས་ལ་གཟུགས་སུ་མི་དམིགས་པས། གཟུགས་ལ་གཟུགས་དམིགས་ཏེ། གང་གཟུགས་ལ་གཟུགས་དམིགས་པ་དེ་ཉིད་གཟུགས་ལ་གཟུགས་མི་དམིགས་པའོ། །དེ་གཟུགས་དམིགས་པ་མི་དམིགས་པ་དེས། གཟུགས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང།་རྣམ་པར་ཤེས་པ་ལ་ཞེ་སྡང་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས་རྣམ་པར་ཤེས་པའི་རང་བཞིན་མི་དམིགས་སོ། །རྣམ་པར་ཤེས་པའི་རང་བཞིན་མི་དམིགས་པས། 174b རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་སོ། །རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་པས། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་ཏེ། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་པ་དེ་ཉིད་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་པའོ། །དེ་རྣམ་པར་ཤེས་པ་དམིགས་པ་མི་དམིགས་པ་དེས་རྣམ་པར་ཤེས་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ ། །རབ་འབྱོར། བྱང་ཆུབ་སེམས་དཔའ་གཟུགས་ལ་འཁྲུལ་པའི་གཏི་མུག་དང ། འཁྲུལ་པའི་རྒྱུའི་གཏི་མུག་དང ། མི་འཁྲུལ་པའི་རྒྱུའི་གཏི་མུག་དང ། གཏི་མུག་དང ། གཏི་མུག་ཆེན་པོ་དང་གཏི་མུག་ལྔ་ཡོངས་སུ་ཤེས་པར་བྱས་ཏེ་ཡོངས་སུ་སྤང་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་འཁྲུལ་པའི་གཏི་མུག་དང ། འཁྲུལ་པའི་རྒྱུའི་གཏི་མུག་དང ། མི་འཁྲུལ་བའི་རྒྱུའི་གཏི་མུག་དང ། གཏི་མུག་དང ། གཏི་མུག་ཆེན་པོ་དང་གཏི་མུག་ལྔ་ཡོངས་སུ་ཤེས་པར་བྱས་ཏེ་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་གཟུགས་ལ་གཏི་མུག་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས་གཟུགས་ཀྱི་རང་བཞིན་མི་དམིགས་སོ། །གཟུགས་ཀྱི་རང་བཞིན་མི་དམིགས་པས། གཟུགས་ལ་གཟུགས་སུ་མི་དམིགས་སོ། །གཟུགས་ལ་གཟུགས་ 175a ༄#། །སུ་མི་དམིགས་པས། གཟུགས་ལ་གཟུགས་དམིགས་ཏེ། གང་གཟུགས་ལ་གཟུགས་དམིགས་པ་དེ་ཉིད་གཟུགས་ལ་གཟུགས་མི་དམིགས་པའོ། །དེ་གཟུགས་དམིགས་པ་མི་དམིགས་པ་དེས། གཟུགས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་གཏི་མུག་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས་རྣམ་པར་ཤེས་པའི་རང་བཞིན་མི་དམིགས་སོ། །རྣམ་པར་ཤེས་པའི་རང་བཞིན་མི་དམིགས་པས། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་སོ། །རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་པས། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་ཏེ། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་པ་དེ་ཉིད་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་པའོ། །དེ་རྣམ་པར་ཤེས་པ་དམིགས་པ་མི་དམིགས་པ་དེས། རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ ། །རབ་འབྱོར། བྱང་ཆུབ་སེམས་དཔས་གཟུགས་ལ་མང་དུ་ཐོས་པའི་ང་རྒྱལ་དང ། མངོན་པར་མཐོ་བའི་ང་རྒྱལ་དང ། མངོན་པའི་ང་རྒྱལ་དང ། ང་རྒྱལ་དང ། ང་རྒྱལ་ཆེན་ 175b པོ་དང་ང་རྒྱལ་ལྔ་ཡོངས་སུ་ཤེས་པར་བྱས་ཏེ་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་མང་དུ་ཐོས་པའི་ང་རྒྱལ་དང ། མངོན་པར་མཐོ་བའི་ང་རྒྱལ་དང ། མངོན་པའི་ང་རྒྱལ་དང ། ང་རྒྱལ་དང ། ང་རྒྱལ་ཆེན་པོ་དང་ང་རྒྱལ་ལྔ་ཡོངས་སུ་ཤེས་པར་བྱས་ཏེ་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་གཟུགས་ལ་ང་རྒྱལ་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས་གཟུགས་ཀྱི་རང་བཞིན་མི་དམིགས་སོ། །གཟུགས་ཀྱི་རང་བཞིན་མི་དམིགས་པས།་གཟུགས་ལ་གཟུགས་སུ་མི་དམིགས་སོ། །གཟུགས་ལ་གཟུགས་སུ་མི་དམིགས་པས། གཟུགས་ལ་གཟུགས་དམིགས་ཏེ། གང་གཟུགས་ལ་གཟུགས་དམིགས་པ་དེ་ཉིད་གཟུགས་ལ་གཟུགས་མི་དམིགས་པའོ། །དེ་གཟུགས་དམིགས་པ་མི་དམིགས་པ་དེས། གཟུགས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་ང་རྒྱལ་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས་རྣམ་པར་ཤེས་པའི་རང་བཞིན་མི་དམིགས་སོ། །རྣམ་པར་ཤེས་པའི་རང་བཞིན་མི་དམིགས་པས། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་སོ། །རྣམ་པར་ 176a ༄#། །ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་པས། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་ཏེ། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་པ་དེ་ཉིད། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་པའོ། །དེ་རྣམ་པར་ཤེས་པ་དམིགས་པ་མི་དམིགས་པ་དེས། རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ ། །རབ་འབྱོར། བྱང་ཆུབ་སེམས་དཔས་གཟུགས་ལ་རང་བཞིན་ཕྱིན་ཅི་ལོག་གི་ལྟ་བ་དང ། ཡོད་དོ། ། སྙམ་པའི་ལྟ་བ་དང ། སྐུར་བ་འདེབས་པའི་ལྟ་བ་དང ། ལྟ་བ་དང ། ལྟ་བ་ཆེན་པོ་དང་ལྟ་བ་ལྔ་ཡོངས་སུ་ཤེས་པར་བྱས་ཏེ་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་རང་བཞིན་ལ་ཕྱིན་ཅི་ལོག་གི་ལྟ་བ་དང ། ཡོད་དོ། །སྙམ་པའི་ལྟ་བ་དང ། སྐུར་བ་འདེབས་པའི་ལྟ་བ་དང ། ལྟ་བ་དང ། ལྟ་བ་ཆེན་པོ་དང་ལྟ་བ་ལྔ་ཡོངས་སུ་ཤེས་པར་བྱས་ཏེ་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་གཟུགས་ལ་ལྟ་བ་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས་གཟུགས་ཀྱི་རང་བཞིན་མི་དམིགས་སོ། །གཟུགས་ཀྱི་རང་བཞིན་མི་དམིགས་པས། གཟུགས་ལ་གཟུགས་སུ་མི་དམིགས་སོ། །གཟུགས་ལ་གཟུགས་སུ་མི་དམིགས་པས། གཟུགས་ 176b ལ་གཟུགས་དམིགས་ཏེ། གང་གཟུགས་ལ་གཟུགས་དམིགས་པ་དེ་ཉིད་གཟུགས་ལ་གཟུགས་མི་དམིགས་པའོ། །དེ་གཟུགས་དམིགས་པ་མི་དམིགས་པ་དེས། གཟུགས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་ལྟ་བ་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས་རྣམ་པར་ཤེས་པའི་རང་བཞིན་མི་དམིགས་སོ། །རྣམ་པར་ཤེས་པའི་རང་བཞིན་མི་དམིགས་པས། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་སོ། །རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་པས། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་ཏེ། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་པ་དེ་ཉིད། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་དམིགས་པའོ། །དེ་རྣམ་པར་ཤེས་པ་དམིགས་པ་མི་དམིགས་པ་དེས། རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ ། །རབ་འབྱོར། བྱང་ཆུབ་སེམས་དཔས་གཟུགས་ལ་ཆོས་ལ་ཡིད་གཉིས་ཟ་བ་དང ། འགྲོ་བ་དང་སྡུག་བསྔལ་ལ་ཡིད་གཉིས་ཟ་བ་དང ། མྱ་ངན་ལས་འདས་པ་དང ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་གཟུགས་ལ་ཡིད་གཉིས་ཟ་བ་དང ། ཡིད་གཉིས་ཟ་བ་ 177a ༄#། །དང ། ཡིད་གཉིས་ཟ་བ་ཆེན་པོ་དང་ཡིད་གཉིས་ཟ་བ་ལྔ་ཡོངས་སུ་ཤེས་པར་བྱས་ཏེ་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་ཆོས་ལ་ཡིད་གཉིས་ཟ་བ་དང ། འགྲོ་བ་དང་སྡུག་བསྔལ་ལ་ཡིད་གཉིས་ཟ་བ་དང ། མྱ་ངན་ལས་འདས་པ་དང ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ལ་ཡིད་གཉིས་ཟ་བ་དང ། ཡིད་གཉིས་ཟ་བ་དང ། ཡིད་གཉིས་ཟ་བ་ཆེན་པོ་དང་ཡིད་གཉིས་ཟ་བ་ལྔ་ཡོངས་སུ་ཤེས་པར་བྱས་ཏེ་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་གཟུགས་ལ་ཡིད་གཉིས་ཟ་བ་འདི་དག་ཡོངས་སུ་སྤངས་ནས་གཟུགས་ཀྱི་རང་བཞིན་མི་དམིགས་སོ། །གཟུགས་ཀྱི་རང་བཞིན་མི་དམིགས་པས། གཟུགས་ལ་གཟུགས་སུ་མི་དམིགས་སོ། །གཟུགས་ལ་གཟུགས་སུ་མི་དམིགས་པས། གཟུགས་ལ་གཟུགས་དམིགས་ཏེ། གང་གཟུགས་ལ་གཟུགས་དམིགས་པ་དེ་ཉིད་གཟུགས་ལ་གཟུགས་མི་དམིགས་པའོ། །དེ་གཟུགས་དམིགས་པ་མི་དམིགས་པ་དེས། གཟུགས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ།་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་ 177b པར་ཤེས་པ་ལ་ཡིད་གཉིས་ཟ་བ་ལྔ་པོ་འདི་དག་ཡོངས་སུ་སྤངས་ནས་རྣམ་པར་ཤེས་པའི་རང་བཞིན་མི་དམིགས་སོ། །རྣམ་པར་ཤེས་པའི་རང་བཞིན་མི་དམིགས་པས། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་སོ། །རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པར་མི་དམིགས་པས། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་ཏེ། གང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དམིགས་པ་དེ་ཉིད། རྣམ་པར་ཤེས་པ་མི་དམིགས་པའོ། །དེ་ལ་རྣམ་པར་ཤེས་པ་དམིགས་པ་མི་དམིགས་པ་དེས། རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ནས་འདི་ལྟ་སྟེ།་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ ། །རབ་འབྱོར། བྱང་ཆུབ་སེམས་དཔའ་གཟུགས་ཡོངས་སུ་ཚོལ་ཞིང་གཟུགས་ཀྱི་ཆོས་སྟོན་ལ། གཟུགས་ལ་ལུས་དང ། ངག་དང ། ཡིད་ཀྱི་ལས་ཡོངས་སུ་སྦྱོང་ཞིང་གཟུགས་དེ་ཇི་ལྟར་བརྗོད་པ་དང ། ཇི་ལྟར་བསྟན་པ་དང ། ཇི་ལྟར་བསྙད་པ་བཞིན་དུ་ཡོངས་སུ་ཚོལ་ཞིང་ཆོས་སྟོན་ཏེ། དེ་ལ་ལུས་དང ། ངག་དང ། ཡིད་ཀྱི་ལས་ཡོངས་སུ་སྦྱོང་ན། གཟུགས་ལ་ཉེས་པ་ཡོངས་སུ་ཚོལ་བའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ། །གཟུགས་ལ་དམ་པའི་ཆོས་མ་ཡིན་པའི་གཏམ་ཅན་གྱི་བྱང་ཆུབ་སེམས་དཔར་རིག་པར་བྱའོ། །གཟུགས་ལ་ལུས་དང ། ངག་དང ། ཡིད་ཀྱི་ལས་ཡོངས་སུ་མ་དག་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ། །རབ་འབྱོར། བྱང་ 178a ༄#། །ཆུབ་སེམས་དཔའ་གཟུགས་ཡོངས་སུ་ཚོལ་ཞིང་གཟུགས་ཀྱི་ཆོས་སྟོན་ལ། གཟུགས་ལ་ལུས་དང ། ངག་དང ། ཡིད་ཀྱི་ལས་ཡོངས་སུ་སྦྱོང་ཞིང ། གཟུགས་དེ་ལ་ཇི་ལྟར་བརྗོད་པ་བཞིན་དུ་མ་ཡིན། ཇི་ལྟར་བསྟན་པ་བཞིན་དུ་མ་ཡིན། ཇི་ལྟར་བསྙད་པ་བཞིན་དུ་མ་ཡིན་པར་ཡོངས་སུ་ཚོལ་ཞིང་ཆོས་སྟོན་ཏེ། དེ་ལ་ལུས་དང ། ངག་དང ། ཡིད་ཀྱི་ལས་ཡོངས་སུ་སྦྱོང་ན། གཟུགས་ལ་ལེགས་པར་ཚོལ་བའི་བྱང་ཆུབ་སེམས་དཔའ་སྟེ། ཡང་དག་པའི་ངག་གི་ལས་ཀྱི་གཏམ་ཅན་གྱི་བྱང་ཆུབ་སེམས་དཔར་རིག་པར་བྱའོ། །གཟུགས་དེ་ལ་ལུས་དང ། ངག་དང ། ཡིད་ཀྱི་ལས་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ཡོངས་སུ་ཚོལ་ཞིང་རྣམ་པར་ཤེས་པའི་ཆོས་སྟོན་ལ། རྣམ་པར་ཤེས་པ་ལ་ལུས་དང ། ངག་དང ། ཡིད་ཀྱི་ལས་ཡོངས་སུ་སྦྱོང་ཞིང ། རྣམ་པར་ཤེས་པ་དེ་ཇི་ལྟར་བརྗོད་པ་དང ། ཇི་ལྟར་བསྟན་པ་དང ། ཇི་ལྟར་བསྙད་པ་བཞིན་དུ་ཡོངས་སུ་ཚོལ་ཞིང་ཆོས་སྟོན་ཏེ། དེ་ལ་ལུས་དང ། ངག་དང ། ཡིད་ཀྱི་ལས་ཡོངས་སུ་སྦྱོང་ན། རྣམ་པར་ཤེས་པ་ལ་ཉེས་པ་ཡོངས་སུ་ཚོལ་བའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ། །རྣམ་པར་ཤེས་པ་ལ་དམ་པའི་ཆོས་མ་ཡིན་པའི་གཏམ་ཅན་གྱི་བྱང་ཆུབ་སེམས་དཔར་རིག་པར་བྱའོ། །རྣམ་པར་ 178b ཤེས་པ་ལ་ལུས་དང ། ངག་དང ། ཡིད་ཀྱི་ལས་ཡོངས་སུ་མ་དག་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་ཡོངས་སུ་ཚོལ་ཞིང་རྣམ་པར་ཤེས་པའི་ཆོས་སྟོན་ལ། རྣམ་པར་ཤེས་པ་ལ་ལུས་དང ། ངག་དང ། ཡིད་ཀྱི་ལས་ཡོངས་སུ་སྦྱོང་ཞིང་རྣམ་པར་ཤེས་པ་དེ་ལ་ཇི་ལྟར་བརྗོད་པ་བཞིན་དུ་མ་ཡིན། ཇི་ལྟར་བསྟན་པ་བཞིན་དུ་མ་ཡིན། ཇི་ལྟར་བསྙད་པ་བཞིན་དུ་མ་ཡིན་པར་ཡོངས་སུ་ཚོལ་ཞིང་ཆོས་སྟོན་ཏེ། དེ་ལ་ལུས་དང ། ངག་དང ། ཡིད་ཀྱི་ལས་ཡོངས་སུ་སྦྱོད་ན། རྣམ་པར་ཤེས་པ་ལ་ལེགས་པར་ཚོལ་བའི་བྱང་ཆུབ་སེམས་དཔའ་སྟེ། ཡང་དག་པའི་ངག་གི་ལས་ཀྱི་གཏམ་ཅན་གྱི་བྱང་ཆུབ་སེམས་དཔར་རིག་པར་བྱའོ། །རྣམ་པར་ཤེས་པ་དེ་ལ་ལུས་དང ། ངག་དང ། ཡིད་ཀྱི་ལས་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་གཟུགས་ལ་སེམས་མཉམ་པར་གཞག་པར་འདོད་ཅིང་གཟུགས་དེ་ལ་ནང་དུ་མོས་ན། གཟུགས་ལ་མོས་པར་བྱ་བའི་གཟུགས་དང ། མོས་པའི་གཟུགས་གཉིས་དམིགས་པར་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་མོས་པའི་གཟུགས་ལ་མོས་པར་བྱ་བ་ཇི་ལྟ་བ་བཞིན་དུ་སྟོན་ཏམ། མོས་པར་བྱ་བ་ཇི་ལྟ་བ་བཞིན་དུ་སྟོན་ན། གཟུགས་ལ་ཡང་དག་པ་མ་ཡིན་པར་སྟོན་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། མོས་པར་བྱ་བའི་གཟུགས་ 179a ༄#། །ལས་མོས་པའི་གཟུགས་ཀྱི་མཚན་ཉིད་གུད་ན་མེད་དོ། །རབ་འབྱོར། གལ་ཏེ་མོས་པར་བྱ་བའི་གཟུགས་ལས་མོས་པའི་གཟུགས་ཀྱི་མཚན་ཉིད་གུད་ན་ཡོད་ན་ནི།་མོས་པར་བྱ་བ་ལ་སེམས་ཅན་མོས་པ་ཐ་དད་པ་རྣམས་དང་མཚུངས་པར་ལྟ་བ་ཐ་དད་པར་དམིགས་པར་འགྱུར་ཞིང ། རྨི་ལམ་ལ་སོགས་པ་ལ་དམིགས་པ་མེད་པའི་མོས་པས་དམིགས་པར་ཡང་མི་འགྱུར་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་གཟུགས་ལ་དེ་ཁོ་ན་མཐོང་བར་འགྱུར་ཞིང ། རྣམ་པར་མི་རྟོག་པའི་མོས་པ་གྲུབ་པའི་རིགས་པ་ལ་ཡང་མོས་པར་བྱ་བའི་གཟུགས་རྗེས་སུ་འཇུག་པར་མི་འགྱུར་བ་ཞིག་ན། རབ་འབྱོར། འདི་ལྟར་མོས་པར་བྱ་བ་ལ་སེམས་ཅན་མོས་པ་ཐ་དད་པ་རྣམས་དང་མཚུངས་པར་ལྟ་བ་ཐ་དད་པར་མ་གྱུར་ཅིང ། རྨི་ལམ་ལ་སོགས་པ་ལ་ཡང་དམིགས་པ་མེད་པའི་མོས་པ་དམིགས་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་གཟུགས་ལ་དེ་ཁོ་ན་མཐོང་བར་མ་གྱུར་ཏེ། རྣམ་པར་མི་རྟོག་པའི་མོས་པ་གྲུབ་པའི་རིགས་པ་ལ་ཡང་མོས་པར་བྱ་བའི་གཟུགས་རྗེས་སུ་འཇུག་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔས་མོས་པའི་གཟུགས་ལས་མོས་པར་བྱ་བའི་གཟུགས་ཀྱི་མཚན་ཉིད་གུད་ན་མེད་པར་བལྟ་བར་བྱའོ། །གཞན་དུ་ན་མོས་པར་བྱ་བའི་གཟུགས་དེ་ཇི་ལྟ་བ་བཞིན་དུ་མཚན་མ་དང་བཅས་པའི་ལྟ་བའི་མོས་པའི་གཟུགས་ཀྱང་ཡང་དག་པར་བྱུང་བ་ནི། མ་གཏོགས་ 179b སོ། །དེ་བས་ན། དོན་གཞན་སྣང་ངོ ། །དེ་ལྟར་མཐོང་བའི་བྱང་ཆུབ་སེམས་དཔས་མོས་པར་བྱ་བའི་གཟུགས་ཀྱི་འདུ་ཤེས་རྣམ་པར་འཇིག་སྟེ། དེ་འདི་སྙམ་དུ་སེམས་སོ། །མོས་པར་བྱ་བའི་གཟུགས་ཡོད་ན། མོས་པའི་གཟུགས་རིགས་པར་འགྱུར་གྱི། མེད་ན་ནི། མ་ཡིན་པར་རིག་ནས་གཟུགས་ལ་འཁྲུལ་པའི་སེམས་དམིགས་ཏེ་མོས་པའི་གཟུགས་ཀྱི་འདུ་ཤེས་ཀྱང་རྣམ་པར་འཇིག་གོ། དེ་གཟུགས་ཉིད་ཀྱི་འདུ་ཤེས་རྣམ་པར་བཤིག་ཅིང ། གཟུགས་ཀྱི་འདུ་ཤེས་ཐམས་ཅད་བཤིག་ནས་གཟུགས་ཐམས་ཅད་མི་དམིགས་སོ། །གཟུགས་ཐམས་ཅད་མི་དམིགས་པས། གཟུགས་ལ་འཁྲུལ་པར་དམིགས་སོ། །གཟུགས་ལ་འཁྲུལ་པར་དམིགས་པས། གཟུགས་ལ་འཁྲུལ་པའི་རྒྱུད་དམིགས་སོ། །གཟུགས་ལ་འཁྲུལ་པའི་རྒྱུ་དམིགས་པས།་གཟུགས་ལ་འཁྲུལ་པ་མེད་པའི་ཆོས་ཡང་དག་པར་སྒྲུབ་བོ། །གཟུགས་ལ་འཁྲུལ་པ་མེད་པའི་ཆོས་ཡང་དག་པར་བསྒྲུབས་པས། གཟུགས་ལ་འཁྲུལ་པ་མེད་པའི་རྒྱུ་དམིགས་སོ། །གཟུགས་ལ་འཁྲུལ་པ་མེད་པའི་རྒྱུ་དམིགས་པས། གཟུགས་ལ་འཁྲུལ་པ་མེད་པའི་ཆོས་ཡང་དག་པར་སྒྲུབ་བོ། །གཟུགས་ལ་འཁྲུལ་པ་མེད་པའི་ཆོས་ཡང་དག་པར་བསྒྲུབས་པས།་གཟུགས་ལ་འཁྲུལ་པ་མེད་པའི་རྒྱུ་མཐུན་པའི་ཆོས་ཡང་དག་པར་སྒྲུབ་སྟེ། དེས་གཟུགས་ལ་འཁྲུལ་པ་དང ། འཁྲུལ་པ་མེད་པའི་ཆོས་སྔ་ནས་ཡང་དག་པར་བསྒྲུབས་པ་ཡིན་ 180a ༄#། །ནོ། །དེ་གཟུགས་ལ་འཁྲུལ་པ་མེད་པའི་ཆོས་དང ། འཁྲུལ་པ་མེད་པའི་རྒྱུ་མཐུན་པའི་ཆོས་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྒོམ་མོ། །སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྤྱོད་དོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱའོ།། བྱང་ཆུབ་སེམས་དཔས་གཟུགས་ལ་དེ་ལྟར་སྟོན་ན། ཡང་དག་པར་སྟོན་པ་ཡིན་ནོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་སེམས་མཉམ་པར་གཞག་པར་འདོད་ཅིང་རྣམ་པར་ཤེས་པ་དེ་ལ་ནང་དུ་མོས་ན། རྣམ་པར་ཤེས་པ་ལ་མོས་པར་བྱ་བའི་གཟུགས་དང ། མོས་པའི་གཟུགས་གཉིས་དམིགས་པར་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་མོས་པའི་རྣམ་པར་ཤེས་པ་ལ་མོས་པ་ལ་མོས་པར་བྱ་བ་ཇི་ལྟ་བ་བཞིན་དུ་སྟོན་ཏམ། མོས་པར་བྱ་བ་ལ་མོས་པ་ཇི་ལྟ་བ་བཞིན་དུ་སྟོན་ན།་རྣམ་པར་ཤེས་པ་ལ་ཡང་དག་པ་མ་ཡིན་པར་སྟོན་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། མོས་པར་བྱ་བའི་རྣམ་པར་ཤེས་པ་ལས་མོས་པའི་རྣམ་པར་ཤེས་པའི་མཚན་ཉིད་གུད་ན་མེད་དོ། །རབ་འབྱོར། གལ་ཏེ་མོས་པར་བྱ་བའི་རྣམ་པར་ཤེས་པ་ལས་མོས་པའི་རྣམ་པར་ཤེས་པའི་མཚན་ཉིད་གུད་ན་ཡོད་ན་ནི། མོས་ 180b པར་བྱ་བ་ལ་སེམས་ཅན་མོས་པ་ཐ་དད་པ་རྣམས་དང་མཚུངས་པར་ལྟ་བ་ཐ་དད་པར་དམིགས་པར་འགྱུར་ཞིང ། རྨི་ལམ་ལ་སོགས་པ་ལ་དམིགས་པ་མེད་པའི་མོས་པ་དམིགས་པར་ཡང་མི་འགྱུར་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་རྣམ་པར་ཤེས་པ་ལ་དེ་ཁོ་ན་མཐོང་བར་ཡང་འགྱུར་ཞིང ། རྣམ་པར་མི་རྟོག་པའི་མོས་པ་གྲུབ་པར་རིགས་པ་ལ་ཡང་མོས་པར་བྱ་བའི་རྣམ་པར་ཤེས་པ་རྗེས་སུ་འཇུག་པར་མི་འགྱུར་བ་ཞིག་ན། རབ་འབྱོར། འདི་ལྟར་མོས་པར་བྱ་བ་ལ་སེམས་ཅན་མོས་པ་ཐ་དད་པ་རྣམས་དང་མཚུངས་པར་ལྟ་བ་ཐ་དད་པར་མ་གྱུར་ཅིང ། རྨི་ལམ་ལ་སོགས་པ་ལ་ཡང་དམིགས་པ་མེད་པའི་མོས་པ་དེ་དམིགས་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་རྣམ་པར་ཤེས་པ་དེ་ཁོ་ན་མཐོང་བར་མ་གྱུར་ཏེ། རྣམ་པར་མི་རྟོག་པའི་མོས་པ་གྲུབ་པར་རིགས་པ་ལ་ཡང་མོས་པར་བྱ་བའི་རྣམ་པར་ཤེས་པ་རྗེས་སུ་འཇུག་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔས་མོས་པའི་རྣམ་པར་ཤེས་པ་ལས་མོས་པར་བྱ་བའི་རྣམ་པར་ཤེས་པའི་མཚན་ཉིད་གུད་ན་མེད་པར་བལྟ་བར་བྱའོ། །གཞན་དུ་ན་མོས་པར་བྱ་བའི་རྣམ་པར་ཤེས་པ་དེ་ཇི་ལྟ་བ་བཞིན་དུ་མཚན་མ་དང་བཅས་པའི་ལྟ་བའི་མོས་པའི་རྣམ་པར་ཤེས་པ་ཡང་ཡང་དག་པར་བྱུང་བ་ནི། མ་གཏོགས་སོ། །དེ་བས་ན། དོན་གཞན་སྣང་ངོ ། །དེ་ལྟར་མཐོང་བའི་བྱང་ཆུབ་སེམས་དཔས་མོས་པར་བྱ་བའི་རྣམ་པར་ཤེས་པའི་འདུ་ཤེས་རྣམ་པར་འཇིག་སྟེ། དེ་འདི་སྙམ་ 181a ༄#། །དུ་སེམས་སོ། །མོས་པར་བྱ་བའི་རྣམ་པར་ཤེས་པ་ཡོད་ན། མོས་པའི་རྣམ་པར་ཤེས་པ་ཡང་རིགས་པར་འགྱུར་གྱི། མེད་ན་ནི། མ་ཡིན་པར་རིག་ནས་མོས་པའི་རྣམ་པར་ཤེས་པ་ལ་མོས་པའི་རྣམ་པར་ཤེས་པའི་འདུ་ཤེས་ཀྱང་རྣམ་པར་འཇིག་གོ། དེ་རྣམ་པར་ཤེས་པ་གཉིས་ཀྱི་འདུ་ཤེས་རྣམ་པར་བ་ཤིག་ནས་རྣམ་པར་ཤེས་པ་ཐམས་ཅད་མི་དམིགས་སོ། །རྣམ་པར་ཤེས་པ་ཐམས་ཅད་མི་དམིགས་པས། རྣམ་པར་ཤེས་པ་ལ་འཁྲུལ་པར་དམིགས་སོ། །རྣམ་པར་ཤེས་པ་ལ་འཁྲུལ་པར་དམིགས་པས། རྣམ་པར་ཤེས་པ་ལ་འཁྲུལ་པའི་རྒྱུ་དམིགས་སོ། །རྣམ་པར་ཤེས་པ་ལ་འཁྲུལ་པའི་རྒྱུ་དམིགས་པས། རྣམ་པར་ཤེས་པ་ལ་འཁྲུལ་པ་མེད་པའི་ཆོས་ཡང་དག་པར་སྒྲུབ་བོ། །རྣམ་པར་ཤེས་པ་ལ་འཁྲུལ་པ་མེད་པའི་ཆོས་ཡང་དག་པར་བསྒྲུབས་པས། རྣམ་པར་ཤེས་པ་ལ་འཁྲུལ་པ་མེད་པའི་རྒྱུ་མཐུན་པའི་ཆོས་ཡང་དག་པར་སྒྲུབ་སྟེ། དེས་རྣམ་པར་ཤེས་པ་ལ་འཁྲུལ་པ་དང ། འཁྲུལ་པ་མེད་པའི་ཆོས་སྔ་ནས་ཡང་དག་པར་བསྒྲུབས་པ་ཡིན་ནོ། །དེ་རྣམ་པར་ཤེས་པ་ལ་འཁྲུལ་པ་མེད་པའི་ཆོས་དང ། འཁྲུལ་པ་མེད་པའི་རྒྱུ་མཐུན་པའི་ཆོས་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྒོམ་མོ། །སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྦྱོང་ངོ ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ 181b ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་ལ་དེ་ལྟར་སྟོན་ན། ཡང་དག་པར་སྟོན་པར་རིག་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་གཟུགས་ལ་དམ་པའི་ཆོས་ཉེ་བར་སྒྲུབ་པའི་བྱམས་པ་དང ། འཇིག་རྟེན་པའི་བདེ་བ་ཉེ་བར་སྒྲུབ་པའི་བྱམས་པ་དང ། འཇིག་རྟེན་ལས་འདས་པའི་བདེ་བ་ཉེ་བར་སྒྲུབ་པའི་བྱམས་པ་དང།་བྱམས་པ་དང ། བྱམས་པ་ཆེན་པོ་དང་བྱམས་པ་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་དམ་པའི་ཆོས་ཉེ་བར་སྒྲུབ་པའི་བྱམས་པ་དང ། འཇིག་རྟེན་པའི་བདེ་བ་ཉེ་བར་སྒྲུབ་པའི་བྱམས་པ་དང ། འཇིག་རྟེན་ལས་འདས་པའི་བདེ་བ་ཉེ་བར་སྒྲུབ་པའི་བྱམས་པ་དང ། བྱམས་པ་དང ། བྱམས་པ་ཆེན་པོ་དང་བྱམས་པ་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་གཟུགས་ལ་མི་སྡུད་པའི་སྙིང་རྗེ་དང ། འདུ་བའི་སྙིང་རྗེ་དང ། འབྲལ་བའི་སྙིང་རྗེ་དང ། སྙིང་རྗེ་དང ། སྙིང་རྗེ་ཆེན་པོ་དང་སྙིང་རྗེ་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་མི་སྡུད་པའི་སྙིང་རྗེ་དང ། འདུ་བའི་སྙིང་རྗེ་དང ། འབྲལ་བའི་སྙིང་རྗེ་དང ། སྙིང་རྗེ་དང ། སྙིང་རྗེ་ཆེན་པོ་དང་སྙིང་རྗེ་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར། བྱང་ཆུབ་ 182a ༄#། །སེམས་དཔས་གཟུགས་ལ་དམ་པའི་ཆོས་ལ་དད་པས་བརླན་པ་དང ། ཕན་འདོགས་པ་དང ། རྗེས་སུ་ཡི་རང་བའི་དགའ་བ་དང ། འཇིག་རྟེན་པའི་བདེ་བས་བརླན་པ་དང ། ཕན་འདོགས་པ་དང ། རྗེས་སུ་ཡི་རང་བའི་དགའ་བ་དང ། འཇིག་རྟེན་ལས་འདས་པའི་བདེ་བས་བརླན་པ་དང ། ཕན་འདོགས་པ་དང ། རྗེས་སུ་ཡི་རང་བའི་དགའ་བ་དང ། དགའ་བ་དང ། དགའ་བ་ཆེན་པོ་དང་དགའ་བ་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་དམ་པའི་ཆོས་ལ་དད་པས་བརླན་པ་དང ། ཕན་འདོགས་པ་དང ། རྗེས་སུ་ཡི་རང་བའི་དགའ་བ་དང ། འཇིག་རྟེན་པའི་བདེ་བས་བརླན་པ་དང ། ཕན་འདོགས་པ་དང ། རྗེས་སུ་ཡི་རང་བའི་དགའ་བ་དང ། འཇིག་རྟེན་ལས་འདས་པའི་བདེ་བས་བརླན་པ་དང ། ཕན་འདོགས་པ་དང ། རྗེས་སུ་ཡི་རང་བའི་དགའ་བ་དང ། དགའ་བ་དང ། དགའ་བ་ཆེན་པོ་དང་དགའ་བ་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་གཟུགས་ལ་ལྟ་བ་ངན་པ་དང་ཀུན་ནས་ཉོན་མོངས་པ་མེད་པ་བརྟུལ་བའི་བཏང་སྙོམས་དང ། ཉེས་པ་ཐམས་ཅད་ཡོངས་སུ་སྤང་བ་དང་ཀུན་ནས་ཉོན་མོངས་པ་མེད་པ་བརྟུལ་བའི་བཏང་སྙོམས་དང ། ཡོན་ཏན་ཐམས་ཅད་ཡོངས་སུ་བསྡུ་བ་དང་ཀུན་ནས་ཉོན་མོངས་པ་མེད་པའི་བརྟུལ་བའི་ 182b བཏང་སྙོམས་དང ། བཏང་སྙོམས་དང ། བཏང་སྙོམས་ཆེན་པོ་དང་བཏང་སྙོམས་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་ལྟ་བ་ངན་པ་དང་ཀུན་ནས་ཉོན་མོངས་པ་མེད་པ་བརྟུལ་བའི་བཏང་སྙོམས་དང ། ཉེས་པ་ཐམས་ཅད་ཡོངས་སུ་སྤང་བ་དང་ཀུན་ནས་ཉོན་མོངས་པ་མེད་པ་བརྟུལ་བའི་བཏང་སྙོམས་དང ། ཡོན་ཏན་ཐམས་ཅད་ཡོངས་སུ་བསྡུ་བ་དང་ཀུན་ནས་ཉོན་མོངས་པ་མེད་པ་བརྟུལ་བའི་བཏང་སྙོམས་དང ། བཏང་སྙོམས་དང ། བཏང་སྙོམས་ཆེན་པོ་དང་བཏང་སྙོམས་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། གཟུགས་ལ་དམ་བཅའ་བའི་སྦྱིན་པ་དང ། ཟང་ཟིང་དང་མི་འཇིགས་པ་སྒྲུབ་པའི་སྦྱིན་པ་དང ། ཆོས་སྒྲུབ་པའི་སྦྱིན་པ་དང ། སྦྱིན་པ་དང ། སྦྱིན་པ་ཆེན་པོ་དང་སྦྱིན་པ་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་དམ་བཅའ་བའི་སྦྱིན་པ་དང ། ཟང་ཟིང་དང་མི་འཇིགས་པ་སྒྲུབ་པའི་སྦྱིན་པ་དང ། ཆོས་སྒྲུབ་པའི་སྦྱིན་པ་དང ། སྦྱིན་པ་དང ། སྦྱིན་པ་ཆེན་པོ་དང་སྦྱིན་པ་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ 183a ༄#། །ཕྱིན་པ་ལ་བརྩོན་པས། གཟུགས་ལ་ཡང་དག་པར་བླངས་པ་དང ། བརྡ་ཅན་གྱི་སྡོམ་པའི་ཚུལ་ཁྲིམས་དང ། བསམ་གཏན་གྱི་སྡོམ་པའི་ཚུལ་ཁྲིམས་དང ། ཟག་པ་མེད་པའི་སྡོམ་པའི་ཚུལ་ཁྲིམས་དང ། ཚུལ་ཁྲིམས་དང ། ཚུལ་ཁྲིམས་ཆེན་པོ་དང་ཚུལ་ཁྲིམས་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་ཡང་དག་པར་བླངས་པ་དང ། བརྡ་ཅན་གྱི་སྡོམ་པའི་ཚུལ་ཁྲིམས་དང ། བསམ་གཏན་གྱི་སྡོམ་པའི་ཚུལ་ཁྲིམས་དང ། ཟག་པ་མེད་པའི་སྡོམ་པའི་ཚུལ་ཁྲིམས་དང ། ཚུལ་ཁྲིམས་དང ། ཚུལ་ཁྲིམས་ཆེན་པོ་དང་ཚུལ་ཁྲིམས་རྣམ་པ་ལྔ་བསྒོམ་པར་བྱའོ། ། རབ་འབྱོར། བྱང་ཆུབ་སེམས་དཔའ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། གཟུགས་ལ་སེམས་ཅན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང ། ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང ། བཟོད་པ་དང ། བཟོད་པ་ཆེན་པོ་དང་བཟོད་པ་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་སེམས་ཅན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་ 183b པ་དང ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང ། ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང ། བཟོད་པ་དང ། བཟོད་པ་ཆེན་པོ་དང་བཟོད་པ་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། གཟུགས་ལ་ལུང་མནོད་པ་དང ། ཁ་ཏོན་བྱ་བར་སེམས་པའི་བརྩོན་འགྲུས་དང ། ཉེས་པ་ཐམས་ཅད་ཡོངས་སུ་སྤོང་བའི་བརྩོན་འགྲུས་དང ། ཡོན་ཏན་ཐམས་ཅད་ཡོངས་སུ་བསྡུ་བའི་བརྩོན་འགྲུས་དང ། བརྩོན་འགྲུས་དང ། བརྩོན་འགྲུས་ཆེན་པོ་དང་བརྩོན་འགྲུས་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་ལུང་མནོད་པ་དང ། །ཁ་ཏོན་བྱ་བར་སེམས་པའི་བརྩོན་འགྲུས་དང ། ཉེས་པ་ཐམས་ཅད་ཡོངས་སུ་སྤོང་བའི་བརྩོན་འགྲུས་དང ། ཡོན་ཏན་ཐམས་ཅད་ཡོངས་སུ་བསྡུ་བའི་བརྩོན་འགྲུས་དང ། བརྩོན་འགྲུས་དང ། བརྩོན་འགྲུས་ཆེན་པོ་དང་བརྩོན་འགྲུས་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། གཟུགས་ལ་ཚིག་འབྲུ་ལ་ལྟོས་པའི་དགེ་བའི་བསམ་གཏན་དང ། ཚིག་འབྲུ་ལ་མི་ལྟོས་པའི་དགེ་བ་གདོད་མ་ནས་དག་པའི་འཇིག་རྟེན་པའི་བསམ་གཏན་དང ། འཇིག་རྟེན་ལས་འདས་པའི་བསམ་གཏན་དང ། བསམ་གཏན་དང ། བསམ་གཏན་ཆེན་པོ་དང་བསམ་ 184a ༄#། །གཏན་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་ཚིག་འབྲུ་ལ་ལྟོས་པའི་དགེ་བའི་བསམ་གཏན་དང ། ཚིག་འབྲུ་ལ་མི་ལྟོས་པའི་དགེ་བ་གདོད་མ་ནས་དག་པའི་འཇིག་རྟེན་པའི་བསམ་གཏན་དང ། འཇིག་རྟེན་ལས་འདས་པའི་བསམ་གཏན་དང ། བསམ་གཏན་དང ། བསམ་གཏན་ཆེན་པོ་དང་བསམ་གཏན་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། གཟུགས་ལ་ཚིག་འབྲུ་ལ་ལྟོས་པའི་དགེ་བའི་བསམ་གཏན་ལ་བརྟེན་པའི་ཤེས་རབ་དང ། ཚིག་འབྲུ་ལ་མི་ལྟོས་པའི་དགེ་བ་གདོད་མ་ནས་དག་པའི་འཇིག་རྟེན་པའི་བསམ་གཏན་ལ་བརྟེན་པའི་ཤེས་རབ་དང ། འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་བརྟེན་པའི་ཤེས་རབ་དང ། ཤེས་རབ་དང ། ཤེས་རབ་ཆེན་པོ་དང་ཤེས་རབ་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་ཚིག་འབྲུ་ལ་ལྟོས་པའི་དགེ་བའི་བསམ་གཏན་ལ་བརྟེན་པའི་ཤེས་རབ་དང ། ཚིག་འབྲུ་ལ་མི་ལྟོས་པའི་དགེ་བ་གདོད་མ་ནས་དག་པའི་འཇིག་རྟེན་པའི་བསམ་ 184b གཏན་ལ་བརྟེན་པའི་ཤེས་རབ་དང ། འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་བརྟེན་པའི་ཤེས་རབ་དང ། ཤེས་རབ་དང ། ཤེས་རབ་ཆེན་པོ་དང་ཤེས་རབ་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར།་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་ལྡན་པས་མཉན་པས་བསྟེན་པ་དང ། བསྙེན་བཀུར་བྱ་བ་དང་ཡོངས་སུ་སྤྱད་པ་དང་བསླབ་པའི་ཆོ་ག་དང་མཐུན་པས་བསྟེན་པ་དང ། ནན་ཏན་གྱིས་མགུ་བར་བྱ་བས་བསྟེན་པ་དང ། བསྟེན་པ་དང ། བསྟེན་པ་ཆེན་པོ་དང་དགེ་བའི་བཤེས་གཉེན་ལ་བརྟེན་པ་རྣམ་པ་ལྔས་གཟུགས་ལ་དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་ལྡན་པས་མཉན་པས་བསྟེན་པ་དང ། བསྙེན་བཀུར་བྱ་བ་དང་ཡོངས་སུ་སྤྱད་པ་དང་བསླབ་པའི་ཆོ་ག་བཞིན་དུ་བསྟེན་པ་དང ། ནན་ཏན་གྱིས་མགུ་བར་བྱ་བས་བསྟེན་པ་དང ། བསྟེན་པ་དང ། བསྟེན་པ་ཆེན་པོ་དང་དགེ་བའི་བཤེས་གཉེན་ལ་བརྟེན་པ་རྣམ་པ་ལྔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱའོ། །དེ་ལྟར་དགེ་བའི་བཤེས་གཉེན་ལ་བརྟེན་པའི་བྱང་ཆུབ་སེམས་དཔའ་ནི། རྣམ་པར་ཐར་པའི་ཐབས་ཀྱང་ཡོངས་སུ་འཛིན་ཅིང ། བསོད་ནམས་མང་པོ་ཡང་རབ་ཏུ་བསྐྱེད་དེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་ངེས་པར་འབྱུང་ངོ ། ། 185a ༄#། །རབ་འབྱོར། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་མཆོད་པ་ལ་བརྩོན་པས། བསྟོད་པ་སྣ་ཚོགས་ཉེ་བར་སྒྲུབ་པའི་མཆོད་པ་དང ། འཐོབ་པ་དང་བཀུར་སྟི་ཉེ་བར་སྒྲུབ་པའི་མཆོད་པ་དང ། ནན་ཏན་གྱིས་མཉེས་པར་བྱ་བའི་མཆོད་པ་དང ། མཆོད་པ་དང ། མཆོད་པ་ཆེན་པོ་དང་མཆོད་པ་རྣམ་པ་ལྔས་གཟུགས་ལ་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་མཆོད་པ་ལ་བརྩོན་པས། བསྟོད་པ་སྣ་ཚོགས་ཉེ་བར་སྒྲུབ་པའི་མཆོད་པ་དང ། འཐོབ་པ་དང་བཀུར་སྟི་ཉེ་བར་སྒྲུབ་པའི་མཆོད་པ་དང ། ནན་ཏན་གྱིས་མཉེས་པར་བྱ་བའི་མཆོད་པ་དང ། མཆོད་པ་དང ། མཆོད་པ་ཆེན་པོ་དང་མཆོད་པ་རྣམ་པ་ལྔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་མཆོད་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྔགས་པ་བརྗོད་པ་མཛད་དོ། །ལྷ་དང ། མི་དང ། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལས་ཀྱང་འཐོབ་པ་དང ། བཀུར་སྟི་རྙེད་དོ། །སེམས་ཅན་ཚད་མེད་པ་ཡང་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་ 185b རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པས་གཟུགས་ལ་མཚན་མ་དང་བཅས་པའི་སྦྱིན་པ་སྒོམ་ན། མྱུར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་བྱེད་དོ། །མཚན་མ་མེད་པའི་སྦྱིན་པ་སྒོམ་ན་ནི། མྱུར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་གཟུགས་ལ་མཚན་མ་དང་བཅས་པའམ། མཚན་མ་མེད་པའི་སྦྱིན་པ་ཇི་ལྟར་བསྒོམ་ཞེ་ན། རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔའ་གཟུགས་ལ་སྦྱིན་པ་ལ་མོས་ན། མོས་པར་བྱ་བའི་སྦྱིན་པའམ། མོས་པའི་སྦྱིན་པ་དམིགས་ཏེ། བྱང་ཆུབ་སེམས་དཔའ་གཟུགས་ལ་མཚན་མ་དང་བཅས་པའི་སྦྱིན་པ་སྒོམ་པར་རིག་པར་བྱའོ། །རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔའ་གཟུགས་ལ་སྦྱིན་པ་ལ་མོས་པ་ན། འདི་ལྟ་སྟེ། གཟུགས་ཀྱི་ངོ་བོ་ཉིད་ཀྱིས་དམིགས་སུ་མེད་པ་དང ། དེ་ལྟར་དངོས་པོ་དམིགས་སུ་མེད་པ་དང ། རང་བཞིན་གྱིས་དམིགས་སུ་མེད་པས་མོས་པར་བྱ་བའི་སྦྱིན་པ་མི་དམིགས་ཤིང ། མོས་པའི་སྦྱིན་པ་དམིགས་ཏེ། བྱང་ཆུབ་སེམས་དཔའ་གཟུགས་ལ་མཚན་མ་མེད་པའི་སྦྱིན་པ་སྒོམ་པར་རིག་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་མཚན་མ་དང་བཅས་པའི་སྦྱིན་པ་སྒོམ་ན། མྱུར་དུ་སྦྱིན་པའི་ཕ་ 186a ༄#། །རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་བྱེད་དོ། །མཚན་མ་མེད་པའི་སྦྱིན་པ་སྒོམ་ན་ནི། མྱུར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། ། རབ་འབྱོར། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་ལ་མཚན་མ་དང་བཅས་པའམ། མཚན་མ་མེད་པའི་སྦྱིན་པ་ཇི་ལྟར་སྒོམ་ཞེ་ན། རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་ལ་སྦྱིན་པ་ལ་མོས་ན། མོས་པར་བྱ་བའི་སྦྱིན་པའམ། མོས་པའི་སྦྱིན་པ་དམིགས་ཏེ། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་ལ་མཚན་མ་དང་བཅས་པའི་སྦྱིན་པ་སྒོམ་པར་རིག་པར་བྱའོ། །རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་ལ་སྦྱིན་པ་ལ་མོས་ན། འདི་ལྟ་སྟེ། རྣམ་པར་ཤེས་པ་ངོ་བོ་ཉིད་ཀྱིས་དམིགས་སུ་མེད་པ་དང ། དེ་ལྟར་དངོས་པོ་དམིགས་སུ་མེད་པ་དང ། རང་བཞིན་གྱིས་དམིགས་སུ་མེད་པས་མོས་པར་བྱ་བའི་སྦྱིན་པ་མི་དམིགས་ཤིང ། མོས་པའི་སྦྱིན་པ་མི་དམིགས་ཏེ། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་ལ་མཚན་མ་མེད་པའི་སྦྱིན་པ་སྒོམ་པར་རིག་པར་བྱའོ། །ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་གཟུགས་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར། གཟུགས་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ 186b གང་ཞེ་ན། རབ་འབྱོར། གང་གཟུགས་ལ་དངོས་པོ་མེད་པ་སྟོང་པ་ཉིད་དང ། དེ་ལྟར་དངོས་པོ་སྟོང་པ་ཉིད་དང ། རང་བཞིན་སྟོང་པ་ཉིད་ལ་དམིགས་ནས་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ། བྱང་ཆུབ་སེམས་དཔས་དེ་ལྟར་གཟུགས་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར། རྣམ་པར་ཤེས་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར། གང་རྣམ་པར་ཤེས་པ་ལ་དངོས་པོ་མེད་པ་སྟོང་པ་ཉིད་དང ། དེ་ལྟར་དངོས་པོ་སྟོང་པ་ཉིད་དང ། རང་བཞིན་སྟོང་པ་ཉིད་ལ་དམིགས་ནས་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔས་དེ་ལྟར་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་གཟུགས་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར། གཟུགས་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར། གང་བྱང་ཆུབ་སེམས་དཔས་གཟུགས་ལ་གཟུགས་དངོས་པོ་མེད་པ་སྟོང་པ་ཉིད་དང ། དེ་ལྟར་དངོས་པོ་སྟོང་པ་ཉིད་དང ། རང་བཞིན་སྟོང་པ་ཉིད་དུ་ཡིད་ལ་བྱེད་ཅིང ། གཟུགས་ལ་དངོས་པོའི་མཚན་མ་འགག་སྟེ་དངོས་པོ་མེད་པའི་མཚན་ 187a ༄#། །མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ། དེ་ལྟར་དངོས་པོའི་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ། དངོས་པོ་དང་དངོས་པོ་མེད་པའི་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ་བར་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི། རབ་འབྱོར། གཟུགས་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཏེ། བྱང་ཆུབ་སེམས་དཔས་དེ་ལྟར་གཟུགས་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར། རྣམ་པར་ཤེས་པ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར། བྱང་ཆུབ་སེམས་དཔས་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དངོས་པོ་མེད་པ་སྟོང་པ་ཉིད་དང ། དེ་ལྟར་དངོས་པོ་སྟོང་པ་ཉིད་དང ། རང་བཞིན་སྟོང་པ་ཉིད་དུ་དེ་ལྟར་ཡིད་ལ་བྱེད་ཅིང ། རྣམ་པར་ཤེས་པ་ལ་དངོས་པོའི་མཚན་མ་འགག་སྟེ་དངོས་པོ་མེད་པའི་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ། དེ་ལྟར་དངོས་པོའི་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ། དངོས་པོ་དང་དངོས་པོ་མེད་པའི་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ་བར་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི། རབ་འབྱོར། རྣམ་པར་ཤེས་ 187b པ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཏེ། བྱང་ཆུབ་སེམས་དཔས་དེ་ལྟར་རྣམ་པར་ཤེས་པ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་གཟུགས་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར། གཟུགས་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། གང་གཟུགས་ལ་སྟོང་པ་ཉིད་དང ། མཚན་མ་མེད་པའི་ཏིང་ངེ་འཛིན་རྙེད་པས། གཟུགས་ལ་དངོས་པོ་མེད་པའི་མཚན་མ་དང་མི་མཐུན་པའི་དམིགས་པ་དང ། དེ་ལྟར་དངོས་པོ་མེད་པའི་མཚན་མ་དང་མི་མཐུན་པའི་དམིགས་པ་དང ། དངོས་པོ་དང་དངོས་པོ་མེད་པའི་མཚན་མ་དང་མི་མཐུན་པའི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི། རབ་འབྱོར། གཟུགས་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔས་དེ་ལྟར་གཟུགས་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར། རྣམ་པར་ཤེས་པ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར། གང་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང།་མཚན་མ་མེད་པའི་ཏིང་ངེ་འཛིན་རྙེད་པས། རྣམ་པར་ཤེས་པ་ལ་དངོས་པོ་མེད་པའི་མཚན་མ་དང་མི་མཐུན་པའི་དམིགས་པ་དང ། དེ་ལྟར་དངོས་པོ་མེད་པའི་མཚན་མ་དང་མི་མཐུན་པའི་ 188a ༄#། །དམིགས་པ་དང ། དངོས་པོ་དང་དངོས་པོ་མེད་པའི་མཚན་མ་དང་མི་མཐུན་པའི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི། རབ་འབྱོར། རྣམ་པར་ཤེས་པ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔས་དེ་ལྟར་རྣམ་པར་ཤེས་པ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་གཟུགས་ལ་མེད་པའི་དོན་དང ། རྣམ་པར་འཇིག་པའི་དོན་དང ། དྲི་མ་དང་བཅས་པ་དང་དྲི་མ་མེད་པའི་དོན་དང་དོན་གསུམ་གྱིས་མི་རྟག་པ་ཉིད་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་མེད་པའི་དོན་དང ། རྣམ་པར་འཇིག་པའི་དོན་དང ། དྲི་མ་དང་བཅས་པ་དང་དྲི་མ་མེད་པའི་དོན་དང་དོན་གསུམ་གྱིས་མི་རྟག་པ་ཉིད་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་གཟུགས་ལ་མངོན་པར་ཞེན་པའི་དོན་དང ། མཚན་ཉིད་རྣམ་པ་གསུམ་གྱི་དོན་དང ། འབྲེལ་བའི་དོན་དང་དོན་གསུམ་གྱིས་སྡུག་བསྔལ་ཉིད་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་མངོན་པར་ཞེན་པའི་དོན་དང ། མཚན་ཉིད་རྣམ་པ་གསུམ་གྱི་དོན་དང ། འབྲེལ་བའི་དོན་དང་དོན་གསུམ་གྱིས་སྡུག་བསྔལ་ཉིད་ཡོངས་སུ་ཤེས་པར་བྱའོ། །རབ་ 188b འབྱོར།་བྱང་ཆུབ་སེམས་དཔས་གཟུགས་ལ་དངོས་པོ་མེད་པ་བདག་མེད་པའི་དོན་དང ། དེ་ལྟར་དངོས་པོ་བདག་མེད་པའི་དོན་དང ། རང་བཞིན་བདག་མེད་པའི་དོན་དང་དོན་གསུམ་གྱིས་བདག་མེད་པ་ཉིད་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་དངོས་པོ་མེད་པ་བདག་མེད་པའི་དོན་དང ། དེ་ལྟར་དངོས་པོ་བདག་མེད་པའི་དོན་དང ། རང་བཞིན་བདག་མེད་པའི་དོན་དང་དོན་གསུམ་གྱིས་བདག་མེད་པ་ཉིད་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་གཟུགས་ལ་གཟུགས་དངོས་པོ་མེད་པ་ཤིན་ཏུ་ཞི་བའི་དོན་དང ། དེ་ལྟར་དངོས་པོ་ཞི་བའི་དོན་དང ། རང་བཞིན་གྱིས་རྣམ་པར་དག་པ་ཞི་བའི་དོན་དང་དོན་གསུམ་གྱིས་མྱ་ངན་ལས་འདས་པ་ཞི་བ་ཉིད་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དངོས་པོ་མེད་པ་ཤིན་ཏུ་ཞི་བའི་དོན་དང ། དེ་ལྟར་དངོས་པོ་ཞི་བའི་དོན་དང ། རང་བཞིན་གྱིས་རྣམ་པར་དག་པ་ཞི་བའི་དོན་དང་དོན་གསུམ་གྱིས་མྱ་ངན་ལས་འདས་པ་ཞི་བ་ཉིད་ཡོངས་སུ་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་གནས་བརྟན་རབ་འབྱོར་དང ། དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་དེ་དག་དང ། ལྷ་དང ། 189a ༄#། །མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བརྒྱ་པ་རྫོགས་སོ།། །།སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ།། |