རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་སན་ནི་པཱ་ཏ་རཏྣ་ཀེ་ཏུ་དྷཱ་ར་ཎཱི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་གི་གཟུངས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་མདོ།་བམ་པོ་དང་པོ། དེ་བཞིན་གཤེགས་པ་འོད་ཞི་སྤོས་སྣང་དཔལ་ལ་ཕྱག་འཚལ་ལོ། །ཚངས་པ་ཆེན་པོ་དབྱངས་ཅན་ལ་ཕྱག་འཚལ་ལོ། །དེ་ལ་ཕྱག་བཙས་ཏེ་བདུད་ཀྱི་འཁོར་གྱིས་མི་ཚུགས་པ་ཞེས་བྱ་བའི་ཟུངས་འདི་སྦྱོར་བར་བགྱིའི། བདག་གིས་རིག་སྔགས་འདི་གྲུབ་པར་གྱུར་ཅིག། འདི་ལྟ་སྟེ། ཨ་བཱ་མེ་ཨ་བཱ་མེ། ཨཾ་བ་རེ། ཨཾ་བ་རེ། པ་རུ་ཀུན་ཛ་ན་ཊ་ན་ཊ་པུ་སྐ་ར་བ་ཧ་ཛ་ལུ་ཁ། ཁ་མ་ཁ་ཡ། ཨི་ལི་མི་ལི། ཀི་ལི་མི་ལི། ཀིརྟི་བ་ར། མུ་དྲེ་མུ་དྲ་མུ་ཁེ་སཝཱཧཱ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་འོད་མའི་ཚལ་བྱ་ཀ་ལནྟ་ཀ་གནས་པ་ན་དགེ་སློང་སྟོང་དུ་ཚང་བའི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ 290a ༄#། །ཟད་པ།་ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། །བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རབ་ཏུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ།་སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་སོ། །བྱང་ཆུབ་སེམས་དཔའ་ཁྲིའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་ལ་འདི་ལྟ་སྟེ། ལྷུན་པོའི་རྩེ་འཛིན་གཞོན་ནུར་གྱུར་པ་དང ། ཆུ་ལྷའི་བློ་གྲོས་གཞོན་ནུར་གྱུར་པ་དང ། བཟང་པོའི་བློ་གྲོས་གཞོན་ནུར་གྱུར་པ་དང ། རྒྱལ་བའི་བློ་གྲོས་གཞོན་ནུར་གྱུར་པ་དང ། འོད་ཀྱི་བློ་གྲོས་གཞོན་ནུར་གྱུར་པ་དང ། ནམ་མཁའི་བློ་གྲོས་གཞོན་ནུར་གྱུར་པ་དང ། གློག་གི་བློ་གྲོས་གཞོན་ནུར་གྱུར་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པ་དང ། ཐུབ་དཀའ་གཞོན་ནུར་གྱུར་པ་དང ། ཆུ་ལྷ་གཞོན་ནུར་གྱུར་པ་དང ། དྲི་མེད་གཞོན་ནུར་གྱུར་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང ། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཁྲི་ཐམས་ཅད་ཀྱང་བཟོད་པ་དང ། གཟུངས་དང ། ཏིང་ངེ་འཛིན་ཐོབ་བོ། །ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ 290b ཤེས་ཅན། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ། བདུད་ཀྱི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ། ཤེས་པ་ལ་མཁས་པ། བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་དང་ལྡན་པ། ཐབས་ཤེས་པ་ལ་མཁས་པ་ཤ་སྟག་དང་མང་ཐབས་ཅིག་གོ། དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་ཀུན་ཏུ་རྒྱུ་མཁས་པ། གསལ་བ། ཡིད་གཞུངས་པ། རིག་པའི་གནས་བཅོ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་པ། གཡོག་ལྔ་བརྒྱད་དང ། གཅིག་གི་མིང་ནི། ཉེ་རྒྱལ། གཅིག་གི་མིང་ནི། པང་ནས་སྐྱེས་ཞེས་བྱ་བ་གཉིས་ཤིག་འཁོད་དོ། །ཚོགས་ཀྱི་གཙོ་བོ། །གཡོག་གི་ཚོགས་ཅན་དེ་གཉིས་ཕན་ཚུན་འདི་ལྟར་བདག་ཅག་ལས་གང་གིས་ཐོག་མར་བདུད་རྩི་ཐོབ་པ་དེས་གཅིག་ལ་གཅིག་སྤྲན་ཏོ། །ཞེས་དམ་ཚིག་བྱས་སོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་དང་ཆོས་གོས་བགོས། ལྷུང་བཟེད་ཐོགས་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང ། ཀུན་ཏུ་རྒྱུ་ཉེ་རྒྱལ་གྱིས་ཚེ་དང་ལྡན་པ་རྟ་ཐུལ་སྤྱོད་ཡུལ་དུ་ཞུགས་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་སོང་བ་མཐོང་ངོ ། །མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། ཇི་ལྟར་དགེ་སློང་འདི་སྤྱོད་ལམ་མཛེས་པ་དེ་ལྟ་བུ་ནི། བདག་གིས་སྔོན་ཆད་དགེ་སྦྱོང་ངམ། བྲམ་ཟེའམ། མིར་གྱུར་པ་གཞན་སུ་ལའང་གང་ལའང་སྔོན་མ་མཐོང་ 291a ༄#། །ན།་བདག་དེའི་གན་དུ་སོང་སྟེ་ཚེ་དང་ལྡན་པ་ཁྱོད་ཀྱི་སྟོན་པ་གང་ཡིན། གང་ལས་རབ་ཏུ་བྱུང ། གང་གི་ཆོས་ལ་དགའ་ཞེས་འདྲིའོ། །སྙམ་ནས་ཀུན་ཏུ་རྒྱུ་ཉེ་རྒྱལ་ཚེ་དང་ལྡན་པ་རྟ་ཐུལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་རྟ་ཐུལ་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བར་བྱ་བ་དང ། ཡང་དག་པར་མགུ་བར་བྱ་བའི་གཏམ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་ཀུན་ཏུ་རྒྱུ་ཉེ་རྒྱལ་གྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ། ཁྱོད་ཀྱི་སྟོན་པ་གང ། གང་ལས་རབ་ཏུ་བྱུང ། གང་གི་ཆོས་ལ་དགའ། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་ཀུན་ཏུ་རྒྱུ་ཉེ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱཀྱའི་སྲས་པོ་བརྟུལ་ཞུགས་དཀའ་ཐུབ་ཆེན་པོ་ཀུན་གྱི་དམ་པ་དབང་དང་ལྡན། །འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན་ཅིང་གྲོལ་ལ་དེ་བཞིན་འགྲོ་བ་སྒྲོལ་མཛད་པ། །སངས་རྒྱས་ཞེས་བྱ་སད་མཛད་མི་མཉམ་སྡུག་བསྔལ་མཚོ་སྐེམ་ད་ལྟར་འདི་ན་ཡོད། །དྲི་མ་མེད་པ་དེ་ཡི་སྐྱབས་སུ་རྟག་པར་ང་སོང་དེ་ཡི་ཆོས་ལ་དགའ། །ཉེ་རྒྱལ་གྱིས་སྨྲས་པ། ཁྱོད་ཀྱི་སྟོན་པ་ཇི་སྐད་སྨྲ། ཇི་སྐད་སྟོན། ཚེ་དང་ལྡན་པ་རྟ་ཐུལ་གྱིས་སྨྲས་པ། དེའི་ཕྱིར་ཚེ་དང་ལྡན་པ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །ཇི་ལྟར་འཇིག་རྟེན་ལས་ 291b དང་ཉོན་མོངས་རྒྱུར་བཅས་བྱེད་རྒྱུ་ལྡན་འབྱུང་དང ། །ལས་དང་ཉོན་མོངས་པ་དག་ལྡོག་རྒྱུ་དེའང་འདྲེན་པས་རབ་ཏུ་གསུངས། །གང་ན་སྐྱེ་དང་རྒ་དང་རྒུད་པའི་སྡུག་བསྔལ་ངེས་པར་མི་གནས་པ། །ཐར་པ་མཆོག་དེ་སྨྲ་བའི་ཁྱུ་མཆོག་དེ་ཡིས་རང་གིས་མཁྱེན་ཏེ་གསུངས། །དེ་ནས་ཀུན་ཏུ་རྒྱུ་ཉེ་རྒྱལ་གྱིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་ལ་ཉོན་མོངས་པ་མེད་པ་སྐྱེས་ཏེ། དེས་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་ཀྱིས་ནི་ཤིན་ཏུ་རྙེད་དཀའ་ཐོས་རྙེད་བདུད་རྩིའི་ཆོས་བཤད་པ། །འདི་ནི་རྟག་ཏུ་སྐྱེ་བའི་འབབ་ཆུ་སྐེམ་པར་བདེན་པ་ཁོང་དུ་ཆུད། །དེ་ནི་འགྲོ་བ་རྣམས་ཀྱི་སྡུག་བསྔལ་རབ་ཏུ་ཞི་བར་འགྱུར་བ་སྟེ། །ལམ་འདི་དམ་པ་ཤེས་རབ་ཆོས་རྣམས་སྒོམ་པ་མི་ཉམས་བྱེད་པ་ཡིན། །དེ་ནས་ཀུན་ཏུ་རྒྱུ་ཉེ་རྒྱལ་གྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ།་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ད་ལྟ་ག་ལ་བཞུགས། ཚེ་དང་ལྡན་པ་རྟ་ཐུལ་གྱིས་སྨྲས་པ། ཚེ་དང་ལྡན་པ། བཅོམ་ལྡན་འདས་ནི། རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལནྟ་ཀ་གནས་པ་ན་འདི་ལྟ་སྟེ། རལ་པ་ཅན་སྟོང་རབ་ཏུ་བྱུང་བའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ 292a ༄#། །སོ། །ཉེ་རྒྱལ་གྱིས་སྨྲས་པ། བདག་གི་གྲོགས་པོའི་མཆོག་དང ། སློབ་མའི་འཁོར་ལ་བལྟས་ཏེ་བཅོམ་ལྡན་འདས་ཀྱི་ཐད་དུ་རབ་ཏུ་འབྱུང་ངོ ། །དེ་ནས་ཀུན་ཏུ་རྒྱུ་ཉེ་རྒྱལ་གྱིས་ཚེ་དང་ལྡན་པ་རྟ་ཐུལ་གྱི་རྐང་པ་ལ་མགོ་བོས་ཕྱག་བཙལ་ནས་ལན་གསུམ་དུ་བསྐོར་བ་བྱས་ཏེ་སླར་སོང་ནས་ཀུན་ཏུ་རྒྱུ་པང་ནས་སྐྱེས་ག་ལ་བ་དེར་སོང་བ་དང ། ཀུན་ཏུ་རྒྱུ་པང་ནས་སྐྱེས་ཀྱིས་ཀུན་ཏུ་རྒྱུ་ཉེ་རྒྱལ་རྒྱང་རིང་པོ་ནས་འོང་བ་མཐོང་སྟེ། མཐོང་ནས་ཀུན་ཏུ་རྒྱུ་ཉེ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ། ཁྱོད་ཀྱི་དབང་པོ་རྣམས་ནི། དྭངས། བཞིན་གྱི་མདངས་ནི། ཡོངས་སུ་དག་།པགས་པའི་མདོག་ནི། ཀུན་ཏུ་དཀར་བ་ལས་ནི། ཚེ་དང་ལྡན་པ། ཁྱོད་ཀྱིས་བདུད་རྩི་རྙེད་དོ། །ཉེ་རྒྱལ་གྱིས་སྨྲས་པ། ཚེ་དང་ལྡན་པ། དེ་དེ་བཞིན་ཏེ། ཁོ་བོས་བདུད་རྩི་རྙེད་ཀྱི། ཚེ་དང་ལྡན་པ། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང ། ཁོ་བོས་ཅི་རྙེད་པ་ཁྱོད་ལ་བཤད་དོ། ། དེ་ནས་ཀུན་ཏུ་རྒྱུ་པང་ནས་སྐྱེས་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཀུན་ཏུ་རྒྱུ་ཉེ་རྒྱལ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་སྨྲས་སོ། །གང་གིས་སྲིད་གསུམ་རྒྱ་མཚོ་མྱུར་རྒལ་ཞིང ། །ཕུང་པོ་དགྲ་ཆེན་རྣམ་པར་གཞིག་བྱ་བ། །མྱ་ངན་མེད་ཞི་ལམ་དེ་ཤོད་ཅིག་ 292b དང། །ཡང་འབྱུང་མེད་པའི་ལམ་དུ་འཇུག་པར་བྱ། །དེ་ནས་ཀུན་ཏུ་རྒྱུ་ཉེ་རྒྱལ་གྱིས་འདི་སྐད་ཅེས་སྨྲས་སོ། །ཇི་ལྟར་འཇིག་རྟེན་ལས་དང་ཉོན་མོངས་རྒྱུར་བཅས་བྱེད་རྒྱུ་ལྡན་འབྱུང་དང་།། ལས་དང་ཉོན་མོངས་པ་དག་ལྡོག་རྒྱུ་དེའང་འདྲེན་པས་རབ་ཏུ་གསུངས། །གང་ན་སྐྱེ་དང་རྒ་དང་རྒུད་པའི་སྡུག་བསྔལ་ངེས་པར་མི་གནས་པ། །ཐར་པ་མཆོག་དེ་སྨྲ་བའི་ཁྱུ་མཆོག་དེ་ཡིས་རང་གིས་མཁྱེན་ཏེ་གསུངས། །པང་ནས་སྐྱེས་ཀྱིས་སྨྲས་པ། སྡུག་བསྔལ་རབ་ཏུ་ཞི་བར་བྱ་ཕྱིར་དྲི་མ་མེད་པ་ཞི་བའི་ཆོས། །ཉོན་མོངས་ལྟ་ངན་ཉེས་པ་ཐམས་ཅད་ཞི་བྱེད་མི་ཤེས་གཅོད་པ་དང ། །འདི་ནི་འདུས་བྱས་གསོག་གསོབ་དེ་ཕྱིར་སྟོང་པ་སླུ་བར་ཐུབ་པས་གསུངས། །དེ་ཐོས་ཞི་བ་རེག་འགྱུར་དྲི་མ་མེད་པའི་ཚིག་དེ་ཟློས་ཏེ་གསུངས། །ཉེ་རྒྱལ་གྱིས་སྨྲས་པ། ཇི་ལྟར་འཇིག་རྟེན་ལས་དང་ཉོན་མོངས་རྒྱུར་བཅས་བྱེད་རྒྱུ་ལྡན་འབྱུང་དང ། །ལས་དང་ཉོན་མོངས་པ་དག་ལྡོག་རྒྱུ་དེའང་འདྲེན་པས་རབ་ཏུ་གསུངས། །གང་ན་སྐྱེ་དང་རྒ་དང་རྒུད་པའི་སྡུག་བསྔལ་ངེས་པར་མི་གནས་པ། །ཐར་པ་མཆོག་དེ་སྨྲ་བའི་ཁྱུ་མཆོག་དེ་ཡིས་རང་གིས་མཁྱེན་ཏེ་གསུངས། །དེ་ནས་ཀུན་ཏུ་རྒྱུ་པང་ནས་སྐྱེས་ཀྱིས་དེ་ཉིད་དུ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་ལ། ཉོན་མོངས་པ་མེད་པ་རྣམ་པར་སྦྱངས་ཏེ། དེ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ནས་འདི་སྐད་ཅེས་སྨྲས་སོ། །ཡང་དག་སྤྱོད་པ་འདི་ནི་ཆུ་ 293a ༄#། །བོ་སྒྲོལ་བ་ཞི་བ་མགྱོགས་པའི་གཟིངས། །ཡེ་ཤེས་མཆོག་འདི་སྡུག་བསྔལ་གསུམ་པོ་ཞི་བྱེད་འཁོར་ལོའི་ཕ་རོལ་འགྲོ། །འདི་ནི་ཡོངས་སུ་ཤེས་ན་ཉོན་མོངས་ཕུང་པོ་འཇོམས་ཞིང་བདུད་འདུལ་འགྱུར། །ཐར་པ་འདི་ནི་དགྲ་དང་འཐབ་མོ་བསལ་ཅིང་སྡུག་བསྔལ་རྒྱ་མཚོ་སྐེམ། །པང་ནས་སྐྱེས་ཀྱིས་སྨྲས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ད་ལྟ་ག་ལ་བཞུགས། །ཉེ་རྒྱལ་གྱིས་སྨྲས་པ། ཚེ་དང་ལྡན་པ་བདག་གིས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་འོད་མའི་ཚལ་བྱ་ཀ་ལནྟ་ཀ་གནས་པ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཞེས་ཐོས་ན། བདག་ཅག་གཉིས་བཅོམ་ལྡན་འདས་ཀྱི་ཐད་དུ་རབ་ཏུ་འབྱུང་ངམ། པང་ནས་སྐྱེས་ཀྱིས་སྨྲས་པ། ཚེ་དང་ལྡན་པ། དེ་དེ་བཞིན་ཏེ། བདག་ཅག་གི་འཁོར་ལ་བལྟས་ཏེ་རབ་ཏུ་འབྱུང་ངོ ། །དེ་ནས་ཀུན་ཏུ་རྒྱུ་ཉེ་རྒྱལ་དང ། པང་ནས་སྐྱེས་རང་གི་འཁོར་ག་ལ་བ་དེར་དོང་ངོ ། །དེ་ནས་སྐད་ཅིག་ཐང་གཅིག་ཡུད་ཙམ་དེ་ལ་བདུད་སྡིག་ཅན་གྱིས་ཡུལ་ཨངྒ་མ་ག་དྷ་ན་མཁས་ཤིང་སྙན་པ་དང ། བརྗོད་པ་དང ། གྲགས་པར་ལྡན་པ་སྐྱེས་བུ་དམ་པ་ཉེ་རྒྱལ་དང ། པང་ནས་སྐྱེས་གཡོག་དང་བཅས་ཏེ་དགེ་སྦྱོང་གཽ་ཏ་མའི་བསྟན་པ་ལ་རབ་ཏུ་ 293b འབྱུང་བར་འདོད་དོ། །ཞེས་ཐོས་ནས་དེ་འདི་སྙམ་དུ་སེམས་སོ། །ཀྱི་ཧུད་དེ་གཉིས་གལ་ཏེ་དགེ་སྦྱོང་གཽ་ཏ་མའི་སློབ་མར་གྱུར་ན། བདག་གི་བདུད་ཀྱི་ཡུལ་སྟོངས་པར་བྱེད་པར་འགྱུར་གྱི། བདག་དེར་སོང་སྟེ་སྐྱེས་བུ་དམ་པ་དེ་གཉིས་རབ་ཏུ་འབྱུང་བ་ལས་བཟློག་ལ། སྡིག་པ་ཅན་གྱི་ལྟ་བ་འཛིན་དུ་འཇུག་གོ་།སྙམ་སྟེ། དེ་ནས་སྐད་ཅིག་ཐང་གཅིག་ཡུད་ཙམ་དེ་ལ་བདུད་སྡིག་ཅན་མྱུར་དུ་བདག་གི་ཁང་པ་ནས་མི་སྣང་བར་བྱས་ཏེ་ཚེ་དང་ལྡན་པ་རྟ་ཐུལ་གྱི་ཆ་བྱད་དང ། རྟགས་དང ། སྤྱོད་ལམ་དུ་བསྒྱུར་ནས་སྐྱེས་བུ་དམ་པ་དེ་གཉིས་ཀྱི་མདུན་ན་ལམ་གར་འདུག་སྟེ་འདི་སྐད་ཅེས་སྨྲས་སོ། །ཁོ་བོས་སྔར་སྨྲས་རྒྱུ་དང་བྱེད་རྒྱུ་ལྟ་བུ་དེ་ནི་ལོག་པ་སྟེ། །ཁྱེད་གཉིས་ཡིད་ཀྱི་སྤྱོད་པ་ཅི་ལ་ངེས་པ་བགམ་པར་བྱ་བའི་ཕྱིར། །སྨྲས་པ་དེ་དག་ཐམས་ཅད་དོན་ཡོད་མ་ཡིན་འདི་ལ་རྒྱུ་ཡང་མེད། །དགེ་དང་མི་དགེའི་ལས་དེའི་འབྲས་བུ་ཐོབ་པ་འདི་ན་ག་ལ་ཡོད། །མྱུར་དུ་ཁྱེད་གཉིས་འདོད་པའི་ཡོན་ཏན་རྣམས་ལ་རབ་སྤྱོད་རྩེད་མོ་བྱོས། །སྐྱེ་རྒ་ན་འཆི་མེད་ཅིང་སྡུག་བསྔལ་མེད་དེ་འཇིག་རྟེན་ཕ་རོལ་མེད། །བསོད་ནམས་བསོད་ནམས་མ་ཡིན་ལས་བསྐྱེད་འབྲས་མེད་རྒྱུ་དང་བྱེད་པ་མེད། །རྙེད་ཕྱིར་འདིར་ནི་ཤཱཀྱའི་བུ་ཡིས་སྨྲས་ཀྱི་དད་པས་མ་འགྲོ་ཞིག་།དེ་ནས་ཉེ་རྒྱལ་དང ། པང་ནས་སྐྱེས་གཉིས་ཀ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བདུད་སྡིག་ཅན་བདག་ཅག་རབ་ཏུ་བྱུང་བ་ལས་བཟློག་ 294a ༄#། །པའི་ཕྱིར་འོངས་སོ། །སྙམ་ནས་དེ་ནས་ཉེ་རྒྱལ་རྒྱབ་ཀྱིས་ཕྱོགས་ཏེ་འདུག་ནས་རང་གི་འཁོར་ལ་བོས་ཏེ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་ཁྱོད་ཉོན་ཅིག་འཁོར་བའི་སྐྱོན། །དྲན་པར་གྱིས་ལ་འཇིག་རྟེན་རྒ་བ་ཡིས། །གཟིར་ཞིང་འཆི་བདག་གིས་ནི་རབ་བསྐོར་བ། །དེ་གཉིས་སྤང་ཕྱིར་རབ་བྱུང་ལེགས་པར་གཟུང ། །དེ་ནས་པང་ནས་སྐྱེས་ཀྱིས་བདུད་ལ་སླར་སྨྲས་པ། མཁས་པའི་བློ་འཆང་སྡུག་བསྔལ་གསུམ་མཐར་ཕྱིན་མཆོག་ཆོས་རྣམས་ཀུན་ཤེས་ཀྱི། །རྣམ་པ་ཀུན་ཏུ་བདག་ཅག་བློ་གྲོས་འདི་ལས་བསྐྱོད་ནུས་སུ་ཡང་མེད། །སྲེད་པ་རབ་ཞི་བྱ་ཕྱིར་བདག་ཅག་བརྟན་པའི་ཡིད་ཀྱིས་རྟག་ཏུ་འབད། །སེངྒེའི་གཟུགས་ཅན་ཝ་ཡི་ཚིག་གིས་ངེད་ཀྱི་བློ་གྲོས་མ་སྒྱུར་ཅིག། བདེན་པ་མཐོང་བའི་ལྷ་གང་དག་ནམ་མཁའ་ལ་འདུག་པ་དེ་དག་གིས་སྐྱེས་བུ་དམ་པ་དེ་གཉིས་ལ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། སྐྱེས་བུ་དམ་པ་ཁྱེད་གཉིས་ལེགས་སོ། །ལེགས་སོ། །འདི་ལྟ་སྟེ། རབ་ཏུ་འབྱུང་བ་དང ། མངོན་པར་འབྱུང་བ་འདི་ནི། འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ལམ་ཡིན་ཏེ། ལམ་འདི་ནི། སྡུག་བསྔལ་ཐམས་ཅད་ཞི་བའོ། །ལམ་འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་ལ་འཇུག་པའོ། །འདི་ལྟ་སྟེ། རབ་ཏུ་འབྱུང་བ་དང ། མངོན་པར་འབྱུང་བ་འདི་ནི། 294b སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་རབ་ཏུ་བསྔགས་ཤིང་བསྟོད་པའི་ལམ་མོ། །དེ་ནས་ཡང་བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ་ཡིད་ལ་གཅགས་ནས་དེ་ཉིད་དུ་མི་སྣང་བར་སོང་ངོ ། །དེ་ནས་ཀུན་དུ་རྒྱུ་ཉེ་རྒྱལ་དང ། པང་ནས་སྐྱེས་གཉིས་ཀྱིས་རང་གི་འཁོར་ལ་བལྟས་ཏེ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་དག་།ངེད་ནི། རྒ་བ་དང ། ན་བ་དང ། འཆི་བའི་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་རབ་ཏུ་འབྱུང་བར་ཡང་དག་པར་ཆས་ཀྱི། ཁྱེད་ཀྱིས་ཤེས་པར་གྱིས་ཤིག ། ཁྱེད་རྣམས་ལས་གང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་མི་འདོད་པ་དེ་ནི། འདི་ནས་ཕྱིར་ལོག་གཅིག། དེ་ནས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་དག་ཐམས་ཅད་ཀྱིས་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ཅུང་ཟད་ཤེས་པ་དེ་ཀུན་ཀྱང་ཁྱེད་ཀྱི་མཐུན། ཁྱེད་རྒྱ་ཆེན་པོའི་གནས་སུ་རབ་ཏུ་འབྱུང་ན། ཁྱེད་གང་ལས་རབ་ཏུ་འབྱུང་བ་དེ་ལས་བདག་ཅག་ཀྱང་རབ་ཏུ་འབྱུང་ངོ ། །དེ་ནས་ཀུན་ཏུ་རྒྱུ་ཉེ་རྒྱལ་དང ། པང་ནས་སྐྱེས་གཡོག་ལྔ་བརྒྱ་དང་བཅས་པ་བཅོམ་ལྡན་འདས་ལས་རབ་ཏུ་འབྱུང་བར་ཆས་པར་བདུད་སྡིག་ཅན་གྱིས་རིག་ནས་ཅི་ནས་དེ་གཉིས་དགེ་སྦྱོང་གཽ་ཏ་མའི་གན་དུ་འགྲོ་མི་ནུས་པར་བྱ་བའི་ཕྱིར་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་ཕྱི་ལོགས་སུ་གཡང་ས་ཆེན་པོ་ཟབས་སུ་དཔག་ཚད་ 295a ༄#། །བརྒྱ་པ་ཞིག་སྤྲུལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་འདི་འདྲ་བའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་དེ། ཅི་ནས་ཀུན་དུ་རྒྱུ་ཉེ་རྒྱལ་དང ། པང་ནས་སྐྱེས་གཉིས་གཡང་ས་ཆེན་པོ་དེ་མི་མཐོང་ཞིང་ལམ་དྲང་པོར་འགྲོ་བར་མཛད་དོ། །ཡང་བདུད་སྡིག་ཅན་གྱིས་དེ་གཉིས་ཀྱི་མདུན་དུ་རི་ཆེན་པོ་བརྟན་པ། སྲ་བ་མ་བསྙིལ་བ། སུལ་མེད་པ། གཅིག་ཏུ་སྟུག་པོར་གྱུར་པ། མཁྲེགས་པ། འཕང་དུ་དཔག་ཚད་སྟོང་ཡོད་པ་ཞིག་མངོན་པར་སྤྲུལ་ཏེ། སེངྒེ་ཁྲོ་ཞིང་གདུག་ལ་གཏུམ་པ། སྒྲ་ཆེན་པོ་འབྱིན་པ་སྟོང་ཡང་མངོན་པར་སྤྲུལ་ན། བཅོམ་ལྡན་འདས་ཀྱིས་གཟི་བརྗིད་དང་རྫུ་འཕྲུལ་གྱི་མཐུས་སྐྱེས་བུ་དམ་པ་དེ་གཉིས་ཀྱིས་རི་དེའང་མ་མཐོང ། སེངྒེའང་མ་མཐོང།་སེངྒེའི་སྐད་ཀྱང་མ་ཐོས་ཏེ་ལམ་དྲང་པོར་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་སོང་ངོ ། །བཅོམ་ལྡན་འདས་ནི། འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་།ཁྱེད་སྐྱེས་བུ་དམ་པ། ཚོགས་ཀྱི་གཙོ་བོ། གཡོག་གི་ཚོགས་ཅན་འདི་གཉིས་ལ་ལྟོས། དེ་དག་གིས་གསོལ་པ། བཅོམ་ལྡན་འདས། མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་འདི་གཉིས་ 295b གཡོག་དང་བཅས་པ་ངའི་ཐད་དུ་རབ་ཏུ་བྱུང་ནས་གཅིག་ནི། ངའི་ཉན་ཐོས་ཐམས་ཅད་ཀྱི་ནང་ན་ཤེས་རབ་ཅན་གྱི་མཆོག་ཏུ་འགྱུར་རོ། །གཅིག་ནི། རྫུ་འཕྲུལ་ཅན་གྱི་མཆོག་ཏུ་འགྱུར་རོ། །དེ་ནས་དགེ་སློང་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །སྐྱེས་བུ་མཁས་པ་གཡོག་ལྡན་འདི་གཉིས་ནི། །རྫུ་འཕྲུལ་ལྡན་དང་ཤེས་རབ་འཇིགས་མེད་པར། །མི་མཆོག་ཕན་པ་མཛད་པས་ལུང་བསྟན་ཏེ། །བདག་གིས་དེ་གཉིས་བསྟི་སྟང་བསྐྱེད་ནས་བསུ། །དེ་ནས་དགེ་སློང་དེ་སྟན་ལས་ལངས་ནས་དགེ་སློང་མང་པོ་དང ། །ཁྱིམ་ན་གནས་པ་དང ། རབ་ཏུ་བྱུང་བ་མང་པོ་དང་ལྷན་ཅིག་ཏུ་སྐྱེས་བུ་དམ་པ་དེ་གཉིས་བསུས་ནས་བསྙེན་བཀུར་བྱས་སོ། །དེ་ནས་སྐྱེས་བུ་དམ་པ་དེ་གཉིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རབ་ཏུ་འབྱུང་བ་དང ། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བདག་ཅག་གཉིས་ལ་སྩལ་དུ་གསོལ། བདག་ཅག་བཅོམ་ལྡན་འདས་ཀྱི་ཐང་དུ་ཚངས་པར་སྤྱད་པ་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཁྱེད་གཉིས་ཀྱི་མིང་ཅི། ཉེ་རྒྱལ་གྱིས་གསོལ་པ། བདག་ནི། བྲམ་ཟེ་རྒྱལ་གྱི་བུ་ལགས་ཏེ། ཉེ་རྒྱལ་ཞེས་བགྱི། བདག་གི་ 296a ༄#། །མའི་མིང་ནི། ཤཱ་རི་ཀ་སྟེ། བདག་དེ་ལས་སྐྱེས་པས་ན། དེའི་སླད་དུ་བདག་གི་མིང་ནི། ཤཱ་རིའི་བུ་ཞེས་བཏགས་སོ། །བདག་རབ་ཏུ་འབྱུང་བར་ཡང་ཕ་མས་གནང་ལགས་སོ། །པང་ནས་སྐྱེས་ཀྱིས་གསོལ་པ། བདག་གི་ཕའི་མིང་ནི། ཀཽཎྜི་ནྱ་ཞེས་བགྱི། བདག་གི་མའི་མིང་ནི། མཽངྒལ་ཞེས་བགྱི་སྟེ། བདག་དེ་ལས་སྐྱེས་པས་ན། དེའི་སླད་དུ་བདག་གི་མིང་ནི། མཽངྒལ་གྱི་བུ་ཞེས་བཏགས་སོ། །བདག་རབ་ཏུ་འབྱུང་བར་ཡང་ཕ་མས་གནང་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་དང ། མཽངྒལ་གྱི་བུ་ངའི་ཐད་དུ་གཡོག་དང་བཅས་ཏེ་ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་བཀའ་སྩལ་པ་དང ། དེ་ཉིད་ཀྱིས་དེ་གཉིས་རབ་ཏུ་བྱུང་བ་དང ། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོར་གྱུར་ཏོ། ། ཤཱ་རིའི་བུ་དང ། མཽངྒལ་གྱི་བུ་གཡོག་དང་བཅས་པ་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པར་བདུད་སྡིག་ཅན་དབང་ཕྱུག་ཆེན་པོའི་གཟུགས་སུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་འདི་སྐད་ཅེས་སྨྲས་སོ། །གང་དག་བསྟན་བཅོས་དོན་སྤྱོད་མཁས་པ་རིག་པའི་ཕ་རོལ་སོང ། །དེ་ཀུན་ང་ཡི་རྐང་ལ་ཕྱག་འཚལ་དེ་དག་འདྲེན་པ་ང ། །གཽ་ཏ་མ་སློབ་མ་འཁོར་བཅས་ང་ལ་དེང་མྱུར་སྐྱབས་ཚོལ་ཅིག། མྱ་ངན་འདས་འགྲོ་རྒྱས་པ་གསལ་བའི་ལམ་ནི་ཁྱེད་ལ་བཤད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ལམ་འགྲོ་བ་འདི་དག་ངན་འགྲོར་ 296b འདྲེན་ཅིང་སྡུག་བསྔལ་རྒྱ་མཚོ་རྙེད་པར་བྱེད། །ང་ཡི་ལམ་ནི་རྒྱུ་དང་མི་རྒྱུ་འགྲོ་བའི་སྡུག་བསྔལ་རྒྱ་མཚོ་སྐེམ་བྱེད་པ། །འཆལ་བ་འཛེམ་པ་མེད་ཅིང་མུ་ཅོར་སྨྲ་བ་ཝ་སྐད་དེ་ཡང་ཅི་ཞིག་ཟེར། །ཁྱོད་ནི་བཅོམ་ཟིན་བདུད་ཀྱི་ལས་ཀྱིས་ང་ལ་ད་ཡང་འདིར་ནི་བྱེད་མི་ནུས། །དེ་ནས་བདུད་སྡིག་ཅན་གྱིས་དབང་ཕྱུག་ཆེན་པོའི་གཟུགས་མི་སྣང་བར་བྱས་ནས་ཚངས་པའི་ཆ་ལུགས་སུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱི་ཤེས་རབ་ཀྱིས་ནི་ལས་དང་ཉོན་མོངས་སྲེད་པའི་མྱུ་གུ་རབ་ཏུ་བསལ། །དེ་ཡི་སྨན་ཆད་ཐུབ་པ་ཇི་སྙེད་སེམས་ཅན་དོན་འདིར་འདི་ལྟར་སྡུག་བསྔལ་སྤྲོ། །གཙོ་བོ་འགྲོ་བ་འདི་ན་ཁྱོད་ཀྱི་སྣོད་འགྱུར་སྐྱེ་བོ་གང་ནའང་མ་མཆིས་ཏེ། །དུས་འདི་ལགས་ན་སྐྱོན་དང་བྲལ་ཁྱོད་ཅི་ཡི་སླད་དུ་མྱ་ངན་མྱུར་མི་འདའ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་འདུལ་གང་འཁོད་སེམས་ཅན་མཚུངས་མེད་གངྒཱའི་བྱེ་མ་སྙེད། །ངས་མཐོང་དེ་དག་ང་ཡི་སྙིང་རྗེས་ཐར་པར་བྱ་བ་ཡིན། །འགྲོ་བ་རབ་འབྲིང་ངན་པར་གྱུར་པ་ཐར་ཏེ་མཐར་ཐུག་ན། །དེ་ནས་མྱ་ངན་འདའ་ཡི་བློ་གྲོས་ངན་པ་གཡོས་ཅི་བསྐུལ། །དེ་ནས་ཡང་བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་བདེ་ནས་ཡིད་ལ་བཅགས་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ནས་རང་གི་གནས་སུ་སོང་སྟེ་མྱ་ངན་གྱི་ཁང་པར་ཞུགས་ནས་འདུག་པ་དང ། དེའི་མོད་ལ་བདུད་ཀྱི་གནས་ན་འཁོད་པའི་སེམས་ཅན་ཀུན་ཕན་ 297a ༄#། །ཚུན་འདི་སྐད་དུ་ཅིའི་རྒྱུས་བདག་ཅག་གི་རྒྱལ་པོ་ཆེན་པོ་འདི་མྱ་ངན་གྱི་ཁང་བར་ཞུགས་ཏེ་འདུག་པ་སུའང་མི་ཤེས་སོ། །ཞེས་འདྲིའོ། །དེ་ནས་བདུད་ཀྱི་བུ་མོ་ལྔ་བརྒྱ་ཙམ་རབ་ཏུ་དགའ་བར་བྱེད་པའི་མེ་ཏོག་དང ། བདུག་པ་དང ། སྤོས་དང ། བྲེང་བ་དང ། བྱུག་པ་ཐོགས་ཏེ་རབ་ཏུ་ཡིད་དུ་འོང་བའི་གོས་དང ། ལྷ་བ་ལྷུབ་དག་གིས་བདག་ཅག་བརྒྱན་ནས་རབ་ཏུ་ཡིད་དུ་འོང་ཞིང་མོས་པར་བྱེད་པའི་ལྷའི་སིལ་སྙན་བྱས་ཏེ། རབ་ཏུ་ཡིད་དུ་འོང་བའི་དབྱངས་གྱིས་གླུ་ལེན། གར་པ་བྱེད་ཅིང་ཡན་ལག་ལ་དང་ལྡན་པའི་ལྷའི་སིལ་སྙན་དག་བྱས་ནས་དགའ་བའི་རྩེད་མོ་དང་ལྡན་པར་བདུད་སྡིག་ཅན་གྱི་མདུན་དུ་འཁོད་པ་དང ། བདུད་སྡིག་ཅན་དེས་ལག་པ་གཉིས་བསྒྲེངས་ནས་པོས་ཏེ་སྒྲ་མ་བྱེད། སྒྲ་མ་བྱེད་ཅེས་སྨྲས་པ་དང ། ཡུད་ཙམ་ཞིག་ལྷའི་བུ་མོ་དག་ཅང་མི་ཟེར་བར་འཁོད་དོ། །ཡང་གླུ་རབ་ཏུ་བླངས་ཤིང་སིལ་སྙན་བྱས་པ་དང ། བདུད་སྡིག་ཅན་གྱིས་ལག་པ་གཉིས་གཡབས་ཏེ་བོས་སོ། །ལྷའི་བུ་མོ་དེ་དག་གིས་དགའ་བ་དང་ལྡན་པའི་གླུ་དང ། གང་དང ། སིལ་སྙན་ལན་བདུན་གྱི་བར་དུ་བྱས་པ་དང ། ཡང་དེ་བཞིན་དུ་བདུད་སྡིག་ཅན་དེ་ལག་པ་བསྒྲེངས་ནས་འབོད་ཅིང་སྒྲ་མ་བྱེད། སྒྲ་མ་བྱེད་ཅེས་ཟེར་རོ། །དེ་སྐད་ཅེས་སྨྲས་པ་དང ། ལྷའི་བུ་མོ་དེ་དག་ཅང་མི་ཟེར་བར་འཁོད་དོ། །དེ་ནས་ལྷའི་བུ་མོ་དབྱངས་སྙན་གློག་ཅེས་བྱ་བས་ 297b བདུད་སྡིག་ཅན་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་སྨྲས་སོ། །གཙོ་བོ་ཁྱོད་ཀྱིས་དེང་འདིར་འཆི་འཕོའི་ལྟས་ཤིག་གཟིགས་སམ་ཅི། །འོན་ཏམ་ཅི་ཞིག་དེ་རིང་འགྲོ་བ་ཞུགས་ཀྱིས་འཁྲུགས་གྱུར་ཏམ། །འོན་ཏེ་འདི་ནི་ཁྱོད་དགྲ་སྟོབས་ཆེན་འགའ་ཞིག་མཆིས་ལགས་སམ། །ཅི་ཡི་སླད་དུ་ཁྱེད་ནི་དགྱེས་པར་མི་བཞུགས་ཐུགས་ངན་མཛད། །བདུད་ཀྱིས་སྨྲས་པ། ང་ལ་དགྲ་ཡོད་པ་ནི་སྟོབས་ལྡན་སེམས་ཐུལ་པ། །ས་སྟེང་ཤཱཀྱའི་བུ་ཕོ་སྒྱུ་མ་བསླབས་པའི་བློ། །དེ་ནི་ཅི་ནས་གལ་ཏེ་བརླགས་པར་མ་གྱུར་ན། །དེ་ཡིས་ང་ཡི་འདོད་ཁམས་འདི་ནི་སྟོང་པར་བྱེད། །ལྷའི་བུ་མོས་སྨྲས་པ། གཙོ་བོ་སྲིད་གསུམ་བཅིངས་སྲེད་རྒྱ་མཚོ་མཐའ་རིང་ལ། །ཟད་བགྱིད་ནུས་པའི་སྟོབས་དང་ལྡན་པ་སུ་ཞིག་མཆིས། །བདག་པོ་ཐབས་སྟོབས་བརྩོན་འགྲུས་རྩལ་རྣམས་གང་གིས་ཀྱང ། །དེ་ལ་དེ་རིང་མ་ལུས་བགྱིད་པར་ནུས་མ་མཆིས། །བདུད་ཀྱིས་སྨྲས་པ། སྦྱིན་དང་བརྟུལ་ཞུགས་བསམ་པ་སྨོན་ལམ་སྙིང་རྗེའི་ཞགས་པ་ཅན། །སྟོང་པ་མཚན་མ་མེད་པའི་མཚོན་ཆ་མཆོག་དང་གཞུ་ཐོགས་ཏེ། །འཁོར་བ་ལས་བྱུང་རབ་ཏུ་ཞི་བའི་ལམ་དང་མཐུན་གྱུར་ནས། །སྲིད་པ་མ་ལུས་ཟློག་པ་ཉེ་བར་བསྟན་པར་བྱེད་པ་པོ། །དེ་ཡི་སློབ་མ་བསམ་གཏན་ལ་ནི་མངོན་པར་བརྩོན་ཡིད་ཀྱིས། །དཔེན་པར་རྒྱུ་ཞིང་ཉེས་པ་ཟད་པར་བྱ་ཕྱིར་ཁོར་ཟུག་ཏུ། །ཆོ་ག་བཞིན་དུ་ཞུགས་ནས་གྲོང་དང་གྲོང་ཁྱེར་སྟོང་ 298a ༄#། །པ་དང ། །ནགས་ཀྱི་ནང་དག་དང་ནི་རི་ཡི་སྨན་ལྗོངས་རྣམས་ན་གནས། །རྫུ་འཕྲུལ་དང་ནི་སྟོབས་དང་ཉིང་རྗེའི་གྲོགས་དང་ལྡན་པ་ཡི། །དམ་པ་ཉེ་རྒྱལ་བང་ནས་སྐྱེས་གཉིས་ཐུབ་པས་བཏུལ་པར་འགྱུར། །རབ་དུ་ལ་ཆོས་ཅན་འཇིག་རྟེན་གསུམ་ཀུན་ཆོ་ག་བཞིན་དུ་བཏུལ། །དེས་ནི་ང་ཡི་འདོད་ཁམས་འདི་དག་སྟོང་བར་བྱེད་པར་འགྱུར། ། དེ་ནས་བདུད་ཀྱི་བུ་མོ་ལྔ་བརྒྱ་པོ་དེ་དག་གིས་བདུད་སྡིག་ཅན་ལས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གྱི་བསྔགས་པ་ཐོས་ནས་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམ་པ་དང་བྲལ་བའི་གློག་ཅེས་བྱ་བ་ཐོབ་བོ། །དེ་ནས་བདུད་ཀྱི་བུ་མོ་ལྔ་བརྒྱ་པོ་དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་ལྷའི་སིལ་སྙན་དང ། ལྷའི་མེ་ཏོག་དང ། བདུག་པ་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། ལྷབ་ལྷུབ་དང ། སྤུད་པ་དང ། རྒྱན་དེ་དག་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་གཏོར་བ་དང ། ལྷའི་མེ་ཏོག་དང ། སིལ་སྙན་ནས་རྒྱན་གྱི་བར་དུ་དེ་དག་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་མཐུས་འོད་མའི་ཚལ་དུ་བབ་པར་གྱུར་ཏེ། །བདུད་ཀྱི་བུ་མོ་དེ་དག་ཀྱང་གཡོག་དང་བཅས་པས་སོ་སོ་ནས་བཅོམ་ལྡན་འདས་མཐོང་ངོ ། །དེ་དག་གིས་མཐོང་ནས་ཀྱང་རབ་ཏུ་དགའ་བ་དང ། རངས་པ་སྐྱེས་པར་གྱུར་ཏོ། །གང་གི་ཕྱིར་འོད་མའི་ཚལ་དུ་འདི་ལྟ་བུའི་མེ་ཏོག་གི་ཆར་རབ་ཏུ་བ་བཅེས་ 298b དགེ་སློང་དེ་དག་ཐེག་ཚོམ་སྐྱེས་ནས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། ཤཱ་རིའི་བུ་དང ། མཽངྒལ་གྱི་བུ་གཡོག་དང་བཅས་པ་འདི་གཉིས་ལ་ངོ་མཚར་དང ། རྨད་དུ་བྱུང་བ་ཆེན་པོ་སྔོན་མ་མཐོང་མ་ཐོས་པའི་མེ་ཏོག་གི་ཆར་ཆེན་པོ་རབ་ཏུ་བབ་པ་ལགས་སམ། བཅོམ་ལྡན་འདས། འདིའི་རྒྱུ་ཅི་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་གཉིས་ཀྱི་མཐུ་མ་ཡིན་ཏེ། བདུད་སྡིག་ཅན་གྱི་གཡོག་མོ་ལྔ་བརྒྱ་ཙམ་གྱིས་བདུད་ཀྱི་ཁང་པ་དེ་ནས་ང་ལ་མཆོད་པ་བྱ་བའི་ཕྱིར་འདི་ལྟ་བུའི་མེ་ཏོག་གི་ཆར་ཆེན་པོ་ནས་རྒྱན་གྱི་བར་གྱི་ཆར་ཕབ་བོ། །དེ་དག་རིང་པོར་མི་ཐོགས་པར་འདིར་འོངས་ཏེ། ང་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་འཐོབ་བོ། །དེ་ནས་བདུད་ཀྱི་བུ་མོ་ལྔ་བརྒྱ་ཙམ་པོ་དེ་དག་སོ་སོ་ནས་བཅོམ་ལྡན་འདས་ཀྱི་གསུང་དང ། བརྗོད་པའི་དབྱངས་ཐོས་ནས་བཅོམ་ལྡན་འདས་ལ་དེ་བས་ཀྱང་རབ་ཏུ་དགའ་བ་སྐྱེས་ཏེ། དེ་དག་དགའ་བ་དང ། རངས་པ་དེས་བྱང་ཆུབ་ཀྱི་སེམས་བརྗེད་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ། །དེ་ནས་ཡང་བདུད་ཀྱི་བུ་མོ་དེ་དག་བདུད་ཀྱི་ཁང་པ་དེར་གོས་ཕྲག་པ་གཅིག་ཏུ་བགོས་ཏེ་བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ཕྱོགས་གང་ན་བཞུགས་པའི་ཕྱོགས་དེར་བལྟས་ནས་འདི་སྐད་ཅེས་གསོལ་ཏོ། །སྲེད་ཆུ་ 299a ༄#། །མ་ལུས་སྐྱེམ་པ་འགྲོ་བའི་མིག་གཅིག་པུ། །མིག་མ་མཆིས་པའི་འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཁྱོད་དེང་ལྷ་དང་མིར་བཅས་པ་ཡི་འགྲོ་བ་སྒྲོལ། །ཐུབ་པ་བདག་ཅག་ཇི་ལྟར་མྱུར་དུ་སངས་རྒྱས་འགྱུར། །ལྷ་དང་མིས་མཆོད་དོན་དམ་གསུང་བ་བཅོམ་ལྡན་འདས། །བདག་ཅག་མཐུན་པར་བུད་མེད་སྨད་པ་ཉིད་སྤངས་ནས། །བློ་མཆོག་ཁྱོད་ཀྱི་འཕྲུལ་གྱི་དྲུང་དུ་མྱུར་བར་ནི། །མཆིས་ནས་འདི་བཞིན་ཐུབ་པའི་དབང་པོའི་གསུང་མཉན་ཏོ། །བདག་མེད་གསུང་བ་དོན་དམ་གཟིགས་པ་བཅོམ་ལྡན་འདས། །བྱང་ཆུབ་ཡན་ལག་རིན་ཆེན་དྲི་མེད་ནོར་གསུང་སྒྲོན། །མཚུངས་མེད་བདུད་ཀྱི་སྟོབས་བཏུལ་ཁྱོད་ཀྱིས་བདག་ཅག་ལ། །ད་ལྟར་མྱུར་དུ་ལྷན་ཅིག་བྱང་ཆུབ་ལུང་བསྟན་གསོལ། །དེ་ནས་བདུད་ཀྱི་བུ་མོ་དེ་དག་སྟན་ལས་ལངས་ནས་མགྲིན་གཅིག་ཏུ་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཉེས་བྱས་བློ་གྲོས་ཅན་ཁྱོད་སྙིང་པོ་མེད་གཡོ་བའི། །དཔལ་རྙེད་ཅི་ཕྱིར་བཅོམ་ལྡན་འདས་ལ་སྡང་བར་སེམས། །དྲེགས་པས་གོས་ནས་སྐྱེ་བ་ལ་སོགས་སྡུག་བསྔལ་གྱིས། །ལུས་ཀུན་གཙེས་ཏེ་མི་བཟད་གནས་སུ་ཉེ་བར་སོང ། །དེ་ལྟར་ཁྲོ་བ་སྡངས་ཏེ་རྒྱལ་ལ་དད་པར་གྱིས། །འཁོར་བའི་ཉེས་པ་དྲེགས་པའི་འདམ་ལས་ཐར་པའི་བདག། འདི་ནི་ཉིད་ཀྱིས་འགྲོ་བ་ཀུན་གྱི་ངོ་བོ་མཁྱེན། །ཐུགས་རྗེ་ཅན་གྱི་སྐྱབས་སུ་འདོང་གི་མྱུར་དུ་བཞུད། ། 299b དེ་ནས་བདུད་སྡིག་ཅན་ཤིན་ཏུ་གདུག་པའི་ཡིད་དང་ལྡན་པ་འདི་སྙམ་དུ་སེམས་ཏེ། བདག་གིས་འདི་འདྲ་བའི་བདུད་ཀྱི་སྟོབས་ཀྱི་ཡུལ་དྲག་པོ་དྲན་པར་བྱས་ལ། གང་གཡོག་མོ་ལྔ་བརྒྱ་ཙམ་འདི་དག་བདག་ཉིད་བཅིང་བ་ལྔས་བཅིངས་པར་མཐོང་བར་བྱས་ཏེ་འདི་ནས་བཟློག་ལ་འགྲོ་མི་ནུས་པར་བྱའོ། །སྙམ་པ་དང ། བདུད་དེས་དེ་དག་བཅིང་བར་མ་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཡོག་མོ་ལྔ་བརྒྱ་ཙམ་པོ་དེ་དག་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་ཕྱིར་རོ། །དེ་ནས་གཡོག་མོ་ལྔ་བརྒྱ་ཙམ་དེ་དག་བདུད་སྡིག་ཅན་གྱི་དྲུང་ནས་དོང་པ་དང ། དེ་ནས་བདུད་སྡིག་ཅན་རབ་ཏུ་ཁྲོས་ཏེ་དེ་འདི་སྙམ་དུ་སེམས་སོ། །བདག་གིས་ཡང་འདི་འདྲ་བའི་བདུད་ཀྱི་སྟོབས་ཀྱི་ཡུལ་དྲག་པོ་དྲན་པར་བྱས་ཏེ།་ཅི་ནས་བདག་གིས་གཡོག་མོ་དེ་དག་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་འཁྲུལ་ནས་དགེ་སྦྱོང་གཽ་ཏ་མ་མི་མཐོང་ཞིང་སླར་ཡང་བདག་གི་གནས་སུ་འོང་བར་ནམ་མཁའ་འདི་དག་ཐམས་ཅད་དུ་རྣམ་པར་འཐོར་རླུང་དང ། རླུང་ནག་པོ་ཆེན་པོས་ཀུན་ཏུ་ཁྱབ་པར་བྱའོ། །སྙམ་ནའང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱི་སྟོབས་ཀྱིས་རླུང་ཅུང་ཟད་ཀྱང་ལངས་པར་བྱེད་མ་ནུས་སོ། །ཐ་ན་སྐྲའི་རྩེ་མོ་གཅིག་ཙམ་ཡང་བསྐྱོད་མ་ནུས་ན། མང་དུ་ལྟ་ཅི་སྨོས། དེ་ནས་ཡང་བདུད་སྡིག་ཅན་རབ་ཏུ་ཁྲོས་ཤིང་སྡུག་བསྔལ་ཏེ་ཡིད་ 300a ༄#། །མི་བདེ་ཞིང་ཡིད་ལ་གཅགས་ནས་དུ་ཞིང་སྐད་ཆེན་པོས་རང་གི་བུ་དང ། ཚོགས་ཀྱི་འཁོར་ལ་བོས་ཏེ་བདུད་ཀྱི་གནས་ཐམས་ཅད་སྒྲས་གང་བར་བྱས་སོ། །སྡུག་བའི་བུ་དང་ཚོགས་ཀྱི་འཁོར་རྣམས་ཚུར་ཤོག་ཅིག ། ང་ནི་བདག་ཡུལ་རང་གི་རྫུ་འཕྲུལ་སྟོབས་ལས་ཉམས། །ཤཱཀྱའི་བུ་འདི་སྒྱུ་ལྡན་གཡོ་ཅན་ངག་འཇམ་ལ། །ཁོང་ནས་རང་བཞིན་དུག་སྡོང་འདྲ་བ་འདིར་སྐྱེས་སོ། །དེ་ནས་སྒྲ་དེས་བདུད་ཀྱི་གཡོག་མོ་དང ། བདུད་ཀྱི་བུ་མོ་དེ་དག་ཐམས་ཅད་དང ། བདུད་ཀྱི་བུ་ཚོགས་ཀྱི་འཁོར་དང་བཅས་པ་ཐམས་ཅད་རིངས་པའི་གཟུགས་ཀྱིས་མྱུར་དུ་ལྷགས་ནས་བདུད་སྡིག་ཅན་གྱི་མདུན་དུ་འཁོད་པ་དང ། འཁོར་དེའི་ནང་ནས་བདུད་ཀྱི་བུ་རྒྱལ་བའི་བློ་གྲོས་ཞེས་བྱ་བ་དེས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་སྨྲས་སོ། །ཅི་སླད་ཐུགས་ཁྲོས་རབ་ཏུ་འཁྲུགས་ཤིང་ཐུགས་མི་དགྱེས། །སྲེག་བསྐལ་དེང་འདིར་མ་བྱུང་འདི་ནས་ཁྱོད་མ་འཕོས། །འདི་ན་ཁྱོད་ལྷག་དགྲ་ནི་སུ་ཡང་མ་མཆིས་ན། །ཁྱོད་ཅི་རྨོངས་པར་གྱུར་ཏམ་ཅི་སླད་གཞན་དུ་དགོངས། །བདུད་ཀྱིས་སྨྲས་པ། ཤཱཀྱའི་བུ་ཕོ་དམངས་ཕལ་ཤིང་གི་གྲིབ་མ་འདུག་པ་མ་མཐོང་ངམ། །ཅི་ཕྱིར་འདི་ན་ཁྱོད་ཀྱི་མདུན་ན་སྟོབས་དང་ལྡན་པའི་དགྲ་མེད་སྨྲས། །སྟོབས་གཅིག་ལྡན་པ་གཡོ་ཅན་དེ་ཡིས་ཐམས་ 300b ཅད་རྣམས་བ་དུ་མར་བསླུས། །བདག་ཅག་བུ་དང་སྡེར་བཅས་མེ་ལྕེ་འབར་དང་བཅས་པའི་མེ་ཡིས་བསྲེགས། །འཇིག་རྟེན་འདི་ན་སྐྱེས་བུ་གཙོ་བོ་དཔལ་དང་བརྗོད་པ་རྣམ་གྲགས་པ། །མཁས་པ་བསྟན་བཅོས་སྙན་དང་གས་མང་པོ་བྱེད་བརྩོན་མཐུན་པར་མྱུར་བར་ཡང ། །ཆོས་ཀྱི་ཀྱོ་བ་བཏང་གིས་དྲངས་ཏེ་ཤཱཀྱའི་བུ་འདིའི་སྐྱབས་དེང་སོང ། །ལུས་མཛེས་གཡོ་ཅན་བློ་གྲོས་ལྡན་འདི་ང་ཡི་དགྲར་ནི་རབ་ཏུ་གནད། །རབ་ཏུ་སྡུག་པའི་གཡོག་མོ་དེ་དག་སྙིང་རྗེ་མེད་པས་ང་བོར་ཏེ། །ང་ལ་དཔང་བཙུགས་ནས་ནི་དེ་རིང་དགེ་སྦྱོང་དེ་ཡི་སྐྱབས་སུ་དོང ། །གལ་ཏེ་བདག་ཅག་མྱུར་བསྒྲིམས་སྟོབས་ཆེན་འདི་དེང་ཐལ་བར་མ་བྱས་ན། །གཡོ་དང་སྒྱུ་སྲིད་པ་གསུམ་པོ་དེ་དག་མ་ལུས་སྟོང་པར་བྱེད། །དེ་ནས་བདུད་ཀྱི་བུ་ཚོགས་ཀྱི་འཁོར་དང་བཅས་པ་དེ་དག་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་སྨྲས་སོ། །དེ་ལྟར་བགྱིའོ། །བདག་ཅག་གིས་རྫུ་འཕྲུལ་དང ། སྟོབས་ཀྱི་ཡུལ་གྱི་མཐུ་དང ། རྣམ་པར་སྤྲུལ་པ་དེ་དག་ཐམས་ཅད་བསྟན་ཏེ་ཤཱཀྱའི་བུ་འདི་གལ་ཏེ་ཐལ་བར་བགྱིད་ནུས་པ་དེ་ལྟ་ན་ནི། ལེགས། དེ་ལྟར་མ་ནུས་ན་ནི། དེ་ལ་སྐྱབས་སུ་མཆིའོ།། ཡབ་ཉིད་ཀྱི་མངོན་སུམ་དུ་གྱུར་པ་ལགས་ཏེ། གང་བདག་ཅག་སྡེ་ཆེན་པོས་ཡོངས་སུ་བསྐོར་བ་ལགས་ཏེ། སྔར་ཤཱཀྱའི་བུ་གཅིག་པུ་གཉིས་སུ་མེད་པ་འདིས་རྫུ་འཕྲུལ་གྱི་ 301a ༄#། །སྟོབས་ཀྱིས་རབ་ཏུ་ཕམ་པར་བགྱིས་ན། ད་གཡོག་མང་པོར་གྱུར་པ་ལྟ་ཅི་སྨོས། བདུད་སྡིག་ཅན་གྱིས་སྨྲས་པ། བཞིན་བཟང་དག་།དེངས་ལ་གལ་ཏེ་དགེ་སྦྱོང་གཽ་ཏ་མ་འདི་གསོད་ནུས་ན། སླར་ཤོག་ཅིག། ཅི་སྟེ་མ་ནུས་ནའང་བདག་ཅག་གི་གནས་ཀྱང་བསྲུང་གི་།སླར་ཤོག་ཅིག། དེ་ནས་བདུད་ཀྱི་འཁོར་དཀྲིགས་ཕྲག་བཅུ་གཉིས་ཕོ་དེ་དག་དེ་ནས་འཕགས་ཏེ། འདི་ནས་སྟེང་དུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་གི་བར་དུ་བཀང་ནས་དེ་འདྲ་བའི་བདུད་ཀྱི་སྟོབས་ཀྱི་ཡུལ་གྱི་རྫུ་འཕྲུལ་དྲག་པོ་བསྟེན་ཏེ། གང་གླིང་བཞི་པའི་ནམ་མཁའ་ཐམས་ཅད་སྤྲིན་ནག་པོ་ཆེན་པོ་དང ། རླུང་ནག་པོ་ཆེན་པོ་དང ། སྐར་མདས་བཀང་ནས་རིའི་རྒྱལ་པོ་རི་རབ་ལའང་ལག་གིས་བརྡབས་ཏེ་གླིང་བཞི་བ་ཐམས་ཅད་རབ་ཏུ་གཡོས་པར་བྱས་ནས་ཤིན་ཏུ་འཇིགས་པའི་སྒྲ་རྣམས་ཀྱང་འབྱིན་ཏེ། །དེ་དག་གིས་ཀླུ་དང ། ཀླུ་ཆེན་པོ་དང ། གནོད་སྦྱིན་དང།་གནོད་སྦྱིན་ཆེན་པོ་དག་གིས་ས་ཆེན་པོ་བྲག་དང་རིར་བཅས་པ་ཐམས་ཅད་དང་ལྡན་པ་དང ། རིའི་རྒྱལ་པོ་རི་རབ་ཀྱང་གཡོས་པར་རིག་།མཚོ་དང ། མཚོ་ཆེན་པོ་དང།་འབབ་ཆུ་དང ། ཆུ་བྲན་དང ། འབབ་ཆུ་ཆེན་པོ་དང ། རྒྱ་མཚོ་ཆེན་པོ་རྣམས་ཀྱང་འཁྲུགས་པར་རིག་ནས་ནམ་མཁའི་དཀྱིལ་ན་འཁོད་དོ། །བདུད་ཀྱི་འཁོར་དེ་ 301b དག་ནི།་རི་རབ་ཀྱི་ཟོམ་ལ་འཁོད་ནས་དཔག་ཚད་ཙམ་གྱི་རྡོའི་ཆར་མངོན་པར་སྤྲུལ་ཏེ་ནམ་མཁའ་ལས་ཀུན་ཏུ་འབེབས་སོ། །རལ་གྲི་དང ། གཏུན་ཤིང་དང ། རྡོ་བ་དང ། མཚོན་རྩེ་གཉིས་དང ། སྟེའུ་ཀ་མ་དང ། ལྕགས་མདའ་དང ། སྤྲུལ་གྲི་དང ། སྤུ་གྲི་ལྟ་བུ་དང ། དགྲ་སྟ་དང ། སྟེའུ་སོ་ལྟ་བུ་དང ། སྟེའུ་སོ་དང ། ཁ་རད་རྡོ་ཅན་དང ། ཤིན་ཏུ་རད་རོད་ཅན་དང།་སྲ་བ། དྲག་པ། རྩུབ་པ། རྣོ་བའི་ཆར་རབ་ཏུ་སྤྲུལ་ཏེ་ཀུན་ཏུ་ཕབ་བོ། །ཞེས་དེའི་ཚེ་བཅོམ་ལྡན་འདས་བདུད་ཀྱི་འཁོར་རྣམ་པར་འཇིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གང་རྡོ་དང ། མཚོན་ཆ་དེ་དག་ཐམས་ཅད་ནི། ལྷའི་མེ་ཏོག་ཨུཏྤ་ལ་དང ། པདྨ་དང ། ཀུ་མུ་ད་དང ། པདྨ་དཀར་པོ་དང ། མནྡཱ་ར་བ་དང ། མནྡཱ་ར་བ་ཆེན་པོའི་མེ་ཏོག་གི་ཆར་ཆེན་པོར་བྱིན་གྱིས་བརླབས། ཡུལ་ཨངྒ་མ་ག་དྷར་སྐར་མདའ་ལྟུང་བ་ནི། སྤོས་ཀྱི་ཆར་ཆེན་པོར་བྱིན་གྱིས་བརླབས། སྒྲ་དེ་ནི། རོལ་མོའི་སྒྲ་སྣ་ཚོགས་སུ་བྱིན་གྱིས་བརླབས་ཏེ། འདི་ལྟར་སངས་རྒྱས་ཀྱི་སྒྲ་དང ། ཆོས་ཀྱི་སྒྲ་དང ། དགེ་འདུན་གྱི་སྒྲ་དང ། ཕ་རོལ་ཏུ་ཕྱིན་པའི་སྒྲ་དང ། མངོན་པར་ཤེས་པའི་སྒྲ་དང ། ཕྱིར་མི་ལྡོག་པའི་སྒྲ་དང།་དབང་བསྐུར་བའི་སྒྲ་དང ། བདུད་བཞི་ཕམ་པར་བྱ་བའི་སྒྲ་དང ། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བའི་སྒྲ་དང ། ལེན་པ་དང་བཅས་པ་དང ། ལེན་པ་མེད་པའི་བར་གྱི་སྒྲར་ 302a ༄#། །བྱིན་གྱིས་བརླབས་སོ། །རྡུལ་དང ། མུན་ནག་དང ། རླུང་ཐམས་ཅད་ཀྱང་རབ་ཏུ་ཞིའོ། །གང་གླིང་བཞི་པ་འདི་ན་རྩཝ་དང ། ཤིང་གེལ་པ་དང ། སྨན་དང།་ནགས་ཚལ་དང ། ས་དང ། བྲག་དང ། རི་ཅི་ཡོད་པ་དེ་དག་ཐམས་ཅད་ནི། རིན་པོ་ཆེ་སྣ་བདུན་དུ་བྱིན་གྱིས་བརླབས་སོ། །བཅོམ་ལྡན་འདས་གཙུག་ཏོར་བལྟར་མི་མཐོང་བ་དང་ལྡན་པ་ནི། ཚངས་པའི་འཇིག་རྟེན་གྱི་བར་དུ་སྐུས་དབང་མཛད་དོ། །བཅོམ་ལྡན་འདས་ཀྱི་མཚན་རེ་རེ་ལས་ཀྱང་འདི་འདྲ་བའི་འོད་བྱུང་སྟེ། འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའི་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། ཡི་དྭགས་དང ། ཤ་ཟ་དང ། གྲུལ་བུམ་དང ། མི་དང ། མི་མ་ཡིན་པ་དང ། སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་པ་དང ། གཤིན་རྗེའི་འཇིག་རྟེན་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་མཐོང་བ་ནས་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའི་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་པ་དང ། ནམ་མཁའ་ལ་ 302b འཁོད་པ་བརྒྱ་སྟོང་མང་པོས་ནི། མེ་ཏོག་གཏོར་ཅིང་བསྟོད་ནས་བསྐོར་བ་བྱས་སོ། །སེམས་ཅན་དམྱལ་བ་པ་དང ། དུད་འགྲོའི་སྐྱེ་གནས་པ་དང ། གཤིན་རྗེའི་འཇིག་རྟེན་པ་མི་འཁྲུགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ནི། དྲན་པ་རྙེད་དེ། དགེ་བའི་རྩ་བསྔོན་བསྐྱེད་པ་དྲན་ནས་སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་བྱས་ཏེ་ངན་སོང་དེ་དག་ནས་ཤི་འཕོས་ནས་ལྷར་སྐྱེས་སོ། །བདུད་ཀྱི་སྡེ་དེའི་ནང་ནས་བདུད་ཀྱི་བུ་ཉི་ཁྲིའི་ཚོགས་ཀྱི་འཁོར་དང་བཅས་པས་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་ཆེན་པོ་འདི་ལྟ་བུ་མཐོང་ནས་བཅོམ་ལྡན་འདས་ལ་རབ་ཏུ་དགའ་བར་གྱུར་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ཕྱིན་པ་དང ། བདུད་ཀྱི་བུ་མོ་ལྔ་བརྒྱ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་པ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་བཀྲམ་ནས་ལྷ་མ་མེ་བ། །མངོན་པོ་ཁྱོད་ཉིད་ལ་ནི་སྐྱབས་སུ་མཆི། །རབ་ཏུ་ལམ་སྟོར་རྣམ་པར་མིག་ཟུམ་ལ། །ཁྱོད་ནི་འཇིག་རྟེན་སྒྲོན་མ་ཉི་མ་འདྲ། ། གཞན་གྱིས་མི་ཐུབ་སྲོག་ཆགས་རྩ་ལག་གཅིག་།དེད་དཔོན་ཁྱོད་ལ་སྐྱབས་སུ་རབ་ཏུ་མཆི། །ཤིན་ཏུ་ཚོགས་བསགས་ཡེ་ཤེས་འབྱོར་བའི་མཛོད། །ནམ་མཁའི་རང་ 303a ༄#། །བཞིན་གཟོད་ནས་རྣམ་གྲོལ་ཐུགས། །ཐུགས་རྗེ་བསམ་པ་ཡིད་འོང་འཇམ་པའི་གསུང ། །དོན་ཀུན་གྲུབ་པ་ཁྱོད་ལ་སྐྱབས་སུ་མཆི། །འཁོར་བའི་དགོན་པ་ལས་ནི་ཁྱོད་ཐར་མཛད། །ཚོགས་པ་ལས་ཀྱང་རྒྱུ་དང་འབྲས་བུ་སྟོན། །བྱམས་ལ་གནས་ཤིང་མཆོག་གི་ཆོ་ག་མཁྱེན། །ཐུགས་རྗེ་གནས་པའི་སྐྱབས་སུ་རབ་ཏུ་མཆི། །སྒྱུ་མ་སྨིག་རྒྱུ་ཆུ་ཟླ་འདྲ་བ་ཡི། །སྲེད་པ་ལ་ནི་ཡུལ་གྱི་གནས་ཀྱིས་ཆགས། །མི་ཤེས་ནད་སེལ་འཇིག་རྟེན་རྣམས་ཀྱི་མགོན། །སྨན་པའི་རྒྱལ་པོ་ཁྱོད་ལ་སྐྱབས་སུ་མཆི། །ཆུ་བོ་བཞི་དབུས་ཟམ་པར་གྱུར་པ་ཁྱོད། །ནོར་བདུན་འཕགས་པའི་ཚུལ་གྱིས་རབ་སྒྲོལ་བ། །ཡང་དག་ལམ་སྟོན་འཇིག་རྟེན་རྩ་ལག་པོ། །ཐུགས་རྗེ་ལྡན་པ་ཁྱོད་ལ་འདིར་མཆོད་དོ། །བློ་མཆོག་ཁྱོད་ལ་བདག་ཅག་བཟོད་པར་གསོལ། །ཁྱོད་ལ་བདག་ཅག་ཡིད་ཀྱིས་གནོད་བསམ་པ། །མགོན་པོ་དཔའ་བོས་ནོངས་པ་བཟོད་པར་གསོལ། །ཁྱོད་ནི་འགྲོ་བའི་རྩ་ལག་གཅིག་པུ་གཙོ། །བདག་ཅག་བདུད་ཀྱི་ཕྱོགས་རྣམས་རབ་སྤངས་ཏེ། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་མ་ལུས་ཐམས་ཅད་མགྲོན་དུ་གཉེར། །བདག་ཅག་གིས་ནི་བྱང་ཆུབ་མཆོག་ཐོབ་བགྱི། །ཅི་ནས་བདག་ཅག་ཕ་རོལ་ཕྱིན་སྤྱོད་པར། །བདག་ཅག་ 303b རྣམས་ལ་སྤྱོད་པ་རྒྱ་ཆེར་སྟོན། །གཞན་མ་ཡིན་གསུང་ཆོས་ནི་དུ་རྣམས་དག། ལྡན་ན་བྱང་ཆུབ་རབ་ཏུ་ཐོབ་པར་འགྱུར། །མེ་ཏོག་གང་གིས་ཁྱོད་ལ་མངོན་གཏོར་བ། །ཕྱོགས་ཀུན་དུ་ཡང་དེ་དག་གདུགས་གྱུར་ཏེ། །དུས་ཀུན་བདེ་བའི་འབྱུང་གནས་ཞིང་དུ་ནི། །རྐང་གཉིས་མཆོག་གི་སྤྱི་བོར་འདུག་གྱུར་ཅིག་།དེ་ནས་བདུད་ཀྱི་བུ་མོ་དེ་དག་དང ། བདུད་ཀྱི་བུ་ཚོགས་ཀྱི་འཁོར་དང་བཅས་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་མེ་ཏོག་སིལ་མ་གཏོར་བ་དང ། མེ་ཏོག་སིལ་མ་དེ་དག་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་མཐུས་གངྒཱའི་ཀླུང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བྱེ་མ་ལས་འདས་པའི་མེ་ཏོག་གི་གདུགས་ཀུན་ཏུ་འདུག་པར་གྱུར་ཏེ། མེ་ཏོག་གི་གདུགས་དེ་དག་ཀྱང་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཤིང་འཚོ་ལ་གཞེས་པ་ཐམས་ཅད་ཀྱི་དབུའི་གཙུག་གི་དྲང་ཐད་ཀྱི་སྟེང་གི་བར་སྣང་ལ་འདུག་གོ། བདུད་ཀྱི་བུ་མོ་དེ་དག་དང ། བདུད་ཀྱི་བུ་ཚོགས་ཀྱི་འཁོར་དང་བཅས་པ་དེ་དག་གིས་ཀྱང་སོ་སོ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གྲངས་མེད་དཔག་ཏུ་མེད་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཤིང་འཚོ་ལ་གཞེས་ཏེ་ཆོས་ཀྱང་འཆད་པ་འཁོར་གྱིས་ཡོངས་སུ་བསྐོར་ཏེ་ལྷམ་མེ། ལྷ་ན་ནེ། ལྷང་ངེར་བཞུགས་པའི་དབུའི་གཙུག་གི་དྲང་ཐད་ཀྱི་སྟེང་གི་བར་ 304a ༄#། །སྣང་ལ་མེ་ཏོག་གི་གདུགས་དེ་དག་འདུག་པར་གྱུར་པ་མཐོང་ཞིང ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཁ་དོག་མཚུངས་པ། རྟགས་མཚུངས་པ། གཟུགས་འདྲ་བ་མཚུངས་པར་སྣང་བ་ཤ་སྟག་ལ། སངས་རྒྱས་བཅོམ་ལྡན་འདས་དེ་དག་སེངྒེའི་ཁྲི་ཐ་དད་ཅིང་འཁོར་ཐ་དད་ལ། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་ཉི་ཚེ་ཐ་དད་པར་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དབྱངས་ཀྱི་དཀྱིལ་འཁོར་གྱི་གསུང་བརྗོད་པ་ནི། མ་ཐོས་སོ། ། བདུད་ཀྱི་འཁོར་དེ་དག་བཅོམ་ལྡན་འདས་ཀྱི་མཐུས་འདི་ལྟ་བུའི་ཆོ་འཕྲུལ་མཐོང་ནས་མཆོག་ཏུ་དགའ་བ་དང ། མོས་པ་སྐྱེས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འཁོད་དོ། །དེ་ནས་བདུད་ཀྱི་བུ་ཚོགས་ཀྱི་འཁོར་དང་བཅས་པ་དེ་དག་ལས་དཀྲིགས་ཕྲག་བཅུ་ཕྱིར་ལོག་ནས་བདུད་ཀྱི་གནས་སུ་དེ་ལྟ་བུའི་ངོ་མཚར་བདུད་སྡིག་ཅན་ལ་རྒྱ་ཆེར་བཟླས་ཏེ། དགེ་སྦྱོང་གཽ་ཏ་མ་དེའི་བ་སྤུའི་ཁུང་བུ་གཅིག་ཀྱང་བདག་ཅག་གིས་གཞིག་པར་མ་ནུས་ན། གསད་པར་ལྟ་ཅི་སྨོས། དེའི་སྟེང་དུ་བདུད་ཉི་ཁྲི་དེའི་སྐྱབས་སུ་དོང་སྟེ་ཆོས་མཉན་པའི་ཕྱིར་དེའི་མདུན་ན་འཁོད་དོ། །དེ་ནས་ 304b བདུད་སྡིག་ཅན་རབ་ཏུ་ཁྲོས་ཏེ་སྡུག་བསྔལ་ཞིང་ཡིད་མི་བདེ་ནས་ཡིད་ལ་གཅགས་ཏེ་དེས་འདི་སྐད་ཅེས་སྨྲས་སོ། །ཤཱཀྱའི་བུ་ནི་ཇི་སྲིད་བརླགས་པར་མ་བྱས་པ། །དེ་སྲིད་བར་དུ་ང་ཡི་དཔལ་སོང་སླར་མི་འོང ། །ཤཱཀྱའི་བུ་འདི་ཇི་ལྟར་དེ་རིང་གསད་སྙམ་སྟེ། །བདག་ཅག་གཞན་ལ་ཡིད་མི་རྟོག་ཅིང་མི་སྨྲ་འདུག་།དེ་ནས་བདུད་སྡིག་ཅན་ཡིད་མི་བདེ་ཞིང་མྱ་ངན་གྱི་ཁང་པ་ན་འདུག་གོ་།འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་གི་གཟུངས་ལས། བདུད་སྤ་བཀོང་བའི་ལེའུ་སྟེ་དང་པོའོ།། །།བམ་པོ་གཉིས་པ།་དེ་ནས་བདུད་ཀྱི་བུ་མོ་དང ། བདུད་ཀྱི་བུ་ཚོགས་ཀྱི་འཁོར་དང་བཅས་པ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ནི།་འདི་ལྟ་བུའི་ཐེག་པ་དང ། ཡེ་ཤེས་དང ། རྫུ་འཕྲུལ་དང ། སྙིང་རྗེ་དང ། ཐབས་དང ། སྤོབས་པ་འཚལ་ལོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ཐབས་དང ། ཡེ་ཤེས་ཀྱི་བར་དུ་ལྡན་པ་ངོ་མཚར་ཏོ། །བཅོམ་ལྡན་འདས། ཆོས་དུ་དང་ལྡན་ན། སྐྱེས་བུ་གང་ཟག་སྡིག་པའི་གྲོགས་པོའི་ལག་ཏུ་མི་མཆི་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག། ཆོས་བཞི་དང་ལྡན་ན། འདི་ 305a ༄#། །ལས་སྐྱེས་བུ་གང་ཟག་ལ་ལ་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །བཞི་གང་ཞེ་ན། བཞིན་བཟང་དག། འདི་ལ་རིགས་ཀྱི་བུ་ཆོས་ཐམས་ཅད་ལ་མཆོག་ཏུ་མི་འཛིན་ཅིང ། ཆོས་གང་ཡང་མི་འཛིན། མི་གཏོང ། ཁས་མི་ལེན་།མི་གནས།་ཉེ་བར་མི་ལེ་ན། མི་རྟོག། རྣམ་པར་མི་རྟོག་གོ་།འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་སྦྱིན་པའི་འབྲས་བུའང་མི་གཏོང་མི་འཛིན། ཁས་མི་ལེན། ཉེ་བར་མི་ལེན།་མི་གནས། མི་རྟོག། རྣམ་པར་མི་རྟོག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་སྤྱོད་པ་ན་མི་རྟོག། རྣམ་པར་མི་རྟོག་པའི་བར་དུའོ། །བཞིན་བཟང་དག་།གཞན་ཡང་རིགས་ཀྱི་བུ་དེ་སེམས་ཅན་དུ་སྨྲ་བ་མ་ཡིན། སྲོག་ཏུ་སྨྲ་བ་མ་ཡིན། གསོ་བར་སྨྲ་བ་མ་ཡིན། གང་ཟག་ཏུ་སྨྲ་བ་མ་ཡིན་ཞིང ། སེམས་ཅན་དང ། སེམས་ཅན་གྱི་ཁམས་ལ་ཡིད་ཀྱིས་མཆོག་ཏུ་མི་འཛིན་པ་ནས་མི་རྟོག། རྣམ་པར་མི་རྟོག་པའི་བར་དུའོ། །བཞིན་བཟང་དག་།གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་ལ་མཆོག་ཏུ་མི་འཛིན་པ་ནས་མི་རྟོག། རྣམ་པར་མི་རྟོག་པའི་བར་དུའོ། །བཞིན་བཟང་དག། གཞན་ཡང་རིགས་ཀྱི་བུ་དེ་ཁམས་གསུམ་དང ། 305b དུས་གསུམ་དང ། ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་ཀྱི་རྒྱུ་དང ། རྐྱེ་ན་དང ། དམིགས་པ་དང ། འབྲས་བུ་རྣམ་པར་སྨིན་པ་འབྱུང་བ་དང ། གནས་པ་དང ། སྐྱེ་བ་ཐམས་ཅད་ལ་མཆོག་ཏུ་མི་འཛིན་པ་ནས་མི་རྟོག་།རྣམ་པར་མི་རྟོག་པའི་བར་དུའོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། སྤྱོད་པའི་གནས་ཀྱི་ཡུལ་ཐམས་ཅད་ལ་རྟོག་པ་དང ། རྣམ་པར་རྟོག་པ་དང་བྲལ་བ་སྟེ། མི་དམིགས་པའི་ཚུལ་གྱིས་སྤྱད་པར་བྱའོ། །བཞིན་བཟང་དག་།ཆོས་ཐམས་ཅད་དང ། ཐམས་ཅད་མཁྱེན་པ་ཉིད་ནི། དངོས་པོ་མེད་པ་ཡིན་ཏེ།་སྒྲ་མེད་པ། མཚན་མ་མེད་པ། ཡི་གེ་མེད་པ། སྨོན་པ་མེད་པ། སྐྱེ་བ་མེད་པ། འགག་པ་མེད་པ། མཚན་ཉིད་མེད་པ། ཆགས་པ་མེད་པ། དམིགས་པ་མེད་པ། བསྟན་དུ་མེད་པ།་དབེན་པ། བདག་མེད་པ། མཚན་ཉིད་དང་བྲལ་བ། སྐད་ཅིག་པ། ཉེ་བར་ཞི་བ། མུན་པ་མེད་པ། སྣང་བ་མེད་པ། གནས་མེད་པ། ཡུལ་མེད་པ། དབང་པོ་མེད་པ། ཕྱོགས་མེད་པ། གཉེན་པོ་མེད་པ། བསམ་དུ་མེད་པ། སྤང་དུ་མེད་པ། མི་འཕྲོག་པ། སེར་སྣ་མེད་པ། སྤྲོས་པ་མེད་པ། རྡུལ་མེད་པ། རྡུལ་དང་བྲལ་བ། ཆ་ཤས་མེད་པ། ཅིའང་མེད་པ། བྱེད་པ་པོ་མེད་པ། ཚོར་བ་པོ་མེད་པ། རྟེན་མེད་པ། གཟུང་བ་མེད་པ། རྣམ་པར་རིག་པ་མེད་པ། སོ་སོར་སྣང་བ་མེད་པ། སྐད་ཅིག་མ་ཡིན་པའི་བར་དུའོ། །བཞིན་བཟང་དག་།ཐམས་ 306a ༄#། །ཅད་མཁྱེན་པ་ཉིད་ནི། ནམ་མཁའ་དང་མཚུངས་ཏེ། སྟོང་པ་ཉིད་པས་དམིགས་སུ་མེད་པའི་ཚུལ་དང ། མི་གནས་པའི་ཚུལ་དང ། མཆོག་ཏུ་འཛིན་པ་མེད་པའི་ཚུལ་དང ། མི་རྟོག་།རྣམ་པར་མི་རྟོག་པའི་ཚུལ་གྱིས་སྤྱད་པར་བྱའོ། །བཞིན་བཟང་དག་།ཆོས་བཞི་པོ་དེ་དག་དང་ལྡན་ན། སྐྱེས་བུ་གང་ཟག་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །བཞིན་བཟང་དག་།གང་ལ་ལ་ཡུལ་ཐམས་ཅད་ལ་ཆགས་པའི་ཡུལ་གྱི་མཚན་ཉིད་ཀྱི་གནས་ལ་རྣམ་པར་སྤྱོད་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོལ་ན། དེ་གཉིས་ལ་ཆགས་པ་ཡིན་ཏེ། དེ་གཉིས་ལ་ཆགས་པའི་ཡིད་ཀྱིས་བརྣག་པ་ནི། ཐམས་ཅད་མཁྱེན་པ་ཉིད་སླུ་བར་བྱེད་དོ། །དེ་ལ་གཉིས་གང་ཞེ་ན། གང་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་ལ་མཚན་ཉིད་དུ་རྣམ་པར་སྤྱོད་པས་གནས་པ་དང ། མཆོག་ཏུ་འཛིན་པ་དེ་ནི། གཉིས་ཏེ། ཐམས་ཅད་མཁྱེན་པ་ཉིད་སླུ་བའོ། །སྤྱོད་པའི་གནས་དང ། འབྲས་བུ་ལ་རྟོག་པ་འདི་ནི། གཉིས་སོ། །སྐྱེ་བ་དང ། སྲེད་པ་དང ། ལེན་པ་དང ། སེམས་ཅན་གྱི་གནས་ལ་རྟོག་པ་འདི་ནི། གཉིས་སོ། །བཤད་པ་དང ། རབ་ཏུ་བསྟན་པ་དང ། གདམས་པ་དང ། ཚིག་གི་ལམ་དང ། སྒྲ་དང ། སྐད་ 306b ཀྱི་གནས་ལ་རྟོག་པ་འདི་ནི། གཉིས་སོ། །རྟག་པ་དང ། ཆད་པ་ལ་རྣམ་པར་ལྟ་བའི་ཤེས་པ་དང ། ཤེས་བྱའི་གནས་ལ་རྟོག་པ་འདི་ནི། གཉིས་སོ། །སེམས་ཅན་དང ། སྲོག་དང ། གསོ་བ་དང ། སྐྱེས་བུ་དང ། གང་ཟག་དང ། བྱེད་པ་པོ་དང ། བྱེད་དུ་འཇུག་པའི་འདུ་ཤེས་ཀྱི་གནས་ལ་རྟོག་པ་འདི་ནི། གཉིས་སོ། །གང་ཕ་རོལ་དང ། ཚུ་རོལ་དང ། རྟོག་པ་དང ། སེལ་བ་ལ་གནས་ཤིང་རྟོག་པ་འདི་ནི། གཉིས་སོ། །བཞིན་བཟང་དག་།སྐྱེས་བུ་གང་ཟག་སུ་ལ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོལ་བ་དེ་དུས་གསུམ་དུ་ངར་འཛིན་པ་དང ། ང་ཡིར་འཛིན་པ་དང ། ཀུན་འབྱུང་བ་དང ། འགོག་པར་རྣམ་པར་སྤྱོད་པ་ལ་གནས་ཤིང་ཀུན་ཏུ་རྟོག་སྟེ། མཆོག་ཏུ་འཛིན་པ་འདི་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དེའི་གཉིས་སོ། །འདི་ལྟ་སྟེ། དཔེར་ན། སྐྱེས་བུ་ལ་ལ་ཞིག་མེ་འདོད་པ་ལ་སའི་ངོས་ལ་ཉུག་པ་དང ། སྐོམ་འདོད་པ་ལ་མེ་དང ། ཟན་འདོད་པ་ལ་རྡོ་དང ། མེ་ཏོག་འདོད་པ་ལ་གོས་དང ། སྤོས་འདོད་པ་ལ་མི་རོ་བམ་པ་དང ། གོས་འདོད་པ་ལ་དུར་ཁྲོད་དང ། བྱུག་པ་འདོད་པ་ལ་ནམ་མཁའ་ལ་ཉུག་པ་དེ་བཞིན་དུ་བཞིན་བཟང་དག་།གང་སྤྱོད་པའི་གནས་ལ་ཆགས་ཤིང་རྣམ་པར་སྤྱོད་པའི་ལུས་གཉིས་ཀྱི་གནས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོལ་ན། དེའི་འབད་པ་འབྲས་བུ་མེད་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ 307a ༄#། །ཆེན་པོ་གཟུངས་ཀྱི་བློ་གྲོས་ཞེས་བྱ་བ་འཁོར་དེར་འདུས་པར་གྱུར་ནས་འདུག་པ་དེས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་བརྗོད་དུ་མ་མཆིས་པ་དེ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་གང་བརྗོད་དུ་མེད་པར་ཤེས་པ་དེ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བའོ། །དེའི་ཕྱིར་རིགས་ཀྱི་བུ་ཁྱོད་ཉིད་ལ་དྲིའི། ཁྱོད་ཀྱིས་ཇི་ལྟར་བཟད་པ་དེ་བཞིན་དུ་ལན་ཐོབ་ཅིག་།གང་ཐམས་ཅད་མཁྱེན་པའི་མིང་ཐོབ་པར་འགྱུར་བའི་རྫས་ཀྱི་མཚན་ཉིད་ཀྱི་དངོས་པོ་གང་ཡང་ཡོད་དམ། གསོལ་པ། གལ་ཏེ་མཆིས་ཞེས་བགྱིས་ན་ནི། རྟག་པར་འགྱུར། ཅི་སྟེ་མ་མཆིས་ཞེས་བ་གྱིས་ན་ནི། ཆད་པར་འགྱུར། དབུ་མའི་ལམ་ནི། དམིགས་སུ་མ་མཆིས་ཏེ། དེ་ནི། མཆིས་པའང་མ་ལགས། མ་མཆིས་པའང་མ་ལགས་སོ། །གང་མ་ཆགས། མི་སྐྱེ། མི་འགོག་།ཚད་མ་མཆིས། གྲངས་མ་མཆིས། དཔེ་མ་མཆིས། སྣང་བ་མ་མཆིས་པ་དེ་ལ་འཚལ་བ་འདི་ནི། མངོན་པར་རྫོགས་པར་འཚང་རྒྱའོ། །བྱང་ཆུབ་སེམས་དཔའ་གློག་གི་བློ་གྲོས་ཀྱིས་གསོལ་པ། བཅོམ་ལྡན་འདས། གང་ལ་འགྲོ་བའང་མ་མཆིས། འོང་བའང་མ་མཆིས་པ་དེ་ལྟ་བུ་ཤེས་པ་ 307b ལ་འཇུག་པར་མཁས་པ་འདི་ནི། མངོན་པར་རྫོགས་པར་འཚང་རྒྱ་བའོ། །བྱང་ཆུབ་སེམས་དཔའ་རྣམ་པར་སྣང་བྱེད་ཀྱིས་གསོལ་པ། བཅོམ་ལྡན་འདས། གང་ན་ཐོབ་པའི་མཚན་ཉིད་ཀྱང་མ་མཆིས། མ་ཐོབ་པའི་མཚན་ཉིད་ཀྱང་མ་མཆིས། མངོན་པར་རྟོགས་པའང་མ་མཆིས། མངོན་དུ་བགྱི་བའང་མ་མཆིས། ཞི་བའང་མ་མཆིས། རབ་ཏུ་ཞི་བའང་མ་མཆིས། དུས་གསུམ་ཡང་མ་མཆིས། ཐེག་པ་གསུམ་ཡང་མ་མཆིས། སྨོན་ལམ་དང་ཡང་མཉམ་པའི་རློམ་སེམས་ཀྱང་མ་མཆིས་པ་འདི་ནི། མངོན་པར་རྫོགས་པར་འཚང་རྒྱ་བའོ། །བྱང་ཆུབ་སེམས་དཔའ་གཟུངས་ཀྱི་བློ་གྲོས་ཀྱིས་གསོལ་པ། བཅོམ་ལྡན་འདས། གང་ཁམས་གསུམ་ཡང་མ་མཆིས། ཀུན་ཏུ་སྦྱོར་བ་གསུམ་ཡང་མ་མཆིས། རིག་པ་གསུམ་ཡང་མ་མཆིས། ཐེག་པ་གསུམ་ཡང་མ་མཆིས། ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ལ་རྟོག་པའང་མ་མཆིས། རྣམ་པར་རྟོག་པའང་མ་མཆིས།་བྲི་བར་ཡང་མ་མཆིས། འཕེལ་བར་ཡང་མ་མཆིས་ལ། ཉམས་པར་ཡང་མི་བགྱིད་པ་འདི་ནི། མངོན་པར་རྫོགས་པར་འཚང་རྒྱ་བའོ། །བྱང་ཆུབ་སེམས་དཔའ་རྡོ་རྗེ་བློ་གྲོས་ཀྱིས་གསོལ་པ། གང་སོ་སོའི་སྐྱེ་བོའི་ཆོས་དང ། འཕགས་པའི་ཆོས་དང ། སློབ་པའི་ཆོས་དང ། མི་སློབ་པའི་ཆོས་དང ། ཉན་ཐོས་ཀྱི་ཆོས་དང ། རང་སངས་ 308a ༄#། །རྒྱས་ཀྱི་ཆོས་རྣམས་ལ་མི་རྟོག་།རྣམ་པར་མི་རྟོག་སྟེ། མཉམ་པར་ཡང་མི་བགྱིད་པ་འདི་ནི། མངོན་པར་རྫོགས་པར་འཚང་རྒྱ་བའོ། །བྱང་ཆུབ་སེམས་དཔའ་སྲ་བའི་བློ་གྲོས་ཀྱིས་གསོལ་པ། གང་དབེན་པའི་ཚུལ་གྱིས་དེ་བཞིན་ཉིད་ལ་རྣམ་པར་སྤྱོད་ཅིང་མངོན་པར་མི་ཞེན་པ་འདི་ནི། མངོན་པར་རྫོགས་པར་འཚང་རྒྱ་བའོ། །བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེས་གསོལ་པ། གང་ཆོས་ཐམས་ཅད་མི་སྐྱེ་བའི་མཚན་ཉིད་ཐོབ་པར་བགྱིད་པ་དང ། མངོན་པར་རྟོགས་པར་བགྱི་བའི་སླད་དུ་མི་རྟོག་པ་འདི་ནི། མངོན་པར་རྫོགས་པར་འཚང་རྒྱ་བའོ། །བྱང་ཆུབ་སེམས་དཔའ་བློ་གྲོས་བསམ་གྱིས་མི་ཁྱབ་པས་གསོལ་པ།་གང་ཁམས་གསུམ་ལ་རྣམ་པར་སྤྱོད་ཅིང་སེམས་ཉིད་སེམས་ལ་འཇུག་པར་བགྱིད་དེ། སེམས་གཉི་ག་ལ་སེམས་ཀྱིས་རྣམ་པར་དཔྱད་ནས་མི་དམིགས་པ་འདི་ནི། མངོན་པར་རྫོགས་པར་འཚང་རྒྱ་བའོ། །བྱང་ཆུབ་སེམས་དཔའ་དགྲ་ལས་རྣམ་པར་རྒྱལ་གྱིས་གསོལ་པ། གང་ཆོས་ཐམས་ཅད་ལ་མི་ཆགས། རྗེས་སུ་མི་ཆགས། བཏང་སྙོམས་སུ་མི་བགྱིད། ཁོང་ཁྲོ་བར་མི་བགྱིད། འདོད་པར་མི་བགྱིད། མི་རྨོངས། མི་འཛིན། མི་གཏོང་བ་འདི་ནི། མངོན་པར་རྫོགས་ 308b པར་འཚང་རྒྱ་བའོ། །བྱང་ཆུབ་སེམས་དཔའ་པདྨའི་སྙིང་པོས་གསོལ་པ། གང་བསོད་ནམས་དང་སྡིག་པ་ལ་མི་ཆགས་ཤིང ། ཟབ་མོ་ལ་བཟོད་པའི་ཚུལ་ལ་འཇུག་པས་ངར་འཛིན་པ་དང ། ང་ཡིར་འཛིན་པ་ལ་མི་རྟོག་པ་འདི་ནི། མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཟླ་འོད་གཞོན་ནུར་གྱུར་པས་གསོལ་པ། གང་ཆོས་ཐམས་ཅད་ཆུ་ཟླ་དང་མཚུངས་པར་རབ་ཏུ་འཚལ་ཅིང་ཆོས་རྣམས་ཀྱི་ངོ་བོ་ཉིད་གསོག་པ་དང ། འབྲི་བར་ཡང་མི་མཐོང་བ་འདི་ནི། མངོན་པར་རྫོགས་པར་འཚང་རྒྱ་བའོ། །བྱང་ཆུབ་སེམས་དཔའ་རྣམ་མཁའི་བློ་གྲོས་གཞོན་ནུར་གྱུར་པས་གསོལ་པ། གང་གི་སེམས་དང་སེམས་ལས་བྱུང་བ་ལ་མུན་པ་དང ། སྣང་བ་དང ། སྐྱེ་བ་དང ། འཇིག་པ་དང ། འཕེལ་བ་དང ། འབྲི་བ་ཐམས་ཅད་མི་འབྱུང་བ་འདི་ནི། མངོན་པར་རྫོགས་པར་འཚང་རྒྱ་བའོ། །བྱང་ཆུབ་སེམས་དཔའ་བྱམས་པས་གསོལ་པ།་གང་གནས་པ་ལ་གནས་པ་ན་ཁམས་གསུམ་པ་ལ་གནས་པའི་ཚངས་པ་ལ་མི་དམིགས། མཉམ་པར་མི་བགྱིད་པ་འདི་ནི། མངོན་པར་རྫོགས་པར་འཚང་རྒྱ་བའོ། །བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་གསོལ་པ། གང་འཁོར་གསུམ་ཡོངས་སུ་དག་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་མི་དམིགས་པའི་ཚུལ་གྱིས་ར་ 309a ༄#། །ཏུ་གོམས་པར་བགྱིད་ཅིང ། མི་ཆགས་མི་སྐྱོ་བ་འདི་ནི། མངོན་པར་རྫོགས་པར་འཚང་རྒྱ་བའོ། །འཇམ་དཔལ་གཞོན་ནུར་གྱུར་པས་གསོལ་པ། བཅོམ་ལྡན་འདས། གང་ཆོས་ཐམས་ཅད་ལ་མི་ཆགས་མི་སྐྱོ་ཞིང་ཆོས་ཟབ་མོའི་ཚུལ་ཡང་རབ་ཏུ་འཚལ་ཏེ། གང་རབ་ཏུ་འཚལ་བ་དེའང་མི་ལེན་མི་འདོར། སྡུད་པར་མི་བགྱིད། བྲལ་བར་མི་བགྱིད་ཅིང ། ཆོས་གང་ལའང་གསོག་པའམ། འབྲི་བའམ། རིག་པའམ། རྣམ་པར་གྲོལ་བའམ། འཇིག་པའམ། བྲིའམ། འཕེལ་བའང་མི་བསྐྱེད་ལ། དངོས་པོ་དག་ལ་རྣམ་པར་མི་རྟོག་པས་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་འདི་ནི། མངོན་པར་རྫོགས་པར་འཚང་རྒྱ་བ་སྟེ། ཚུལ་གཅིག་པོ་འདིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ལྟད་མོ་ཅན་གྱིས་སྨྲས་པ། འཇམ་དཔལ། དེ་བཞིན་ཉིད་ལ་འཇུག་པའི་ཚུལ་འདི་ལྟར་ཟབ་མོ་སྟོང་པ་ཉིད་སྒོམ་པའི་ཚུལ་འདི་གཅིག་གིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་འཚང་རྒྱ་ན། ཀུན་ཏུ་སྦྱོར་བ་དང ། རབ་ཏུ་སྦྱོར་བ་ཅི་དགོས། འཇམ་དཔལ་གྱིས་སྨྲས་པ། ལྟ་བ་མི་བཟད་པ་དང་བྲལ་ཞིང་ཡང་དག་ 309b པའི་ལྟ་བར་སྒྲོ་འདོགས་པའང་མེད་པ་དང ། གཡོ་མེད་ཅིང་དྲང་པོར་སྒྲོ་འདོགས་པའང་མེད་པ་དང ། སྡིག་པ་དང་བྲལ་ཞིང་བླ་མ་ལ་རིམ་གྲོ་བྱ་བར་སྒྲོ་འདོགས་པ་མེད་པ་དང ། བཀའ་བློ་བདེ་བར་སྒྲོ་འདོགས་པའང་མེད་པ་དང ། ཡང་དག་པའི་འཚོ་བར་སྒྲོ་འདོགས་པའང་མེད་པ་དང ། ཀུན་ཏུ་སྦྱོར་བ་ཐམས་ཅད་དང་བྲལ་བར་སྒྲོ་འདོགས་པའང་མེད་པ་དང ། སེམས་ཅན་ཐམས་ཅད་ལ་ཁྲོ་བ་དང་སྙིང་རྗེ་བར་སྒྲོ་འདོགས་པའང་མེད་པ་དང ། སྡོམ་པ་གསུམ་དུ་སྒྲོ་འདོགས་པའང་མེད་པ་དང ། མི་སླུ་བའི་དགེ་བའི་ཆོས་སུ་སྒྲོ་འདོགས་པའང་མེད་པ་དང ། རྣམ་པར་མ་ཞི་བར་སྒྲོ་འདོགས་པའང་མེད་པ་དང ། དམ་པའི་ཆོས་སྲུང་བར་སྒྲོ་འདོགས་པའང་མེད་པ་དང ། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བར་སྒྲོ་འདོགས་པའང་མེད་པ་དང ། དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བར་སྒྲོ་འདོགས་པའང་མེད་པ་དང ། སེམས་ཅན་ཉམ་ཆུང་བ་སྟོབས་ལ་རབ་ཏུ་དགོད་པར་སྒྲོ་འདོགས་པའང་མེད་པ་དང ། འཇིགས་པའི་སྐྱབས་མི་འཇིགས་པར་སྒྲོ་འདོགས་པའང་མེད་པ་དང ། ལམ་ངན་པར་ཞུགས་པ་རྣམས་ནན་ཏན་ལ་གཟུད་པར་སྒྲོ་འདོགས་པའང་མེད་པ་དང ། བཟོད་པ་དང་དེས་པར་སྒྲོ་འདོགས་པའང་མེད་པ་དང ། འཛིན་པ་ཐམས་ཅད་ལ་ཆགས་པའི་མཚན་ཉིད་དུ་ 310a ༄#། །སྒྲོ་འདོགས་པའང་མེད་པ་དང ། རྡུལ་དང་མུན་པའི་ཕུང་པོ་ཐམས་ཅད་སྤོང་བར་སྒྲོ་འདོགས་པའང་མེད་པ་དང ། བསྔོ་བའི་འབྲས་བུ་རྣམ་པར་སྨིན་པ་ཐམས་ཅད་རྣམ་པར་སྤོང་བར་སྒྲོ་འདོགས་པའང་མེད་པ་འདི་དག་ནི། རིགས་ཀྱི་བུ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྦྱོར་བ་ཉིད་ཤུ་སྟེ། ཡི་གེ་དང ། སྐད་དང ། སྒྲ་དང ། སྨྲ་བ་དང ། བརྗོད་པའི་ཚིག་རབ་ཏུ་དབྱེ་བ་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་པ་ལ་འཇུག་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྦྱོར་བའོ། ། གཞན་མུ་སྟེགས་ཅན་གྱི་ཚིག་གི་དེ་བཞིན་ཉིད་ལ་འཇུག་པ་དང ། སྤྱོད་པ་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་འཇུག་པ་དང ། བསོད་ནམས་ཐམས་ཅད་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའི་དེ་བཞིན་ཉིད་ལ་འཇུག་པ་དང ། ལེན་པ་དང ། སྐྱེ་བ་དང ། འཇིག་པ་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་འཇུག་པ་དང ། རྣམ་པར་ཐར་བ་གསུམ་དང ། གནས་དང ། རྒྱུ་དང ། ལས་དང ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་འཇུག་པས་དེ་བཞིན་གཤེགས་པའི་བཀའ་ཐམས་ཅད་ཤེས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྦྱོར་བ་ཁོང་དུ་ཆུད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ལྟད་མོ་ཅན་གྱིས་སྨྲས་པ། འཇམ་དཔལ། དེ་དེ་བཞིན་ཏེ། ནམ་ 310b ཆོས་ཟབ་མོའི་ཚུལ་འདི་རྟོགས་པ་དེའི་ཚེ་ཆོས་གང་སྟོན་པ་དང ། གང་ལ་སྟོན་པ་དང ། དོན་དང ། ཚིག་དང ། ཡི་གེ་གང་དག་གིས་སྟོན་པ་དང ། རབ་ཏུ་སྟོན་པའི་ཆོས་གང་ཡང་མི་མཐོང་སྟེ། གང་རབ་ཏུ་སྤོང་བ་དང ། གང་སྒོམ་པ་དང ། གང་ཀུན་ཤེས་པར་འགྱུར་བའི་ཆོས་དེ་དག་ཐམས་ཅད་བརྗོད་དུ་མེད་པའི་ཚུལ་གྱིས་དེ་བཞིན་ཉིད་ལ་འཇུག་སྟེ།་དེས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོང་དུ་ཆུད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །རིགས་ཀྱི་བུ། ཚུལ་གཅིག་གིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་དེ་ཁྱོད་ཀྱིས་ལེགས་པར་སྨྲས་སོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་ལ་ཆགས་པ་མེད་པའི་དངོས་པོ་ཡིན་པས་ཆོས་ཐམས་ཅད་ནི། སྒྲོ་བཏགས་པ་མེད་པ་དང ། མ་སྐྱེས་པ་དང ། མི་འཇིག་པའི་མཐའ་ཅན་དང ། མ་རིག་པ་དང ། མྱ་ངན་ལས་འདས་པ་མི་སྐྱེ་བའི་ཡང་དག་པའི་མཐའ་ཅན་དང ། ནམ་མཁའ་དང ། མྱ་ངན་ལས་འདས་པ་མི་སྐྱེ་བའི་ཡང་དག་པའི་མཐའ་ཅན་དང ། ཆོས་ཐམས་ཅད་ནི། བརྗོད་དུ་མེད་པའི་མཐའ་ཅན་དང ། སེམས་ཅན་ཐམས་ཅད་ཀྱང་དེ་ལྟ་བུ་ཡིན་པ་དང།་ཆོས་ཐམས་ཅད་ནི། རྫས་མེད་པའི་མཐའ་ཅན་དང ། དུས་གསུམ་དང ། ཁམས་གསུམ་དང ། ཕུང་པོ་ཐམས་ཅད་ནི། ཅིའང་མེད་པའི་མཐའ་ཅན་དང ། འདུ་བྱེད་གསུམ་ 311a ༄#། །ནི།་སྟོང་པ་ཉིད་ཀྱི་མཐའ་ཅན་དང ། ཆོས་ཀྱི་ཕུང་པོ་དང ། རྣམ་པར་སྨིན་པའི་ཕུང་པོ་དང ། གསོག་པ་དང ། འབྲི་བའི་ཕུང་པོ་ནི། རྫས་མེད་པའི་མཐའ་ཅན་དུ་ཡོངས་སུ་བརྗོད་དོ། །སྟོང་པ་ཉིད་དང ། ཡང་དག་པའི་མཐའ་དང ། བརྗོད་དུ་མེད་པའི་དོན་དང ། ཆོས་ཐམས་ཅད་ཀྱི་དོན་གྱི་ཆོས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཇུག་གོ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་ལུང་བསྟན་པ་འདི་བཤད་པའི་ཚེ་བདུད་ཀྱི་བུ་མོ་དང ། བདུད་ཀྱི་བུ་ཚོགས་ཀྱི་འཁོར་ཉི་ཁྲིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ་ལུས་རགས་པ་སྤངས་ནས་ཡིད་ཀྱི་ལུས་རྙེད་དོ། །གཞན་ཉི་ཁྲི་བརྒྱད་སྟོང་གིས་ནི།་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ལྷ་དང་མི་དཀྲིགས་ཕྲག་དགུ་བཅུ་རྩ་གཉིས་ནི། བྱང་ཆུབ་སེམས་དཔའི་བཟོད་པ་དང ། ཏིང་ངེ་འཛིན་དང ། གཟུངས་སྣ་ཚོགས་ཐོབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཉི་ཁྲི་པོ་དེ་དག་གིས་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་གིས་གཏོར། རབ་ཏུ་གཏོར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ལྟར་མི་དགེ་བའི་ 311b གྲོགས་པོ་དང་འགྲོགས་པའི་དབང་གིས་སེམས་ཅན་རྣམས་བསོད་ནམས་ཐམས་ཅད་གསོག་པའི་དགེ་བའི་རྩ་བ་ཡིད་ལ་མི་བགྱིད་པ་ལ་གཟིགས་སུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི། ལས་ཀྱི་རྐྱེན་ཡིན་པར་བལྟའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ངོ་མཚར་དུ་འགྱུར་བའི་སེམས་ཅན་རྣམས་ཐེ་ཚོམ་གཅད་པའི་ཕྱིར་སྔོན་བྱུང་བ་འདི་གསུངས་སོ། །རིགས་ཀྱི་བུ། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་ཆེན་པོ་དཔག་ཏུ་མེད་པ་འདས་པ་དེའི་ཚེ་དེའི་དུས་ན་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ཉིད་དུ་སྣང་བ་འཆང་བ་ཞེས་བྱ་བའི་བསྐལ་པ་ཆེན་པོ་ལ་སྐྱེ་རྒུའི་ཚེ་ལོ་དྲུག་ཁྲི་བརྒྱད་སྟོང་ཐུབ་སྟེ། དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་འོད་ཞི་སྤོས་སྣང་དཔལ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་བྱུང་སྟེ། ཉོན་མོངས་པ་ཅན་སྙིགས་མ་ལྔའི་དུས་སུ་གྱུར་པ་ན་འཁོར་བཞི་ལ་ཐེག་པ་གསུམ་དང་ལྡན་པའི་ཆོས་སྟོན་ཏོ། །ཡང་དེའི་ཚེ་གླིང་བཞི་ལ་དབང་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཨུཏྤ་ལའི་གདོང་ཞེས་བྱ་བ་བྱུང་སྟེ། དེ་ནས་དུས་གཞན་ཞིག་གི་ཚེ་རྒྱལ་པོ་ཨུཏྤ་ལའི་གདོང་བཙུན་མོའི་འཁོར་དང ། གཡོག་དང ། དཔུང་གི་ཚོགས་དང་ 312a ༄#། །བཅས་ཏེ་དེ་བཞིན་གཤེགས་པ་འོད་ཞི་སྤོས་སྣང་དཔལ་གང་ན་བ་དེར་སོང་ནས་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་མེ་ཏོག་སྣ་ཚོགས་ཀྱིས་གཏོར་ཅིང་སིལ་སྙན་སྣ་ཚོགས་དང ། བདུག་པ་སྣ་ཚོགས་དང ། སྤོས་སྣ་ཚོགས་ཀྱིས་མཆོད་པ་བྱས་ནས་ལན་གསུམ་བསྐོར་ཏེ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པའི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ལྷ་དང་ཀླུ་ལ་སོགས་པའི་ཡོན་ཏན་གྱིས། །མངོན་པར་རབ་བསྟོད་ཉེས་པ་མང་སེལ་བ། །ནོར་བདུན་གྱིས་ནི་འགྲོ་ལ་ཕན་མཛད་པ། །གང་གིས་བློ་གྲོས་ཞི་དང་ལྡན་གྱུར་གསུངས། །འགྲོ་བའི་མུན་སེལ་ཞི་བའི་སྒྲོན་མེ་མཛད། །འཆི་འཕོ་ན་རྒ་སྐྱེ་བ་མྱ་ངན་འཇོམས། །འགྲོ་བ་ངན་སོང་ལམ་ལས་རབ་ཟློག་པ། །གང་གིས་བདུད་ཀྱི་ལམ་ལས་ཐར་པར་གསུངས། །རིགས་ཀྱི་བུ། དེ་ནས་དེ་བཞིན་གཤེགས་པ་འོད་ཞི་སྤོས་སྣང་དཔལ་དེས་རྒྱལ་པོ་ཨུཏྤ་ལའི་གདོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་བུ་དམ་པ་ཆོས་གསུམ་དང་ལྡན་ན། བྱང་ཆུབ་སེམས་དཔའ་བློ་གྲོས་ཞི་བ་ཡིན་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་བསམ་པས་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་དང ། མ་ལྟ་བུར་སེམས་ཅན་ཐམས་ཅད་ཀྱི་ 312b སྡུག་བསྔལ་རབ་ཏུ་ཞི་བར་བྱ་བ་ལ་བརྩོན་པ་དང ། ཆོས་ཐམས་ཅད་ལ་སྲོག་མེད་པ་དང ། གསོ་བ་མེད་པ་དང ། གང་ཟག་མེད་པ་དང ། ཐ་དད་དུ་དབྱེར་མེད་ཅིང་མཉམ་པར་ཡོངས་སུ་རྟོག་པ་སྟེ། སྐྱེས་བུ་དམ་པ་ཆོས་གསུམ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་བློ་གྲོས་ཞི་བ་ཡིན་ནོ། །རྒྱལ་པོ་ཆེན་པོ། གཞན་ཡང་ཆོས་གསུམ་དང་ལྡན་ན། སྐྱེས་བུ་དམ་པ་བདུད་ཀྱི་ཞགས་པས་མི་ཟིན་ཅིང་བདུད་ཀྱི་ལམ་ལས་ཐར་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་མི་ཁྲོ་ཞིང་ཀླན་ཀ་མི་ཚོལ་བ་ཡིན། སེམས་ཅན་ཐམས་ཅད་ལ་མཚུངས་པར་སྦྱིན་གནས་སུ་འདུ་ཤེས་པ་དང ། ཆོས་ཐམས་ཅད་ལ་ཚུལ་གཅིག་ཏུ་ཡོངས་སུ་རྟོག་སྟེ། འདི་ལྟར་ཆོས་ཐམས་ཅད་ལ་ནམ་མཁའ་དང་མཚུངས་ཤིང་བཅོས་སུ་མེད་པ། ཐ་དད་པ་མ་ཡིན་པ། མ་སྐྱེས་པ། མ་བྱུང་བ། མ་འགག་པ་སྟེ། ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་རྫས་ཀྱི་མཚན་ཉིད་དང་བྲལ་བར་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་པའོ། །རྒྱལ་པོ་ཆེན་པོ། ཆོས་གསུམ་པོ་དེ་དག་དང་ལྡན་ན། སྐྱེས་བུ་དམ་པ་བདུད་ཀྱི་ཞགས་པས་མི་ཟིན་ཅིང་བདུད་ཀྱི་ལམ་ལས་ཐར་པ་ཡིན་ནོ། །དེ་ནས་དེའི་ཚེ་རྒྱལ་པོ་ཨུཏྤལ་ལའི་གདོང་གི་བཙུན་མོ་དམ་པ་ལྷ་མཛེས་ཞེས་བྱ་བ་བུད་མེད་བརྒྱད་ཁྲི་བཞི་སྟོང་གིས་ཡོངས་སུ་བསྐོར་ཞིང་མདུན་དུ་བདར་ནས་དེ་བཞིན་གཤེགས་པ་འོད་ཞི་སྤོས་ 313a ༄#། །སྣང་དཔལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཞི་སྤོས་སྣང་དཔལ་དེ་ལ་མེ་ཏོག་སྣ་ཚོགས་ཀྱིས་གཏོར་ཏེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །མི་མཉམ་ཡོན་ཏན་འཛིན་པ་རབ་རིབ་མེད་མཛད་པ། །ཇི་ལྟར་བུད་མེད་ལས་ནི་ངན་སོང་སྤངས་པ་ཡི། །སྐྱེས་པར་འདིར་འགྱུར་འཆི་འཕོ་སེལ་བ་བཀའ་སྩོལ་ཅིག་།རབ་མཆོག་ཕན་པ་མཛད་པ་མྱུར་དུ་ཡིད་ཀྱང་ཐུལ། །དམ་པའི་འགྲོས་བཞུད་བདེ་གཤེགས་རབ་ཞི་དགའ་མཛད་པ། །བཅོམ་ལྡན་ཇི་ལྟ་བུར་ན་བུད་མེད་ཀྶྱེས་པར་འགྱུར། །འདུལ་མཆོག་གཞན་ལ་ཕན་མཛད་མྱུར་དུ་བཤད་པར་གསོལ། །བདག་གི་བློ་གྲོས་ཐིབས་པོ་འདིར་ནི་བསལ་བར་གསོལ། །འཇིག་རྟེན་འདི་ན་མི་མཉམ་མཉམ་པ་དགེ་སྦྱོང་མཆོག་།རབ་གྲགས་ཡོན་ཏན་མང་པོ་དྲན་དང་འདུལ་བ་འཛིན། །ཅི་ནས་འདི་ཉིད་དུ་ནི་སྐྱེས་པར་བདག་གྱུར་པར། །རབ་རིབ་མི་མངའ་བདེ་འགྲོ་འཆི་མེད་ལམ་མྱུར་གསུངས། །རིགས་ཀྱི་བུ་དག་།དེ་སྐད་ཅེས་གསོལ་བ་དང ། དེ་བཞིན་གཤེགས་པ་འོད་ཞིས་པོས་སྣང་དཔལ་དེས་བཙུན་མོ་དམ་པ་ལྷ་མཛེས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཆེ་ཞེ། རྣམ་གྲངས་གང་གིས་བུད་མེད་དག་བུད་མེད་ཀྱི་དངོས་པོ་མྱུར་དུ་བརྗེས་ཏེ་སྔོན་འཕངས་པའི་བུད་མེད་ཀྱི་དངོས་བོ་མྱུར་དུ་མ་ལུས་པར་ཟད་ 313b བར་འགྱུར་ཞིང ། བླ་ན་མེད་པའི་མྱ་ངན་ལས་འདས་པ་ཆེན་པོའི་བར་དུ་རང་གི་སྨོན་ལམ་མ་གཏོགས་པར་བུད་མེད་དུ་སྐྱེ་བ་འཛིན་པར་མི་འགྱུར་བའི་རྣམ་གྲངས་ཡོངས་དོ། །ཆེ་ཞེ། དེ་ལ་རྣམ་གྲངས་གང་གིས་བུད་མེད་མྱུར་དུ་སྐྱེས་པར་འགྱུར་ཞིང ། སྔོན་འཕངས་པའི་བུད་མེད་ཀྱི་དངོས་པོ་མྱུར་དུ་མ་ལུས་པར་ཟད་པར་འགྱུར་བའི་རྣམ་གྲངས་དེ་གང་ཞེ་ན། ཚེ་ཞེ། དེ་ལ་རིན་པོ་ཆེ་ཏོག་ཅེས་བྱ་བའི་གཟུངས། རྫུ་འཕྲུལ་ཆེན་མོ། ཕན་ཡོན་ཆེན་མོ། མཐུ་ཆེན་མོ་འདི་ལྟ་སྟེ། བུད་མེད་ཀྱི་དངོས་པོ་ཐམས་ཅད་ཟད་བར་བྱེད་ཅིང་ལུས་དང ། ངག་དང།་སེམས་ཀྱི་གནས་ངན་ལེན་གྱི་སྡུག་བསྔལ་རྣམ་པར་སྨིན་པ་མ་ལུས་པར་ཟད་པར་བྱེད་དོ། །རིན་པོ་ཆེའི་ཏོག་གི་གཟུངས་འདི་ཐོས་མ་ཐག་ཏུ་བུད་མེད་རྣམས་ཀྱི་བུད་མེད་ཀྱི་དངོས་པོ་མ་ལུས་པར་འགྱུར་ཏེ་བུད་མེད་ཀྱི་དབང་པོ་མི་སྣང་ཞིང་སྐྱེས་པའི་དབང་པོ་སྐྱེ་བར་འགྱུར། སྐྱེས་པ་གཟུགས་བཟང་པོ་ཡན་ལག་ཐམས་ཅད་ཚང་བར་འགྱུར། དྲང་ཞིང་ཞིབ་པ་ཤེས་པ་ལ་མཁས་པར་འགྱུར། ལུས་དང ། ངག་དང ། ཡིད་ཀྱིས་ལེགས་པར་བྱས་པའི་ལས་ཀྱི་མཐའ་དང་ལྡན་ཞིང་ལེགས་པར་སྤྱད་པ་སྤྱོད་པ་དང ། དགྲ་ཐམས་ཅད་ཐུལ་བར་འགྱུར་རོ། །གང་གི་ཚེ་འདི་དང་ཚེ་རབས་ཕྱི་མ་ལ་ལུས་དང ། ངག་དང ། ཡིད་ཀྱི་སྡུག་བསྔལ་མྱོང་བར་འགྱུར་བ་ཉེས་པར་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་ 314a ༄#། །སྨིན་པ་དེ་ཡོངས་སུ་ཟད་པར་འགྱུར་ཏེ། མཚམས་མེད་པ་བྱེད་པ་དང ། དམ་པའི་ཆོས་སྤོང་བ་དང ། འཕགས་པ་ལ་སྐུར་པ་འདེབས་པ་དག་མ་གཏོགས་པར་དེ་དག་གི་བུད་མེད་ཀྱི་དངོས་པོའི་ལྷག་མ་ལུས་དེ་ཉིད་ལ་ཡོངས་སུ་ཟད་པར་འགྱུར་རོ། །ལུས་དང ། ངག་དང ། ཡིད་ཀྱི་གནས་ངན་ལེན་གྱི་རྣམ་པར་སྨིན་པ་ཚེ་གཞན་ལ་བུད་མེད་ཀྱི་དངོས་པོ་འགྲུབ་པར་བྱེད་པའི་ས་བོན་སྡུག་བསྔལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བའི་ལས་ཀྱི་སྒྲིབ་པའི་ས་བོན་གྱི་རྒྱུ་མཐུན་པ་རི་རབ་ཙམ་ཡང་མ་ལུས་པར་ཡོངས་སུ་ཟད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། སེམས་ཅན་རྣམས་སྡུག་བསྔལ་རྣམ་པར་སྨིན་པའི་ལས་ཡོངས་སུ་ཟད་པར་བྱ་བ་དང ། དགེ་བའི་རྩ་བ་རྣམ་པར་སྤེལ་བའི་ཕྱིར་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རིན་པོ་ཆེ་ཏོག་གི་གཟུངས་འདི་བཤད་དེ་བྱིན་གྱིས་བརླབས་སོ། །གཅིག་ལ་གཅིག་དགྱེས་སོ། །མངོན་པར་བསྟོད་དོ། །བསྔགས་སོ། །རབ་ཏུ་བསྔགས་སོ། །དེ་ལྟར་ཕྱོགས་བཅུ་ན་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱང་ 314b རང་རང་གི་སངས་རྒྱས་ཀྱི་ཞིང་དེ་དག་ན་སེམས་ཅན་རྣམས་ཀྱི་ཉེས་པར་བྱས་པའི་ལས་ཡོངས་སུ་ཟད་པར་བྱ་བ་དང ། དགེ་བའི་རྩ་བ་རྣམ་པར་འཕེལ་བར་བྱ་བའི་ཕྱིར་རིན་པོ་ཆེ་ཏོག་གི་གཟུངས་འདི་འཆད་དེ། རབ་ཏུ་བསྔགས་པའི་བར་དུ་མཛད་དོ། །གང་དག་མ་འོངས་པའི་དུས་ན་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སོ་སོར་འབྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་རྣམ་པར་སྨིན་པ་ལས་ཡོངས་སུ་ཟད་པར་བྱ་བ་དང ། དགེ་བའི་རྩ་བ་རྣམས་སྤེལ་བ་དང ། རིན་པོ་ཆེ་ཏོག་གི་གཟུངས་འདི་འཆད་པར་འགྱུར་ཏེ། རབ་ཏུ་བསྔགས་པའི་བར་དུ་མཛད་པར་འགྱུར་རོ། །ད་ལྟར་ངའང་རིན་པོ་ཆེ་ཏོག་གི་གཟུངས་འདི་འཆད་དེ། ཕྱོགས་བཅུ་ན་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རིན་པོ་ཆེ་ཏོག་གི་གཟུངས་འཆད་པ་རྣམས་ལའང་རྗེས་སུ་ཡི་རང་ངོ ། །བསྔགས་སོ། །རབ་ཏུ་བསྟོད་དོ། །ཆེ་ཞེ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་སྐྱེ་བོའི་ནང་ན་མཐུ་དང ། དབང་ཐོབ་པ་གང་ལ་ལས་རིན་པོ་ཆེ་ཏོག་གི་གཟུངས་འདི་གླེགས་བམ་དུ་བྲིས་ཏེ་འཆང་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེའི་སྙན་པ་དང ། སྒྲ་དང ། ཚིགས་སུ་བཅད་པ་ཕྱོགས་བཅུར་རྒྱ་ཆེར་གྲགས་པར་འགྱུར་ཏེ། གཟུགས་ཀྱི་ཁམས་ཐམས་ཅད་ཀྱི་བར་དུ་སྒྲ་དང ། སྙན་པ་རྒྱ་ཆེན་པོས་ 315a ༄#། །གང་བར་འགྱུར་རོ། །ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེ་བསྲུང་བ་དང ། བསྐྱབ་པ་དང ། སྤ་བའི་ཕྱིར་ཕྱི་བཞིན་འབྲང་ཞིང་གནས་སོ། །དེའི་ཡུལ་ཐམས་ཅད་དུ་འཐབ་མོ་དང ། རྩོད་པ་དང ། མུ་གེ་དང ། ནད་དང ། ཕ་རོལ་གྱི་དམག་ཚོགས་དང ། དུས་མ་ཡིན་པའི་རླུང་དང ། ཆར་པ་དང ། གྲང་བ་དང ། ཚ་བའི་ཉེས་པ་རབ་ཏུ་ཞི་བར་འགྱུར་རོ། །གནོད་སྦྱིན་དང ། སྲིན་པོ་དང ། སེངྒེ་དང ། མ་ཧེ་དང ། གླང་པོ་ཆེ་དང ། སྤྱང་ཀི་མ་རུངས་པ་ཐམས་ཅད་ཀྱང་གནོད་པར་མི་འགྱུར། དུག་དང ། ཁ་བ་དང ། ཚ་བ་དང ། སྣུམ་མེད་པ་དང ། རོ་མེད་པ་དང ། རྩུབ་པའི་སྡུག་བསྔལ་བ་རེག་ན་མི་བདེ་བར་འགྱུར་བའི་ཉེས་པ་ཐམས་ཅད་ཀྱང་རབ་ཏུ་ཞི་བར་འགྱུར་རོ། །ནོར་དང ། འབྲུ་དང ། སྨན་དང ། འབྲས་བུ་དང ། འདབ་མ་དང ། མེ་ཏོག་ཐམས་ཅད་ཀྱང་རབ་ཏུ་སྐྱེ་ཞིང་རྣམ་པར་འཕེལ་ཏེ། སྣུམ་པ་དང ། རོ་ཞིམ་པོར་འགྱུར་རོ། །གལ་ཏེ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཡུལ་དུ་ཉེ་བར་གནས་པའི་ཚེ་རིན་པོ་ཆེ་ཏོག་གི་གཟུངས་འདིའི་གླེགས་བམ་རྒྱལ་ 315b མཚན་གྱི་རྩེ་མོ་ལ་བཏགས་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེས་ཕ་རོལ་གྱི་དམག་ཚོགས་ཐུབ་པར་འགྱུར་རོ། །དེ་སྟེ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་གཡུལ་དུ་ཞུགས་པ་གཉི་ག་རིན་པོ་ཆེ་ཏོག་གི་གཟུངས་འདིའི་གླེགས་བམ་རྒྱལ་མཚན་གྱི་རྩེ་མོ་ལ་ཐོགས་ན། དེ་གཉིས་གཅིག་ལ་གཅིག་དགའ་ཞིང་མཐུན་པར་བྱེད་པར་འགྱུར་རོ། །དེ་ལྟར་རིན་པོ་ཆེ་ཏོག་གི་གཟུངས་འདི་ཡོན་ཏན་དང ། ཕན་ཡོན་མང་ངོ ། །གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལ་ལར་མིའམ་རྐང་བཞི་པ་དག་ནའམ། དུས་མ་ཡིན་པར་འཆི་བའམ། གནོད་པ་ཞིག་དེར་བྱུང་ན། དེར་རིན་པོ་ཆེ་ཏོག་གི་གཟུངས་འདི་གླེགས་བམ་ལ་བྱས་ཏེ་མཆོད་པའི་ཡོ་བྱད་ཆེར་སྦྱར་ཏེ་བཞག་ལ། ཤིན་ཏུ་ཁྲུས་བྱས་ཤིང་ལུས་རབ་ཏུ་བྱུགས་ཏེ་གོས་གསར་པ་བགོས་ནས་ཚངས་པར་སྤྱད་དེ་སེངྒེའི་ཁྲི་མེ་ཏོག་སྣ་ཚོགས་ཀྱིས་གཏོར་བ། དྲི་སྣ་ཚོགས་ཀྱིས་བདུགས་པ། རོ་བྲོ་བ་སྣ་ཚོགས་ཀྱིས་བསྐོར་བ་ལ་འདུག་པ་ལ་དེར་རིན་པོ་ཆེ་ཏོག་གི་གཟུངས་འདིའི་གླེགས་བམ་བཀླགས་ན། དེར་ནད་དང ། དུས་མ་ཡིན་པར་འཆི་བ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །དེར་འཇིགས་ཤིང་སྤུ་ཟིང་ཞེས་བྱེད་པ་དང ། ལྟས་ངན་པ་ཐམས་ཅད་མེད་པར་འགྱུར་རོ། །བུད་མེད་གང་ལ་ལ་བུ་འདོད་ན། དེས་ཁྲུས་བྱས་ཏེ་གོས་གསར་པ་བགོས་ལ་ཚངས་པར་སྤྱད་དེ་ 316a ༄#། །མེ་ཏོག་དང ། ཕྲེང་བ་དང ། སྤོས་དང ། བྱུགས་པས་གླེགས་བམ་དེ་མཆོད་ལ། བདག་ཉིད་ཀྱང་སྟན་མེ་ཏོག་སྣ་ཚོགས་ཀྱིས་གཏོར་བ། དྲི་སྣ་ཚོགས་ཀྱིས་བདུགས་པ། རོ་བྲོ་བ་སྣ་ཚོགས་ཀྱིས་བསྐོར་བ་ལ་འདུག་ནས་རིན་པོ་ཆེ་ཏོག་གི་གཟུངས་འདི་བཀླགས་ན། དེས་བུ་རྙེད་པར་འགྱུར་རོ། །དེ་བླ་ན་མེད་པའི་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རང་གི་སྨོན་ལམ་མ་གཏོགས་པར་དེ་ཉིད་དེའི་བུད་མེད་དུ་གྱུར་པའི་ཐ་མ་ཡིན་ནོ། །ཆེ་ཞེ། རིན་པོ་ཆེའི་ཏོག་གི་གཟུངས་འདི་ལས་ཐ་ན་ཚིགས་སུ་བཅད་པ་གཅིག་ཙམ་གང་ལ་ལའི་རྣ་ལམ་དུ་གྲགས་པ་ན་ཐ་ན་རི་དྭགས་དང ། བྱའང་རུང་སྟེ། དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །རིགས་ཀྱི་བུ་དག་།དེའི་ཚེ་དེ་བཞིན་གཤེགས་པ་འོད་ཞི་སྤོས་སྣང་དཔལ་གྱི་ཞབས་གཡས་པའི་མཐེ་བོས་ས་ལ་རེག་པར་མཛད་དེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཀྱང་དེའི་ཚེ་སངས་རྒྱས་ཀྱི་ཞིང་འདིར་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་པར་བྱིན་གྱིས་བརླབས་ནས་ཕྱོགས་བཅུ་དག་གི་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། ཡི་དྭགས་དང ། ཤ་ཟ་དང ། གྲུལ་བུམ་དང ། མི་དང ། མི་མ་ 316b ཡིན་བ་གྲངས་མེད་དཔག་ཏུ་མེད་པ་རྣམས་ཤིན་ཏུ་སྐྲག་པ་སྐྱེས་པར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་མི་མཇེད་འདི་ཐམས་ཅད་ཀྱང་སྣང་བས་རྒྱ་ཆེར་ཁྱབ་པར་གྱུར་ཏེ། ལག་མཐིལ་ལྟ་བུར་མཉམ་པར་འདུག་ཅིང ། དེའི་ཚེ་ན་རི་དང ། ཤིང་དང ། རྩིག་པ་དང ། རི་རབ་དང ། ཁོར་ཡུག་དང ། ཁོར་ཡུག་ཆེན་པོའང་མི་སྣང་བར་གྱུར་ཏོ། །ལྷ་དང ། ཀླུ་དང ། གནོད་སྦྱིན་དེ་དག་ཀྱང་ས་གཡོས་པ་དང ། སྣང་བ་ངེས་སྐྲག་པ་སྐྱེས་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་མཐུས་ཕྱོགས་བཞིར་བལྟས་པ་དང ། དེ་དག་ཐམས་ཅད་ཀྱི་མངའ་རྒྱང་གང་ཙམ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་མཐོང་ནས་དེ་དག་ངོ་མཚར་དུ་གྱུར་ཏེ་ཐལ་མོ་སྦྱར་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་ལྟའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། གང་གི་ཚེ་དེ་བཞིན་གཤེགས་པ་འོད་ཞི་སྤོས་སྣང་དཔལ་གྱི་ཞབས་གཡས་པའི་མ་ཐེ་བོ་ས་ལ་རེག་པ་ནའང་འདི་བཞིན་དུ་དེའི་ཚེ་ས་གཡོས་པར་གྱུར། དེའི་ཚེ་འདི་བཞིན་དུ་སངས་རྒྱས་ཀྱི་ཞིང་འདིའང་ལག་མཐིལ་བཞིན་དུ་མཉམ་པར་འདུག་།འདི་བཞིན་དུ་སྣང་བ་དང ། ས་གཡོ་བས་སྐྲག་པ་སྐྱེས་ཏེ་ལྷ་དང ། མི་དང ། ལྷ་མ་ཡིན་ཐམས་ཅད་ཕྱོགས་བཞིར་ལྟ་ཞིང་མདའ་རྒྱང་གང་ཙམ་ན་དེ་བཞིན་གཤེགས་པ་འོད་ཞི་སྤོས་སྣང་དཔལ་དེ་མཐོང་ནས་ཐལ་མོ་སྦྱར་ཏེ། རིགས་ཀྱི་བུ་དག། དེའི་ཚེ་དེ་བཞིན་ 317a ༄#། །གཤེགས་པ་འོད་ཞི་སྤོས་སྣང་དཔལ་དེས་རིན་པོ་ཆེ་ཏོག་གི་གཟུངས་འདི་གསུངས་སོ། །འདི་ལྟ་སྟེ། ཛ་ལོ་ཀེ། ཛ་ལོ་ཀེ། མོ་ཀེ། ཛ་ལི། ཛ་ལ། ཛི་ལི་ནི། ཛ་ལ་པྲ་ཏེ།་ཛ་ཧི་ལི། བ་ར་པུ་རུ་ཥ་ལཀྵ་ཎ་ས་མཱ་རུ་ཧྱ། ཨ་མ་མེ། ཨ་མ་མེ། བ་མ་མེ། བ་མ་མེ། ན་བ་མེ། མ་ཧཱ་མེ། ཛ་ཧ་མེ། ཛ་ཧ་མེ། ཛ་ཧ་མེ། བ་ར་མེ། བ་ར་མེ། བ་བ་བེ། བ་བ་བེ། བ་ཧ་བེ། བངྒ་བེ།་བ་ཛ་བེ། བཱ་ར་བཱ་ར་ཤེ། ཛ་ལ་མེ་ཁ། པ་ར་ཁ། ཨ་ལ་ཛ་ཧི་ལི། ཛནྟུ་ལེ། ཛནྟུ་མུ་ཁེ། བ་ཧ་ར། བ་ཧ་ར། སིདྡྷ་པྲ་ཏེ། ནནྟི་ལཱ། ནནྟི་ན་དཱ་ལཱ། སཱུརྱ་བི་ཧ་ཁ། ཙནྡྲ་བི་ཧ་ཁ།་ཙཀྵུར་ཛྱོ་ཏི་ཤ་བི་ཧ་ཁ། སརྦ་ཀྵ་ཡ། སྟྲཱི་དྭཱ་སུ་ར་བི་ཧ་ཁ། ཛ་ཁ་ག། ཛ་ཁ་ག། སུ་ར་ཁ་ག། བི་ཧ་མ། ཨ་མྲྀ་ཁ། ཨ་མྲྀ་ཁ། ཨ་མྲྀ་ཁ། ཨ་མྲྀ་ཁ། ཨ་མྲྀ་ཁ། ཨ་མྲྀ་ཁ། ཨ་མྲྀ་ཁ། ཨ་མྲྀ་ཁ། མྲྀ་ཁ། མྲྀ་ཁ། མྲྀ་ཁ། བྱ་བ་ཙྪེ་ད་ཀརྨ། དུ་ནེ་དུ་ནེ། ཨུད་པཱ་ད་བྱ་བ་ཙྪེ་ད་ཛྙཱ་ན་ཀྲྀ་ཏ། ཨ་ནུ་ད་པཱ་ད། ཁ་ག་ནེ་རུ་ཀ། ཨངྒུ་ལེ། བྷངྒུ་ལེ། བི་བྷངྒུ་ལེ། ཀུ་ལ་ཧ། ཨིནྡྲ་པ་རི་བྷི་བཱ་ཧ། བྱ་བ་ཙྪེ་ད་ག་ར་བྷ། ཙ་པྲ་ཏི། ཙ་པྲ་ཏི། ཨ་མོ་ཧ། དར་ཤ་ནེ། བ་རི་བརྟ་བྷ་ཥྱ། ཁ་ས་མ། ཀྲྀ་ཏ། ཛྱོ་ཏི་ཁ་ག་།ཛ་ཧི། ཛ་ཧི། ཛྱོ་ཏི། ནི་ཤྐ་བྷཱི་ར་ས། བྷཱི་ར་ས། བྷཱི་ར་ས། བྷཱི་ར་ཛོ། མ་ཏི་ཀྲ་མ་བྷཱ་བ་ཀྲི་བ། མཧཱ་ཀྲི་བ། ཧི་ལེ། ཧི་ཧི་ལ། ཨ་རུ་ན་པྲ་ཏེ། ས་མ་ཡ་ནི་ཥྐེ། ད་མ། དཱ་ན། དྷྱ་ན་ཨ་པ་རཱ་མྲྀ་ཥེ། ཕ་ལ་ཀུནྜ་ལ་ལ་ཁེ། ནི་བརྟ། ཨིཥྚ་བྷ་བ་ཀརྨཱ་ཀྵ་ཡ། པྲ་དུར་བྷ་བ། པུ་ 317b ཥ་ཏཱ་མ། ཨ་ས་མ་ས་མ། ས་མ་ཡ། བི་བྷི་ད་དི་ཛྙཱ་ཏ་ཐཱ་ག་ཏ་སཝཱཧཱ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་རིན་པོ་ཆེ་ཏོག་གི་གཟུངས་འདི་བཤད་མ་ཐག་ཏུའང་ས་ཆེན་པོ་གཡོས་སོ། །བདུད་ཀྱི་བུ་མོ་ལྔ་བརྒྱ་ཙམ་པོ་དེ་དག་ཀྱང་རིན་པོ་ཆེ་ཏོག་གི་གཟུངས་འདི་ཐོས་མ་ཐག་ཏུ་མོ་མཚན་མི་སྣང་བར་གྱུར་ཏེ་ཕོ་མཚན་སྐྱེས་སོ། །ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། ཡི་དྭགས་དང ། ཤ་ཟ་དང ། གྲུལ་བུམ་དེ་དག་གི་བུ་མོ་གྲངས་མེད་དཔག་ཏུ་མེད་པ་རྣམས་ཀྱང་རིན་པོ་ཆེ་ཏོག་གི་གཟུངས་འདི་ཐོས་མ་ཐག་ཏུ་མོ་མཚན་མི་སྣང་བར་གྱུར་ཏེ་ཕོ་མཚན་སྐྱེས་ནས་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏེ། ཐམས་ཅད་ཀྱང་མ་འོངས་པ་ན་བུད་མེད་ཀྱི་དངོས་པོ་ཐོབ་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་མ་ལུས་པར་བྱང་ནས་བུད་མེད་དེ་དག་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ཏེ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་ཕྱག་འཚལ་ཞིང་སྐད་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ངོ་མཚར་མཛད་པ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། ། ཐུགས་རྗེ་ཆེན་པོ་གང་གིས་བདག་ཅག་ད་ལྟར་བུད་མེད་ཀྱི་དངོས་པོ་མི་གདའ་བར་གྱུར་ཅིག་།རྣམ་པ་ཐམས་ཅད་རྫོགས་པའི་སྐྱེས་པའི་དངོས་པོར་གྱུར་པའི་སྔོན་བྱུང་བ་འདི་རྒྱ་ཆེར་བཤད་དུ་ 318a ༄#། །གསོལ།་དེ་ལྟ་བུའི་ངོ་མཚར་དང ། ཆོ་འཕྲུལ་དང ། སྐྱོབས་བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། ། བཅོམ་ལྡན་འདས། སྔོན་བྱུང་བ་འདི་ལྷ་དང ། མི་དཔག་ཏུ་མ་མཆིས་པ་རྣམས་དབང་དུ་འགྱུར་བར་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་སྔོན་བྱུང་བ་འདི་བཤད་པ་ན། བཞིན་བཟང་དག། གང་གི་ཚེ་དེ་བཞིན་གཤེགས་པ་འོད་ཞི་སྤོས་སྣང་དཔལ་དེའི་ཐད་ནས་རྒྱལ་པོ་ཨུཏྤ་ལའི་གདོང་གི་བཙུན་མོ་དམ་པ་ལྷ་མཛེས་བུད་མེད་བརྒྱད་ཁྲི་བཞི་སྟོང་དང་བཅས་པས་རིན་པོ་ཆེ་ཏོག་གི་གཟུངས་འདི་ཐོས་ཏེ། ཐོས་མ་ཐག་ཏུ་བཙུན་མོ་དམ་པ་ལྷ་མཛེས་དང ། བུད་མེད་བརྒྱད་ཁྲི་བཞི་སྟོང་དེ་དག་མོ་མཚན་མི་སྣང་བར་གྱུར་ཏེ་ཕོ་མཚན་སྐྱེས་པ་དེའི་ཚེ་དེ་བཞིན་དུ་ལྷའི་བུ་མོ་ནས་མིའི་བུ་མོའི་བར་དུ་གྲངས་མེད། དཔག་ཏུ་མེད་པ་དག་རིན་པོ་ཆེ་ཏོག་གི་གཟུངས་འདི་ཐོས་མ་ཐག་ཏུ་བུད་མེད་ཀྱི་དབང་པོ་མི་སྣང་བར་གྱུར་ནས་སྐྱེས་པའི་དབང་པོ་སྐྱེས་ཏེ། བུད་མེད་དེ་དག་ཐམས་ཅད་མ་འོངས་པ་ན་བུད་མེད་ཀྱི་དངོས་པོ་ཐོབ་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་མ་ལུས་པར་བྱང་ངོ ། །གང་གི་ཚེ་རྒྱལ་པོ་ཨུཏྤ་ལའི་གདོང་གི་བཙུན་མོ་དམ་པ་ལྷ་མཛེས་བཙུན་མོའི་འཁོར་དང ། གཡོག་ཏུ་བཅས་པ་ཕོར་གྱུར་པ་དེའི་ཚེ་རྒྱལ་པོ་ཨུཏྤ་ལའི་གདོང་དེས་བུ་ཐུ་བོ་གླིང་བཞི་ལ་དབང་བའི་འཁོར་ལོས་ 318b བསྒྱུར་བའི་རྒྱལ་པོའི་དབང་བསྐུར་བས་དབང་བསྐུར་ཏེ་བུ་སྟོང་དུ་གཅིག་གིས་མ་ཚང་བ་དང ། སྐྱེས་བུ་ཆེན་པོ་ལྷ་མཛེས་དང་བཅས། ལྷ་མཛེས་ཀྱང་སྐྱེས་བུ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་དང་བཅས།་གཞན་ཡང་སྲོག་ཆགས་དགུ་ཁྲི་ཉིས་སྟོང་དང་བཅས་ཏེ་ཁྱིམ་ནས་བྱུང་སྟེ། དེ་བཞིན་གཤེགས་པ་འོད་ཞི་སྤོས་སྣང་དཔལ་དེའི་ཐད་དུ་སྐྲ་དང ། ཁ་སྤུ་བྲེགས། གོས་དུར་སྨྲིག་བགོས་ཏེ་ཡང་དག་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། །རབ་ཏུ་བྱུང་ནས་ཁ་ཏོན་ལ་དགའ་ཞིང་ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྩོན་པར་གྱུར་ཏོ། །དེ་ནས་དེ་ན་སྲོག་ཆགས་བྱེ་བ་མང་པོ་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རབ་ཏུ་བྱུང་སྙམ་ནས་དེ་དག་ཕན་ཚུན་འདི་སྐད་ཅེས་སྨྲའོ། །དགེ་སྦྱོང་འདི་ནི། བདུད་ཀྱི་ལས་ལ་རྩོམ་པ་སྟེ། གཡོ་ཅན་སྒྱུ་མ་བདུད་ཀྱི་ལས་དང་ལྡན་པས་ཆོས་འདི་སྟོན་ཅིང་ལ་ལ་ནི། ཕོ་མཚན་མེད་པར་བྱས། ལ་ལ་ནི། མོ་མཚན་མེད་པར་བྱས། ལ་ལ་ནི། སྐྲ་དང་ཁ་སྤུ་བྲེགས། ལ་ལ་ནི། གོས་ཚོན་ཅན་བསྐོན། ལ་ལ་ནི། གོས་དཀར་པོ་བསྐོན། ལ་ལ་ནི། ལྷར་སྐྱེ་བར་སྟོན། ལ་ལ་ནི། མིར་སྐྱེ་བར། ལ་ལ་ནི། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར། ལ་ལ་ནི། ཡི་དྭགས་སུ་སྐྱེ་བར། ལ་ལ་ནི། སེམས་ཅན་དམྱལ་བར་སྐྱེ་བར། ལ་ལ་ནི། འཆི་འཕོ་དང ། སྐྱེ་བ་མེད་པར་བྱ་བའི་ཆོས་སྟོན་ཏེ། བདུད་ཀྱི་ལས་ཀྱི་ལམ་ལ་བརྩོན་ཞིང་བུད་མེད་བསྒྱུར་བའི་སྒྱུ་དང་ལྡན་པ་དགེ་སྦྱོང་འོད་ཞི་སྤོས་སྣང་དཔལ་ 319a ༄#། །དེ་དགེ་སྦྱོང་གི་གཟུགས་ཀྱིས་རབ་ཏུ་སླུ་བ་ཡིན་གྱི། བདག་ཅག་འདི་ནས་དོང་སྟེ་དེའི་གཟུགས་དང ། རྟགས་འཛིན་པའང་མི་མཐོང་བ་དང ། དེའི་ཚིག་ཀྱང་ཅུང་ཟད་ཀྱང་མི་ཐོས་པར་འདོད་དོ། །དེ་ནས་དེ་ཉིད་ན་ཤོར་བ་གཞོན་ནུའི་ཚུལ་ཞེས་བྱ་བ་ཞིག་ཡོད་པ་དེས་ཚིག་འདི་སྐད་ཅེས་སྨྲས་སོ། །ཁོ་བོའི་ཆུང་མ་དང ། གཡོག་མོ་དང ། བུ་མོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དགེ་སྦྱོང་མ་རུངས་པ་འདིས་མོ་མཚན་མེད་པར་བྱས་ཏེ་སྐྱེས་པའི་དབང་པོ་སྤྲུལ་ནས་ཐམས་ཅད་ཀྱི་མགོ་བྲེགས་ཏེ་གོས་ཚོན་ཅན་བསྐོན་ནས་ཁོ་བོ་གཅིག་པུ་མྱ་ངན་གྱིས་ནོན་ཏེ། ཐར་ན་བདག་ཅག་ཐམས་ཅད་འདུས་ལ་གང་དུ་དགེ་སྦྱོང་མ་རུངས་པ། དགེ་སྦྱོང་སྒྱུ་མ་བདུད་ཀྱི་ཞགས་པ་ལ་བརྩོན་པ་འདིའི་སྒྲ་དང ། སྐད་ཀྱང་མི་ཐོས་ན་མཐོང་བ་ལྟ་སྨོས་ཀྱང་ཅི་དགོས་པའི་རི་ཁྲོད་ཉམ་ང་བར་འདོང་གི་ཚུར་ཤོག་ཅེས་བྱས་པ་དང ། དེ་དག་ཐམས་ཅད་དགའ་སྟེ་དེ་བཞིན་ནོ། །ཞེས་ཟེར་རོ། །དེ་ནས་ཤོར་པ་གཞོན་ནུའི་ཚུལ་དང ། ཐེ་ཚོམ་དུ་གྱུར་པའི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དང་ལྷན་ཅིག་ཏུ་དེ་ནས་དོང་སྟེ། ཡུལ་མཐའ་འཁོབ་ཀྱི་རི་ཁྲོད་ཉམ་ང་བར་དྲང་སྲོང་གི་ཆ་བྱད་ཀྱིས་སྤྱད་པ་སྤྱོད་ཅིང་སེམས་ཅན་དེ་དག་ལ་འདི་སྐད་ཅེས་ཆོས་སྟོན་ཏོ། །འཁོར་བ་ལས་ཐར་པའང་མེད། ལེགས་པར་བྱས་པ་དང ། ཉེས་པར་བྱས་པའི་ལས་ཀྱི་འབྲས་བུ་ 319b རྣམ་པར་སྨིན་པའང་མེད་ན། དེང་ཆོས་པར་སྨྲ་བའི་དགེ་སྦྱོང་བདུད་ཀྱི་ལས་ལ་བརྩོན་པ་ཞིག་བྱུང་གི། གང་དག་དེ་ལ་བལྟ་བའི་ཕྱིར་འགྲོ་བ་དང ། གང་དག་གུས་པར་སྨྲ་བ་དང ། གང་དག་དེའི་ཆོས་ཉན་པ་དེ་དག་སེམས་གཡེངས་པ་ཡིན་ཏེ། དེ་དག་མགོ་བྲེགས། ཁྱིམ་ནས་ཕྱུང ། གོས་ཚོན་ཅན་བསྐོན། དུར་ཁྲོད་དུ་སྤྱད་པ་སྤྱོད་དུ་བཅུག། སློང་མོ་པའི་སྤྱོད་པ་ལ་འཛུད། ཟན་ཟ་གཅིག་པར་བྱེད། ལྟ་བ་མི་བཟད་པའི་ཡིད་དང་ལྡན་པ་དང ། རྟག་ཏུ་ཡིད་འབྱུང་བར་བྱེད། དབེན་པར་གནས་པ་ལ་དགའ་བ་དང ། གནས་ཁང་དུ་བཅུག་།འདོང་པ་ལ་དགའ་བའི་གླུ་གར་དང ། ཕྲེང་བ་དང ། དྲི་དང ། བྱུག་པ་དང ། རྒྱན་དང ། ལྷབ་ལྷུབ་དང ། འཁྲིག་པའི་ཆོས་དང ། ཆང་ར་རོ་བར་འགྱུར་བའི་བཏུང་བ་སྤངས་ཤིང་སྨྲ་བ་ཉུང་བར་བྱེད་དེ། དེ་ལྟ་བུའི་དགེ་སྦྱོང་གི་གཟུགས་ཀྱིས་ཆད་པར་སྨྲ་བ། བདུད་ཀྱི་ལས་ལ་བརྩོན་ན། དེ་སེམས་ཅན་རྣམས་ཀྱི་དགྲར་གྱུར་པ་ཞིག་བྱུང་སྟེ། དགེ་སྦྱོང་གཽ་ཏ་མ་དེའི་བྱེད་པ་ནི། སྔོན་མ་ཐོས་མ་མཐོང་བ་ཡིན་པར་ཁོ་བོས་རྟོགས་སོ། །ཞེས་དེས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དེ་ལྟ་བུའི་སྡིག་པ་ཅན་གྱི་ལྟ་བ་འཛིན་དུ་བཅུག་གོ་།དེ་ནས་དུས་གཞན་ཞིག་ན་དགེ་སྦྱོང་ཆེན་པོ་ཨུཏྤ་ལའི་གདོང་གིས་ཐོས་པ། གཤེད་ཀྱི་རི་ཁྲོད་ན་ཁ་ཅིག་བདག་ཉིད་ཀྱང་ལམ་ངན་པར་ཞུགས་ཤིང་གཞན་ཡང་ལྟ་བ་མི་བཟད་པ་འཛིན་དུ་བཅུག་སྟེ། དཀོན་མཆོག་གསུམ་ 320a ༄#། །ལ་མི་སྙན་པ་སྒྲོག་གོ་།ཞེས་ཐོས་ནས་དེ་འདི་སྙམ་དུ་སེམས་སོ། །བདག་གིས་སེམས་ཅན་འདི་དག་སྡིག་པའི་ལྟ་བར་སོང་བ་ལས་ཡོངས་སུ་ཐར་པར་མ་བྱས་ཤིང་ཡང་དག་པའི་ལྟ་བ་ལ་མ་བཀོད་ན། བདག་དགེ་སྦྱོང་དུ་གྱུར་པ་དོན་མེད་དོ། །མ་འོངས་པའི་དུས་ན་ལྡོངས་པར་གྱུར་པའི་འཇིག་རྟེན་དུ་བདག་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ། ཇི་ལྟར་རབ་ཏུ་ཉམས་ཐག་པར་གྱུར་པའི་བདུད་བཞིའི་ཞགས་པས་བཅིང་པས་བཅིངས་པའི་སེམས་ཅན་རྣམས་ཡོངས་སུ་དགྲོལ་བར་ནུས་སྙམ་སྟེ།་དེ་ནས་དགེ་སྦྱོང་ཆེན་པོ་ཨུཏྤ་ལའི་གདོང་རྟུལ་བ་ཆེ་ཞིང་བརྟན་པ། སྙིང་རྗེ་ཆེན་པོ་དང་ལྡན་པས་དེ་བཞིན་གཤེགས་པ་འོང་ཞི་སྤོས་སྣང་དཔལ་ལ་ཞུས་ཏེ་སྲོག་ཆགས་བརྒྱ་སྟོང་དུ་མས་བསྐོར་ཅིང་མདུན་དུ་བདར་ནས་མཐའ་འཁོབ་ཀྱི་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། རི་དང ། རི་བྲག་ཉམ་ང་བའི་གནས་དེ་དང་དེ་དག་ན་སྤྱད་པ་སྤྱོད་ཅིང་དེ་དང་དེ་དག་ཏུ་སེམས་ཅན་དེ་དག་ལ་ཅི་ནས་སེམས་ཅན་དེ་དག་སྡིག་པའི་ལྟ་བར་སོང་བ་ལས་བཟློག་སྟེ་ཡང་དག་པའི་ལྟ་བ་ལ་བཙུད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད། གཞན་ལ་ལ་ནི། རང་སངས་རྒྱས་ཀྱི་ཐེག་པར་སྨོན་པ་ལ། ལ་ལ་ནི། ཉན་ཐོས་ཀྱི་ཐེག་པ་ལ། ལ་ལ་ནི། འབྲས་བུ་ལ་བཀོད། ལ་ 320b ལ་ནི། རབ་ཏུ་ཕྱུང ། ལ་ལ་ནི། དགེ་བསྙེན་གྱི་སྡོམ་པ་ལ། ལ་ལ་ནི། ཟ་གཅིག་པ་ལ། ལ་ལ་ནི། དུས་ཁྲིམས་པ་ལ། ལ་ལ་ནི། སྐྱབས་གསུམ་དུ་འགྲོ་བ་ལ་བཀོད་པ་དེ་ལྟ་བུར་ཆོས་བསྟན་ཏོ། །བུད་མེད་དག་ལ་ནི། རིན་པོ་ཆེ་ཏོག་གི་གཟུངས་འདི་བཤད་དེ་བུད་མེད་ཀྱི་དངོས་པོ་ལས་བསྒྱུར་ནས་སྐྱེས་པ་ལ་བཀོད་དོ། །སྲོག་ཆགས་མང་པོ་གང་དེ་བཞིན་གཤེགས་པ་ལ་ཐེ་ཚོམ་དུ་གྱུར་པ་དེ་དག་ཐམས་ཅད་ཀྱང་སྡིག་པའི་ལྟ་བར་སོང་བ་དེ་ལས་བཟློག་སྟེ་ཉེས་པ་འཆགས་སུ་བཅུག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་དེ། དེ་བཞིན་གཤེགས་པ་འོད་ཞི་སྤོས་སྣང་དཔལ་དེ་ཉིད་ལ་ཕུལ་ནས་རབ་ཏུ་ཕྱུང་ངོ ། །ཤོར་བ་གཞོན་ནུའི་ཚུལ་ནི། མ་གཏོགས་ཏེ། དེས་འདི་ལྟར་ཨུཏྤ་ལའི་གདོང་འདིས་བདག་གི་འཁོར་རྣམས་བསླུས་ཏེ་ཁྲིད་ཀྱི།་བདག་གིས་ཀྱང་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་བདུད་བྱས་ཏེ། འདི་ལྟར་མངལ་ན་འདུག་པ་ཚུན་ཆད་འདི་ལ་རྣམ་པར་འཚེའོ། །དེ་ནས་ཕྱིས་གཙེས་ནས་ཀྱང་གཞོན་ནུ་རྩེད་མོ་བྱེད་པ་དང ། བཟོའི་ལས་ཀྱི་མཐའ་དང ། ཀློག་ཅིང་འདུག་པ་དང ། དགའ་བའི་རྩེད་མོའི་ཕྱིར་བཙུན་མོའི་འཁོར་གྱི་ནང་དུ་སོང་བ་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་སྐྲག་པར་བྱའོ། །བགེགས་བྱའོ། །བྱང་ཆུབ་ཐོབ་ནས་ཀྱང་བསྟན་པ་གཤིག་པར་བྱའོ། །ཞེས་སྨོན་ 321a ༄#། །ལམ་བཏབ་བོ། །དེ་ནས་དགེ་སྦྱོང་ཨུཏྤ་ལའི་གདོང་གིས་ཤེར་བ་གཞོན་ནུའི་ཚུལ་གྱིས་སྨོན་ལམ་དེ་ལྟར་བརྟུལ་ཏེ་བཏབ་པ་ལ་མཐུ་ཆེན་པོ་དང ། འབད་པ་དྲག་པོས་དང་པར་བྱས་ཏེ་སྡིག་པའི་ལྟ་བ་ཐིབས་པོ་ད་ལས་བཟློག་ནས་ཉེས་པ་འཆགས་སུ་བཅུག་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་གོ་།དེ་ནས་ཤོར་བ་གཞོན་ནུའི་ཚུལ་རབ་ཏུ་དུལ་ཞིང་དད་པ་སྐྱེས་ནས་འདི་སྐད་དུ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་གང་གི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་བྱང་ཆུབ་ཐོབ་ནས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་དུ་གསོལ་ཞེས་སྨོན་ལམ་བཏབ་པོ། །བཞིན་བཟད་དག་།དེའི་ཚེ་དེའི་དུས་ན་གང་གིས་དེ་བཞིན་གཤེགས་པ་འོད་ཞི་སྤོས་སྣང་དཔལ་དེ་འཁོར་དང་བཅས་པ་ལ་མཆོད་པ་དང ། རིམ་གྲོ་རྣམ་པ་དུ་མ་བྱས་ནས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་བཅས་ཏེ་ཁྱིམ་ནས་བྱུང་ནས་རབ་ཏུ་བྱུང་ཞིང ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ནི། སྡིག་པའི་ལྟ་བར་སོང་བ་ལས་བཟློག་སྟེ་ཐེག་པ་གསུམ་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་ནི། འབྲས་བུལ་བཀོད། བུད་མེད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་བ་ནི། སྐྱེས་པ་ཐོབ་པར་བྱས་པའི་རྒྱལ་པོ་ཨུཏྤ་ལའི་གདོད་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པ་སྙམ་དུ་ 321b ཁྱོད་ཐེ་ཚོམ་མམ། ཡིད་གཉིས་སམ། སོམ་ཉི་ཟ་བར་གྱུར་ན། དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་གླིང་བཞི་ལ་དབང་བའི་འཁོར་ལོས་བ་སྒྱུར་བའི་རྒྱལ་པོ་ཨུཏྤ་ལའི་གདོད་ཞེས་བྱ་བར་གྱུར་ཏེ། ངས་དེ་ལྟ་བུའི་སྐྱེས་བུའི་མཐུ་བྱས་སོ། །བཞིན་བཟང་དག་།དེའི་ཚེ་དེའི་དུས་ན་བཙུན་མོ་དམ་པ་ལྷ་མཛེས་ཞེས་བྱ་བ་གང་གིས་དགེ་སྦྱོང་ཐོབ་པར་གྱུར་པ་དེ་གཞན་ཡིན་སྙམ་དུ་ཐེ་ཚོམ་མམ། ཡིད་གཉིས་སམ། སོམ་ཉ་ཟི་བར་གྱུར་ན། དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དེའི་ཚེ་དེའི་དུས་ན་བཙུན་མོ་དམ་པ་ལྷ་མཛེས་ཞེས་བྱ་བར་གྱུར་ཏོ། །བཞིན་བཟང་དག་།དེའི་ཚེ་དེའི་དུས་ན་ཐེ་ཚོམ་དུ་གྱུར་པའི་སྲོག་ཆགས་བྱེ་བ་མང་པོ་དང་བཅས་ཏེ་སངས་རྒྱས་ལ་མི་སྙན་པའི་བར་དུ་ཟེར་བ་ཤོར་བ་གཞོན་ནུའི་ཚུལ་ཞེས་བྱ་བ་དེ་གཞན་ཡིན་སྙམ་དུ་ཁྱེད་ཐེ་ཚོམ་མམ། ཡིད་གཉིས་སམ། སོམ་ཉི་ཟ་བར་གྱུར་ན། དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། བདུད་སྡིག་ཅན་འདི་ཉིད་དེའི་ཚེ་དེའི་དུས་ན་ཤོར་བ་གཞོན་ནུའི་ཚུལ་ཞེས་བྱ་བར་གྱུར་ཏེ། གང་དེའི་ཚེ་ངས་དེའི་འཁོར་རབ་ཏུ་ཕྱུང་ནས་དེའི་ཕྱིར་ང་ལ་སེམས་རབ་ཏུ་ཁྲོ་བ་བསྐྱེད་ནས་ཕྱིས་སྨོན་ལམ་བཏབ་སྟེ། ཁྱོད་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་ཁྱོད་ཀྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཅིག་ཅེས་བྱས་སོ། །རིགས་ཀྱི་བུ་དག་།ཁྱེད་ཀྱིས་ 322a ༄#། །ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཞི་སྤོས་སྣང་དཔལ་དེ་ལམ་དད་ཅིང་མ་བསྔམས་པའི་ཚིག་སྨྲས་ཏེ་སྡིག་པའི་ལྟ་བར་སོང་བ་བཟུང་ནས་ངས་ཁྱེད་སྡིག་པའི་ལྟ་བར་སོང་བ་དེ་ལས་ཀུན་ཐར་པར་བྱས་ཏེ་རབ་ཏུ་ཕྱུང་ནས་དེ་ཚུན་ཆད་ཁྱེད་ཀྱིས་སངས་རྒྱས་སྟོང་ཕྲག་མང་པོ་ལ་བསྙེན་བཀུར་བྱས་ཏེ། དེ་དག་ལ་མཆོད་པ་དང་རིམ་གྲོ་བྱས། དེ་དག་ལས་ཆོས་ཉན་ཏེ་སྨོན་ལམ་བཏབ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་སྦྱད་དེ། ཁྱེད་ལུས་དང ། ངག་དང ། ཡིད་ཀྱི་ཉེས་པར་སྤྱད་པའི་ལས་དེས་སྔོན་བསྐལ་པ་དུ་མར་ངན་སོང་གསུམ་དུ་སྡུག་བསྔལ་མྱོང་ངོ ། །ལས་ཀྱི་སྒྲིབ་པ་དེ་ཉིད་ཀྱིས་ད་ལྟར་བདུད་སྡིག་ཅན་གྱི་གནས་སུ་སྐྱེས་སོ། །རིན་པོ་ཆེ་ཏོག་གི་གཟུངས་འདི་སྔོན་བྱུང་བའི་ལེའུ་འདི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གཤད་པ་ན་བདུད་ཀྱི་བུ་མོ་ལྔ་བརྒྱ་ཙམ་དེ་དག་བུད་མེད་ཀྱི་དངོས་པོ་མི་སྣང་བར་གྱུར་ནས་སྐྱེས་པའི་དངོས་པོར་གྱུར་ཏེ་མི་སྐྱེ་པའི་ཆོས་ལ་བཟོད་པ་ཐོབ་བོ། །ལྷ་དང ། མི་དང ། ལྷ་མ་ཡིན་དུ་བཅས་པའི་སྐྱེ་རྒུའི་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་དཔག་ཏུ་མེད་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་བཞིན་དུ་སེམས་ཅན་བྱེ་བ་ཁྲག་ཁྲིག་ 322b བརྒྱ་སྟོང་གྲངས་མེད་དཔག་ཏུ་མེད་པ་དག་ནི། ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཐེག་པ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །ལྷ་དང ། མིའི་བུ་མོ་གྲངས་མེད་དཔག་ཏུ་མེད་པ་དག་ནི། བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་རྙེད་དོ། །འདུས་པ་རིན་པོ་ཆེ་ཏོག་གི་གཟུངས་ལས། སྔོན་བྱུང་བའི་ལེའུ་ཞེས་བྱ་སྟེ་གཉིས་པའོ།། །།བམ་པོ་གསུམ་པ། དེ་ནས་རིན་པོ་ཆེ་ཏོག་གི་གཟུངས་འདི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བཤད་པ་དེའི་ཚེ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་མི་མཇེད་འདི་རྒྱ་ཆེར་སྣང་བས་ཁྱབ་པར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་འདི་ན་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་གང་དག་ཡོད་པ་དེ་དག་ན་འདོད་པའི་དབང་ཕྱུག་བདུད་བྱེ་བ་ཕྲག་བརྒྱ་གང་དག་བདུད་བྱེད་པ་དེ་དག་སངས་རྒྱས་ཀྱི་མཐུས་དོགས་པ་སྐྱེས་ཏེ། སྣང་བ་ཆེན་པོ་འདི་གང་ནས་བྱུང་ཞེས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ལ་བལྟ་ཞིང་བདུད་སྡིག་ཅན་ཞེས་བྱ་བ་གང་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན་གནས་བ་དེ་བདག་ཅག་པས་སྟོབས་ཆེ་ཞིང་དབང་ཆེ་བ་མཐུ་ཆེ་ན། འདི་དེའི་མཐུའམ་སྙམ་ནས་དེ་ནས་བདུད་དེ་དག་གིས་བལྟས་ན། བདུད་སྡིག་ཅན་དེ་མྱ་ངན་གྱི་ཁང་པ་ན་འདུག་ཅིང་ཡིད་རབ་ཏུ་མི་དགའ་བ་དེ་མཐོང་ངོ ། །དེ་ནས་བདུད་བྱེ་བ་ཕྲག་བརྒྱ་པོ་དེ་དག་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ག་ལ་བ་དང ། བདུད་སྡིག་ཅན་གྱི་ཁང་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་འདོད་པའི་ 323a ༄#། །དབང་ཕྱུག་།ཅིའི་ཕྱིར་ཐམས་ཅད་དང་ལྡན་པའི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་སྣང་བར་བྱས་ནས་ཁྱོད་མྱ་ངན་གྱི་ཁང་པར་ཞུགས་ཏེ་འདུག་།དེ་ནས་འདོད་པའི་དབང་ཕྱུག་གིས་བདུད་བྱེ་པ་ཕྲག་བརྒྱ་པོ་དེ་དག་ལ་རྒྱས་པར་སྨྲས་པ། ཀྱེ་གྲོགས་པོ་དག་ཤེས་པར་གྱིས་ཤིག། ཤཱཀྱའི་རིགས་ལས་ཤིན་ཏུ་གཡོ་དང་སྒྱུར་ལྡན་པའི་དགེ་སྦྱོང་ཞིག་འདིར་སྐྱེས་ཏེ། དེ་སྐྱེས་མ་ཐག་ཏུ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་འདི་སྣང་པར་བྱས། རབ་ཏུ་གཡོས་པར་བྱས། འཁྲུགས་པར་བྱས་ཏེ་དངངས་པར་བྱས་སོ། །འཇིག་རྟེན་གྱི་ཁམས་མ་ལུས་པ་འདི་ན་མཁས་པ་གང་སུ་ཚངས་པའི་དབང་པོའམ། ཀླུའི་དབང་པོའམ། གནོད་སྦྱིན་གྱི་དབང་པོའམ། ལྷ་མ་ཡིན་གྱི་དབང་པོའམ། ལྟོ་འཕྱེ་ཆེན་པོའི་དབང་པོའམ། ནམ་མཁའ་ལྡིང་གི་དབང་པོའམ། མིའམ་ཅིའི་དབང་པོ་ནས་གཞན་ཡང་མི་དང ། མི་མ་ཡིན་པའི་བར་དུ་མཁས་པ་སུའང་རུང ། དེ་དག་ཐམས་ཅད་དེ་ལ་མཆོད་པའི་ཕྱིར་འདོང་ངོ ། །ལོ་དྲུག་གི་བར་དུ་གཅིག་པུ་གཉིས་སུ་མེད་པར་འདུག་སྟེ་མཚན་ཉིད་མེད་པའི་སྒྱུ་མ་བསྒྲུབས་པས་ཁོ་བོས་ཀྱང་རང་གི་སྟོབས་ཀུན་བསྟན་པར་འདོད་ནས་སྡེ་དང ། གཡོག་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་དང་དེའི་དྲུང་དུ་དོང་སྟེ་ཀུན་ཏུ་བསྐོར་ནས་བདུད་ཀྱི་སྟོབས་དང ། རྣམ་པར་ 323b འཕྲུལ་བ་དང ། རྫུ་འཕྲུལ་དང ། བརྩོན་འགྲུས་དང ། ཕ་རོལ་གནོན་པ་ཐམས་ཅད་བསྟན་ཀྱང་དེའི་སྤུའི་ཁུང་བུ་གཅིག་ཀྱང་དངངས་ཤིང་འཇིགས་ཕར་བྱ་མ་ནུས་ན། སྟན་དེ་ལས་བསྐྱོད་པ་ལྟ་ཅི་སྨོས། བགེགས་གཞན་བྱ་བར་ལྟ་ག་ལ་ནུས་ཏེ། དམངས་དེས་དེ་ལྟ་བུའི་སྒྱུ་ཤིན་ཏུ་བསྟན་ཅིང་ས་གཡོ་བར་བྱས་པས་ཁོ་བོ་སྡེ་དང་བཅས་ཏེ་ཕམ་ནས་ཤིང་བཅད་པ་བཞིན་དུ་སའི་སྟེང་དུ་ལྷུང་ངོ ། །དེ་དེ་ར་འདུག་སྟེ་དེ་འདྲ་བའི་མཚན་ཉིད་མེད་པའི་སྒྱུ་མ་བསྒྲུབས་ནས་འདི་ལྟར་བདུད་ཀྱི་ཡུལ་ཐམས་ཅད་ཟིལ་གྱིས་མནན་ཏེ། རིག་པ་བསྒྲུབས་ནས་སྟན་དེ་ལས་ལངས་ཏེ་སེམས་ཅན་རྣམས་ལ་རབ་ཏུ་བསྟན་ནས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་སུ་མཁས་ཤིང་ཤེས་པ་དེ་དག་ཀྱང་དེ་ལྟ་བུའི་སྒྱུས་འདུན་པར་བྱས་ཏེ། དེ་དག་གི་སེམས་དང ། འགྲོ་བ་དྲུག་ཏུ་སྐྱེ་བ་དང ། འགྲོ་བའང་ཁོ་བོས་མི་ཤེས་སོ། །གང་དག་དེ་ལ་སྐྱབས་སུ་དོང་བ་དེ་དག་གི་སྤུའི་ཁུང་བུ་གཅིག་ཙམ་ཡང་དངངས་པ་དང ། འཁྲུགས་པར་བྱེད་མ་ནུས་ན། དེ་ལ་སླུ་བའམ་བསྐྱོད་པར་ལྟ་ག་ལ་ནུས་ཏེ། དེང་ཁོ་བོའི་གཡོག་མོ་ལྔ་བརྒྱ་དང ། བུ་ཉི་ཁྲི་དང ། ཚོགས་ཀྱི་འཁོར་དང་བཅས་ཏེ་དགེ་སྦྱོང་གཽ་ཏ་མ་དམངས་དེ་ལ་སྐྱབས་སུ་དོང་ནས་ཆོས་མཉན་པའི་ཕྱིར་དེའི་མདུན་ན་འཁོད་དེ། ཁོ་བོས་དེ་དག་དེ་དང་ཕྲལ་བར་མ་ནུས་སོ། །དེའི་ཕྱིར་སྟོབས་དང་ལྡན་པ། བསོད་ནམས་དང་ལྡན་པ། ཤེས་པ་དང་ལྡན་པ་ 324a ༄#། །དབང་ཕྱུག་དང་ལྡན་པ་ཁྱོད་ཁོ་བོའི་གྲོགས་གྱིས་དང ། ཤཱཀྱའི་བུ་དམངས་དེ་སྲོག་དང་དབྲལ་ལོ། །དེ་ལ་སེམས་ཅན་གང་དག་སྐྱབས་སུ་སོང་བ་དེ་དག་ཐམས་ཅད་ཀྱང་རྣམ་པར་གཞིག་པར་བྱའོ། །དགེ་སྦྱོང་གཡོ་སྒྱུ་ཅན་ནག་པོའི་ཕྱོགས་ཕམ་པར་བྱས་ཏེ་བདུད་ཀྱི་ཕྱོགས་དཀར་པོ་སྣང་བར་བྱས་ལ། དེ་ཕྱིན་ཆད་བདེ་བ་ལ་རེག་པར་གནས་པར་བྱའོ། །དེ་ནས་བདུད་མེ་འོད་ཅེས་བྱ་བས་ཛམྦུའི་གླིང་འདི་གང་ན་དེ་བཞིན་གཤེགས་པ་བཞུགས་ཤིང་ཆོས་འཆད་པ་ལ་བལྟས་པ་དང ། དེ་ནས་བདུད་མེ་འོད་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་མཐོང ། སྒྲ་དབྱངས་དང་ལྡན་པའི་ཆོས་སྟོན་པ་ཐོས་སོ། །མཐོང་ནས་དེ་སྤུ་ཟིང་ཞེས་བྱེད་ཅིང་དངངས་པར་གྱུར་ཏེ། དེ་ནས་དེས་བདུད་སྡིག་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །མ་ལུས་ཞིང་ན་འདི་ནི་གཟུགས་བཟང་མཆོག་།བསོད་ནམས་ཤེས་པས་རིང་ནས་གནས་གཙང་སྟེ། །ཉོན་མོངས་རྣམ་གྲོལ་ལམ་ལྡན་ཡུན་རིང་ལོན། །སྲིད་པ་ཀུན་ཟད་མྱ་ངན་རྣམས་ལས་ཐར། །ཁྱོད་ཀྱང་མི་རིགས་ཁྲོ་བོའི་དབང་མ་འགྲོ། །གཙོ་མཆོག་འདི་ནི་སྲིད་པ་གསུམ་ན་སྐྱབས། །འདི་ལ་ཞེ་སྡང་ཅུང་ཟད་སུ་སྐྱེད་པ། །དེ་ནི་རྨོངས་ཤིང་བདེ་བ་ཉམས་པར་གའྒྱུར། །དེ་ནས་གཞན་ཡང་བདུད་མུ་ཁྱུད་བཟང་པོ་ཞེས་བྱ་བས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །དེ་ནི་འཕྲུལ་ཆེན་བསོད་ནམས་རབ་ཀྱི་མཚན། །མི་གནས་འགྲོ་བ་ 324b ཀུན་ལས་རབ་ཏུ་ཐར། །སྡུག་བསྔལ་མ་ལུས་ཟད་པས་ལམ་སྟོན་པ། །བདུད་བརྒྱ་ཀུན་གྱིས་གཙེས་པར་བྱ་མི་ནུས། །སྡིག་ཅན་གྱིས་སྨྲས་པ། ང་ཡི་སྐྱེ་བོ་དག་ལ་དབང་བྱས་ཏེ། །ཁྱོད་ཀྱི་སྐྱེ་བོ་འདི་ཡང་དེ་དབང་འགྲོ། །དེ་ཡིས་རང་པར་མི་ཐོགས་ཡུལ་སྟོང་བྱེད། །འུ་བུ་ཅག་ཀྱང་གང་དུ་འགྲོ་བར་འགྱུར། །དེ་ནས་བདུད་ནགས་ཀྱི་རྒྱལ་པོ་ཞེས་བྱ་བ་དེས་འདི་སྐད་ཅེས་སྨྲས་སོ། ། ཁྱོད་ནི་རབ་ཏུ་འབྱོར་པར་གྱུར་པའི་ཚེ། །དེ་ན་ཁྱོད་ཀྱིས་རང་གི་དཔའ་བ་བསྟན། །ད་ནི་རབ་ཏུ་དཔུང་ཉམས་རེ་ཆད་ན། །དེ་རིང་ཅི་ཕྱིར་ཐམས་ཅད་མཁྱེན་ལ་བསྔོ། །བདུད་རལ་གྲི་ཟླ་བ་ཞེས་བྱ་བ་དེས་འདི་སྐད་ཅེས་སྨྲས་སོ། །དེ་ནི་སུ་ལའང་ཡིད་ཀྱི་ཁྲོ་བ་མེད། །མི་གནས་དེ་ནི་བསམ་པ་ཉིད་ཀྱིས་གཙང ། །ཁམས་གསུམ་དག་ལས་ཐར་ཞིང་འགྲོ་བ་རྒྱུ། །དེ་ལ་གཞན་གྱིས་གསད་པར་མི་ནུས་སོ། །སྡིག་ཅན་གྱིས་སྨྲས་པ། འདོད་ཁམས་འདི་ན་སེམས་ཅན་གང་འཁོད་པ། །འདོད་ལ་ཆགས་ཤིང་ང་རྒྱལ་དྲེགས་པས་མྱོས། །དེ་དག་ང་ཕྱིར་རྟག་འབྲང་ཕྱག་བརྙན་ཏེ། །དེ་དག་ཚོགས་པས་ཅི་ཕྱིར་དེ་མི་སོད། །དེ་ནས་བདུད་ས་ཆུ་ཞེས་བྱ་བ་དེས་འདི་སྐད་ཅེས་སྨྲས་སོ། །སྙིང་པོ་མེད་ཅིང་སྒྱུ་མ་སྨིག་རྒྱུ་འདྲར། །དངོས་པོ་ཀུན་ཤེས་སྲིད་པ་རྣམ་པར་བརྟུལ། །སྲིད་པར་མ་ཆགས་ནམ་མཁའི་ངོ་བོ་ཉིད། །དེ་ལ་བགེགས་བྱེད་ནུས་པར་ག་ལ་འགྱུར། །སྡིག་ཅན་གྱིས་སྨྲས་པ། མི་ཡི་འཇིག་རྟེན་འདི་ན་དེ་དབང་ཡོད། །བཟའ་བཏུང་ 325a ༄#། །ཞིམ་པོ་སྨན་དང་གོས་རྙེད་ཅིང ། །ཚོང་བ་གསུམ་ཡང་དེ་ཡི་སེམས་ལ་ཡོད། །ཅི་ཕྱིར་དེ་ལ་བརླག་པར་བྱ་མི་ནུས། །བདུད་སྲེད་སྤོད་ཞེས་བྱ་བ་དེས་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་ནི། །རྫུ་འཕྲུལ་བདག་ཅག་ཡུལ་ནི་ཅི་ཡོད་པ། །དོན་གྲུབ་འབྲུལ་ལ་ཆ་ཤེས་མི་རེག་ན། །དེ་ལ་ཇི་ལྟར་བརླག་པར་བྱ་བར་ནུས། ། སྡིག་ཅན་གྱིས་སྨྲས་པ། ངས་ནི་དེ་ལ་ཟན་བཅད་བྱས། །དེ་ལ་རྡོ་བ་དག་ཀྱང་འཕངས། །དེ་བཞིན་མི་སྙན་ཚིག་སྨྲས་ནས། །གནས་དག་ནས་ཀྱང་རབ་ཏུ་བསྐྱོད། །བདུད་ཤེས་མིག་ཅེས་བྱ་བ་དེས་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་གང་ཚེ་དེ་ལ་བགེགས་བྱས་ཚེ། །དེ་ནི་ཁྲོས་བས་ཅུང་ཟད་འཚིག་པའམ། །ཁྱོད་ལ་ཁྲོ་གཉེར་བཞིན་ཡང་བསྟན་བྱས་སམ། །དེ་ལས་ཁྱོད་ཀྱིས་ཚིག་ངན་མངོན་ཐོས་སམ། །སྡིག་ཅན་གྱིས་སྨྲས་པ། དེ་ནི་སོ་སོར་བརྟགས་པས་རྟག་ཏུ་བཟོད། །འདོད་ཆགས་སྤངས་ཤིང་ཞེ་སྡང་གཏི་མུག་བྲལ། །དེ་ནི་སེམས་ཅན་ཀུན་ལ་བྱམས་སེམས་ལྡན། །འདྲེ་བར་སྤྱོད་པ་ལ་ཡང་དེ་རྟོག་གོ་།བདུད་ཐུབ་དཀའ་ཞེས་བྱ་བ་དེས་འདི་སྐད་ཅེས་སྨྲས་སོ། །ཀུན་སྦྱོར་གསུམ་གྱི་གཞགས་པས་གང་བཅིངས་པ། ། དེ་ལ་བདག་ཅག་ནན་ཏན་བགེགས་བྱ་མོད། །དེས་ནི་སྐྱོན་དང་གཏི་མུག་ཞགས་པ་སྤངས། །དེ་ལ་ཇི་ལྟར་བརླག་པར་བྱ་བར་ནུས། །སྡིག་ཅན་གྱིས་སྨྲས་པ། སྟོབས་ཐོབ་ཁྱེད་ཅག་ང་ 325b ཡི་གྲོགས་ཡིན་ཏེ། །ཁྱེད་རྣམས་བག་ཡོད་བྱོས་ལ་དེའུ་རེ་ཆོས། །ཐམས་ཅད་ཕྱོགས་སུ་ཡི་ཕྲེང་བ་དང ། །ས་འདི་མ་ལུས་བྱིན་གྱིས་ཆུར་བརླབ་བོ། །མཁའ་ལས་མི་བཟད་སྟུག་པའི་བྲག་ཆར་དང་།། ལྕགས་ཀྱི་ཕྱེ་མའི་ཕུང་པོ་རབ་ཏུ་དབབ། །ལྕགས་མདའ་མདུད་ཐུང་སྤུ་གྲི་མདའ་བོ་ཆེ། །དེ་ལུས་ཕྱེ་མར་བརླག་ཕྱིར་དབབ་པར་བྱ། །ཀུན་ནས་རབ་ཏུ་རྣོ་བའི་རྡོ་རྗེ་དང ། །མདུད་ཐུང་རལ་གྲི་ཐོ་བ་རྣམས་ཕབ་ལ། །འབར་བ་མངོན་འཕངས་སྦྱོར་བ་དེ་དག་གིས། །ཤཱཀྱའི་བུ་དེ་ཐལ་བར་བརླག་པར་བྱ། །དེ་བཞིན་དུ་བདུད་བྱེ་བའི་བར་དུ་ཐམས་ཅད་ཀྱིས་ཚིགས་སུ་བཅད་པ་སྨྲས་སོ། །དེ་ནས་བདུད་དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་དུ་འདོད་བར་བགྱིའོ། །རང་རང་གི་གནས་ནས་གོ་བགོས་ལ་སྡེ་དང ། གཡོག་ཏུ་བཅས་ཏེ་འདོད་དོ། །བདག་ཅག་གི་རྫུ་འཕྲུལ་དང ། སྟོབས་ཀྱི་ཡུལ་དེ་དག་ཐམས་ཅད་བསྟན་པར་ནི། བྱ་ན། དགེ་སྦྱོང་གཽ་ཏ་མ་དེ་རྩལ་ཅི་འདྲ་བ་དེའི་མོད་ལ་རབ་ཏུ་སྟོན་ཏེ། ཁྱོད་རང་གིས་རིག་པར་འགྱུར་རོ། །དེ་ནས་བདུད་བྱེ་བ་རང་རང་གི་གནས་ནས་གོ་བགོས་ཏེ་བདུད་བྱེ་བ་རེ་རེ་ཞིང་ཡང་གཡོག་སྟོང་སྟོང་ཡ་ལད་རྣམ་པ་མང་པོ་གྱོན་པ། ལག་ཆ་སྣ་ཚོགས་ཐོགས་པ། གོ་ཆ་རྣམ་པ་སྣ་ཚོགས་བགོས་པ་དག་དང་ཆས་ཏེ། དེའི་ནུབ་མོ་འདས་ནས་ཛམྦུའི་གླིང་འདིར་ཕྱིན་ཏེ་ཡུལ་ཨངྒ་མ་ག་དྷའི་དྲང་ཐད་ཀྱི་ནམ་མཁའ་ལ་འཁོད་ནས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདིན་ལྷ་དང ། ཀླུ་ 326a ༄#། །དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའི་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། ཡི་དྭངས་དང ། ཤ་ཟ་དང ། གྲུལ་བུ་མ་གང་དག་བཅོམ་ལྡན་འདས་ལ་སེམས་མ་དད་ཅིང་གུས་པར་བྱ་བ་ཡིད་ལ་བྱེད་པ་མེད་པར་གྱུར་ལ། ཆོས་དང ། དགེ་འདུན་ལའང་སེམས་མ་དད་པ་ཡོད་པ་དེ་དག་ཐམས་ཅད་བདུད་སྡིག་ཅན་གྱིས་བཅོམ་ལྡན་འདས་བགྲོངས་སུ་བཅུག་ནས་དེ་དག་ཀྱང་ལག་ཆ་དང ། གོ་ཆ་སྣ་ཚོགས་དང་ཆས་ཏེ་དེ་ཉིད་ན་འཁོད་དོ། །བདུད་སྡིག་ཅན་ནི། དབང་ཕྱུག་ཆེན་པོའི་གཟུགས་སུ་བསྒྱུར་ནས་དྲང་སྲོང་སྐར་མ་ལ་དགའ་བ་ཞེས་བྱ་བ་དབང་ཕྱུག་ཆེན་པོ་ལ་དད་པ། རིག་པའི་གནས་བཅོ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་པ། རྫུ་འཕྲུལ་གྱི་ཡུལ་གྱི་ཕ་རོལ་ཏུ་སོན་པ། གཡོག་ལྔ་བརྒྱ་ཡོད་པ།་གངས་ཀྱི་རིའི་ངོས་ལ་གནས་པ་དེའི་མདུན་དུ་འདུག་སྟེ་འདི་སྐད་ཅེས་སྨྲས་སོ། །གཽ་ཏ་མ་ཡི་རིགས་ལས་སྐྱེས་པའི་དྲང་སྲོང་མཆོག་།མཁས་ཤིང་མངོན་པར་ཤེས་པ་དག་ལ་གནས།། ཨངྒ་མ་ག་དྷ་ན་དེར་འདུག་དེ་རིང་ནི། །རྒྱལ་པོའི་ཁབ་ཏུ་ངེས་པར་བསོད་སྙོམས་སྤྱོད། །བརྟན་པོར་སྣ་ཚོགས་གསལ་བའི་གཏམ་རྣམས་ཀྱིས། །དེ་དང་ཁྱོད་དུ་ལྷན་ཅིག་སྨྲ་བར་བྱོས། ། དེར་ཁྱོད་མངོན་ཤེས་དབང་པོ་ལྔ་པོ་ཡང ། །གདོན་མི་ཟ་བར་རབ་ཏུ་ཐོབ་པར་འགྱུར། །དེ་ནས་བདུད་སྡིག་ཅན་གྱིས་ཚིགས་སུ་བཅད་པ་འདི་སྨྲས་ཏེ། དེ་ཉིད་དུ་མི་སྣང་བར་གྱུར་ནས་རང་གི་གནས་ 326b སུ་སོང་སྟེ་རང་གི་འཁོར་གྱི་བདུད་རྣམས་ལ་བསྒོ་བ། །ངས་དེང་མི་མཚུངས་བློས་བསམ་ཅི་འདྲ་ང་ལས་ཁྱོད་ཉོན་ཅིག་།བདག་ཡུལ་བདུད་ཀྱི་དྲེགས་ཆེན་འཇོམས་པའི་སྒྱུ་དེ་མི་སྟོན་པར། །རྫུ་འཕྲུལ་མཐུ་དང་ལྡན་དེ་ཤཱཀྱའི་བུ་ལ་རང་དགར་སྨྲ། །དེ་རྟག་ཚིག་འཇམ་སློབ་མ་དག་ལ་བུ་ལ་མ་བྱམས་བཞིན། །དེ་ཡི་སློབ་མ་རྒྱགས་སྤངས་གདོན་མི་ཟ་བར་སྔ་དྲོ་ནི། །གྲོང་ཁྱེར་དག་ཏུ་གཡེང་བ་མེད་པར་མཐར་གྱིས་རྒྱུ་པ་ན། །དེ་དག་གླུ་གར་སྙན་མཆོག་ཚུལ་གྱིས་རང་དགར་མྱུར་དུ་གཟུངས། །དེ་ཐོས་ཤཱཀྱ་ཁྱུ་མཆོག་ཅི་ནས་ཡིད་སྤྲོ་མེད་པར་བྱ། །བདུད་གཞན་ཞིག་གིས་སྨྲས་པ།་གླང་ཆེན་རྔ་མོ་སེངྒེ་མ་ཧེ་སྟག་གཏུམ་སྒྲ་དྲག་དབྱར་དུས་ཀྱི། །འབྲུག་སྒྲ་འབྱིན་པ་ལྟ་བུ་དུ་མ་གྲོང་དེའི་ཕྱི་རོལ་མྱུར་སྤྲུལ་ཏེ། །བདག་ཅག་ལག་ཆ་མཚོན་ཐོགས་འདུག་པ་ངོ་མཚར་མངོན་སུམ་དེ་མཐོང་ན། །བསླད་ཅིང་མི་དྲན་རྫུ་འཕྲུལ་སྟོར་ཏེ་དེ་ནས་ཐ་དད་ཕྱོགས་སུ་འགྲོ། །བདུད་གཞན་ཞིག་གིས་སྨྲས་པ། ལམ་སྲང་བཞི་མདོ་རྟ་བབས་དག་ན་མི་སྡུག་གདོད་མང་འཁོད། །སྣ་ཚོགས་མཚོན་རྣོན་མདའ་ཆེན་མདའ་ཞགས་བརླ་དགས་རལ་གྲི་ཐོགས། །ནམ་མཁའ་ལས་ཀྱང་མཚོན་ཆའི་སྒྲ་གྲག་སྤྲིན་ལས་ལྕེ་ཡང་འབེབས། །དེ་ནས་ས་གཡོས་འཇིགས་པས་དབང་མེད་མྱུར་དུ་མ་རུངས་འགྱུར། །བདུད་དེ་དག་གིས་བདུད་ཀྱི་ཡུལ་གྱི་སྟོབས་དང ། རྣམ་པར་སྤྲུལ་པ་ཇི་ལྟ་བ་དེ་བཞིན་དུ་ཐམས་ཅད་རྒྱ་ཆེར་བྱས་སོ། །བཅོམ་ལྡན་ 327a ༄#། །འདས་ཀྱིས་ཀྱང་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྡོ་རྗེར་བྱིན་གྱིས་བརླབས་ནས་བདུད་ཀྱི་སྒྲའང་མི་འབྱིན། ཕྱོགས་བཞིན་མེ་དང་རིའང་མེད། སྤྲིན་ནག་པོའང་མེད། དུས་མ་ཡིན་པའི་རླུང་ཡང་མེད་དེ། སངས་རྒྱས་ཀྱི་སྟོབས་དང ། བྱིན་གྱི་རླབས་ཀྱིས་ཀླུ་གང་ཡང་ཐ་ན་ཆར་པ་ཐིགས་པ་གཅིག་ཙམ་ཡང་མི་འབེབས་སོ། །ཡང་དེའི་ཚེ་ཉན་ཐོས་ཆེན་པོ་བཞི་སྔ་དྲོ་ཆོས་གོས་དང་ཤམས་ཐབས་བགོས། ལྷུང་བཟེད་ཐོགས་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་སྒོ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་བསོད་ནམས་ཀྱི་ཕྱིར་ཞུགས་པ་དང ། གྲོང་ཁྱེར་གྱི་སྒོ་དེ་ན་བདུད་གཞོན་ནུ་ཤིན་ཏུ་དར་ལ་བབ་པ། བྱད་བཞིན་བཟང་བ། བཙུན་པའི་ཆ་བྱད་དང་འདྲ་བ་ལྔ་བཅུ་གླུ་ལེན་གར་བྱེད་ཅིང་ཀུན་ཏུ་རྒྱུ་སྟེ། དེ་དག་གིས་ལག་པ་གཉིས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཟུང་ནས་སྲང་དུ་རྒྱུག་ཅིང་གླུ་ལེན་གར་བྱེད་དེ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སྦྱོང ། གླུ་ལོངས་ཤིག་།དགེ་སྦྱོང ། གར་བྱོས་ཤིག་།ཤཱ་རིའི་བུས་སྨྲས་པ། གྲོགས་པོ་དག ། ཁྱེད་ཀྱིས་སྔོན་མ་ཐོས་པའི་གླུ་ཐོས་པར་བྱ་ཡི། ཉོན་ཅིག་།བདུད་གཞོན་ནུ་དེ་དག་ཐམས་ཅད་ཀྱིས་གཅོམ་བསྐྱུངས་པ་དང ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྒྱུག་ཅིང་གླུའི་དབྱངས་ཀྱིས་འདི་སྐད་ 327b ཅེས་སྨྲས་སོ། །སྐྱེ་མཆོད་དག་གིས་ཤིན་ཏུ་ཆོག་།སྐྱེ་མཆེད་དག་གིས་བདག་ཅག་བསླུས། །སྐྱེ་མཆེད་དག་ནི་གསོད་པ་སྟེ། །སྐྱེ་མཆེད་བདག་གིས་མཐར་དབྱུང་ངོ ། །ཕུང་པོ་བྱས་པས་ཤིན་ཏུ་ཆོག་།ཕུང་པོ་བྱས་པས་བདག་ཅག་བསླུས། །ཕུང་པོ་བྱས་པས་གསོད་པ་སྟེ། །ཕུང་པོ་བྱས་པ་ངས་མཐར་དབྱུང ། །འདི་ལྟ་སྟེ། བ་ཧ་ར། བ་ཧ་ར། བྷ་ར་བ་ཧ། མ་རི་ ་བ་ཧ། སཏྱ་བ་ཧ། ཨཱ་མ་བ་ཧ་སཝཱཧཱ། གནས་བརྟན་ཤཱ་རིའི་བུ་རྒྱུག་ཅིང་གླུའི་དབྱངས་ཀྱིས་ཚིགས་སུ་བཅད་པ་འདི་དག་དང ། གསང་སྔགས་ཀྱི་ཚིག་འདི་དག་སྨྲས་པ་དང ། དེ་ནས་བདུད་གཞོན་ནུ་ལྔ་བཅུ་པོ་དེ་དག་ཤིན་ཏུ་དགའ་སྟེ་ཡིད་རབ་ཏུ་དད་ནས་འདི་སྐད་ཅེས་སྨྲས་སོ། །མགོན་པོ་བདག་ཅག་དེ་རིང་བཟོད་པར་གསོལ། །འགྲོ་བའི་གཉེན་གཅིག་སྟོན་པའི་མཆོག་ཁྱོད་དེ། ། ཕུང་པོ་ཁྱོད་ཀྱིས་ཇི་ལྟར་འཇིགས་བཅས་བཤེད། །བདག་ཅག་དེ་ལྟར་རྟག་ཏུ་དེ་མངོན་སུམ། །བདུད་གཞོན་ནུ་ལྔ་བཅུ་པོ་དེ་དག་ཐམས་ཅད་ཀྱིས་སྲང་གི་དབུས་དེར་ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པ་ལ་མགོ་བོས་ཕྱག་བཙལ་ཏེ་ཆོས་མཉན་པའི་ཕྱིར་དེའི་མདུན་དུ་འདུག་གོ་།དེ་ནས་མཽངྒལ་གྱི་བུ་གྲོང་ཁྱེར་གྱི་ཤར་ཕྱོགས་ཀྱི་སྒོ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང ། དེ་ནས་ཡང་བདུད་གཞོན་ནུ་ལྔ་བཅུ་ནས་གླུའི་དབྱངས་ཀྱི་བར་དུ་སྟེ་འདི་སྐད་ཅེས་སྨྲས་སོ། །ཁམས་ཉིད་དག་གིས་ཤིན་ཏུ་ཆོག་།ཁམས་ཉིད་དག་གིས་བདག་ཅག་ 328a ༄#། །བསླུས། །ཁམས་ཉིད་དག་ནི་གསོད་པ་སྟེ། །ཁམས་ཉིད་བདག་གིས་མཐར་དབྱུང་ངོ ། །ཚོར་བ་དག་གིས་ཤིན་ཏུ་ཆོག་།ཚོར་བ་བདག་གིས་བདག་ཅག་བསླུས། ། ཚོར་བ་དག་ནི་གསོད་པ་སྟེ། །ཚོར་བ་བདག་གིས་མཐར་དབྱུང་ངོ ། །སེམས་པ་དག་གིས་ཤིན་ཏུ་ཆོག། སེམས་པ་དག་གིས་བདག་ཅག་བསླུས། །སེམས་པ་དག་ནི་གསོད་པ་སྟེ། ། སེམས་པ་བདག་གིས་མཐར་དབྱུང་ངོ ། །འདུ་ཤེས་བྱས་པས་ཤིན་ཏུ་ཆོག་།འདུ་ཤེས་བྱས་པས་བདག་ཅག་བསླུས། །འདུ་ཤེས་བྱས་པ་གསོད་པ་སྟེ། །འདུ་ཤེས་བྱས་པ་ངས་མཐར་དབྱུང ། །འཁོར་བ་དག་གིས་ཤིན་ཏུ་ཆོག་།འཁོར་བ་དག་གིས་བདག་ཅག་བསླུས། །འཁོར་བ་དག་ནི་གསོད་པ་སྟེ། །འཁོར་བ་བདག་གིས་མཐར་དབྱུང་ངོ ། །འདི་ལྟ་སྟེ། ཨཱ་མ་བ། ཨཱ་མ་བ།་ཨཱ་མ་བ། ཨ་ར་ཛ། ན་ར་ཛ་ཧ། ཤ་མ་མྱ་ཐ། ཤ་མ་མྱ་ཐ། ག་ག་ན་བ་སཝཱཧཱ། ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་རྒྱུག་ཅིང་གླུའི་དབྱངས་ཀྱིས་ཚིགས་སུ་བཅད་པ་འདི་དག་དང ། གསང་སྔགས་ཀྱི་ཚིག་འདི་དག་སྨྲས་པ་དང ། དེ་ནས་བདུད་གཞོན་ནུ་ལྔ་བཅུ་པོ་དེ་དག་ཤིན་ཏུ་དགའ་སྟེ་ཡིད་རབ་ཏུ་དད་ནས་འདི་སྐད་ཅེས་སྨྲས་སོ། །འཕྲུལ་ལྡན་སྤས་པ་འཕགས་ལམ་ཐུབ་དབང་སྲས། །འཁོར་བའི་ཉེས་ལ་མཉམ་བལྟ་ཆོས་ཀྱི་སྒྲོན། །སྡིག་སྤངས་བདག་ཅག་རི་མོ་གུས་པ་སྐྱེས། །སངས་རྒྱས་ཆོས་མཆོག་དགེ་འདུན་དེང་སྐྱབས་སོང ། །བདུད་ 328b གཞོན་ནུ་ལྔ་བཅུ་པོ་དེ་དག་ཐམས་ཅད་ཀྱིས་སྲང་གི་དབུས་དེར་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་དེའི་མདུན་དུ་འདུག་གོ་།དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་གྲོང་ཁྱེར་གྱི་བྱང་ཕྱོགས་ཀྱི་སྒོ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང ། དེ་ནས་ཡང་བདུད་གཞོན་ནུ་ལྔ་བཅུ་ནས་གླུའི་དབྱངས་ཀྱི་བར་དུ་སྟེ་འདི་སྐད་ཅེས་སྨྲས་སོ། །རེག་པ་བྱས་པས་ཤིན་ཏུ་ཆོག་།རེག་པ་བྱས་པས་བདག་ཅག་བསླུས། །རེག་པ་བྱས་པ་གསོད་པ་སྟེ། །རེག་པ་བདག་གིས་མཐར་དབྱུང་ངོ ། ། བདག་པོ་དག་གིས་ཤིན་ཏུ་ཆོག་།བདག་པོ་དག་གིས་བདག་ཅག་བསླུས། །བདག་པོ་དག་ནི་གསོད་པ་སྟེ། །བདག་པོ་བདག་གིས་མཐར་དབྱུང་ངོ ། །འཁོར་བ་བདག་གིས་ཤིན་ཏུ་ཆོག ། འཁོར་བ་བདག་གིས་བདག་ཅག་བསླུས། །འཁོར་བ་དག་ནི་གསོད་པ་སྟེ། །འཁོར་བ་བདག་གིས་མཐར་དབྱུང་ངོ ། །སྲིད་བ་ཀུན་གྱིས་ཤིན་ཏུ་ཆོག་།སྲིད་པ་ཀུན་གྱིས་བདག་ཅག་བསླུས། ། སྲིད་པ་ཀུན་ནི་གསོད་པ་སྟེ། །སྲིད་པ་ཀུན་ནི་ངས་མཐར་དབྱུང ། །འདོད་པའི་དགའ་བས་ཤིན་ཏུ་ཆོག་།འདོད་པའི་དགའ་བས་བདག་ཅག་བསླུས། །འདོད་པའི་དགའ་བ་གསོད་པ་སྟེ། ། འདོད་པའི་དགའ་བ་ངས་མཐར་དབྱུང ། །གྲོགས་དག་ཚེ་འདི་མྱུར་འགྲོ་སྟེ། །རི་གཟར་ཆུ་དྲག་མགྱོགས་འདྲ་ན། །བྱིས་པའི་སྐྱེ་བོས་མི་ཤེས་ཏེ། །མི་མཁས་གཟུགས་ཀྱི་དྲེགས་པས་མྱོས། ། 329a ༄#། །དེ་བཞིན་དུ་སྦྱར་ཏེ། མི་མཁས་སྒྲ་ཡི་དྲེགས་པས་མྱོས། །མི་མཁས་དྲི་ཡི་དྲེགས་པས་མྱོས། །མི་མཁས་རོ་ཡི་དྲེགས་པས་མྱོས། །མི་མཁས་རེག་གི་དྲེགས་པས་མྱོས། །གྲོགས་དག་ཚེ་འདི་མྱུར་འགྲོ་སྟེ། །རི་གཟར་ཆུ་དྲག་མགྱོགས་འདྲ་ན། །བྱིས་པའི་སྐྱེ་བོས་མི་ཤེས་ཏེ། །མི་མཁས་ཆོས་ཀྱི་དྲེགས་པས་མྱོས། །མི་མཁས་ཕུང་པོའི་དྲེགས་པས་མྱོས། །མི་མཁས་ཁམས་ཀྱི་དྲེགས་པས་མྱོས། །མི་མཁས་ལོངས་སྤྱོད་དྲེགས་པས་མྱོས། །མི་མཁས་བདེ་བའི་དྲེགས་པས་མྱོས། །མི་མཁས་རིགས་ཀྱི་དྲེགས་པས་མྱོས། །མི་མཁས་འདོད་པའི་དྲེགས་པས་མྱོས། །གྲོགས་དག་ཚེ་འདི་མྱུར་འགྲོ་སྟེ། །རི་གཟར་ཆུ་དྲག་མགྱོགས་འདྲ་ན། །བྱིས་པའི་སྐྱེ་བོས་མི་ཤེས་ཏེ། །མི་མཁས་ཀུན་གྱི་དྲེགས་པས་མྱོས། །འདི་ལྟ་སྟེ། ཁ་རྒ་བ། ཁ་རྒ་བ། ཁ་རྒ་བ། མུན་ཉི་ནི། ཨ་བརྟ། བི་བརྟ། ཁ་བརྟེ། བྲ་མ་ཨརྠ། ཛྱོ་ཏི་ར་བརྟ་སཝཱཧཱ། །ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་རྒྱུག་ཅིང་གླུའི་དབྱངས་ཀྱིས་བདུད་ཀྱི་བུ་རྣམས་ལ་ཚིགས་སུ་བཅད་པ་འདི་དང ། གསང་སྔགས་ཀྱི་ཚིག་འདི་དག་སྨྲས་པ་དང ། དེ་ནས་བདུད་གཞོན་ནུ་ལྔ་བཅུ་པོ་དེ་དག་ཤིན་ཏུ་དགའ་སྟེ་ཡིད་རབ་ཏུ་དགའ་ནས་འདི་སྐད་ཅེས་སྨྲས་སོ། །ཁམས་རྣམས་སྒྱུ་མ་སྨིག་རྒྱུ་འདྲ་བ་དང ། །འཚོ་བའི་འཇིག་རྟེན་རྟོག་པས་བསྐྱོད་པ་དང ། །ཞི་བའི་ལམ་ཡང་ཁྱོད་ཀྱིས་ཉེ་བར་བསྟན། ། 329b མཆོག་སྦྱིན་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །བདུད་གཞོན་ནུ་ལྔ་བཅུ་པོ་དེ་དག་ཐམས་ཅད་ཀྱིས་སྲང་གི་དབུས་དེར་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་དེའི་མདུན་དུ་འདུག་གོ་།ཡང་དེའི་ཚེ་ཚེ་དང་ལྡན་པ་རབ་འབྱོར་ནུབ་ཕྱོགས་ཀྱི་སྒོ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང ། གྲོང་ཁྱེར་གྱི་སྒོ་དེ་ན་བདུད་གཞོན་ནུ་ཤིན་ཏུ་དར་ལ་བབ་པ། བྱང་བཞིན་བཟང་བ། བཙུན་པའི་ཆ་བྱད་འཆང་བ་ལྔ་བཅུ་གླུ་ལེན་གར་བྱེད་ཅིང་ཀུན་ཏུ་རྒྱུ་བ་དེ་དག་གིས་ལག་པ་གཉིས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཟུང་ནས་སྲང་དུ་རྒྱུག་ཅིང་གླུ་ལེན་གར་བྱེད་དེ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སྦྱོང ། གླུ་ལོངས་ཤིག་།དགེ་སྦྱོང ། གར་བྱོས་ཤིག་།རབ་འབྱོར་གྱིས་སྨྲས་པ། གྲོགས་པོ་དག། ཁྱེད་ཀྱིས་སྔོན་མ་ཐོས་པའི་གླུ་ཐོས་པར་བྱ་ཡི། ཉོན་ཅིག་།དེ་དག་གིས་གཅོམ་བསྐྱུངས་པ་དང ། ཚེ་དང་ལྡན་པ་རབ་འབྱོར་རྒྱུག་ཅིང་གླུའི་དབྱངས་ཀྱིས་འདི་སྐད་ཅེས་སྨྲས་སོ། །དངོས་པོ་ཐམས་ཅད་མི་རྟག་སྒྱུ་མ་ཆུ་བུར་བཞིན། །འདུས་བྱས་གཡོ་བའི་རང་བཞིན་གང་ལའང་རྟག་པ་མེད། །སྨིག་རྒྱུ་མཐོང་ནས་ཞིག་བཞིན་དེ་ལ་ཐེར་ཟུག་མེད། །ཆོས་ཀུན་མྱུར་དུ་འཇིག་པར་བློ་དང་ལྡན་པས་ཤེས། །སྡུག་བསྔལ་ཆོས་གཟིར་བྱས་པ་ཐམས་ཅད་གར་ཆགས་པ། །རེག་ཀུན་སྡུག་བསྔལ་ཁུར་ཡིན་ཚོར་བ་དག་ཀྱང་མེད། ། 330a ༄#། །ཇི་ལྟར་དད་པ་བྱང་ཆུབ་ལམ་སྒོམ་སྟེན་བྱེད་པ། །དེ་ལྟར་སྡུག་བསྔལ་ཀུན་ཐར་བྱེད་གྲོགས་གང་ཡང་མེད། །ཆོས་ཀུན་མཚན་ཉིད་གཅིག་སྟེ་འདུ་ཤེས་སྤངས་པ་དགེ་།བདག་མེད་ལྡན་ལས་སྤྱོད་ཀུན་རྫས་ཀྱི་མཚན་ཉིད་བདག་།སྲོག་དང་གསོ་བ་གང་ཟག་དང་ནི་བྱེད་པ་མེད། །བདུད་ཀྱི་གཡོ་དག་མཐོང་ལ་སེམས་ནི་བྱང་ཆུབ་བསྔོས། །ནམ་མཁའི་གློག་བཞིན་དབང་པོ་དག་ལ་རྣམ་ཤེས་འབྱུང ། །རེག་དང་ཚོར་དང་སེམས་པ་ཐམས་ཅད་བདག་མེད་དེ། །ཚུལ་བཞིན་བརྟགས་ན་རྫས་ནི་ཅི་ཡང་ཡོད་མ་ཡིན། །བྱིས་པའི་སྡེ་རྣམས་བསླུས་པས་འཁྲུལ་འཁོར་བཞིན་དུ་འཇུག་།ཕུང་པོར་ཐམས་ཅད་ཚུལ་བཞིན་བརྟགས་ན་བྱེད་པ་མེད། །ཡང་དག་མཐའ་ནི་སྟོང་ཞིང་མཐའ་རྣམས་ཀུན་དང་བྲལ། །བྱང་ཆུབ་ལམ་སྤྱོད་དེར་ནི་འདྲེན་པས་བྱང་ཆུབ་བརྙེས། །རྨོངས་མེད་ཆོས་ཉིད་འདི་ནི་ཆོས་སུ་སྐྱོབ་པས་གསུངས། །འདི་ལྟ་སྟེ། སུ་མུན་དེ། བི་མུན་དེ། སུན་ད་ཛ་ཏི། སི་ལི་སི་ལི་སི་ལི། ཨ་བ་སི་ལི། ཨ་བ་ཧ་སི་ལི།་ཏ་ཐཱ་ཏཱ་སི་ལི། བྷུ་ཏ་ཀོ་ཊི་སི་ལི་སཝཱཧཱ། ཚེ་དང་ལྡན་པ་རབ་འབྱོར་རྒྱུག་ཅིང་གླུའི་དབྱངས་ཀྱིས་ཚིགས་སུ་བཅད་པ་འདི་དག་དང ། གསང་སྔགས་ཀྱི་ཚིག་འདི་དག་སྨྲས་པ་དང ། དེ་ནས་བདུད་གཞོན་ནུ་ལྔ་བཅུ་པོ་དེ་དག་ཤིན་ཏུ་དགའ་སྟེ་ཡིད་རབ་ཏུ་དད་ནས་འདི་སྐད་ཅེས་སྨྲས་སོ། །སྡིག་པའི་གྲོགས་ཀྱི་དབང་སོང་འདི་འདྲའི་ཆོས་མ་ཐོས། །གཏི་མུག་མི་ཤེས་དངོས་ 330b པོས་སྡིག་ལས་ཅི་བགྱིས་པ། །རྒྱལ་བའི་སྲས་ལ་བདག་ཅག་མངོན་སུམ་དེང་བཤགས་ནས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཉིད་དུ་སྨོན་དགེ་འདེབས། །བདུད་གཞོན་ནུ་ལྔ་བཅུ་པོ་དེ་དག་ཐམས་ཅད་ཀྱིས་སྲང་གི་དབུས་དེར་ཚེ་དང་ལྡན་པ་རབ་འབྱོར་གྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་དེའི་མདུན་དུ་འདུག་གོ་།ཡང་དེའི་ཚེ་ན་སངས་རྒྱས་ཀྱི་མཐུས་སྲང་གི་དབུས་དེར་དཔག་ཚད་བརྒྱ་ཙམ་དུ་གོ་སྐབས་ཡངས་པར་སྣང་སྟེ། སྲང་དེའི་དབུས་ན་གནས་བརྟན་ཤཱ་རིའི་བུ་ནི། བྱང་ཕྱོགས་སུ་བལྟས་ཏེ་འདུག་།མཽངྒལ་གྱི་བུ་ཆེན་པོ་ནི། ནུབ་ཕྱོགས་སུ་བལྟས་ཏེ་འདུག་།གང་པོ་ནི། ལྷོ་ཕྱོགས་སུ་བལྟས་ཏེ་འདུག་།རབ་འབྱོར་ནི། ཤར་ཕྱོགས་སུ་བལྟས་ཏེ་འདུག་ནས་གཅིག་ནས་གཅིག་ཏུ་དཔག་ཚད་ཕྱེད་ཕྱེད་ཙམ་ན་འཁོད་དོ། །ཉན་ཐོས་ཆེན་པོ་བཞི་པོ་དེ་དག་གི་དབུས་ཀྱི་སའི་ཕྱོགས་ན་ཁྱུ་ལྔ་བཅུས་འཁོར་བའི་པདྨ་ཆུ་བ་ནི། ཛམྦུའི་ཆུ་པོའི་གསེར། །འདབ་མ་ནི། བཻཌཱུརྱ་སྔོན་པོ། །ཟེ་བ་ནི། དཔལ་གྱི་སྙིང་པོ། །སྙིང་པོ་ནི། མུ་ཏིག་།དྲི་ནི། ལྷའི་སྤོས་པས་ལྷག་པ། འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ལས་སྐྱེས་པ་ཞིག་བྱུང་སྟེ། པདྨོ་དེ་ལས་སྣང་བ་བྱུང་ངོ ། །སྣང་བ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བར་གྱུར་ཏེ། སྲང་དེ་ན་པདྨ་དེ་འཕང་དུ་མི་གསུམ་གྱི་ཁྲུན་ཙམ་དུ་སྣང་ངོ ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བར་དུ་ནི། པདྨ་དེའི་འཕང་དུ་ལྷའི་དཔག་ཚད་ལྔ་བཅུ་པར་སྣང་ངོ ། །སུམ་ཅུ་རྩ་གསུམ་པའི་ 331a ༄#། །ལྷའི་ནང་དུ་ནི། པདྨ་དེའི་འཕང་དུ་ནི། དཔག་ཚད་བརྒྱ་བར་སྣང་ངོ ། །འོག་མིན་གྱི་ལྷའི་བར་དུ་ནི། པདྨ་དེའི་འཕང་དཔག་ཚད་ཕྱེད་པར་སྣང་ངོ ། །པདྨ་དེའི་འདབ་མ་དག་ལས་ཚིག་དང ། དོན་དང ། ཚིགས་སུ་བཅད་པ་སྣ་ཚོགས་བྱུང་སྟེ། སེམས་ཅན་གང་དག་ས་འདི་ལ་ངས་པ་དེ་དག་གིས་ཚིགས་སུ་བཅད་པ་དེ་དག་ཐོས་སོ། །སངས་རྒྱས་ཞིང་འདིར་གང་ཟག་སྡིག་པ་མེད་པ་གཅིག་སྐྱེས་པ། །གཅིག་པུས་བདུད་ཀྱི་སྡེ་ནི་དཔུང་དང་བཞོན་པར་བཅས་པ་བཅོམ། །སངས་རྒྱས་དཔའ་བོ་གཅིག་གིས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཉག་ཅིག་འགྲོ་བ་དག་ལ་ཕན་ཕྱིར་བྱོན་པ་ཐེ་ཚོམ་མེད། །མཁས་པ་བསྟན་བཅོས་ཚུལ་མང་རིག་པ་ཆོས་དོན་མཐར་འདོད་པ། །ཚུལ་ཤེས་པང་ནས་སྐྱེས་དང་ཉེ་རྒྱལ་མཆོག་འདིར་སྟོན་པས་བཏུལ། །འགྲོ་བ་ཀུན་ལ་ཕན་དོན་རིག་མཁས་དམ་ཆོས་གསུང་བ་ཆེ། །ཐུབ་པ་སྨྲ་མཆོག་འཇིག་རྟེན་ཀུན་གྱིས་མཆོད་པ་དེ་རིང་གཤེགས། །དུས་གསུམ་གཤེགས་པ་སྟོན་པ་དགེ་སྦྱོང་རྒྱལ་པོ་བསླབ་གསུམ་འཆང ། །ཚད་མེད་ཆོས་དོན་རིག་པ་མི་དང་ལྷར་བཅས་འགྲོ་བ་སྐྱོབ། །འཇིག་རྟེན་དོན་དང་ཕན་སྤྱོད་མཁས་པ་ཡེ་ཤེས་ཆེན་པོའི་སྒྲོན། །དམ་ཆོས་གསུང་བ་དྲི་མ་གསུམ་སྤངས་དེ་རིང་འདིར་ཀུན་སྟོན། །སྡུག་བསྔལ་ཕོངས་པའི་འགྲོ་བ་ཐམས་ཅད་རྣམ་གྲོལ་ཞིང ། །འཇིག་རྟེན་དོན་སླད་མི་བསྙེལ་བློ་གྲོས་མངའ་བས་སྦྱང ། །མ་རིག་ 331b པ་ཡིས་བསྒྲིབས་པའི་མིག་ཅན་དག་ལ་ཡང ། །དམ་པའི་ཆོས་ཀྱི་མིག་ནི་ཇི་བཞིན་རབ་ཏུ་སྦྱིན། །ཐམས་ཅད་ལྡན་པའི་འཁོར་འདི་འདིར་ནི་ཚོགས་འགྱུར་གྱི། །དོན་གྱི་དམ་པ་གཟིགས་པ་གཟུགས་བཟང་མཆོག་མངའ་ལ། །སྟོབས་དང་ལྡན་ཞིང་མཆོག་དང་མཆོག་མ་ཡིན་མཁྱེན་པ། །སྨྲ་བའི་སེངྒེ་རིང་པོ་མི་ཐོགས་འདིར་གཤེགས་སོ། །འགྲོ་བ་སྡུག་བསྔལ་རྒྱ་མཚོར་གནས་པ་གཟིགས་ནས་ནི། །དབང་པོ་དྲུག་གི་སྡོམ་པའི་མཆོག་ལ་རབ་གནས་ཤིང ། །མངོན་པར་ཤེས་པ་དྲུག་མཁྱེན་དྲུག་གི་རྗེས་འབྲང་བ། །དེ་ནི་ཆོས་ཀྱི་རྔ་ཆེན་བརྡུང་དུ་ཡང་དག་གཤེགས། །དབང་པོ་དྲུག་གི་གྲོང་ཁྱེར་གནས་རྣམས་རབ་འཇོམས་པ། །དོན་མཆོག་དྲན་པ་དྲུག་གི་ཁ་ལོ་སྒྱུར་དབང་པོ། །ཕ་རོལ་ཆོས་དྲུག་མཆོག་རྣམས་རབ་ཏུ་བཤད་པའི་ཕྱིར། ། དྲུག་གི་ས་བོན་སྨྲ་བའི་སེངྒེ་འདིར་གཤེགས་སོ། །འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་གི་བར་དུ་པདྨ་དེ་ལས་ཚིགས་སུ་བཅད་པ་འདི་དག་བྱུང་ངོ ། །ཁྱེད་ཅག་ཚོགས་ཏེ་དེ་རིང་དགའ་བ་སྤྱོད།། བག་མེད་སེམས་པ་སྲེད་དང་རྒྱགས་པས་བསྒྲིབས། །རྟག་ཏུ་རྨོངས་ཤིང་དགའ་བའི་སྐོམ་གྱིས་མྱོས། །བག་མེད་གྱུར་པས་བདེ་གཤེགས་མཆོད་མི་བྱེད། །འདོད་པས་མི་རྟག་ཆུ་ཡི་ཟླ་བ་བཞིན། །སྐྱེ་རྒུའི་འཁོར་བའི་ཞགས་པ་ཤིན་ཏུ་སྲ། །དགའ་བ་དག་ལ་བག་མེད་མ་ཐར་པ། །ནམ་ཡང་མྱ་ངན་འདའ་བར་མི་འགྱུར་རོ། །རྟག་ཏུ་བག་མེད་ཞི་བའི་ཕྱིར་མི་འཇུག་།དགེ་དང་ 332a ༄#། །མི་དགེ་སྔོན་བྱས་མ་མཐོང་ངམ། །རྒ་དང་ན་འཆིའི་འཇིགས་པས་ཀུན་ཟིན་ཅིང ། །ཁྱེད་ཅག་ངན་སོང་ས་ལ་རབ་ཏུ་ཞུགས། །སྦྱིན་དང་དུལ་དང་ཀུན་སྡོམ་བག་ཡོད་ལ། །སྟེན་ཅིག་སྔོན་གྱི་ལེགས་བྱས་རྣམས་ཀྱང་སྲུངས། །འདོད་པ་མི་གཙང་མཐའ་མེད་ཀུན་སྤོངས་ལ། །བདེ་བར་གཤེགས་པའི་སྐྱབས་སུ་ཉེ་བར་དོང ། །སོང་སྟེ་དེ་ཡི་བཀའ་ལ་རབ་ཏུ་ཉོན། །ལེགས་བཤད་དེ་ནི་ཁྱོད་ཀྱི་དོན་ཆེན་ཏེ། །ཤེས་རབ་རྣམ་གྲོལ་རབ་ཏུ་ཞི་བའི་རྒྱུ། །དམ་པའི་ཆོས་ལྡན་མཉན་པ་དོན་ཆེན་ནི། །ལྷའི་རིས་བཅུ་དྲུག་གི་བར་དུ་པདྨ་དེའི་འདབ་མ་ལས་ཚིགས་སུ་བཅད་པ་འདི་ལྟ་བུ་འདི་དག་བྱུང་ངོ ། །མཉམ་གཞག་བསམ་གཏན་དགའ་བ་ཉོན་མོངས་མེད། །རབ་ཏུ་བསྒྲིམས་ཏེ་ཆོས་ལ་རྣམ་པར་བསྒོམས། །མ་འཁྲུལ་སེམས་དང་རྣམ་པར་ཐར་འདོད་པས། །ཞེ་སྡང་རབ་ཏུ་སྤངས་པའི་བློ་གྱིས་ཤིག་།རྣམ་པ་བཅུ་གསུམ་མཚན་མ་བསྟན་པ་ཡི། །བཟོད་པ་མཆོག་ལ་རྣམ་པར་སྒོམ་པར་གྱིས། །དེས་ནི་ན་དང་རྒ་ལས་ཐར་པ་ཡི། །ཤིན་ཏུ་རྣམ་ཐར་མྱུར་དུ་ཐོས་པར་འགྱུར། །གང་རྣམས་གཟུགས་ཀྱི་རྣམ་རྟོག་སྲོག་ལ་ཆགས། །ཐེར་ཟུག་རྟག་པ་བདག་བརྟན་དངོས་པོར་ལྟ། །དེ་དག་གི་ནི་སྐྱེ་བའི་རྒྱུན་མི་འཆད། །དེ་རྣམས་ངན་སོང་ས་ལ་ཤིན་ཏུ་བབ། །རྟག་ཏུ་ཁམས་གསུམ་བདག་མེད་རྫས་མེད་ཅིང ། །བྱེད་མེད་རང་དབང་མེད་པར་རྣམ་བལྟས་ནས། །རྗེས་སུ་ 332b མཐུན་པའི་བཟོད་པ་གང་སྒོམ་པ། །དེ་དག་འགྲོ་བ་ཀུན་ལས་ཐར་པར་འགྱུར། །སྐྱེ་དང་འཇིག་གྲོལ་ཆོས་འདི་ཐམས་ཅད་ལ། །ནམ་མཁའ་འདྲ་བར་གང་རྣམས་སྒོམ་བྱེད་པ། །དེ་དག་འཆི་མེད་རྒ་མེད་ན་བའང་མེད། །ངན་འགྲོ་མེད་ཅིང་མི་སྡུག་ཕྲད་པའང་མེད། །གང་རྣམས་དབང་པོ་དག་ལ་ཡིད་མི་ཆགས། །ལམ་དེ་མཆོག་སྟེ་ཤིན་ཏུ་དག་པ་ཡིན། །ད་ལྟར་ཤཱཀྱ་སེངྒེ་འདི་བཞིན་དུ། ། བདུད་རྣམས་བཞི་པོ་རྣམ་པར་འཇོམས་པར་འགྱུར། །གང་དག་གཡོ་བ་བཏུལ་ནས་གཉིས་སྤང་ཕྱིར། །ཅི་ཡང་མེད་ཅིང་མཚན་མ་ཀུན་སྤངས་པ། །ཚུལ་གཅིག་རྣམ་པར་སྒོམ་པར་བྱེད་པ་རྣམས། །དེ་དག་ལ་ནི་ལམ་མཆོག་འདི་བཤད་དོ། །བདག་པོ་མེད་ཅིང་བྱེད་པ་མེད་གྱུར་པར། །ཆོས་འདི་ཐམས་ཅད་སྟོང་པར་བསྒོམས་ནས་སུ། །སྨོན་པ་སྤངས་ནི་བླ་ན་མེད་པ་ཡི། །བྱང་ཆུབ་ནམ་མཁའི་རང་བཞིན་རེག་པར་འགྱུར། །དེ་ལྟ་བུའི་དོན་གྱི་ཚིག་གིས་ཆོས་ཀྱི་སྒྲ་དེ་དག་བྱུང་བས་འཇིག་རྟེན་གྱི་ཁམས་འདིར་མི་དང ། མི་མ་ཡིན་པ་དེ་དག་ཚོགས་ཏེ་སྲང་གི་དབུས་ན་པདྨ་དེ་འཁོར་བར་འདུག་གོ་།འོག་མིན་གྱི་ལྷ་གྲངས་མེད་དཔག་ཏུ་མེད་པའི་བར་དུ་འོག་མིན་ནས་བབས་ནས་ཆོས་མཉན་པའི་ཕྱིར་པདྨ་དེའི་ཁོར་ཁོར་ཡུག་ཏུ་འཁོད་དོ། །བདུད་སྡིག་ཅན་གྱིས་ཚིགས་སུ་བཅད་པ་དེ་དག་ཐོས་ནས་ཀུན་ཏུ་བལྟས་ཏེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་སྲང་ག་དབུས་ན་པདྨ་དེ་ལས་འདི་ལྟ་བུའི་ཚིགས་སུ་བཅད་བ་དག་བྱུང་སྟེ་ཆོས་མཉན་པའི་ཕྱིར་མི་བྱེ་བ་ཁྲག་ 333a ༄#། །ཁྲིག་བརྒྱ་སྟོང་གྲངས་མེད་དཔག་ཏུ་མེད་བ་དག་གིས་པདྨ་དེ་འཁོར་བར་འཁོར་པར་མཐོང་ངོ ། །དེ་ནས་བདུད་སྡིག་ཅན་གྱིས་སྟེང་དུ་བལྟས་ན། འདོད་པ་ན་སྤྱོད་པའི་ལྷ་དྲུག་གི་གནས་ཐམས་ཅད་ནའང་ཆོས་མཉན་པའི་ཕྱིར་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་དཔག་ཏུ་མེད་པ་དག་གིས་པདྨ་དེ་འཁོར་བར་འཁོད་པ་མཐོང་ངོ ། །དེ་ནས་བདུད་སྡིག་ཅན་རབ་ཏུ་སྡུག་བསྔལ་ཞིང་ཡིད་མི་བདེ་ནས་ཡིད་ལ་གཅགས་ཏེ་སྤུ་བྲིང་ཞེས་བྱེད་པར་གྱུར་ཅིང ། ལུས་རྡུལ་ཏེ་ལུས་འདར་ནས་ནམ་མཁའ་ལ་རྒྱུག་ཅིང་སྐད་ཆེན་པོས་བོས་ཏེ་བདུད་གཞན་ལ་འདི་སྐད་ཅེས་སྨྲས་སོ། །མི་འགྱུར་ཡིད་ཀྱིས་ང་ཡི་ཚིག་ཉོན་ལ། །ང་ལ་སྟོབས་མེད་བདག་ཡུལ་འདིར་དབང་མེད། །མཐུ་སྟོབས་ཡོན་ཏན་ཤིན་ཏུ་དྲི་མེད་དེ། །སྐྱེ་བོ་བརྟན་ཕྱིར་འཇིག་རྟེན་འདིར་འདུག་གོ་།ལྷ་མི་དགའ་བའི་དམ་པ་འདིར་བྱུང་སྟེ། །འགྲོ་མཆོག་མ་ལུས་ངེས་པར་ཉེ་བར་དོང ། །བདེ་གཤགས་ཚིག་ལ་སྐོམ་ཞིང་རབ་ཏུ་དགའ། །ཡོན་ཏན་རབ་མཆོག་ཞི་བའི་ལམ་དུ་འགྲོ་།འདི་ནི་འཇིག་རྟེན་གསུམ་པོ་སླུ་བ་དགེ་སྦྱོང་སྒྱུ་ཡིན་ཏེ། །ལྷ་མི་མང་པོ་ཐམས་ཅད་ཡིད་གཅིག་པདྨ་འཁོར་བར་འདུག་།ད་ནི་འཇིགས་པའི་སྐད་ཕྱུང་མྱུར་དུ་རི་ཡི་ཆར་ཕབ་སྟེ། །ཅི་ནས་བདུད་ཀྱི་སྡེ་བཙན་མཚོན་གྱིས་དེང་བཅོམ་འདིར་བརླག་གི། །དེ་ནས་བདུད་གཞན་ཞིག་གིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །བདག་གི་ཕན་བྱེད་ཚིག་འདི་ཉོན་ཅིག་ 333b ཁྱོད་ཀྱི་ཆོས་རིག་ན། །བདག་སྡེ་བརླག་པ་མཐོང་ཡང་ཞི་བར་ཅི་ཡི་ཕྱིར་མི་འགྲོ་།བདེ་གཤེགས་གཟི་བརྗིད་སྐུ་དང་དཔལ་འཆང་གཟུགས་མཐོང་བདག་ཅག་མྱོས། །སངས་རྒྱས་འདྲེན་པ་མ་གཏོགས་འདི་ན་སྐྱབས་རབ་མཆོག་གཞན་མེད། །དེ་ནས་བདུད་གཞན་ཞིག་རབ་ཏུ་དུ་ཞིང་གདོང་མཆོག་ཏུ་ཁྲོ་བས་ནོན་པས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ལོག་པའི་ལམ་དུ་ཞུགས་ཤིང་ལམ་དམན་པ། །བདག་གི་སྟོབས་མཐུ་མེད་པའང་མི་ཤེས་སམ། །འདྲེན་པ་ལ་ཡང་གང་ཕྱིར་ཁྱོད་བསྔོ་བ། །ངོ་མི་ཚའམ་འཛེམ་པར་མི་བྱ་འམ། །བདག་ཅག་སྟེ་བས་ནི་ཤིན་ཏུ་བརླག་པར་འགྱུར། ། སངས་རྒྱས་མཐུ་ཡིས་འགྲོ་བ་མ་ལུས་པ། །པདྨའི་དྲུང་དུ་ཉེ་བར་དེར་འདོང་སྟེ། །ཆོས་ཐོས་ཚིམ་པས་ལུས་ཀྱང་ཤིན་ཏུ་དག་།བདག་ཅག་རྣམ་པར་འཇིགས་ཤིང་སྐྲག་གྱུར་ཏེ། །ལུས་ནི་དྲི་ང་སྟོབས་དང་བརྩོན་འགྲུས་སྟོར། །ཇི་ཙམ་སྐད་ཅིག་བརླག་པར་མ་གྱུར་པ། །དེ་ཡི་བར་དུ་ཐུབ་དབང་སྐྱབས་སུ་འདོང ། །དེ་ནས་བདུད་གཞན་ཞིག་གིས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་སྨྲས་སོ། ། སྡིག་ཅན་ཁྱོད་ནི་ཆོས་ཀྱི་སྤྱོད་པ་སྤངས་ཤིང་སྡིག་བྱེད་དགའ། །སངས་རྒྱས་མགོན་འདི་འགྲོ་བའི་ཕན་དོན་མཁས་ཤིང་དགེ་བའི་མཆོག་།གྲོང་ཁྱེར་འདིར་བྱོན་བདག་ཅག་མྱུར་དུ་དགའ་ཞིང་དད་པས་བལྟ། །འཇིག་རྟེན་གསུམ་མཆོད་སྲོག་ཆགས་ཀུན་གྱི་སྨན་ལ་སྐྱབས་སུ་འདོད། །དེ་ནས་ནམ་མཁའ་དེ་ཉིད་ནས་བདུད་དབྱངས་ཀྱི་བློ་གྲོས་ཞེས་བྱ་བ་དེས་སྒྲ་ཆེན་པོས་འདི་སྐད་ཅེས་སྨྲས་ 334a ༄#། །སོ། །ཁྱེད་ཀུན་ཚོགས་པས་གུས་ཤིང་དགའ་ལྡན་ང་ཡི་ཚིག་ཉོན་ཅིག་།སྡིག་པའི་ལྟ་བ་ཀུན་བཟློག་ལུས་བཏུད་ངག་ཡིད་མཐུན་སྤྱོད་དེ། །ཁྲོ་སྤངས་རབ་དགའ་ཐུབ་པའི་གསུང་མཆོག་ལ་ཡང་དགའ་དད་སྐྱེད། །སངས་རྒྱས་མངོན་སུམ་རྙེད་དཀའ་སྐྱབས་དོང་དེ་རིང་གུས་པར་མཆོད། །དེ་ནས་སྐད་ཅིག་དེ་ཉིད་ལ་བདུད་ཐམས་ཅད་ནམ་མཁའ་ལས་བབས་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་སྒོ་རིན་པོ་ཆེ་སྣ་བདུན་ལས་བྱས་ཏེ་བདུད་ལ་ལ་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཆ་བྱད་དུ་བདག་ཉིད་མངོན་པར་སྤྲུལ་ནས་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་འབད་ཅིང་འཁོད་དོ། །ལ་ལ་ནི། ཚངས་པའི་ཆ་བྱད་དུ། ལ་ལ་ནི། དབང་བྱེད་ཀྱི་ཆ་བྱད་དུ། ལ་ལ་ནི། དབང་ཕྱུག་ཆེན་པོའི་ཆ་བྱད་དུ། ལ་ལ་ནི། སྲེད་མེད་ཀྱི་བུའི་ཆ་བྱད་དུ། ལ་ལ་ནི། དགའ་ལྡན་པའི་ཆ་བྱད་དུ། ལ་ལ་ནི། འཐབ་བྲལ་བའི་ཆ་བྱད་དུ། ལ་ལ་ནི། བརྒྱ་བྱིན་གྱི་ཆ་བྱད་དུ། ལ་ལ་ནི། སུམ་ཅུ་རྩ་གསུམ་པའི་ཆ་བྱད་དུ། ལ་ལ་ནི། གཞོན་ནུའི་ཆ་བྱད་དུ། ལ་ལ་ནི། རྣམ་ཐོས་ཀྱི་བུའི་ཆ་བྱད་དུ། ལ་ལ་ནི། འཕགས་སྐྱེས་པོའི་ཆ་བྱད་དུ། ལ་ལ་ནི། མིག་མི་བཟང་གི་ཆ་བྱད་དུ། ལ་ལ་ནི། ཡུལ་འཁོར་སྲུང་གི་ཆ་བྱད་དུ། ལ་ལ་ནི། རྒྱལ་ཆེན་བཞི་པ་ཕལ་པའི་ཆ་བྱད་དུ། ལ་ལ་ནི། ཉི་མའི་ཆ་བྱད་དུ། ལ་ལ་ནི། ཟླ་བའི་ཆ་བྱད་དུ། ལ་ལ་ནི། སྐར་མའི་ཆ་བྱད་དུ། ལ་ལ་ནི། ལྷ་མ་ཡིན་གྱི་ཆ་ 334b བྱད་དུ།་ལ་ལ་ནི། ནམ་མཁའ་ལྡིང་གི་ཆ་བྱད་དུ། ལ་ལ་ནི། མིའམ་ཅིའི་ཆ་བྱད་དུ། ལ་ལ་ནི། ལྟོ་འཕྱེ་ཆེན་པོའི་ཆ་བྱད་དུ། །ལ་ལ་ནི། རིན་པོ་ཆེའི་ཆ་བྱད་དུ། ལ་ལ་ནི། གསེར་གྱི་རྒྱན་གྱི་ཆ་བྱད་དུ།་ལ་ལ་ནི། ནོར་བུ་རིན་པོ་ཆེའི་ཆ་བྱ་བྱད་དུ། ལ་ལ་ནི། རིན་པོ་ཆེའི་ཤིང་ལྗོན་པ་ཆེན་པོའི་ཆ་བྱད་དུ། ལ་ལ་ནི། རྒྱལ་རིགས་ཀྱི་ཆ་བྱད་དུ། ལ་ལ་ནི། གཞན་མུ་སྟེགས་ཅན་གྱི་ཆ་བྱད་དུ། ལ་ལ་ནི།་འཁོར་ལོ་རིན་པོ་ཆེའི་ཆ་བྱད་དུ། ལ་ལ་ནི། ནོར་བུ་རིན་པོ་ཆེའི་ཆ་བྱད་དུ། ལ་ལ་ནི། གླང་པོ་རིན་པོ་ཆེས་སྲུང་གི་ཆ་བྱད་དུ། ལ་ལ་ནི། རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱི་ཆ་བྱད་དུ།་ལ་ལ་ནི། བུད་མེད་རིན་པོ་ཆེའི་ཆེ་བྱད་དུ། ལ་ལ་ནི། ཚོང་དཔོན་བཙུན་པའི་ཆ་བྱད་དུ། ལ་ལ་ནི། བློན་པོ་རིན་པོ་ཆེའི་ཆ་བྱད་དུ་བདག་ཉིད་མངོན་པར་སྤྲུལ་ཏེ་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་འཁོད་དོ། །ལ་ལ་ནི། སྔོ་ཞིང་ཁ་དོག་སྔོ་ལ་འཕྱང་འཕྲུལ་དང ། རྒྱན་དཀར་པོས་བརྒྱན་པར་བདག་ཉིད་མངོན་པར་སྤྲུལ་ཏེ་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་གདུགས་དང ། རྒྱལ་མཚན་དང ། བ་དན་དམར་པོ་དང ། མུ་ཏིག་གི་ཕྲེང་བ་ཐོགས་ཤིང་འཕང་དུ་ཏ་ལའི་སྲིད་ཙམ་གྱི་ནམ་མཁའི་དཀྱིལ་ན་འཁོད་དོ། །ལ་ལ་ནི། དཀར་ཞིང་ཁ་དོག་དཀར་ལ་འཕྱང་འཕྲུལ་དང ། སྤུད་པ་ཁ་དོག་ལེ་བརྒན་ཏེ། གདུགས་དང ། རྒྱལ་མཚན་དང ། བ་དང་སེར་བོ་དང ། མུ་ཏིག་གི་ཕྲེང་བ་ཐོགས་ཤིང་འཁོད་དོ། །ལ་ལ་ནི། ལེ་བརྒན་ཁ་ 335a ༄#། །དོག་ལེ་བརྒན་ལ་གསེར་གྱི་གོས་དང ། འཕྱང་འཕྲུལ་དང ། ལྷབ་ལྷུབ་སྟེ། གདུགས་དང ། རྒྱལ་མཚན་དང ། བ་དན་མཐིང་ག་ཐོགས་ཤིང་འཁོད་དོ། །ལ་ལ་ནི།་དམར་ཞིང་ཁ་དོག་དམར་ལ་མུ་ཏིག་དཀར་པོའི་ཆར་འཕེབས་སོ། །ལ་ལ་ནི། དཀར་ཞིང་ཁ་དོག་དཀར་ལ་མུ་ཏིག་དམར་བོའི་ཆར་འབེབས་སོ། །ལ་ལ་ནི། ལྷའི་དྲང་སྲོང་གི་ཁ་དོག་ཏུ་བདག་ཉིད་མངོན་པར་སྤྲུལ་ནས་ནམ་མཁའ་ལས་མེ་ཏོག་གི་ཆར་མངོན་པར་འབེབས་སོ། །ལ་ལ་ནི། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་གཟུགས་སུ་མངོན་པར་སྤྲུལ་ནས་ནམ་མཁའ་ལས་ལྷའི་སྤྲོས་སྣ་ཚོགས་ཀྱི་ཆར་འབེབས་སོ། །ལ་ལ་ནི། དྲི་ཟའི་ཁ་དོག་གིས་ལྷའི་སིལ་སྙན་སྣ་ཚོགས་རྡུང་ངོ ། །ལ་ལ་ནི། ལྷའི་བུ་མོའི་ཁ་དོག་གིས་རིན་པོ་ཆེ་སྣ་ཚོགས་ཀྱི་སྣོད་དུ་སྤོས་ཆུ་ཐོགས་ཏེ་ས་ལ་ཆག་ཆག་འདེབས་སོ། །ལ་ལ་ནི། མཆིང་བུ་ནག་པོ་ལྟ་བུའི་ཁ་དོག་སྟེ། སྤོས་སྣ་ཚོགས་ཀྱིས་རབ་ཏུ་བདུག་པར་བྱེད་དོ། །ལ་ལ་ནི། ལྷའི་བུའི་ཆ་བྱད་ཀྱིས་གར་བྱེད་ཅིང་གླུའི་དབྱངས་འབྱིན་ཏོ། །ལ་ལ་ནི། ཁ་དོག་སྣ་ཚོགས་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་བསྟོད་དོ། །བདུད་དང ། བདུད་ཀྱི་འཁོར་ལ་ལ་ནི། བཅོམ་ལྡན་འདས་ཕྱོགས་ག་ལ་བཞུགས་པ་དེ་ལོགས་སུ་མངོན་པར་ཕྱོགས་ཏེ་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་རིན་པོ་ཆེ་རྣམ་པ་སྣ་ཚོགས་ 335b ཐོགས་སོ། །ལ་ལ་ནི། སྲང་དང ། ཁང་པ་དང ། ཁྱིམ་དང ། སྐར་ཁུང་དང ། རྟ་བབས་དང ། བསིལ་ཁང་དང ། ལམ་གྱི་བཞི་མདོ་དང ། སུམ་མདོ་དང ། ཁང་པ་བརྩེགས་པ་དང ། སྒོ་དང ། ཤིང་དང ། གཞལ་མེད་ཁང་རྣམས་ན་འདུག་ཅིང་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་འཁོད་དོ། །དེ་ནས་བདུད་སྡིག་ཅན་གྱིས་གང་གི་ཚེ་བདུད་དེ་དག་ཐམས་ཅད་གཡོག་དང་བཅས་ཏེ་དགེ་སྦྱོང་གཽ་ཏ་མ་ལ་སྐྱབས་སུ་དོང་བར་མཐོང་བ་དེའི་ཚེ་རབ་ཏུ་འཁྲུགས་ཏེ་སྐྲག་ཅིང་མྱོས་ནས་རབ་ཏུ་དུ་ཞིང་འདི་སྐད་ཅེས་སྨྲས་སོ། །བདག་ལ་ཕྱིན་ཆད་གྲོགས་མེད་དེ། །བདག་གི་དཔལ་དེད་ཐམས་ཅད་སྟོར། །བདག་ནི་བདུད་ཀྱི་ཡུལ་ནས་འཁྱམས། །བརྩོན་འགྲུས་ཐ་མ་བརྩམ་པར་བྱ། །བདག་གིས་པདྨ་རྩ་བ་བཅད། །པདྨ་བཅད་དང་ཀུན་འཁྲུགས་ཏེ། །དེས་ན་སེམས་ཅན་ཕྱོགས་ཕྱོགས་འགྲོ། །དེ་ནི་ཐ་མའི་སྟོབས་ཡིན་ནོ། །བདུད་སྡིག་ཅན་གྱིས་དེ་ལྟར་བསམ་ནས་རླུང་ལྟ་བུར་ནམ་མཁའི་ལས་བབས་ཏེ་སྲང་གི་པདྨ་ག་ལ་བ་དེར་ཕྱིན་ནས་པདྨ་དེའི་སྡོང་པོ་ཡན་ཆད་དབྱུང་བར་འདོད་ན། རེག་པར་ཡང་མ་ནུས། པདྨའི་འདབ་མ་གཅང་པར་འདོད་ན། དེ་དག་ཀྱང་མ་མཐོང ། པདྨའི་སྙིང་པོ་ལག་པས་བརྡབ་པར་འདོད་ན། དེའང་མ་དམིགས་ཏེ། དཔེར་ན། གྲོག་སྣང་ཡང་མི་དམིགས་པ་བཞིན་ནོ། །འདི་ལྟ་སྟེ། དཔེར་ན། གྲིབ་མ་སྣང་ཡང་མི་དམིགས་པ་དེ་བཞིན་དུ་པདྨོ་དེའང་སྣང་མོད་ཀྱི་མི་དམིགས་ 336a ༄#། །སོ། །གང་གི་ཚེ་བདུད་སྡིག་ཅན་གྱིས་པདྨ་དེ་མཐོང་ཡང་མི་དམིགས་ཤིང་རེག་པར་མི་རུང་བ་དེའི་ཚེ་འཁོར་ཐམས་ཅད་རབ་ཏུ་དངངས་པར་བྱ་བའི་ཕྱིར་སྐད་དྲག་ཅིང་ཆེ་ལ་འཇིགས་པའི་སྒྲ་དབྱུང་བར་འདོད་ན། དེའང་མ་ནུས་སོ། །ཡང་སྟོབས་ཆེན་པོའི་དྲག་ཤུལ་གྱིས་ལག་པ་གཉིས་ས་ཆེན་པོ་ལ་བརྡབས་ཏེ་རབ་ཏུ་བསྐྱོད་པར་འདོད་ན། རེག་པར་ཡང་མ་ནུས་ཏེ་མི་དམིགས་སོ། །འདི་ལྟ་སྟེ། དཔེར་ན། ལ་ལ་ཞིག་ནམ་མཁའ་ལ་རྡོབ་པར་འདོད་ན་མི་དམིགས་པ་དེ་བཞིན་དུ་བདུད་སྡིག་ཅན་གྱིས་མཐོང་ཡང་རེག་པར་མི་རུང་ཞིང་མི་དམིགས་ནས་དེ་འདི་སྙམ་དུ་སེམས་ཏེ། ཅི་ནས་སེམས་ཅན་འདུད་པ་རྣམས་བརྟགས་ཏེ་སེམས་རྣམ་པར་འཁྲུག་པར་བྱའོ། །སྙམ་ན། སེམས་ཅན་དེ་དག་མཐོང་ཡང་མི་དམིགས་ཤིང་རེག་པར་ཡང་མ་ནུས་སོ། །དེ་ནས་བདུད་སྡིག་ཅན་རབ་ཏུ་དུ་ཞིང་སངས་རྒྱས་ཀྱི་མཐུས་དེའི་ལུས་ཤིང་ལྗོན་པ་བཞིན་དུ་འདར་ཏེ་གདོང་མཆི་མ་ཅན་གྱི་ས་ཕྱོགས་བཞིར་བལྟ་ཞིང་འདི་སྐད་ཅེས་སྨྲས་སོ། །དགེ་སྦྱོང་གིས་ནི་འགྲོ་ཀུན་བསྡུ་ཕྱིར་དེ་རིང་སྒྱུ་འདི་བྱས། །འདི་ལྟར་བདག་ནི་མདུན་འདིར་བསླད་བཞིན་སྐད་ཅིག་མྱོས་པར་སོང ། །ཡུལ་དང་རང་གི་སྟོབས་ལས་ཉམས་ཤིང་བདག་གི་སྲོག་ཀྱང་ཟད། །དེས་བསྐྲད་བརླགས་པར་མ་གྱུར་བར་དུ་བདག་གནས་མྱུར་དུ་འགྲོ་།བདག་གི་གནས་སུ་འགྲོ་བར་འདོད་ན་དེར་ཡང་འགྲོ་བར་མ་ནུས་ཏེ། །རབ་ཏུ་སྐྲག་ 336b ཅིང་དུས་ནས་འདི་སྙམ་དུ་སེམས་སོ། །བདག་གི་རྫུ་འཕྲུལ་གྱི་སྟོབས་ཟད་དེ་བདག་དགེ་སྦྱོང་གཽ་ཏ་མ་འདིའི་དབང་དུ་སོང་དུ་འོང ། དགྲ་འདིའི་མདུན་དུ་བདག་གི་སྲོག་ཟད་པར་འགྱུར་དུ་འོང་གི ། འདིར་མི་སྣང་བར་བྱས་ཏེ། ཅི་ནས་སངས་རྒྱས་ཀྱི་ཞིང་ན་གནས་པའི་སེམས་ཅན་གཅིག་གིས་ཀྱང་བདག་འཆི་བའི་དུས་བྱེད་པ་མི་མཐོང་བར་སངས་རྒྱས་ཀྱི་ཞིང་མི་མཛེད་ཀྱི་ཕ་རོལ་ཏུ་འཆི་པའི་དུས་བྱའོ། །སྙམ་ན། འོན་ཀྱང་མི་སྣང་བར་བྱ་བའམ། ཕྱོགས་དང་ཕྱོགས་མཚམས་སུ་འབྲོས་ཀྱང་མ་ནུས་ཏེ། དེ་ཉིད་དུ་མགུལ་བ་བཅིང་བ་ལྔས་བཅིངས་པར་བདག་གིས་མཐོང་ནས་རབ་ཏུ་ཁྲོས་ཤིང་སྐྲག་སྟེ་སྐད་ཆེན་པོར་དུ་ཞིང་འདི་སྐད་ཅེས་སྨྲས་སོ། །ཀྱི་ཧུད་བུ་དང་གཉེན་བཤེས་སྡུག་པ་ཁྱེད་རྣམས་ཕྱིས་མི་མཐོང་ངོ ། །ཞེས་ཟེར་རོ། །དེ་ནས་བདུད་དབྱངས་དང་ལྡན་པ་ཞེས་བྱ་བ་འཁོར་ལོས་བསྒྱུར་བའི་ཆ་བྱད་དུ་འདུག་པར་གྱུར་ཏེ། དེས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཅི་ཕྱིར་ཁྱེད་དེང་མྱ་ངན་ཡིད་ཀྱིས་དུ་གདོང་སྒྲ་ཆེན་འབོད། །འགྲོ་བ་ཀུན་གཙོ་ཐུབ་མཆོག་སྐྱབས་སུ་མ་འཇིགས་མྱུར་དུ་སོང ། །འཇིག་རྟེན་རྣམས་ཀྱི་མགོན་སྐྱབས་དཔུང་གཉེན་སྡུག་བསྔལ་གསུམ་སེལ་བ། །འདི་ལ་བསྙེན་བཀུར་ཞི་འགྲོ་བདེ་བ་ཐོབ་པར་འགྱུར་ཡང་དག་།དེ་ནས་བདུད་སྡིག་ཅན་འདི་སྙམ་དུ་བདག་གི་ཚིག་སྙན་པས་དགེ་སྦྱོང་གཽ་ཏ་མ་ལ་སྐྱབས་སུ་སོང་ལ། བཅིངས་པ་འདི་ལས་བདག་གྲོལ་པར་བྱའོ། །སྙམ་དུ་བསམ་སྟེ། དེ་ནས་ 337a ༄#། །བདུད་སྡིག་ཅན་གྱིས་ཕྱོགས་གང་ན་བཅོམ་ལྡན་འདས་བཞུགས་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུང་ནས་འདི་སྐད་ཅེས་གསོལ་ཏོ། །གང་ཟག་གི་མཆོག་སྐྱེ་བ་དང་རྒ་བ་དང ། ན་བ་དང ། འཆི་བ་ལས་རབ་ཏུ་ཐར་པར་མཛད་པ་དེ་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་དེ་ལ་བདག་སྐྱབས་སུ་མཆིའོ། །འདི་སྐད་ཅེས་ཀྱང་གསོལ་ཏོ། །ཐུབ་མཆོག་མྱུར་དུ་འཇིགས་ཆེན་མི་བཟད་བཅིང་བ་འདི་ལས་ཁྲོལ། །དེ་རིང་སླན་ཆད་བདེ་གཤེགས་གཙོ་བོ་མཆོག་སྐྱབས་བདག་མཆིས་ཏེ། །གཏི་མུག་གིས་ནི་བདག་ལྡོངས་ཁྱོད་ལ་ཁྲོས་ཤིང་ནོངས་ཆེན་གྱིས། །མངོན་སུམ་ཁྱོད་བཞག་སྤྱན་སྔར་དེ་དག་སོ་སོར་བཤགས་པར་བགྱི། །གང་གི་ཚེ་བདུད་སྡིག་ཅན་གྱིས་ཚིག་སྙན་པས་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་བ་དེའི་ཚེན་བདག་གྲོལ་བ་སྙམ་དུ་ཤེས་སོ། །ཡང་གང་གི་ཚེ་འཁོར་འདི་ནས་བདག་འགྲོའོ། །སྙམ་དུ་བསམ་པ་དེའི་ཚེའང་མགུལ་བ་བཅིང་བ་ལྔས་བཅིངས་པར་བདག་གིས་ཤེས་ཏེ། གང་གི་ཚེ་གང་དུའང་འགྲོ་བར་མ་ནུས་པ་དེའི་ཚེ་བཅོམ་ལྡན་འདས་ལ་མགོན་དང ། སྐྱབས་སུ་སེམས་བསྐྱེད་ནས་ཡང་བདག་ཉིད་གྲོལ་བར་ཤེས་སོ། །ལན་བདུན་གྱི་བར་དུ་བདག་བཅིངས་པ་དང་གྲོལ་བར་ཤེས་ཏེ་དེ་ཉིད་དུ་འདུག་གོ་།འདུས་པ་རིན་པོ་ཆེ་ཏོག་གི་གཟུངས་ལས། བདུད་བཏུལ་བའི་ལེའུ་ཞེས་བྱ་སྟེ་གསུམ་པའོ།། །།བམ་པོ་ 337b བཞི་པ།་གོང་དུ་སྨོས་པའི་བར་དུ་སྟེ། ཉན་ཐོས་ཆེན་པོ་བཞི་པོ་དེ་དག་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་སོད་བ་བདུད་གཞོན་ནུ་དེ་དག་གིས་དགེ་སྦྱོང ། གླུ་ལོང་ན་ཤིག་།དགེ་སྦྱོང ། གར་བྱོས་ཤིག་ཅེས་སྦྱོད་པ་མ་ཡིན་པ་བྱེད་དུ་བཅུག་ནས་ཉན་ཐོས་ཆེན་པོ་དེ་དག་ཀྱང་སྲང་གི་དབུས་ན་རྒྱུག་ཅིང་མྱ་ངན་ལས་འདས་པའི་ལམ་གྱི་ཚིག་དང་ལྡན་པའི་གླུའི་དབྱངས་ཀྱིས་གང་གི་ཚེ་ཚིགས་སུ་བཅད་པ་སྨྲས་པ་དེའི་ཚེ་ས་ཆེན་པོ་འདི་རབ་ཏུ་གཡོས་སོ། །སྐད་ཅིག་དེ་ཉིད་ལ་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་བརྒྱ་སྟོང་མང་པོ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྣམས་གདོང་མཆི་མ་ཅན་གྱིས་འདི་སྐད་ཅེས་སྨྲས་སོ། །ཆོས་ཀྱི་ཁ་ལོ་སྒྱུར་མཆོག་མྱ་ངན་མེད་བཞུགས་ཀྱང ། །རྒྱལ་བའི་བསྟན་པ་འདི་ལྟ་བུ་ཡི་གནས་གྱུར་ཏེ། །ཉན་ཐོས་དེ་དག་ལ་ནི་ཀྱལ་ཀ་དེང་བྱས་པ། །འགྲོ་བ་རྣམས་ཀྱིས་མཐོང་ན་དད་པར་ག་ལ་འགྱུར། །དེ་ནས་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། སྲིན་པོ་བྱེ་བ་ཁྲག་ཁྲིག་མང་པོ་གདོང་མཆི་མ་ཅན་གྱིས་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་ནས་འདི་སྐད་ཅེས་གསོལ་ཏོ། །ད་ལྟར་བསྟན་པ་འདི་ཡི་གནས། །བཅོམ་ལྡན་འདས་ཀྱིས་ཀུན་གཟིགས་ཏེ། །བསྟན་པའི་ 338a ༄#། །ཆོ་ག་བསྲུང་སླད་དུ། །ཀུན་མཁྱེན་བཏང་སྙོམས་མ་མཛད་ཅིག་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། འདི་ལྟར་ང་ཉིད་དེར་སོང་སྟེ། །བཞོན་དཔུང་བཅས་པའི་བདུད་བཏུལ་ལ། །སྐྱེ་བོ་མང་པོ་ཐམས་ཅད་ཀྱང ། །མྱ་ངན་འདས་གྲོང་འགྲོ་བར་བྱ། །དེ་ནས་བདུད་དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས།་མ་གཤེགས་ཅིག་།སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ། བདུད་ཀྱི་ཡུལ་བསམ་གྱིས་མི་ཁྱབ། ཀླུའི་ཡུལ་བསམ་གྱིས་མི་ཁྱབ།་ལས་རྣམས་ཀྱི་ལས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་བོ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་མ་སྩལ་ཏམ། ཡུལ་ཐམས་ཅད་ཀྱི་ནང་ན་ནི། སངས་རྒྱས་ཀྱི་ཡུལ་ཁྱད་པར་དུ་འཕགས་པའི་མཆོག་ལགས་ཏེ། བཅོམ་ལྡན་འདས་ཀྱིས་གདན་འདི་ལ་བཞུགས་བཞིན་དུ་བདུད་བྱ་བ་ཁྲག་ཁྲིག་རབ་ཏུ་ཕམ་པར་མཛད་པ་དང ། ཆོས་ཀྱི་ཕུང་པོ་བྱེ་བ་ཁྲག་ཁྲིག་རབ་ཏུ་བསྟན་པ་དང ། ཉོན་མོངས་པའི་རྒྱ་མཚོ་སྐམ་པ་དང ། ལྟ་བའི་རྒྱ་མོ་དྲལ་བ་དང ། སེམས་ཅན་བྱེ་བ་ཁྲག་ཁྲིག་ཡེ་ཤེས་ཀྱི་རྒྱ་མཚོ་ལ་གཟུད་པར་སྤྱོད་མོད་ཀྱི། འོན་གྱིས་ཀྱང་བཅོམ་ལྡན་འདས་དེང་གི་དུས་ལ་གཤེགས་པའི་མི་རིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་གྱི་ཁམས་ན་སེམས་ཅན་ཇི་སྙེད་པ་དེ་དག་ 338b ཐམས་ཅད་བདུད་དུ་གྱུར་ལ། དེ་དག་རེ་རེའི་བདུད་ཀྱི་སྟོབས་དང ། བྱིན་གྱི་རླབས་ཀྱང་སའི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་པ་དེ་ཙམ་དུ་གྱུར་ཏེ། དེ་དག་ཐམས་ཅད་ང་ལ་གསད་པར་ཤོམ་ཡང་སྤུའི་ཁུང་བུ་གཅིག་ཙམ་ལའང་གནོད་པར་མི་ནུས་སོ། །ངས་ནི། འདི་ན་འདུག་བཞིན་དུ་བདུད་བྱེ་བ་ཁྲག་ཁྲིག་རྣམས་རབ་ཏུ་པ་མ་པར་བྱ་བ་དང ། གདུལ་བར་ནུས་ཏེ། བདུད་གཡོག་དང་བཅས་པ་འདི་ནི། མ་གཏོགས་སོ། །ཡང་ང་ལ་མཆོད་པ་བྱ་བའི་ཕྱིར་བདུད་འདི་དག་གིས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ཐམས་ཅད་བདུད་ཀྱི་སྟོབས་དང ། རྫུ་འཕྲུལ་དང ། རྣམ་པར་འཕྲུལ་པའི་བྱིན་གྱི་རླབས་ཀྱི་བཀོད་པས་བརྒྱན་པས། དེ་དག་ལ་སྙིང་བརྩེ་བའི་ཕྱིར་འགྲོ་བར་བྱ་སྟེ། ཡོངས་སུ་སྤྱོད་དོ། །དེ་ནས་བདུད་དེ་དག་རབ་ཏུ་དགའ་ཞིང་དད་པ་སྐྱེས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བའི་ས་བོན་བསྐྱེད་པར་འགྱུར་རོ། །ཇི་ཙམ་ན་གདན་ལས་བཞེངས་པར་བཞེད་པ་དང ། དེ་ནས་འོད་མའི་ཚལ་སྲུང་བའི་ལྷ་མོ་མཐུ་མཛེས་ཞེས་བྱ་བ་དེས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གདོང་མཆི་མ་ཅན་དུ་འདུག་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་དེ་རིང་གཤེགས་པའི་དུས་མ་ལགས། །གྲོང་ཁྱེར་འདི་དག་ཀུན་ནས་བདུད་ཀྱིས་གཏམས། །རེ་རེ་ལ་ཡང་ཤིན་ཏུ་མ་རུངས་པ། །བྱེ་བས་སྨྲ་བའི་སེངྒེ་བསྐོར་ཅིང་མཆིས། །ཞེ་སྡང་རབ་འབར་རྣོ་བའི་མཚོན་ཐོགས་ཏེ། །ཁྱོད་དཀྲོངས་སླད་དུ་འཁྲུགས་ 339a ༄#། །པའི་སེམས་ཀྱིས་གནས། །མགོན་པོ་རྣམ་པ་ཀུན་ཏུ་དེང་མ་གཤེགས། །འཇིག་རྟེན་རྩ་ལག་བརླགས་པར་མ་བཞུད་ཅིག་།གང་གི་ཚེ་བཅོམ་ལྡན་འདས་གདན་ལས་བཞེངས་པ་དེའི་ཚེ་གཙུག་ལག་ཁང་གི་ལྷ་མོ་སྣང་བའི་བློ་གྲོས་ཞེས་བྱ་བ་དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །སྡིག་ཅན་དག་ནི་ལྔ་སྟོང་པོ། །མཚོན་ཆར་བཅས་པ་མཆིས་པ་ནི། །བསམ་མེད་དེ་དག་ཁྱོད་ལ་བསྔོ། །ཐུབ་ཆེན་དེ་རིང་མ་གཤེགས་ཤིག་།གང་གི་ཚེ་བཅོམ་ལྡན་འདས་གཙུག་ལག་ཁང་ནས་བྱུང་བ་དེའི་ཆེ་སྨན་གྱི་ལྷ་མོ་གྲུབ་པའི་བློ་གྲོས་ཞེས་བྱ་བ་དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །འཇིག་རྟེན་སྒྲོན་མ་བརླགས་གྱུར་ན། ། ཀྱི་ཧུད་ཆོས་ཀྱི་ལམ་སྟོར་ཅིང ། །ཆོས་ཀྱི་ཚུལ་ནི་རབ་ཏུ་འཇིག ། ཆོས་ཀྱི་གྲུ་ཡང་འཇིག་པར་འགྱུར། །འཇིག་རྟེན་ཀུན་ན་རྒྱ་ཆེན་ཆོས་ཀྱི་རོ་ནི་ཉམས་པར་འགྱུར། །འགྲོ་བ་འདིར་ནི་ཉོན་མོངས་གཡོ་ཅན་གདུག་པས་ཤིན་ཏུ་གཏམས། །ས་འདི་བདེ་གཤེགས་ཐུབ་པའི་མཆོག་ནི་མ་རུངས་འགྱུར་བ་ལས། །ཇི་ལྟར་ཤིན་ཏུ་འབྱུང་བའི་མཐུ་ནི་བདག་ལ་ཅི་མ་མཆིས། །ཁྱོད་བརླག་བགྱི་སླད་འདི་ན་རབ་ཏུ་མི་བཟད་མང་པོ་དག་།སྡིག་པའི་ཆོས་ཅན་རལ་གྲི་སྟ་རེ་མཚོན་རྣོན་ཐོགས་ཤིང་མཆིས། །བདེ་བར་གཤེགས་པ་འཇིག་རྟེན་བསྲུང་སླད་བདག་གི་ཚིག་ 339b གསན་ཏེ། །སྟོབས་བཅུ་གྲུབ་པར་བཞུད་དེ་དེ་རིང་གྲོང་ཁྱེར་མ་གཤེགས་ཤིག་།དེ་ནས་བཅོམ་ལྡན་འདས་གཙུག་ལག་ཁང་གི་དང་ར་ནས་བཞུད་པ་དང ། དེ་ན་ཤིང་གི་ལྷ་མོ་འོད་འཆང་ཞེས་བྱ་བ་དེ་སྙིང་རྗེ་སྙིང་བརྩེ་བར་དུ་ཞིང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །ཐམས་ཅད་དོན་གྲུབ་ཐུབ་པ་ཡིད་བཞིན་རྫོགས་ཁྱོད་མ་རུངས་གྱུར་ན་ནི། །མགོན་པོ་ཁམས་གསུམ་འདི་དག་དེའུ་རེ་མིག་ནི་སྟོར་བར་འགྱུར། །ནམ་མཁའ་འདི་ལ་སྦྲུལ་གྱི་རྐེད་ཆིངས་རྣོ་བའི་མདའ་དང་མཚོན་ཐོགས་ཤིང ། །ཁྱོད་དཀྲོངས་སླད་དུ་ཁ་ནས་མེ་འབར་རྒྱུ་ཡིད་ནི་དེར་མ་གཤེགས། །དེ་ནས་སྒོ་ཁང་གི་ལྷ་མོ་འོད་ཟེར་ཆུའི་ལྷ་ཞེས་བྱ་བ་དེ་སྒྲ་ཆེར་དུ་ཞིང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། ། གྲོང་ཁྱེར་བཟང་པོ་འདི་ན་བྲམ་ཟེར་མིང་བཏགས་སྟོང་ཕྲག་ཉི་ཤུ་པོ། །མདའ་དང་སྤུ་གྲི་མཚོན་ཆ་འབར་བ་ཐོགས་ཏེ་སྙིང་རྗེ་མེད་པར་བལྟ། །གཅིག་པས་གཅིག་མི་བཟད་པ་སྙིང་རྗེ་མེད་པ་སྟོང་ཕྲག་ཉི་ཤུ་རྣམས། །ཁྱོད་དཀྲོངས་སླད་དུ་འདི་ན་མཆིས་ཀྱི་གཙང་མའི་ཞལ་ནི་མ་གཤེགས་ཤིག་།དེ་ནས་བཅོམ་ལྡན་འདས་སྒོ་ཁང་དུ་བྱོན་པ་དང ། དེར་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་སྲུང་བའི་ལྷ་མོ་ཏ་མ་ལའི་སྙིང་པོ་ཞེས་བྱ་བ་དེ་ནམ་མཁའ་ལས་སྒྲ་ཆེར་དུ་ཞིང ། བཅོམ་ལྡན་འདས་ཀྱི་ཐད་དུ་རིངས་པར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་འདི་ 340a ༄#། །སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ཤུལ་འདི་སེངྒེ་རྔ་མོ་གླང་ཆེན་སྨྱོན་པས་བསྒོར། །དགེ་སློང་རྣམས་ལ་གཙེ་སླད་བདུད་ཀྱིས་རྣམ་མང་གནོད་པ་བགྱིད། །ས་འདིར་སྟོན་པ་ཁྱོད་དཀྲོངས་སླད་དུ་མུ་སྟེགས་གཞན་ཡང་བརྩོན། །སྤྲིན་དབྱངས་འོད་འབར་ལྷ་ཀླུ་ཐུགས་བརྩེའི་སླད་དུ་མ་གཤེགས་ཤིག་།བཅོམ་ལྡན་བདུད་བཏུལ་ཁྱོད་ཀྱིས་བསྟན་པ་རྣམ་ཞིག་དང ། །སྒྱུ་མ་བགྱིས་པ་མི་མཐུན་གདོང་ཅན་བདུད་མཐོང་ནས། །ལྷ་མི་ཀླུ་དང་མི་འམ་ཅི་ཡི་དབང་པོ་རྣམས། །ཀུན་འདུས་མི་དགའ་སྐྲག་ནས་ཤིན་ཏུ་རྣམ་པར་འཁྲུགས། །དམ་ཆོས་ཆེར་ཞིག་པ་དང་འཇིག་རྟེན་འཁྲུགས་གྱུར་དང ། །ནམ་མཁའ་སྐར་མའི་འོད་སྟོང་ཉི་ཟླ་གྱུར་མཐོང་ནས། །འགྲོ་མཆོག་ཀྱེ་མ་མི་བཟད་ཀླད་པ་དེང་དྲག་རྡོབ། །བདེ་གཤེགས་མ་རུངས་འགྱུར་བར་ཀུན་དོགས་ཀྱི་ཧུད་མཆི། །མཐོང་བའི་ཉི་མ་འདི་ཉམས་ཤིང ། །ཆོས་ཀྱི་སྒྲོན་མ་ཟད་པར་འགྱུར། །རྫོགས་པའི་སངས་རྒྱས་གྲོངས་པས་བརླག་།ཆོས་ཀྱི་ཆུ་ཡང་སྐམ་པར་འགྱུར། །དམ་ཆོས་སྤྱོད་པ་འཇིག་རྟེན་དུ། །མ་རུངས་འགྱུར་བ་ཉེར་གནས་ཚེ། །མི་དགེ་བ་ཡི་བདུད་རྣམས་ཀྱང ། །འདི་དག་ཏུ་ནི་འབྱུང་བར་འགྱུར། །དེ་ནས་ལྷ་མོ་དེས་བཅོམ་ལྡན་འདས་ཕྱིར་ལྡོག་པར་མ་མཐོང་ནས་གདོང་མཆི་མ་ཅན་གྱིས་ཡང་འདི་སྐད་ཅེས་གསོལ་ཏོ། །ཐུབ་པ་འཇིག་རྟེན་ཀུན་ལ་གཟིགས་སུ་གསོལ། །སྨྲ་མཆོག་དེ་རིང་བརླག་པར་མ་བཞུད་ཅིག་།བདག་གི་གྲོང་དུ་མ་ 340b རུངས་ཁྱོད་གྱུར་ན། །འཇིག་རྟེན་གསུམ་གྱིས་རྟག་སྨད་འགྱུར་དུ་མཆི། །འདྲེན་པ་བདག་གི་ཚིག་གསོན་སེམས་ཅན་མཆོག་།བདག་གི་གྲོང་དུ་བརླག་པར་དེང་མ་བཞུད། །སེམས་ཅན་ཐུགས་བརྩེའི་སླད་དུ་འདིར་གཞེས་ཏེ། །སེམས་ཅན་སྐྱེ་བས་གཙེས་པ་འཇིགས་ཐར་མཛོད། །དམ་པ་བརྙེས་ནས་སྒྲོལ་བར་རབ་འགྱུར་བར། །སྔོན་གྱི་དམ་བཅས་དེ་བཞིན་གཤེགས་པས་དགོངས། །སེམས་ཅན་མང་པོ་སྡུག་བསྔལ་དུ་མས་གདུངས། །སྲོག་ཆགས་རྣམས་ཀྱི་གཙོ་བོ་དབུགས་ཕྱུང་ཞིག་།སྐུ་མཆོག་བསྐལ་པ་བྱེ་བ་མང་པོར་བཞུགས། །ཀྱེ་མ་འདོད་ལ་ཆགས་པའི་བྱིས་པའི་སྡེ། །དེ་རྣམས་ཞི་བགྱིད་སླད་དུ་ཆོས་ལམ་ཤོད། །སྐྱེ་མཆོད་དབང་པོ་དོན་ནི་རང་བཞིན་སྟོང ། །དེ་ནས་བཅོམ་ལྡན་འདས་སྒོ་ཁང་དུ་གཤེགས་པ་དང ། དེ་ནས་སའི་ལྷ་མོ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བའི་ལྷ་མོ་ཁྲི་དང་ལྷན་ཅིག་སྐྲ་བཤིག་ཅིང་གདོང་མཆི་མ་ཅན་གྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་འདུག་ནས་འདི་སྐད་ཅེས་གསོལ་ཏོ། །རབ་ཏུ་སྦྱིན་ལ་དགོངས་ཤིང་ཁྱོད་ཀྱིས་ནི། །རྒྱ་མཚོ་བཞིན་གཏམས་པ་ཡི་ཁྲག་སྩལ་ཅིང ། །དབུ་དང་རུས་པ་ཁོར་ཡུག་རི་རབ་ཙམ། །སྤྱན་ཡང་གངྒཱའི་བྱེ་མ་རྙེད་སྩལ་ཏོ། །སྔོན་ནི་རིན་ཆེན་རྣམ་པ་སྣ་ཚོགས་དང ། །སྲས་དང་བཙུན་མོ་གླང་ཆེན་དེ་བཞིན་རྟ། །གནས་དང་གོས་དང་མལ་ཆ་ཟས་སྐོམ་དང ། །དེ་བཞིན་ནད་པ་དག་ལ་འདོད་སྨན་སྩལ། །རང་བྱུང་མཆོག་རབ་ལ་ནི་མཆོད་པ་ 341a ༄#། །མཛད། །ཁྱོད་ཀྱིས་བག་ཡོད་པར་ཡང་ཚུལ་ཁྲིམས་བསྲུངས། །བཟོད་པ་དང་ནི་ཐོས་པ་རྟག་ཏུ་བསྙེན། །ཕར་འཛིན་མར་འཛིན་པ་ཡང་དེ་བཞིན་ནོ། །བྱ་བ་དཀའ་པ་དག་ཀྱང་མཐའ་ཡས་སྤྱད། །སེམས་ཅན་དུ་མ་ཉོན་མོངས་ཐར་བར་མཛད། །གང་སྔོན་ཁྱོད་ཀྱིས་སྨོན་ལམ་བཏབ་པ་ནི། །ལམ་མཆོག་སྟོན་པ་སངས་རྒྱས་ཉིད་གྱུར་ཅིག་།ཆུ་པོ་ཆེན་པོ་ལས་ནི་འགྲོ་བ་བསྒྲལ། །འཇིག་རྟེན་ལ་ཡང་ཤིན་ཏུ་ཆོས་བསྟན་ཏེ། །སྡུག་བསྔལ་མ་ལུས་པར་ནི་བསལ་པར་བྱ། །སེམས་ཅན་མང་པོ་འཇིག་མེད་གྲོང་ཁྱེར་གཟུད། ། སེམས་ཅན་དེ་དག་དགོས་པ་ཡོངས་རྫོགས་ཤིང ། །བྱང་ཆུབ་དམ་པ་ལ་ནི་ཤིན་ཏུ་ཁོད། །འདི་ན་ལམ་བོར་སྡིག་པ་སྤྱོད་པ་རྣམས། །ཚུལ་ཁྲིམས་ཐོས་བཤིག་མགོན་པོས་བཟོད་པར་མཛོད། །འདི་དག་སྒྲོལ་ཚིག་དམ་བཅས་དགོངས་སུ་གསོལ། །བསྐལ་པ་བྱེ་བ་མང་པོར་ཆོས་བསྟན་ཏེ། །མགོན་པོ་ཆུ་བོ་དག་ལས་འཇིག་རྟེན་སྒྲོལ། །འདི་དག་ཡན་ལག་བརྒྱད་ཀྱི་ཆུ་ཡིས་ཁྲུས། །མགོན་པོ་མཆོག་རབ་ཁྱོད་དང་འདྲ་བ་ནི། །འཇིག་རྟེན་གསུམ་པོ་འདི་ན་འགའ་མ་མཆིས། །བདག་གྲོལ་འཇིག་རྟེན་འདི་དག་གྲོལ་བར་མཛད། །སྲིད་གསུམ་རྒྱ་མཚོ་ལས་ཀྱང་འགྲོ་བ་སྒྲོལ། །ཁྱོད་ནི་སངས་རྒྱས་འགྲོ་བའི་རྩ་ལག་གཅིག་།རྟག་ཏུ་བཞུགས་ཤིང་ཆོས་ནི་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་སྒོ་ཁང་ནས་གཤེགས་པ་དང ། 341b སྐད་ཅིག་དེ་ཉིད་ལ་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། སྲིན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ནམ་མཁའ་ལ་རྒྱུ་ཞིང་གདོང་མཆི་མ་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་རྣམས་ཀྱིས་བདེ་གཤེགས་སྔོན་མཐོང་བ། །ཞི་བའི་དུས་ལ་ཤིན་ཏུ་སློབ་མ་དུལ། །ཆོས་རྣམས་རྒྱ་ཆེར་སྟོན་པ་མཛད་པ་ན། །དེ་ལ་དེ་ལྟ་བུ་ཡི་བགེགས་མ་བྱུང ། །སྟོན་པ་འདི་ནི་ཤིན་ཏུ་དུས་ངན་ལ། །རྒྱ་ཆེན་བློ་ཡིས་རང་བྱུང་ཉིད་བརྙེས་ཏེ། །ཐུབ་དབང་འགྲོ་བ་ཡོངས་སྨིན་མཛད་སླད་དུ། །འཇིག་རྟེན་ཉོན་མོངས་བསྒྲིབས་ལ་ཆོས་སྟོན་ཅིང ། སྨྲ་བའི་སེངྒེ་འདི་ན་བཞུགས་བཞིན་དུ། །སྡིག་ཅན་དག་ནི་བྱེ་བ་སྟོང་མང་པོ། །དེ་ལྟར་ཆོས་རྣམས་རབ་ཏུ་འཇིག་པར་བགྱིད། །སངས་རྒྱས་དཔའ་བོ་གྲོང་དུ་དེང་མ་གཤེགས། །དེ་ནས་ལྷ་མོ་གཞན་ཞིག་གིས་འདི་སྐད་ཅེས་གསོལ་ཏོ། །སྔོན་གྱི་རྒྱལ་བ་འཇིག་རྟེན་ཕན་བརྩོན་པ། །དེ་དག་ཡུལ་གཅིག་འཁོར་ལོ་བསྐོར་གྱུར་པ། །འདི་ནི་གང་དུ་གཤེགས་པ་དེར་ཡང་བསྐོར། །དེ་རིང་མ་རུངས་བར་ནི་གྱུར་ཏ་རེ། །དེ་ནས་ཡང་ལྷ་མོ་གཞན་ཞིག་གིས་འདི་སྐད་ཅེས་གསོལ་ཏོ། །དེད་དཔོན་འདིར་ནི་ཐུགས་རྗེའི་སླད། །ཤིན་ཏུ་སེམས་ཅན་དོན་མཛད་སྤྱད། །དེ་ནི་དེ་རིང་གྲོང་ཁྱེར་འདིར། །བརླག་པར་འགྱུར་སྙམ་བདག་རྟོག་གོ་།ཡང་དེའི་ཚེ་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། སྲིན་པོ་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། 342a ༄#། །ཁྲག་ཁྲིག་བརྒྱ་སྟོང་གདོང་ལ་མཆི་མ་ཟག་ཅིང་ངོམ་ཟུང་ནག་པ་དག་ནམ་མཁའི་ངོས་ཀྱི་ལམ་ལས་བབས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་ནས་བདག་ཉིད་ལ་རྣམ་པ་མང་པོ་བྱེད་དེ། ལ་ལ་ནི། སྐྲ་འབལ། ལ་ལ་ནི། རྒྱན་འགྲོ་ལ། ལ་ལ་ནི། གདུགས་དང ། རྒྱལ་མཚན་དང ། བ་དན་སྙོལ། ལ་ལ་ནི། བདག་ཉིད་ཀྱི་ལུས་ས་ལ་རྡོབ། ལ་ལ་ནི།་བཅོམ་ལྡན་འདས་ཀྱི་ཞབས་ལ་འཛིན། །ལ་ལ་ནི། ཤིན་ཏུ་ཉོན་མོངས་པར་དུ། ལ་ལ་ནི། ལག་པས་བྲང་རྡུང ། ལ་ལ་ནི། བཅོམ་ལྡན་འདས་ཀྱི་ཞབས་དྲུང་ན་འདུག་ཅིང་སོ་བྱ་བཞིན་དུ་འགྲོ་ལྡོག་།ལ་ལ་ནི། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་བསྟོད་ཅིང་ཕྱག་འཚལ་བར་བྱེད། ལ་ལ་ནི། བཅོམ་ལྡན་འདས་ལ་མེ་ཏོག་དང ། བདུག་པ་དང ། སྤོས་དང ། ཕྲེང་བ་དང ། གོས་དང ། འཕྱང་འཕྲུལ་དང ། གསེར་གྱི་སྐུད་པ་དང ། མུ་ཏིག་གི་ཕྲེང་བ་དང ། རས་བཅོས་བུ་དག་མངོན་པར་འཐོར་རོ། །དེ་ནས་ལྷ་གཞན་བྱེ་བ་མང་པོས་མགྲིན་གཅིག་ཏུ་སྐད་མཐོན་པོར་འདི་སྐད་ཅེས་གསོལ་ཏོ། །འཇིག་རྟེན་དོན་སླད་འདི་བས་མང་བ་ཡི། །བྱ་བར་དཀའ་བ་ཁྱོད་ཀྱིས་རབ་ཏུ་སྤྱད། །ཟད་པའི་དུས་དེང་འདིར་ནི་ཁྱོད་སྐྱེས་ཀྱི། །བཏང་སྙོམས་མཛོད་ལ་མི་གཤེགས་བཞུགས་སུ་གསོལ། །སྡིག་མེད་ཁྱོད་ཀྱིས་སངས་རྒྱས་མཛད་པ་ཉུང་དུ་མཛད། །ལྷ་དང་མི་རྣམས་དབང་དུ་མཛད་པ་ཤིན་ཏུ་ཉུང ། །ཤིན་ 342b ཏུ་ཡུན་རིང་ཆོས་རྣམས་སྟོན་ཅིང་ཁྱོད་བཞུགས་པ། །སྲིད་པ་གསུམ་གྱི་རྒྱ་མཚོ་འདི་ལས་འགྲོ་བ་སྒྲོལ། །དགེ་བའི་ལས་རྣམས་བགྱིད་ཅིང་ས་བོན་ཡོངས་སྨིན་ཏེ། །བདུད་རྩིའི་སྣོད་དུ་གྱུར་བའི་སེམས་ཅན་དུ་མ་ལ། །ཁྱོད་ཀྱི་ཐུགས་རྗེ་བསྐྱེད་དེ་སོ་སོར་རབ་སྟོན་ལ། །ཆུ་བོ་ལས་ནི་འཇིག་རྟེན་ཉམ་ཐག་བསྒྲལ་བར་མཛོད། །འགྲོ་བ་དགོན་པའི་དབུས་སོང་འཁྱམས་གྱུར་ཅིང ། །འཁོར་བའི་དགོན་པར་ཤིན་ཏུ་ལམ་སྟོར་བ། །དེ་དག་ལ་ནི་ལམ་མཆོག་སོ་སོར་སྟོན། །འཕགས་པའི་ཆོས་མཆོག་ཚིག་གིས་ཐར་བར་མཛོད། །ཆོས་ཀྱི་འཁོར་ལོ་དམ་པ་གང་བསྐོར་བ། །དེ་ནི་ཁྱོད་ཀྱི་ཐུགས་རྗེ་ངོ་མཚར་རྨད། །རླབས་ཆེན་ཐུགས་མངའ་རིང་དུ་བཞུགས་སུ་གསོལ། །འགྲོ་བ་རྣམས་ནི་མགོན་མེད་མ་གྱུར་ཅིག་།དེ་ནས་ལྷ་མོ་གཞན་ཞིག་གིས་འདི་སྐད་ཅེས་གསོལ་ཏོ། །རྣམ་འདྲེན་བརྒྱ་ལམ་རུངས་གྱུར་ན་ནི། །འཇིག་རྟེན་འདི་ལྟར་མ་ལུས་ལྡོངས་པར་འགྱུར། །ཡན་ལག་བརྒྱད་ལམ་རྣམ་ཐར་གསུམ་གྱི་རྒྱུ། །འདིར་ནི་ཡོང་ཡེ་ཐམས་ཅད་མ་མཆིས་འགྱུར། །བདག་ལུས་སེམས་ལས་སྐྱེས་དགེ་ས་བོན་དག་།བདག་ཅག་བག་ཡོད་གྱུར་པས་འདིར་བཏབ་སྟེ། །དེ་སླད་བདག་ཅག་བདེ་བ་ཀུན་དང་ལྡན། །བསོད་ནམས་འབྱུང་གནས་འདིར་བརླག་མ་གྱུར་ཅིག ། ཡང་དེའི་ཚེ་གནས་གཙང་མའི་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་དེ་ཉིད་དུ་འདུས་པར་གྱུར་ཏེ། དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ས་འདིར་བྱེ་བའི་བདུད་རྣམས་ཉེར་ལྷགས་ཀྱང ། །ཐུབ་ 343a ༄#། །པ་རླབས་ཆེན་ཐུགས་མངའ་ནམ་ཡང་ནི། །མ་རུངས་མི་འགྱུར་ཁྱེད་ཅག་མ་འཇིགས་ཤིག་།དགེ་བ་འདི་ལ་བདག་ཅག་མངོན་སུམ་གྱུར། །དཔག་ཚད་སུམ་ཅུ་དྲུག་ཏུ་མགྱོགས་ཤིང་དྲག་ཤུལ་ལྡན་པས་ཀུན་ཏུ་བསྐོར། །སྣ་བགྲང་རལ་གྲི་མཚོན་རྣོན་རྩུབ་པའི་སྒྲ་མང་འཇིགས་པ་བདུད་ཀྱི་སྡེ། །བྱང་ཆུབ་སྙིང་པོར་ལྷགས་དེ་དེ་དག་འཇིགས་ཤིང་བརླགས་གྱུར་ན། །ད་ལྟར་དོན་བརྙེས་གྲགས་པས་ཁྱབ་པ་དེ་ལ་ག་ལ་བགེགས་ཤིག་བྱེད། །དེ་ནས་ལྷ་མོ་གཞན་ཞིག་དུ་ཞིང་འདི་སྐད་ཅེས་སྨྲས་སོ། །སྔོན་བྱུང་བ་ནི་བདུད་ཀྱི་སྡེ་གཅིག་ཡིན་ཏེ་དེ་དག་དཔུང་མི་ཆེ། །འདི་ནི་བྱེ་བ་ཁྲག་ཁྲིག་བདུད་ཀྱི་སྡེ་སྟེ་ཤིན་ཏུ་དཔུང་ཆེ་བས། །འཇིག་རྟེན་རྣམ་པར་འདྲེན་པ་འདི་ནི་བརླག་པར་འགྱུར་དུ་རབ་ཏུ་དོགས། །དེ་བརླགས་ན་ནི་འཇིག་རྟེན་འདི་དག་ཤིན་ཏུ་སྣང་མེད་འཁྱམས་པར་འོང ། །དེ་ནས་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་འཇུས་ནས་འདི་སྐད་ཅེས་གསོལ་ཏོ། །བློ་ཞན་བདག་ཅག་གི་ནི་ཚིག་གསན་ཏེ། །དགེ་བ་བཞུགས་ཤིང་གཙོ་བོ་ཐུགས་རྗེ་ཅན། །ལྷ་མང་བྱེ་བ་མྱ་ངན་ཆེན་པོས་གདུངས། །དེ་ལ་ཆོས་ཀྱི་བཅུད་ཀྱིས་ད་གཏོར་ཅིག་།དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་དེ་ལ་བྱམས་པ་ཡངས་པའི་སྤྱན་གྱིས་གཟིགས་ནས་དེ་དག་ཤིན་ཏུ་དབུགས་དབྱུང་བའི་ཕྱིར་ཚངས་པའི་དབྱངས་ཀྱིས་ 343b འདི་སྐད་ཅེས་བཀའ་སྩལ་ཏོ། །དེང་ཁྱོད་མ་འཇིགས་ཁྱེད་ནི་མ་སྐྲག་ཅིག་།བདུད་རྣམས་ཐམས་ཅད་བཞོན་བཅས་གཅིག་ཅར་དུ། །ཚོགས་ཀྱང་སྤུ་གཅིག་སྐྲག་པར་མི་ནུས་ན། །ང་ཡི་ལུས་ཀུན་ལ་ནི་སྨོས་ཅི་དགོས། །དེང་ནི་འཇིག་རྟེན་ཐམས་ཅད་དབུགས་ཕྱུང་སྟེ། །ང་ཡིས་རྟག་ཏུ་ས་འདིར་ཆོས་བཤད་དོ། །ལམ་རྣམས་སྟོར་བ་ལ་ནི་ང་ཉིད་ཀྱིས། །དྲི་མ་མེད་པ་ཡང་དག་ལམ་བསྟན་བྱ། །ངས་སྔོན་བྱ་བ་དཀའ་བ་མང་པོ་བྱས། །ཟས་དང་སྐོམ་ཡང་ཤིན་ཏུ་རྒྱ་ཆེར་བྱིན། །གནས་དང་སྨན་ཡང་མི་ཉུང་སྦྱིན་བྱིན་པས། །ང་ལ་དེང་སུ་གནོད་པར་བྱེད་པར་ནུས། །ངས་ནི་རྟ་དང་གླང་ཆེན་ཤིང་རྟ་དང ། །ལྷབ་ལྷུབ་འཕྱང་འཕྲུལ་དག་གི་རྒྱན་རྣམས་དང ། །བྲན་ཕོ་བྲན་མོ་གྲོང་རྡལ་ཡུལ་འཁོར་བཏང ། །ང་ལ་སུ་ཞིག་གནོད་པར་བྱེད་པར་ནུས། །ཆུང་མ་བུ་ཕོ་བུ་མོ་བྲན་མང་དང ། །ཡིད་འོང་དབང་ཕྱུག་ས་སྟེང་རྒྱལ་པོའི་རིགས། །སེམས་ཅན་རྣམས་ལ་ཕན་ཕྱིར་ངས་བྱིན་རློབ། །ང་ལུས་དེ་རིང་ཅི་ཕྱིར་འཇིག་པར་འགྱུར། །མགོ་དང་སྣ་དང་རྣ་བ་མིག་གཉིས་དང ། །ལུས་དང་པགས་པ་ཁྲག་དང་རྐང་ལག་བཅས། །ང་ཡི་སྲོག་ཀྱང་ལུས་ཅན་རྣམས་ལ་བཏང ། །སུ་ཞིག་ང་ལ་འཚེ་བར་བྱེད་པར་ནུས། །ངས་ནི་སངས་རྒྱས་བྱེ་བ་རབ་མང་ལ། ། གུས་ལྡན་བདག་གི་ལག་ནས་ཤིན་ཏུ་མཆོད། །རྟག་ཏུ་ཚུལ་ཁྲིམས་ཐོས་དང་བཟོད་ལ་དགའ། །ང་ལ་སུ་ཞིག་རླག་པར་བྱེད་པར་ནུས། །ངས་སྔོན་ཤིན་ཏུ་བྱ་དཀའ་མང་པོ་རྣམས། །མཉམ་ 344a ༄#། །པར་བཞག་པས་རབ་ཏུ་ང་ཡིས་བྱས། །ལུས་ཀུན་བཅད་ཀྱང་ང་ལ་འཁྲུག་མེད་ན། །ང་ལ་རྣམ་པར་འཚེ་བ་སུ་ཞིག་ནུས། །ཉོན་མོངས་ངས་བརྟུལ་ངེས་པར་ང་སངས་རྒྱས། །སེམས་ཅན་ཐམས་ཅད་ལ་ནི་བྱམས་སེམས་ལྡན། །ཁྲོ་མེད་ཁ་དོག་ཐ་བ་ང་ལ་མེད། །ང་ཡི་མདུན་ན་དེ་རིང་སུ་ཞིག་ནུས། །ངས་ནི་བདུད་ཀྱི་དཔུང་རྣམས་ཚོགས་པ་བཏུལ། །ངས་ནི་བདུད་མང་བྱེ་བ་ཕམ་པར་བྱས། །ཁྱེད་ཀུན་རྣམ་པར་ཐར་པར་ངེས་པར་བྱ། །གྲོང་དུ་ཅི་ཕྱིར་མི་འགྲོ་མ་འཇིགས་ཤིག་།སེམས་ཅན་དོན་ཕྱིར་ཕྱོགས་བཅུ་འདི་དག་ན། །སངས་རྒྱས་ལ་ལ་གང་དག་བཞུགས་པ་རྣམས། །སངས་རྒྱས་ཀུན་དང་བྱང་ཆུབ་སེམས་དཔའ་ཡང ། །རྫུ་འཕྲུལ་ཆེན་པོ་རྣམས་ནི་ཀུན་ན་བསགས། །ཞིང་རྣམས་མཐའ་དག་རབ་ཏུ་གང་བར་བྱ། །བསོད་ནམས་ཡེ་ཤེས་དག་གིས་གནས་པར་བྱ། །སངས་རྒྱས་དེ་དག་ཚུལ་བཅས་ཀུན་གནས་པས། །སངས་རྒྱས་དག་གི་དགོངས་པའི་མཛད་པ་བྱ། །ཡང་དེའི་ཚེ་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། སྲིན་པོ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་དཔག་ཏུ་མེད་པ་དག་གིས་བཅོམ་ལྡན་འདས་ལ་ལེགས་སོ། །ཞེས་བྱ་བ་གསོལ་ནས་འདི་སྐད་ཅེས་སྨྲས་སོ། །ངོ་མཚར་རྨད་དུ་བྱུང་བའི་གྲངས་མེད་པའི་ 344b བརྩོན་འགྲུས་དང་ལྡན་པ་ལ་ཕྱག་འཚལ་ལོ། །ངོ་མཚར་ཆེན་པོ་རྨད་དུ་བྱུང་བ་གྲངས་མེད་པའི་བརྩོན་འགྲུས་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་ལྷ་དང་བཅས་པའི་འཇིག་རྟེན་དབུགས་ཕྱུང་ངོ ། །བཅོམ་ལྡན་འདས་ཀྱིས་བདུད་ཀྱི་ཕྱོགས་ཕམ་པར་མཛད་དོ། །སེམས་ཅན་རྣམས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པའི་རྙོག་པ་བསལ་ཏོ། །སེམས་ཅན་རྣམས་ཀྱི་ང་རྒྱལ་གྱི་རི་རབ་ཏུ་བསྙིལ་ཏོ། །སྐྱེ་བའི་ཤིང་ལྗོན་པ་བཅད་དོ། །འཆི་བདག་གི་ཉི་མ་ཕྱེ་མར་བརླགས་སོ། །མ་རིག་པའི་མུན་པ་བསལ་ཏོ། །གཞན་མུ་སྟེགས་ཅན་རབ་ཏུ་དད་པར་བསྒྱུར་ཏོ། །ཆུ་བོ་བཞི་བསྐམས་སོ། །ཆོས་ཀྱི་སྒྲོན་མ་རབ་ཏུ་འབར་བར་མཛད་དོ། །བྱང་ཆུབ་ཀྱི་ལམ་སྟོན་ཏོ། །བཟོད་པ་དང་དེས་པ་ལ་བཙུད་དོ། །བསམ་གཏན་གྱི་བདེ་བ་ལ་རྩེར་སྩལ་ཏོ། །འཕགས་པའི་བདེན་པ་བཞི་ཁོང་དུ་ཆུད་པར་མཛད་དོ། །སྟོན་པ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་མངའ་བས་ལྷ་དང་བཅས་པའི་འཇིག་རྟེན་སྐྱེ་བའི་རྒྱ་མཚོ་ལས་བསྒྲལ་ཏོ། །སེམས་ཅན་རྣམས་འཇིགས་པ་མ་མཆིས་པའི་གྲོང་ཁྱེར་དུ་རབ་ཏུ་བཙུད་དོ། །དེ་ནས་ལྷ་དང ། མི་དེ་དག་གིས་བདུག་པ་དང ། མེ་ཏོག་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། ལྷབ་ལྷུབ་དང ། རྒྱན་སྣ་ཚོགས་ཀྱིས་བཅོམ་ལྡན་འདས་ལ་མངོན་པར་མཆོད་ནས་བཅོམ་ལྡན་འདས་ཀྱི་ཕྱིར་ལམ་དེ་ཕྱག་དར་བྱས་སོ། །ལྷའི་ 345a ༄#། །གོས་དང ། མེ་ཏོག་དང ། ལྷའི་རས་བཅོས་བུས་ཀུན་ཏུ་གཡོགས་སོ། །ལྷའི་མེ་ཏོག་མནྡཱ་ར་བ་དང ། མནྡཱ་ར་བ་ཆེན་པོ་དང ། པ་རུ་ཤ་ཀ་དང ། པ་རུ་ཤ་ཀ་ཆེན་པོ་དང ། མཉྫུ་ཤ་ཀ་དང ། མཉྫུ་ཤ་ཀ་ཆེན་པོ་དང ། མདོག་མཛེས་དང ། མདོག་མཛེས་ཆེན་པོ་དང ། རོ་ཙ་ན་དང ། རོ་ཙ་ན་ཆེན་པོ་དང ། ུཏྤ་ལ་དང ། ཀུ་མུ་ད་དང ། པདྨས་ཀུན་ཏུ་གཡོགས་སོ། །གང་དུ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་འདོར་བའི་ལམ་དེའི་ངོས་གཉིས་སུ་ལྷའི་རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པ་མངོན་པར་སྤྲུལ་ཏེ་ལྷའི་རས་བཅོས་བུ་དང ། མུ་ཏིག་གི་ཕྲེང་བ་དང ། ལག་རྒྱན་དང ། རྣ་རྒྱན་དང ། མགོའི་རྒྱན་གྱིས་རབ་ཏུ་བརྒྱན་ཏོ། །ཤིང་དེ་དག་གི་བར་བར་དུ་ལྷའི་རྫིང་བུ་གྲང་ཞིང་ཞིམ་པའི་ཆུ་དྭངས་ཤིང་རྙོག་པ་མེད་ལ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཀུན་ཏུ་གང་པ་ཁོ་ར་ཁོར་ཡུག་ཏུ་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ་དག་སྤྲུལ་ཏེ། བར་སྣང་ལའང་རིན་པོ་ཆེ་སྣ་བདུན་གྱི་གདུགས་དང ། རྒྱལ་མཚན་དང ། བ་དན་དང ། གསེར་གྱི་སྐུད་པ་དང ། མུ་ཏིག་གི་ཕྲེང་བ་བཟུང་ཞིང་གསེར་གྱི་ཕྱེ་མ་དག་གི་ཆར་ཡང་ཕབ་བོ། །དངུལ་དང་བཻ་ཌཱུརྱའི་ཕྱེ་མ་དང ། ་ག་རུ་དང ། རྒྱ་སྤོས་དང ། དུས་ཀྱི་རྗེས་སུ་འབྲང་བ་དང ། ཏ་མ་ལའི་འདབ་མའི་ཆར་ཡང་རབ་ཏུ་ཕབ་བོ། །གོ་ཤིཪྴ་དང ། ཙནྡན་སྦྲུལ་གྱི་སྙིང་པོའི་ཕྱེ་མའི་ཆར་ཡང་ལམ་དེར་ཕབ་བོ། །ལྷའི་རྒྱན་སྣ་ཚོགས་ 345b གསེར་གྱི་སྐུད་པ་དང ། མུ་ཏིག་གི་ཕྲེང་བ་དང ། ནོར་བུ་དང ། མུ་ཏིག་དག་གིས་ཀྱང་ནམ་མཁའི་དཀྱིལ་ཐམས་ཅད་བརྒྱན་ཏོ། །གྲོང་ངམ། གྲོང་ཁྱེར་གྱི་ཕྱི་རོལ་ནའང་ལྷ་དང་མི་རྣམས་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་ལམ་མཛེས་པར་བྱེད་དོ། །གྲོང་ཁྱེར་གྱི་ནང་ན་བདུད་དམ་བདུད་ཀྱི་འཁོར་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་བཀོད་པ་དག་བཀོད་པ་བྱས་སོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་བཞིན་དུ་ལམ་དུ་གཤེགས་སོ། །ཡང་དེའི་ཚེ་བཅོམ་ལྡན་འདས་སྐུའི་གཟུགས་དང ། རྟགས་དང ། སྤྱོད་ལམ་རྣམ་པ་སྣ་ཚོགས་ཀྱིས་ལམ་དེར་ཞུགས་ཏེ། དེ་ན་སེམས་ཅན་གང་དག་ཚངས་པ་ལ་དད་ཅིང་ཚངས་པས་འདུལ་བ་དེ་དག་གིས་ནི། བཅོམ་ལྡན་འདས་ཚངས་པའི་གཟུགས་སུ་ལམ་ནས་གཤེགས་པར་མཐོང་བ་ནས་གང་དག་བརྒྱ་བྱིན་གྱིས་འདུལ་བའི་བར་དང ། གང་དག་སྲེད་མེད་ཀྱི་བུས་འདུལ་བ་དང ། གང་དག་དབང་ཕྱུག་ཆེན་པོས་འདུལ་བ་དང ། གང་དག་རྒྱལ་ཆེན་བཞིའི་རིས་ཀྱིས་འདུལ་བ་དང ། གང་དག་འཁོར་ལོས་བསྒྱུར་བས་འདུལ་བ་དང ། གང་དག་ཁམས་ཀྱི་རྒྱལ་ཕྲན་གྱིས་འདུལ་བ་དང ། གང་དག་རྫུ་འཕྲུལ་ཆེན་པོས་འདུལ་བ་དང ། གང་དག་དགེ་སྦྱོང་གིས་འདུལ་བ་དང ། གང་དག་གཞོན་ནུས་འདུལ་བ་དང ། གང་དག་བུད་མེད་ 346a ༄#། །ཀྱིས་འདུལ་བ་དང ། གང་དག་སེངྒེས་འདུལ་བ་དང ། གང་དག་གླང་པོ་ཆེས་འདུལ་བ་དང ། གང་དག་ལྷས་འདུལ་བ་དང ། གང་དག་ཀླུས་འདུལ་བ་དང ། གང་དག་ལྷ་མ་ཡིན་གྱིས་འདུལ་བ་ནས་གང་དག་རི་བོང་ལ་དད་ཅིང་རི་བོང་གིས་འདུལ་བའི་བར་དེ་དག་གིས་བཅོམ་ལྡན་འདས་རི་བོང་གི་གཟུགས་དང ། རྟགས་དང ། སྤྱོད་ལམ་གྱིས་ལམ་ནས་གཤེགས་པར་མཐོང་ངོ ། །སེམས་ཅན་གང་དག་སངས་རྒྱས་ཀྱིས་འདུལ་བ་དེ་དག་གིས་ནི། བཅོམ་ལྡན་འདས་སངས་རྒྱས་ཀྱི་གཟུགས་དང ། རྟགས་དང ། སྤྱོད་ལམ་གྱིས་ལམ་ནས་གཤེགས་པར་མཐོང་སྟེ། སེམས་ཅན་དེ་དག་ཐམས་ཅད་ཀྱང་ཐལ་མོ་སྦྱར་ནས་མངོན་པར་བསྟོད་ཅིང་ཕྱག་བཙལ་ཏེ་ཞབས་འབྲིང་དུ་འབྲང་ཞིང་དོང་ངོ ། །ཡང་དེའི་ཚེ་གངས་ཀྱི་རི་དང་ཉེ་བ་ན་གནས་པ་དྲང་སྲོང་སྐར་མ་ལ་དགའ་བ་ཞེས་བྱ་བ་བདུད་སྡིག་ཅན་གྱིས་བཏང་ནས་དེ་གཡོག་ལྔ་བརྒྱ་དང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་སྒོའི་དྲུང་ན་སྡོད་པས་བཅོམ་ལྡན་འདས་དྲང་སྲོང་གི་གཟུགས་དང ། རྟགས་དང ། ཁ་དོག་དང ། དབྱིབས་དང ། སྤྱོད་ལམ་དང ། བཀོད་པ་དེ་ལྟ་བུས་ལམ་ནས་གཤེགས་ཤིང་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་མཆོད་པ་བྱེད་པར་བརྩོན་པར་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་སོ། །བདེན་པར་འདི་ནི། དྲང་སྲོང་ཆེན་པོ་མཐུ་ཆེ་ཞིང་མཆོད་པར་འོས་པ་སྟེ། ལྷ་དང ། མིས་མཆོད་པར་ 346b སྣང་ངོ ། །འདིའི་ལུས་ཐམས་ཅད་ཀྱང་བསོད་ནམས་ཀྱི་མཚན་གྱིས་བརྒྱན་ཏེ། མཁས་ཤིང་སློབ་དཔོན་ཡིན་པར་ཤེས་སོ། །བདག་ཅག་གཉིས་གང་རྒན། གང་མཁས་པ་དེ་ལ་ངས་ཇི་ལྟར་བརྟག་སྙམ་སྟེ། དེ་ནས་ཡང་འདི་ལྟར་བདག་གིས་མདུན་བསུ་ལ། འདི་ལ་རིགས་དང ། རུས་དང ། གནས་དང ། བརྟུལ་ཞུགས་ཀུན་དྲིའོ། །སྙམ་དུ་སེམས་སོ། །དེ་ནས་དྲང་སྲོང་སྐར་མ་ལ་དགའ་བས་བདག་གི་འཁོར་ལ་བལྟས་ནས་འདི་སྐད་ཅེས་སྨྲས་སོ། །ཐོས་ལྡན་ཡིད་འཐད་བརྟུལ་ཞུགས་ཆེ་འཛིན་མཆོད་པའི་རིགས་པར་སྣང ། །ཡེ་ཤེས་ཆོས་དོན་ལྡན་ཞིང་ཐུབ་མཆོག་བཟོད་འདི་ལམ་རབ་མཁྱེན། །ཁྱེད་ཅག་ཐམས་ཅད་འདི་ལ་གུས་པར་མཆོད་ཆེན་ཡང་དག་སྦྱོར། །ཡོན་ཏན་ལྡན་པ་འདི་ལས་འཁོར་མཐར་འགྲོ་བའི་ལེགས་བཤད་མཉན། །དེ་ནས་བྲམ་ཟེའི་ཁྱེའུ་དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་མཁན་པོ། དེ་བཞིན་དུ་བགྱིའོ། །ཞེས་སྨྲས་སོ། །དེ་ནས་དྲང་སྲོང་སྐར་མ་ལ་དགའ་བ་གཡོག་དང་བཅས་པས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་འདུག་ནས་འདི་སྐད་ཅེས་གསོལ་ཏོ། །ཁྱེད་སུ་ཞིག་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ནི། བྲམ་ཟེའོ། །གསོལ་པ། གདུང་རུས་ཅི། བཀའ་སྩལ་པ། ངའི་རུས་ནི། གཽ་ཏ་མའོ། །གསོལ་པ། ཁྱོད་ཀྱི་བརྟུལ་ཞུགས་ཅི། བཀའ་སྩལ་པ། 347a ༄#། །ངའི་བརྟུལ་ཞུགས་ནི། རྣམ་པར་ཐར་པ་གསུམ་མོ། །གསོལ་པ། ཁྱོད་ཀྱི་སྤྱོད་པ་ཅི། བཀའ་སྩལ་པ། ང་ནི། ཡང་དག་པའི་མཐའ་དེ་བཞིན་ཉིད་ལ་སྤྱོད་དོ། ། གསོལ་པ། ཁྱོད་རབ་ཏུ་བྱུང་ནས་ཇི་སྲིད་ལོན། བཀའ་སྩལ་པ། མ་རིག་པ་བྱུང་ནས་ཇི་སྲིད་ལོན་པ་ང་རབ་ཏུ་བྱུང་ནས་ཀྱང་དེ་སྲིད་ལོན་ནོ། །གསོལ་པ། དྲང་སྲོང་ཆེན་པོ། །སྐར་མའི་བཤད་པ་ལུང་བསྟན་པའི་རིག་པ་གསུང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲོ་བཏགས་པ་མེད་པར་མཉམ་པ་ཉིད་དུའོ། །འདི་ནི། འཇིག་རྟེན་གྱི་ཤེས་པ་སྟེ། དེ་ལ་སྙིང་པོ་ཅི་ཞིག་ཡོད། དྲང་སྲོང་གིས་གསོལ་པ། མཁས་པ་རྣམས་དགའ་བར་བགྱིད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐར་མའི་གནས་གང་ཡིན། དྲང་སྲོང་གིས་གསོལ་པ། གང་ཟླ་བ་དང ། ཉི་མ་བརྟེན་ཅིང་རྗེས་སུ་རྒྱུ་བའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་བརྗོད་པ་འདི་དག་གོ། དེ་ལ་མཛུབ་ནི། སོར་བརྒྱད་ཀྱི་ཚད་དེ། མཛུབ་དེའི་ཚད་ཀྱིས་ལུས་ལ་སྲིད་དུ་མཛུབ་བཅུ་གཉིས་པར་རིག་པར་བགྱིའོ། །ཀླད་པའི་སྤྱི་བོ་ལ་མཛུབ་གང་དང ། རྐང་པའི་མཐིལ་ལ་མཛུབ་གང་སྟེ། མཛུབ་བཅུ་བཞི་ནི། སྐར་མ་རྣམས་ཀྱི་གནས་སོ། །གང་དེ་དག་ན་གདའ་བ་ནི། རྣམ་པ་གཞན་དུ་མི་འགྱུར་ཏེ། སྐར་མ་གང་དང་གང་ལ་བཅས་པ་དེ་དང ། དེ་དག་ན་གདའོ། །ཡང་གང་ཞེ་ན། དེ་བཤད་པར་བགྱི་ 347b ཡི་ཐུབ་པ་ཆེན་པོ་གསོན་ཅིག་།སྨིན་དྲུག་ལ་ནི་སུ་བཙས་པ། །དེ་ཡི་གདོང་གི་སོར་བཞི་ན། །གཡས་ཕྱོགས་ན་ནི་སྨེ་བ་མཆིས། །སྤུ་ཅན་ནག་ལ་མདོག་ཀྱང་དམར། །ལོངས་སྤྱོད་བདོག་ཅིང་གྲགས་དང་ལྡན། །མཁས་ཤིང་རབ་ཏུ་དཔལ་འབར་ཏེ། །སྨིན་དྲུག་ལ་ནི་སྐྱེས་པ་ཡི། །མཚན་མ་ཉིད་ནི་དེ་ལགས་སོ། །གང་ཞིག་ལ་ནི་སོར་བཞི་ན། །སྨེ་བ་འདི་ཉིད་གདའ་བ་དེ། །སྣར་མ་ལ་ནི་སྐྱེས་པ་སྟེ། །ཤེས་ཤིང་རྟག་ཏུ་ཆོས་ལ་དགའ། །མཁས་ལ་ལོངས་སྤྱོད་ཕུན་སུམ་ཚོགས། །རྣམ་པ་ཀུན་ཏུ་མཛེས་དང་ལྡན། །དཔའ་ཞིང་རྒྱལ་བ་ཕུན་སུམ་ཚོགས། །དགྲ་རྣམས་རྟག་པར་རབ་ཏུ་འཇོམས། །མགུལ་བ་ཡི་ནི་མཛུབ་ཕྱེད་ན། །གང་ལ་ཚིག་པ་འདྲ་གདའ་བ། །དེ་ནི་མགོ་ལ་སྐྱེས་པ་སྟེ། །དཔའ་ཞིང་ལོངས་སྤྱོད་ལྡན་པའོ། །མཛུབ་ཀྱི་ཕྱེད་པོ་གཉིས་པ་ལ། །གཡོན་པ་སྐྱེ་བ་གང་མཆིས་པ། །ལག་ལ་སྐྱེས་པ་ཁྲོ་བ་སྟེ། །དེ་ནི་བླུན་ཞིང་ལོངས་སྤྱོད་བདོག་།མཚན་ཁུང་གཡོན་ན་སྨེ་ནག་མཆིས། །ནབས་སོ་ལ་ནི་སྐྱེས་པ་སྟེ། །ནོར་དང་འབྲུ་རྣམས་འབྱོར་བར་འགྱུར། །དེ་ནི་ཤེས་པའི་རྒྱུ་ཡང་ཆུང ། །ཇི་ལྟར་ཁྱོད་ནི་རྒྱལ་ལ་སྐྱེས། །མཚན་མཆོག་དག་ནི་རབ་ཏུ་གདའ། །ཕྱག་གི་མཐིལ་ན་འཁོར་ལོ་ནི། །ཉི་མ་ལྟ་བུར་རབ་ཏུ་མཛེས། །དབུ་སྐྲ་དག་ནི་ཐམས་ཅད་ཀྱང ། །གྱེན་དུ་གཡས་འཁྱིལ་ལེགས་པར་མཆིས། །སྐུ་ནི་ཆུ་ཞེང་གབ་པ་སྟེ། །འདྲེན་པ་ཁྱེད་ཀྱིས་ཉོན་མོངས་ཐུལ། །ཚིག་འདྲ་གང་གི་སྙིང་ག་མཆིས།། 348a ༄#། །སྐག་ལ་སྐྱེས་ཏེ་འཐབ་མོ་སྲེད། །ཚུལ་ཁྲིམས་འཆལ་ཞིང་འགྲོགས་མི་བདེ། །དེ་ནི་གཡེམ་ལ་དགའ་བའོ། །འོག་གམ་བྲང་ངམ་རྒྱ་བ་ཅིག་ན། །གང་ལ་བྱི་སྲན་འདྲ་བ་གདའ། །མཆུ་ལས་སྐྱེས་ཏེ་ནོར་དང་ལྡན། །བཙུན་ཞིང་ཆོས་དང་ལྡན་པའི་མི། །ལྟེ་བ་གཡས་གཡོན་གཉིས་ཀ་ན། །གང་ལ་རྨེ་འདྲ་གདའ་བ་ནི། །དེ་ནི་གྲེ་ལ་སྐྱེས་པ་སྟེ། །སེར་སྣ་ཆེ་ཞིང་ཚེ་ཡང་ཐུང ། །ལྟེ་བ་མན་ཆད་སོར་བཞིན། །གང་ལ་སྨེ་བ་རབ་གདའ་བ། །སྦོ་ལ་དེ་སྐྱེས་ལོངས་སྤྱོད་ཅན། །ཁྲིམས་ལྡན་ཤི་འཕོས་མཐོ་རིས་མཆི། །མེ་བཞི་ལ་ནི་སྐྱེས་པ་དག་།སྨེ་བ་དམར་པོ་ཆུ་སོར་གདའ། །རྐུ་ཞིང་གཡོ་ཅན་སྒྱུ་མ་སྟེ། །བསོད་ནམས་ཆུང་ཞིང་ཤེས་པ་ཞན། །གང་གི་མཚན་ལ་སྨེ་བ་ནི། །གདའ་བར་གྱུར་པ་ངེས་པར་ཡང ། །ནག་པ་ལ་ནི་སྐྱེས་པ་སྟེ། ། འདོད་ཆགས་གླུ་གར་དག་ཏུ་དགའ། །མཚན་གྱི་འོག་གམ་སྟེང་ན་ནི། །སྨེ་བ་དམར་པོ་རབ་ཏུ་གདའ། །ས་རི་ལ་ནི་དེ་སྐྱེས་ཏེ། །མི་མཁས་བརྐམ་ཞིང་མང་པོ་སྡང ། །བརླ་གཉིས་ཀྱི་ནི་མཛུབ་གང་ན། །སྨེ་བ་དམར་པོ་དེ་བཞིན་ཏེ། །ས་ག་ལ་སྟེ་ཤོར་བ་མཆོག་།སྐྱེས་པ་བུད་མེད་རྣམས་ཀྱིས་བསྐོར། །མཁས་ཤིང་དཔའ་ལ་དགྲ་ཡང་ཐུལ། །རྟག་ཏུ་བདེ་ལ་གནས་པ་སྟེ། །ངོ་ཚ་ཤེས་ཤིང་བརྟན་དང་ལྡན། །ཤི་འཕོས་ནས་ནི་མཐོ་རིས་སྐྱེ། །བརླ་གཉིས་ཀྱི་ནི་མཛུབ་དོ་ན། །གང་ལ་བྱི་སྲན་འདྲ་བ་གདའ། །ལྷ་མཚམས་ལ་སྟེ་ཚུལ་ཁྲིམས་ཅན། །ཆོས་ 348b དང་ལོངས་སྤྱོད་ལྡན་བའོ། །གང་གི་བརླ་འོག་གཉིས་ན་ནི། །སྨེ་བ་གདའ་བ་སྣོན་ལ་སྐྱེས། །མི་སྡུག་ཚེ་ཐུང་ཚུལ་ཁྲིམས་འཆལ། །དབུལ་ཞིང་སྙིང་རྗེ་མ་མཆིས་སོ། །པུས་མོ་གཉིས་ཀའི་གོང་ན་ནི། །གང་ལ་རྨ་ཆུང་གདའ་བ་དེ། །སྣུབས་ལ་སྐྱེས་ཏེ་དབང་ཐང་ཅན། །མྱུར་དུ་བདག་ཁྱིམ་ཞིག་པར་བགྱིད། །ཆུ་སྟོད་ལ་ནི་སྐྱེས་པ་དག་།སྨེ་བ་པུས་མོའི་ལྷང་ན། །སྦྱིན་པ་བགྱིད་ཅིང་ཆོས་ལམ་འཚལ། །ཤི་འཕོས་ནས་ནི་མཐོ་རིས་མཆི། །ཆུ་སྨད་ལ་ནི་སུ་སྐྱེས་པ། །གྲུ་དོ་ལ་ནི་སྨེ་བ་མཆིས། །དེ་ལྟར་གདའ་བ་ཤེས་དང་ལྡན། །ལོངས་སྤྱོད་ལྡན་ཞིང་སེམས་ཅན་བྱམས།། སྨེ་བ་གཉིས་པོ་གདའ་བ་ནི། །གྲོ་བཞིན་ལ་སྟེ་ལོངས་སྤྱོད་རྟག་།དེ་བཞིན་ནད་མེད་སེམས་ཅན་བྱམས། །ཤི་འཕོས་ནས་ནི་མཐོ་རིས་མཆི། །སྨེ་བ་ནག་པོ་རྗེ་ངར་ལ། །གདའ་བ་མོན་གྲུར་སྐྱེས་པ་སྟེ། །དེ་ནི་ཁྲོ་ཞིང་འདོད་ཆགས་ཆུང ། །ལོངས་སྤྱོད་མ་མཆིས་ཤེས་རབ་ལྡན། །རྗེ་ངར་ལ་ནི་མཛུབ་དོ་ན། །སྨེ་བ་ནག་པོ་རབ་ཏུ་གདའ། །མོན་གྲེ་ལ་སྐྱེས་བླུན་པོ་སྟེ། །དེ་ནི་ཆུ་ཡིས་འཆི་བར་འགྱུར། །རྗེ་ངར་འོག་གི་མཛུབ་གང་ན། །རྨ་འདྲ་མཆིས་པ་ཁྲུམས་སྟོད་ལ། །བླུན་ཞིང་གཞན་ལ་གནོད་པ་བགྱིད། །དེ་ནི་དབུལ་ཞིང་རྐུན་པོ་བགྱིད། །གང་ལ་སྨེ་བ་མཛུབ་གོང་ན། ། ཁྲུམས་སྨད་ལ་ནི་སྐྱེས་པ་སྟེ། །སྦྱིན་དང་ཚུལ་ཁྲིམས་དྲན་པ་དང ། །ཤེས་རབ་འཇིགས་མེད་སྙིང་རྗེར་ལྡན། །གང་གི་རྐང་པ་གཉི་ག་ལ། །སྨེ་བ་ཕྲ་མོ་གདའ་བ་ནི། །ནམ་གྲུར་སྐྱེས་པ་མ་རབས་ཏེ། ། 349a ༄#། །འབྲེག་མཁན་དུ་ཡང་འགྱུར་བ་ལགས། །གང་གི་མཐེ་བོའི་ཕྲག་ན་ཡང ། །སྨེ་བ་སྡོན་པོ་གདའ་བ་ནི། །རྟག་ཏུ་སྟོབས་ལྡན་ནད་མ་མཆིས། །ཐ་སྐར་ལ་ནི་དེ་སྐྱེས་སོ། །རྐང་མཐིལ་སྨེ་བ་མཆིས་པ་ནི། །བྲ་ཉེ་ལ་སྟེ་སྙིང་བརྩེ་མེད། །གསོད་པའི་གཤེད་མའི་ངང་ཚུལ་ཅན། །ཤི་འཕོས་ནས་ནི་དམྱལ་བར་མཆི། །གང་གིས་སྤྱོད་པ་འཚལ་བ་ཡི།། སྐར་མའི་གནས་ནི་འདི་དག་ལགས། །འཇིག་རྟེན་ན་ནི་རྣམ་ཤེས་འདིས། །སེམས་ཅན་རྣམས་ནི་ཕ་རོལ་འདྲེན། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་རྟོག་པའི་སྤྱོད་ཡུལ་ཅན། །བྱིས་པ་གང་ལ་ཆགས་འདུག་པ། །དེ་ནི་བྱིས་པ་རྨོངས་པ་སྟེ། །སེམས་ལ་གནས་ཤིང་རིམས་ནད་བཅས། །ཁྱི་དང་སྦྲུལ་དང་རུས་སྤལ་དང ། །སྲོག་ཆགས་གཞན་ཡང་རྣམ་མང་པོ། །སྐར་མ་རྒྱལ་ལ་གང་སྐྱེས་པ། །དེ་དག་བདེ་ལ་བརྟེན་པ་ཡིན། །ཇི་ལྟར་བསམ་གཏན་རྫུ་འཕྲུལ་དང ། །ཐར་པ་ཁྱོད་ཀྱིས་རྙེད་པ་བཞིན། །ང་ཡང་ཐམས་ཅད་གཟིགས་པ་ན། །ཅི་ཕྱིར་ང་ལ་ཁྱོད་མི་འདྲི། །དེ་ནས་དྲང་སྲོང་སྐར་མ་ལ་དགའ་བས་བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ནས་ཡིད་རབ་ཏུ་དགའ་སྟེ་འདི་སྐད་ཅེས་གསོལ་ཏོ། །དྲང་སྲོང་མི་ཡི་གཟུགས་སུ་ནི། །མཚན་མཆོག་རྣམས་ཀྱང་ཤིན་ཏུ་གདའ། །ཁྱོད་ཀྱི་གདུང་རུས་མ་འཚལ་ན། །ལྷའམ་འོན་ཏེ་ཁྱོད་མི་ལགས། །གསུང་དང་དབྱངས་དག་འབྱིན་པ་ནི། །ཚངས་ 349b པ་ཆེན་པོ་བཞིན་དུ་གདའ། །སྤྱོད་པའི་གནས་ཀྱང་ཚུལ་གྱིས་ནི། །སྔོན་གྱི་དྲང་སྲོང་རྣམས་དང་འདྲ། །ཐུབ་པ་ཅི་འདྲ་ཕུན་སུམ་ཚོགས། །འདི་སྔོན་མ་མཐོང་མ་ཐོས་ན། །ཁྱོད་ཀྱི་སྟོན་གང་དེ་ཅི་སྨྲ།། ཁྱོད་ཀྱི་གདུང་རུས་ཅི་ལགས་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཕ་རོལ་ཚུ་རོལ་མི་ཤེས་ཤིང ། །མཚན་མ་ལ་ནི་གང་གནས་པ། །དེ་དག་སྡུག་བསྔལ་ཀུན་གྱིས་བཅིངས།། དེ་ནི་ཐར་པའི་སྣོད་མ་ཡིན། །ཕ་རོལ་ཕྱིན་དྲུག་ང་ཡི་རུས། །བྲམ་ཟེ་མངོན་ཤེས་དྲུག་དང་ལྡན། །ཡང་དག་དགའ་བྱ་དྲུག་སྨྲ་ཞིང ། །དབང་པོ་དྲུག་ནི་རྣམ་པར་བཤིག་།ཆོས་གསུམ་རྟོགས་པའི་ཤེས་དང་ལྡན། །ང་ཡི་སྤྱོད་པ་རྣམ་ཐར་གསུམ། །བྱང་ཆུབ་སེམས་ནི་ནམ་སྐྱེས་པ། །དེ་ཚེ་ང་ནི་རབ་ཏུ་བྱུང ། །མཚན་མ་རྣམས་ནི་ངས་མ་དམིགས། །མཚན་མ་མེད་པ་རབ་ཏུ་བསྒོམས།། སེམས་ཅན་མེད་ཅིང་སྲོག་མེད་པ། །བདག་མེད་སྟོང་པར་མངོན་སངས་རྒྱས། །ཚོར་བ་གསུམ་དང་འདུ་བྱེད་གསུམ། །སྟོང་པ་ཉིད་དུ་རྣམ་པར་བསྒོམས། །ང་ནི་ཡེ་ཤེས་ཕ་རོལ་སོང ། །ང་ཡི་ཚིགས་འདི་གསུངས་པ་མེད། །གང་དག་མཁའ་བཞིན་མ་ཆགས་པར། །བྱང་ཆུབ་ཕྱིར་ནི་སེམས་བསྐྱེད་པ། །དེ་དག་བཟོད་སྟོབས་ཕུན་སུམ་ཚོགས། །ཡེ་ཤེས་འདི་འདྲ་ཐོབ་པར་འགྱུར། ། ཆོས་རྣམས་ལ་ནི་མི་འཇུག་ཅིང ། །རྣམ་པར་སྨིན་པ་འདོད་མེད་ལ། །དེ་བཞིན་ཉིད་ལས་འགལ་མི་བྱེད། །དེ་དག་བྱང་ཆུབ་རྙེད་མི་དཀའ། །ཆོས་རྣམས་ལ་ནི་མི་གནས་ཤིང ། །ཕ་རོལ་ཚུ་རོལ་ 350a ༄#། །མི་བརྟེན་པར། །ཡང་དག་མཐར་ནི་འདིར་བསྒོམས་ན། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །མཚན་ཉིད་མེད་ཅིང་མཚན་མའང་མེད། །དམིགས་པ་དེ་ནི་རྣམ་པར་སྤངས། །ཆོས་རྣམས་ཀུན་དང་མ་འདྲེས་ན། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །རང་གི་མཚན་ཉིད་འདིར་འོང་ལ། །རང་གི་སེམས་ལ་ཐེ་ཚོམ་སྤོངས། །ནམ་མཁའ་འདྲ་བར་ཤེས་ནས་སུ། །ང་འདྲ་སངས་རྒྱས་ཁྱོད་འགྱུར་བྱོས། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་དེ་དག་གསུངས་མ་ཐག་ཏུ་དེ་ནས་དྲང་སྲོང་སྐར་མ་ལ་དགའ་བ་གཡོག་དང་བཅས་པས་བཅོམ་ལྡན་འདས་སངས་རྒྱས་ཀྱི་གཟུགས་དང ། རྟགས་དང ། སྤྱོད་ལམ་དུ་ཞུགས་པར་མཐོང་ནས་སྔོན་གྱི་དགེ་བའི་རྩ་བ་རྣམས་མངོན་སུམ་དུ་གྱུར་ཏོ། །དེ་ནས་དྲང་སྲོང་སྐར་མ་ལ་དགའ་བས་ཏིང་ངེ་འཛིན་གང་ཐོབ་ན། བྱང་ཆུབ་སེམས་དཔའ་རྒྱལ་མཚན་གྱི་རྩེ་མོ་བཞིན་དུ་འདུག་ནས་ཏིང་ངེ་འཛིན་ཐམས་ཅད་ལ་ལྟ་ཞིང་གཞན་ལ་རག་ལས་པ་མེད་དེ། ཏིང་ངེ་འཛིན་ཐམས་ཅད་ཀྱིས་མི་འཕྲོག་པར་འགྱུར་བ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རིན་པོ་ཆེ་ཏོག་ཅེས་བྱ་བ་ཐོབ་བོ། །དེ་ནས་དྲང་སྲོང་སྐར་མ་ལ་དགའ་བས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ནས་ལག་པ་གཉིས་ན་མེ་ཏོག་ཐོགས་ཏེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ཡོན་ཏན་མཐའ་ 350b ཡས་འཇིག་རྟེན་མགོན་པོ་བདེན་པ་གསུང་བ་ལེགས་བཞུགས་པ། །ཁྱེད་ཀྱི་ཡེ་ཤེས་སྤྱན་གྱི་འོད་ཟེར་གྱིས་ནི་འཇིག་རྟེན་ཀུན་སྣང་མཛད། །རྟག་ཏུ་སེམས་ཅན་ཀུན་གྱི་སླད་དུ་དཔའ་བོ་བྱམས་པས་མངོན་འཕགས་པ། །སེམས་ཅན་སྙིང་པོ་ཆགས་པ་ཟད་པ་འདྲེན་པ་ཁྱོད་ལ་དེང་ཕྱག་འཚལ། །གསེར་གྱི་ཁ་དོག་གསེར་དང་འདྲ་བའི་འོད་ཟེར་རྣམས་ཀྱིས་བསིལ་གྱུར་བའི་\?\། །ཡོན་ཏན་དག་གིས་སེམས་ཅན་ཐམས་ཅད་བྱང་ཆུབ་རྒྱུར་འགྱུར་རབ་ཏུ་བསྐུལ། །ཁྱོད་ཀྱིས་ཆོས་ཀྱི་འཁོར་ལོ་རབ་བསྐོར་ཉོན་མོངས་རི་རྣམས་བཅོམ་པར་འགྱུར། །ཐ་མའི་སྤྱོད་པ་བྱང་ཆུབ་ཤེས་པའི་རྒྱུ་ནི་དེ་རིང་མཐར་ཕྱིན་ཏོ། །སྨན་པ་ཆེན་པོ་སེམས་ཅན་སྙིང་པོ་མཚན་རྣམས་ཀྱིས་ནི་རབ་བརྒྱན་པ། །སེམས་ཅན་སྙིང་པོ་སངས་རྒྱས་འགྱུར་བ་འདྲེན་པ་དེ་རིང་བཤད་དུ་གསོལ། །བདག་གིས་ལྟ་བའི་རྒྱ་མཚོ་བཅད་ཅིང་གྲོལ་ནས་འགྲོ་བ་བསྒྲལ་བར་བགྱི། །ཇི་སྲིད་ཀྱིས་ནི་སངས་རྒྱས་འགྱུར་བ་མི་ཡི་དམ་པ་ལུང་བསྟན་གསོལ། །སྡུག་བསྔལ་ཆུ་བོ་འདས་པའི་སེམས་ཅན་སྲིད་པའི་མཚོ་ལས་བསྒྲལ་བར་བགྱི། །མྱ་ངན་འདས་པའི་བདེ་བ་ཟག་པ་མེད་པའི་ལམ་ལ་དགོད་པར་བགྱི། །ཕྱོགས་བཅུ་དག་ན་སངས་རྒྱས་གང་རྣམས་ཡོན་ཏན་རྒྱ་མཚོ་ལྟ་བུ་དག་།དེ་དག་བདག་གིས་དཔང་དུ་གསོལ་ཏེ་བྱང་ཆུབ་ཏུ་ནི་སེམས་གཞོལ་བགྱི། །དྲག་ཅིང་མི་བཟད་རྩུབ་པའི་སྡུག་བསྔལ་དག་གིས་རེག་པའི་སེམས་ཅན་ཀུན། །དུས་ 351a ༄#། །གསུམ་གྱི་ནི་བདག་གི་ལུས་དང་ངག་དང་ཡིད་ཀྱི་བསོད་ནམས་དེས། །སེམས་ཅན་ཐམས་ཅད་སྡུག་བསྔལ་དེ་རིང་ཞི་བར་གྱུར་ཅིག་སེམས་ཅན་ཀུན། །སངས་རྒྱས་ཀྱི་ནི་བདེ་དང་ལྡན་ཞིང་རྟག་ཏུ་མྱ་ངན་འདས་པར་ཤོག་།སེམས་ཅན་ཐམས་ཅད་ནང་ཞིར་གྱུར་ཅིག་ཉོན་མོངས་ཆུ་ཡང་སྐམ་པར་ཤོག་།ངོ་བོ་ཉིད་ཀྱི་ཡེ་ཤེས་དབང་པོའི་སྙིང་པོ་ལྡན་པ་ཐོབ་གྱུར་ཅིག་།སེམས་ཅན་གང་དག་བསད་པར་ཆད་ཅིང་སྡུག་བསྔལ་དག་གིས་གཙེས་པ་རྣམས། །དེ་དག་བདག་གི་བསོད་ནམས་གཟི་བརྗིད་དག་གིས་མྱུར་དུ་ཐར་པར་ཤོག་།སེམས་ཅན་རེ་རེས་ཀྱང་ནི་ཡོན་ཏན་རྒྱ་མཚོ་ཐམས་ཅད་ཐོབ་གྱུར་ཅིག་།ཤེས་རབ་བསོད་ནམས་ཚད་མེད་པ་དང་བདེ་བ་ཀུན་གྱིས་ཚིམ་པར་ཤོག་།དེ་དག་སྡིག་པའི་རྣམ་སྤངས་ལྟ་བ་མཉམ་ཉིད་མྱུར་དུ་བསྟེན་གྱུར་ཅིག་།སེམས་ཅན་ཐམས་ཅད་སྐྱེ་བ་དྲན་ཅིང་ཆོས་ལ་སྤྱོད་པ་ཉིད་དུ་ཤོག་།སེམས་ཅན་དེ་ཀུན་ཆོས་གྲུས་སྲིད་པའི་རྒྱ་མཚོ་ཕ་རོལ་རྒལ་གྱུར་ཅིག་།ཐམས་ཅད་ཆོས་ཀྱི་ཕ་རོལ་ཕྱིན་པ་སངས་རྒྱས་སུ་ཡང་གྲུབ་པར་ཤོག་།བསྐལ་པ་དཔག་ཏུ་མེད་པར་ཆོས་ཀྱི་ཆར་བ་འབེབས་ཤིང་འདུག་གྱུར་ཅིག་།སེམས་ཅན་ཐམས་ཅད་ཆོས་ཀྱི་སྤྲིན་གྱི་ཆར་ཆུས་ལེགས་པར་འཁྲུ་བར་ཤོག ། བདག་གི་ལུས་དང་ངག་དང་ཡིད་ཀྱིས་ནོངས་བ་ཅུང་ཟད་ཅི་བགྱིས་པ། །སངས་རྒྱས་ཐམས་ཅད་དཔང་དུ་གསོལ་ 351b ཏེ་གུས་པར་བགྱིས་ནས་སོ་སོར་བཤགས། །བདག་ཀྱང་ཕྱིན་ཆད་སྡིག་ལ་ལྟ་བའི་ལས་རྣམས་སྤྱོད་པར་མ་གྱུར་ཅིག་།རྟག་ཏུ་མདུན་ན་བསམ་གྱིས་མི་ཁྱབ་གང་ཟག་མཚོག་བཞུགས་མཐོང་བར་ཤོག་།བདག་གི་བསོད་ནམས་ཅུང་ཟད་ཅི་མཆིས་དེང་དེ་བྱང་ཆུབ་བསྔོ་བར་བགྱི། །སེམས་ཅན་ཆེད་དུ་སྤྱོད་པ་ཀུན་དང་སྡུག་བསྔལ་ཐམས་ཅད་སྤྲོ་བར་བགྱི། །སེམས་ཅན་ཐམས་ཅད་བྱང་ཆུབ་མཆོག་གི་ལམ་དུ་རབ་ཏུ་གཟུང་བར་བགྱི། །བསྐལ་བར་ཞིང་དང་ཡེ་ཤེས་སེམས་ཅན་རྒྱ་མཚོ་རྣམ་པར་སྤྱད་པར་བགྱི། །གང་དུ་བྱང་ཆུབ་རེག་པར་འགྱུར་ཞིང་རྣམ་པར་དག་པ་ཐོབ་པར་བགྱི། །འཁོར་ཀུན་རྣམ་པར་དག་ཅིང་བཟོད་པའི་ས་ལ་རབ་ཏུ་གནས་པར་ཤོག་།སྨྲ་བའི་སེངྒེ་ངེས་པར་མངོན་པར་ཤེས་པ་ལྔ་རྣམས་ཐོབ་པར་ཤོག་།འདྲེན་པ་ཆགས་མེད་ཡེ་ཤེས་ལྡན་ཞིང་ཐམས་ཅད་གཟིགས་པ་ལུང་བསྟན་གསོལ། །འཇིག་རྟེན་དུ་ཡང་སངས་རྒྱས་ཆོས་ཀུན་ཁ་ལོ་སྒྱུར་བར་འགྱུར་ཞེ་ན། མེ་ཏོག་སིལ་མ་གཏོར་བ་ནམ་མཁའ་ལ་ནི་གདུགས་སུ་གནས་པར་ཤོག་།ལྷ་དང་ཀླུ་དང་གནོད་སྦྱིན་མི་རྣམས་ལྷག་པ་ཀུན་ཀྱང་དབང་གྱིས་ཤིག་།ས་རྣམས་གཡོ་བར་བྱེད་ཅིང་ཁྱོད་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཤོག་།དེ་ནས་དྲང་སྲོང་སྐར་མ་ལ་དགའ་བས་མེ་ཏོག་དེ་དག་བཅོམ་ལྡན་འདས་ག་ལ་བ་དེའི་སྟེང་ལོགས་སུ་གཏོར་བ་དང ། མེ་ཏོག་ 352a ༄#། །དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་སྟེང་དུ་གདུགས་གཅིག་ཏུ་གྱུར་ནས་འདུག་སྟེ། དྲང་སྲོང་སྐར་མ་ལ་དགའ་བས་དེ་མཐོང་ནས་རབ་ཏུ་ཟང་ཟིང་མེད་ཅིང་མཆོག་ཏུ་དགའ་བ་དང ། ཡིད་བདེ་བས་ཚིམ་པར་བྱེད་པར་གྱུར་ཏེ། དེ་ནས་པུས་མོའི་ལྷ་ང་གཉིས་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་སོ། །དྲང་སྲོང་ཆེན་པོ་སྐར་མ་ལ་དགའ་བས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་མ་ཐག་ཏུ་དེ་ནས་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་སོ། །སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་དཔག་ཏུ་མེད་པ་གང་དག་དེར་ལྷགས་པ་དེ་དག་ཐམས་ཅད་ཀྱང་ཡིད་སྐྱོ་ཞིང་ལྟད་མོར་གྱུར་ཏོ། །གང་དག་གླང་པོ་ཆེས་འདུལ་བའི་སེམས་ཅན་དེ་དག་གིས་ནི། བདེ་བར་གཤེགས་པ་གླང་པོ་ཆེའི་གཟུགས་སུ་མཐོང་ནས་ཡིད་དགའ་བར་གྱུར་ཅིང་དྲང་སྲོང་ཆེན་པོས་མེ་ཏོག་གཏོར་བ་དེ་དག་སྟེང་གི་བར་སྣང་ལ་གདུགས་སུ་གྱུར་ཏེ་གནས་པ་དང ། ས་གཡོས་པ་དེའང་མཐོང་ནས་རབ་ཏུ་ངོ་མཚར་དུ་གྱུར་ཏེ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་སོ། །གང་དག་ཡང་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་དེ་དག་ཐམས་ཅད་ཀྱིས་ནི། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆ་བྱད་ 352b དུ་མཐོང་ནས་ངོ་མཚར་དུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལས་བཞེངས་པ་དང ། སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་དེ་དག་གིས་ཏིང་ངེ་འཛིན་དེ་ལས་བཞེངས་པར་མཐོང་ནས་ཟང་ཟིང་མེད་ཅིང་མཆོག་ཏུ་དགའ་བ་དང ། མགུ་བ་སྐྱེས་ཏེ་བཅོམ་ལྡན་འདས་ལ་མེ་ཏོག་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། ན་བཟའ་དང ། འཕྱང་འཕྲུལ་དང ། རྒྱན་ཇི་སྙེད་པ་དག་གིས་གཏོར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །དྲང་སྲོང་ཆེན་པོ་མྱུར་དུ་ལོངས་ལ་ཉོན། །བྱང་ཆུབ་ལུང་བསྟན་ཞེས་ནི་འདྲེན་པ་གསུང ། །མཉམ་པ་མེད་པའི་མཐུས་ནི་ས་གཡོས་ཤིང ། །ནམ་མཁའ་ལ་ཡང་མེ་ཏོག་གདུགས་གཅིག་འདུག་།ཁྱོད་ནི་འཇིག་རྟེན་ཕན་ཕྱིར་སྟོན་དབང་པོ། །རྐང་གཉིས་བདག་གི་གཙོ་བོ་སངས་རྒྱས་སུ། །བསོད་ནམས་མཐའ་ཡས་ནམ་མཁའ་ཚད་མཉམ་པ། །ཁམས་གསུམ་སྙིང་པོ་འགྲོ་བའི་སྒྲོན་མར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐར་མ་ལ་དགའ་བས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གང་དུ་བདག་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བའི་སངས་རྒྱས་ཀྱི་ཞིང་དེ་ཅི་འདྲ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ནི་བསྐལ་པ་གྲངས་མེད་དཔག་ཏུ་མེད་པ་ན་བྱང་ཕྱོགས་སུ་སངས་ 353a ༄#། །རྒྱས་ཀྱི་ཞིང་མེ་ཏོག་རྒྱས་པའི་དྲི་ཞེས་བྱ་བ་འབྱུང་སྟེ། སངས་རྒྱས་ཀྱི་ཞིང་དེ་ནི། ཇི་ལྟར་ད་ལྟར་གྱི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་བཞིན་དུ་བཀོད་པ་དེ་ལྟ་བུ་དང་ལྡན་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དེར་སྐྱེས་བུ་དམ་པ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྡུལ་མེད་སྤོས་སྣང་སྐར་མའི་དཔལ་ཞེས་བྱ་བར་འགྱུར་ཏེ། ཁྱོད་ཀྱི་ཚེའི་ཚད་ནི། བར་གྱི་བསྐལ་པ་བཅུ་ཐུབ་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དེ་ན་ཉན་ཐོས་དང་རང་སངས་རྒྱས་མེད་ཅིང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབའ་ཞིག་གི་གནས་སུ་འགྱུར་ཏེ། ཁྱོད་ཀྱང་དེ་ན་ཐེག་པ་ཆེན་པོའི་གཏམ་འབའ་ཞིག་སྟོན་པར་འགྱུར་རོ། །འཁོར་ཇི་སྙེད་ལྷགས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐར་མ་ལ་དགའ་བའི་ལུང་བསྟན་པ་དེ་ཐོས་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ལས་ལ་མངོན་པར་བརྩོན་པར་གྱུར་ཏོ། །བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་དག་དང ། སྲོག་ཆགས་ 353b བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་གཉིས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ཞེས་བྱ་བ་ཐོབ་བོ། །འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་གི་གཟུངས་ལས། དྲང་སྲོང་སྐར་མ་ལ་དགའ་བའི་ལེའུ་སྟེ་བཞི་པའོ།། །། བམ་པོ་ལྔ་པ། དེ་ནས་བདུད་བྱེ་བ་དག་འདི་སྙམ་དུ་སེམས་ཏེ། ཇི་ལྟར་གྲོང་ཁྱེར་འདིའི་ཕྱི་རོལ་ལྷ་དང ། ཀླུ་དང ། གནོད་སྦྱིན་དག་གིས་བརྒྱན་པ་དེ་བཞིན་དུ་བདག་ཅག་གིས་ཀྱང་བཅོམ་ལྡན་འདས་གྲོང་ཁྱེར་འདིའི་སྒོ་གང་དང ། གང་ནས་གཤེགས་པ་དེའི་སྒོ་དེ་དང ། དེའི་ས་ཕྱོགས་བཀོད་པའི་རྒྱན་དམ་པ་ཁྱད་པར་དུ་འཕགས་པས་བརྒྱན་ཏོ་སྙམ་པ་དང ། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་བདུད་བྱེ་བ་དེ་དག་གི་སེམས་ཀྱི་ཀུན་ཏུ་རྟོག་པ་མཁྱེན་ནས་འདི་འདྲ་བའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་མཛད་དེ། འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་མཛད་པས་གྲོང་ཁྱེར་གྱི་སྒོ་བཅུ་གཉིས་སུ་སངས་རྒྱས་བཅོམ་ལྡན་འདས་བཅུ་གཉིས་གྲོང་ཁྱེར་གྱི་སྒོ་རེ་རེ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་གཤེགས་སོ། །བདུད་བྱེ་བ་དེ་དག་ཀྱང་ནམ་མཁའ་ལ་གནས་བཞིན་དུ་བདུད་ཀྱི་ཡུལ་གྱི་རྣམ་པར་འཕྲུལ་པའི་རྒྱན་ཤིན་ཏུ་ཁྱད་པར་དུ་འཕགས་པའི་རྫུ་འཕྲུལ་གྲངས་མེད་པ་ 354a ༄#། །དང་ལྡན་པ་བཀོད་པའི་མཆོག་རྣམས་དང ། བཀོད་པ་མཛེས་པ་རྣམས་ཀྱི་གྲོང་ཁྱེར་གྱི་སྒོ་དེ་དག་དང ། སའི་ཕྱོགས་དེ་དག་དང ། རྩིག་པ་དེ་དག་དང ། ཤིང་དེ་དག་དང ། སའི་ངོས་དེ་དག་བརྒྱན་ཏོ། །བདུད་བྱེ་བ་དེ་དག་དང ། བདུད་ཀྱི་འཁོར་དེ་དག་ལ་ལ་ནི། ཚངས་པའི་ཆ་བྱད་ལྟ་བུ་ནས་དྲང་སྲོང་ཆེན་པོའི་ཆ་བྱད་ལྟ་བུའི་བར་དུ་བསྒྱུར་ཏེ་ནམ་མཁའ་ལ་གནས་བཞིན་དུ་ཁང་པ་བརྩེགས་པ་དེ་དག་གི་སྐར་ཁུང་དང ། རྟ་བབས་དང ། བ་གམ་དང ། སྐྱེད་ཤིང་གི་ནང་དུ་མེ་ཏོག་དང ། བདུག་པ་དང ། སྤོས་དང ། ཕྲེང་བ་དང ། གསེར་དང ། དངུལ་དང ། ནོར་བུ་དང ། མུ་ཏིག་སྣ་ཚོགས་ཀྱིས་སྤྲས་པ་དང ། གོས་དང ། རས་དང ། རས་བཅོས་བུ་སྣ་ཚོགས་དང ། ལྷབ་ལྷུབ་ཀྱི་རྒྱན་རྣམས་ཀྱི་ཆར་ནི། རབ་ཏུ་ཕབ། སིལ་སྙན་དང ། དཀྲོལ་བ་སྣ་ཚོགས་ནི། དཀྲོལ་ནས་བསྟོད་པ་དང ། ཡོན་ཏན་བསྔགས་པ་སྣ་ཚོགས་ཀྱི་དབྱངས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་དོ། །བཅོམ་ལྡན་འདས་དེ་ལྟར་ངོ་མཚར་རྨད་དུ་བྱུང་བ་ཆེན་པོ་སྔོན་མ་ཐོས་པའི་བཀོད་པ་མཆོག་ཏུ་རྒྱ་ཆེ་བ། ཁྱད་པར་དུ་འཕགས་པས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་སྒོ་ནས་ཞུགས་ཏེ་ཞབས་གཡས་པའི་མཐེ་བོའི་སྒོའི་ཐེམ་པ་ལ་རེག་པར་མཛད་དོ། །བཅོམ་ལྡན་འདས་ཀྱིས་སྒོའི་ཐེམ་པ་ལ་རེག་མ་ཐག་ཏུ་དེ་ནས་དེའི་མོད་ལ་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ 354b ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རབ་ཏུ་གཡོས་སོ། །གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་བརྒྱ་བྱིན་དང ། ཚངས་པ་དང ། ཉི་མ་དང ། ཟླ་བ་དང ། འཇིག་རྟེན་སྐྱོང་བ་དང ། དབང་ཕྱུག་ཆེན་པོ་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོའི་དབང་པོ་དག་དང ། ས་དང ། ཆུ་དང ། རྒྱ་མཚོ་ཆེན་པོ་དང ། གྲོང་ཁྱེར་དང ། ཡུལ་འཁོར་གྱི་ལྷ་དང ། སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་དང ། ལྷའི་དྲང་སྲོང་ཆེན་པོའི་འཁོར་དང ། འོག་མིན་གྱི་བར་ནས་བཟུང་སྟེ་སེམས་ཅན་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་དེ་དག་ཐམས་ཅད་ས་གཡོས་པར་སྣང་བ་དེས་བསྐུལ་མ་ཐག་ཏུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ཁོར་ཁོར་ཡུག་ཏུ་བསྒོར་ནས་ས་དང་ནམ་མཁའ་ལ་གནས་ཤིང་མེ་ཏོག་དང ། སྤོས་དང ། དུས་ཀྱི་རྗེས་སུ་འབྲང་བའི་ཕྱེ་མའི་བར་གྱིས་བཅོམ་ལྡན་འདས་ལ་གཏོར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མེ་ཏོག་དང ། ཕྱེ་མའི་བར་དེ་དག་ཕྱོགས་བཅུའི་ཕྱོགས་ཀྱི་ཆ་རེ་རེ་ནའང་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང ། ཡོངས་སུ་མ་དག་པ་དང ། སྟོང་པ་དང ། མི་སྟོང་པ་རྣམས་སུ་སངས་རྒྱས་ལ་མཆོད་ཅིང་བསྟི་སྟང་བྱ་བའི་ཕྱིར་ནམ་མཁའ་ལ་གཏོར་བ་དང ། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་མེ་ཏོག་དང ། ཕྱེ་མ་དང་།རྒྱན་ 355a ༄#། །དེ་དག་ལས་ཚིགས་སུ་བཅད་པ་འདི་དག་བྱུང་ངོ ། །མྱུར་དུ་སད་པར་གྱིས་ལ་འདི་དག་ལྟོས། །བྱང་ཆུབ་ཕྱིར་ནི་བག་ཡོད་སྤྱད་པ་སྤྱོད། །ཁྱོད་ཀྱི་འཁོར་བའི་གཅོང་རོང་འཁྱམས་པ་ཡི། །འཇིག་རྟེན་ཐམས་ཅད་དག་ནི་བསྒྲལ་བར་བྱོས། །ཡོངས་སུ་སྨིན་དང་ལྡན་པའི་དུས་བབ་ཀྱི། །གཡེང་བར་གྱུར་པ་རབ་ཏུ་མྱུར་ཐོང་ལ། །འདིར་ནི་སྔོན་གྱི་དམ་བཅས་ཡིད་ལ་བྱོས། །བྱང་ཆུབ་ལུང་བསྟན་རབ་ཏུ་ཐོབ་པར་འགྱུར། །ཐུབ་དབང་དྲང་སྲོང་ཆེན་པོ་མྱ་ངན་མེད། །འགྲོ་ལ་ཕན་ཕྱིར་དེ་རིང་གྲོང་ཁྱེར་གཤེགས། །བདུད་སྟོང་བྱེ་བ་རང་གིས་ཕམ་མཛད་དེ། །དེ་ནི་ཆོས་ཀྱི་འཁོར་ལོ་མྱུར་དུ་བསྐོར། །གྲོགས་པོ་ཞི་བ་འདི་ལ་འགྲོ་དགའ་མཛད། །དཔའ་མཆོག་དངོས་པོ་ཡང་དག་སྟོན་པར་མཛད། །འགྲོ་བ་སྡུག་བསྔལ་དག་ལས་ཐར་མཛད་ནས། །བྱང་ཆུབ་ཏུ་ནི་དེ་རིང་ལུང་ཡང་སྟོན། །རང་བྱུང་མྱ་ངན་མེད་པ་གྲོང་ཁྱེར་གཤེགས། །དེ་ཕྱིར་ཞིང་དེར་རབ་ཏུ་མྱུར་གཤེགས་ལ། །དེ་ལྟར་མཛེས་པ་དེ་དག་རབ་བལྟས་ཏེ། །རིམ་གྱིས་བྱང་ཆུབ་ཏུ་ཡང་འགྱུར་བར་བྱོས། །ཡང་དེའི་ཚེ་འོད་མའི་ཆལ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང ། ཉན་ཐོས་དང ། ཉན་ཐོས་ཆེན་པོ་གང་དག་ནང་དུ་ཡང་དག་པར་འཇོག་ལ་གནས་པ་དེ་དག་གིས་སྟོན་པ་དེ་ལ་བལྟས་པ་དང ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་སྒོ་ན་འདུལ་བ་ལ་ 355b གཞེས་ཤིང་བཞུགས་པ་མཐོང་ངོ ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང ། ཉན་ཐོས་ཆེན་པོ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་འཁོད་པ་དང ། བཀོད་པ་ཆེན་པོ་དེ་དག་ཀྱང་མཐོང་ངོ ། །དེ་ནས་མེ་ཏོག་དང ། ཕྱེ་མའི་རྒྱན་དེ་དག་ལས་ཚིགས་སུ་བཅད་པའི་སྒྲ་གང་བྱུང་བ་དེ་དག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང ། ཡོངས་སུ་མ་དག་པ་དང ། སྟོང་པ་དང ། མི་སྟོང་པའི་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཐམས་ཅད་དུ་གང་བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དེ་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང ། ཉན་ཐོས་གང་དག་གནས་པ་དེ་དག་གིས་སྒྲ་དེ་ཐོས་ནས་འདི་སྙམ་དུ་སེམས་ཏེ། ཡིད་དུ་འོང་བ་འདི་ལྟ་བུ། རོ་མྱང་བར་འོས་པ་འདི་ལྟ་བུ། དགའ་བར་བྱ་བར་འོས་པ་འདི་ལྟ་བུ། ཚིམ་པར་བྱེད་པར་འོས་པ་འདི་ལྟ་བུ། སྤྲོ་བར་བྱེད་པ་འདི་ལྟ་བུའི་ཡོན་ཏན་ཆེན་པོ་བརྗོད་པར་འོས་པ་འདི་ལྟ་བུའི་སྒྲ་འདི་དག་དང ། མེ་ཏོག་དང ། ཕྱེ་མའི་ཆར་འདི་དག་གི་\?\་ལས་འོངས་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང ། ཉན་ཐོས་ཆེན་པོ་དེ་དག་རང་གི་དགེ་བའི་ཕྱོགས་བཏང་སྟེ་ངོ་མཚར་ཆེར་འཛིན་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་སངས་རྒྱས་ཀྱི་རྒྱན་དང ། ལྷབ་ལྷུབ་ཀྱི་རྒྱུ་མཐུན་ 356a ༄#། །པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་རྒྱན་དང ། ལྷབ་ལྷུབ་ཀྱི་རྒྱུ་མཐུན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་མི་མཇེད་འདི་དང ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བཀོད་པ་ཆེན་པོ་འདི་ལྟ་བུ་དག་སྣང་སྟེ། འདི་ལྟ་སྟེ། མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་རྣམ་པར་དག་ཅིང་རྡུལ་བསགས་པ་མེད་ཅེས་བྱ་བའང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་འདི་འདྲ་བ་དང་ལྡན་པར་འགྱུར། རྩིག་པ་མེད་ལ་ལེགས་པར་བརྒྱན་པའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཐམས་ཅད་དུའང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་སྒོ་ན་ཤིན་ཏུ་ལྷམ་མེ། ལྷན་ནེ།་ལྷང་ངེར་བཞུགས་པར་སྣང་བ་ནི། མ་གཏོགས་སོ། །སངས་རྒྱས་ཀྱི་ཞིང་དེ་དག་ཏུའང་བྱང་ཆུབ་སེམས་དཔའ་དེ་དག་དང ། ཉན་ཐོས་ཆེན་པོ་དེ་དག་སྒྲ་ཐོས་པ་དེས་བསྐུལ་བ་དང ། ཕྱོགས་བཞིར་བལྟ་ཞིང་འཁོད་དེ། དེ་དག་ཐམས་ཅད་ཀྱིས་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཧ་ཅང་ཡང་མི་རིང་བ་ན་འདུག་པར་མཐོང་ངོ ། །སངས་ 356b རྒྱས་ཀྱི་ཡུལ་གྱིས་ལྷའི་རྣམ་པར་འཕྲུལ་བའི་རྒྱན་དེ་དག་ཐམས་ཅད་ཀྱང་མཐོང་ངོ ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང ། ཉན་ཐོས་ཆེན་པོ་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་ཀྱང་འདུས་པ་ཆེན་པོའི་བཀོད་པ་དེ་དག་དང ། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་དག་བལྟ་བ་དང ། བརྟག་པ་དང ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལའང་བལྟ་བ་དང ། ཕྱག་བྱ་བ་དང ། བསྙེན་བཀུར་བྱ་བའི་ཕྱིར་དེར་འདོང་ངོ ། །དེར་ནི། བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའང་ཐོབ་པར་འགྱུར་གོར་མ་ཆག་སྙམ་མོ། །དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང ། ཉན་ཐོས་ཆེན་པོ་དེ་དག་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་རྫུ་འཕྲུལ་གྱི་མཐུས་རང་རང་གི་སངས་རྒྱས་ཀྱི་ཞིང་ནས་མི་སྣང་བར་གྱུར་ཏེ་སྐད་ཅིག་ཐང་གཅིག་ཡུད་ཙམ་དེ་ཉིད་ལ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་ཏོ། །དེའི་ཚེ་ཕྱོགས་བཅུའི་ཕྱོགས་རེ་རེ་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་དཔག་ཏུ་མེད་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་རྣམས་ཀྱང་འདིར་ལྷགས་ནས་སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་ས་དང ། ནམ་མཁའི་བར་མ་ལུས་པར་ 357a ༄#། །གང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་སྣ་ཚོགས་ཀྱི་རྒྱུ་མཐུན་པའི་རྣམ་པར་འཕྲུལ་པའི་བྱིན་གྱི་རླབས་ཀྱིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་མཆོད་པ་བྱ་བའི་ཕྱིར་བརྩོན་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་དག་གིས་ནི། བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་མེ་ཏོག་སྣ་ཚོགས་ཀྱི་ཆར་གྱིས་ཁེབས་པར་བྱས་སོ། །ལ་ལ་དག་གིས་ནི།་མུ་ཏིག་གི་ཆར་ཕབ་པ་ནས་དེ་བཞིན་དུ་སྦྱར་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་ལ་ལ་དག་གིས་ནི། གསེར་དང ། དངུལ་དང ། བཻ་ཌཱུརྱ་དང ། ཤེལ་དང ། རྡོའི་སྙིང་པོ་དང ། སྤུག་དང ། གོ་ཤིཪྵ་དང ། ཙནྡན་སྦྲུལ་གྱི་སྙིང་པོ་དང ། ཤིང་ཏ་མ་ལའི་ལོ་མའི་ཕྱེ་མའི་ཆར་གྱིས་ནམ་མཁའ་ཁེབས་པར་བྱས་སོ། ། བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་ལ་ལ་དག་གིས་ནི། ལྷབ་ལྷུབ་དང ། འཕྱང་འཕྲུལ་དང ། རྒྱན་དང ། རས་དང ། རས་བཅོས་བུ་སྣ་ཚོགས་ཀྱི་ཆར་རབ་ཏུ་ཕབ་བོ། ། བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་ལ་ལ་དག་གིས་ནི། རིན་པོ་ཆེའི་གདུགས་དང ། རྒྱལ་མཚན་དང ། བ་དན་སྣ་ཚོགས་བསྒྲེང་ངོ ། །བཅོམ་ལྡན་འདས་ལ་མཆོད་པ་ 357b བྱ་བའི་ཕྱིར་ལ་ལ་དག་གིས་ནི། སྤོས་སྣ་ཚོགས་ཀྱིས་བདུགས་སོ། །ལ་ལ་དག་གིས་ནི། རིན་པོ་ཆེའི་ཕྲེང་བ་སྣ་ཚོགས་གཏོར་ཏོ། །ལ་ལ་དག་གིས་ནི། སིལ་སྙན་དང ། དཀྲོལ་བ་སྣ་ཚོགས་དཀྲོལ་ཏོ། །ལ་ལ་དག་གིས་ནི། གླུ་དང ། གར་དང ། རོལ་མོའི་སྒྲ་རབ་ཏུ་བསྟན་ཏོ། །ལ་ལ་དག་གིས་ནི། ས་ཕྱོགས་དེར་སྤོས་ཆུ་སྣ་ཚོགས་ཀྱི་ཆར་གྱིས་ཆག་ཆག་བཏབ་བོ། །ལ་ལ་དག་གིས་ནི། རིན་པོ་ཆེ་སྣ་ཚོགས་ཀྱི་སྣོད་རྣམས་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་སྟེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐོགས་སོ། །ལ་ལ་དག་གིས་ནི། རིན་པོ་ཆེའི་སྣོད་སྣ་ཚོགས་རྣམས་སྤོས་ཆུས་བཀང་སྟེ་མེ་ཏོག་དང ། འབྲས་བུ་དང ། ལོ་མས་བརྒྱན་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་ཐོགས་སོ། །ལ་ལ་དག་གིས་ནི། རིན་པོ་ཆེའི་ཤིང་ལྗོན་པ་སྣ་ཚོགས་ལྷའི་གོས་དང ། རྒྱན་དང ། མེ་ཏོག་དང ། འབྲས་བུ་སྣ་ཚོགས་ཀྱིས་བརྒྱན་ནས་འཕང་སྟོང་དེ་ཐོགས་སོ། །ལ་ལ་དག་གིས་ནི། བདག་ཉིད་ཚངས་པ་ཆེན་པོའི་ཆ་བྱད་དུ་མངོན་པར་སྤྲུལ་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ་འཁོད་པ་ནས་རྒྱ་ཆེར་ཇི་ལྟར་གོང་དུ་སྨོས་པ་བཞིན་ནོ། །ལ་ལ་དག་ནི། སེངྒེའི་ཆ་བྱད་དུ་མངོན་པར་སྤྲུལ་ཏེ་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འཁོད་དོ། །བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་མཐུ་དང ། རང་གི་དགེ་བའི་རྩ་བའི་སྟོབས་བསྐྱེད་པས་སེམས་ཅན་དེ་དག་ཕན་ཚུན་མིག་གི་དབང་ 358a ༄#། །པོས་གཟུགས་སྣང་བ་རྣམས་ལ་ཐགས་ཐོགས་མེད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱང་དེ་ལྟ་བུའི་བདུད་ཀྱི་ཡུལ་ཆེན་པོ་ལྷའི་རྣམ་པར་འཕྲུལ་པའི་བྱིན་གྱི་རླབས་རྣམས་དང ། རང་གི་དྲན་པ་ཉེ་བར་གཞག་པ་དང ། ཡང་དག་པར་སྤོང་བ་དང ། རྫུ་འཕྲུལ་གྱི་རྐང་པ་དང ། དབང་པོ་དང ། སྟོབས་དང ། བྱང་ཆུབ་ཀྱི་ཡན་ལག་དང ། ལམ་དང ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ཡུལ་གྱི་རྣམ་པར་འཕྲུལ་པའི་བྱིན་གྱི་རླབས་ཀྱིས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་གཤེགས་ནས་སྲང་གི་དབུས་ན་པདྨ་ཡོད་པ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་ཕྱག་གཡས་པའི་མཐིལ་གྱིས་པདྨའི་སྙིང་པོ་ལ་རེག་པར་མཛད་དེ་དྲངས་ནས་བཞུགས་སོ། ། པདྨ་དེ་དྲངས་ཏེ་གཡོས་པས་སངས་རྒྱས་ཀྱི་ཞིང་འདིའི་རི་ཁོར་ཡུག་དང ། རི་ཁོར་ཡུག་ཆེན་པོ་དང ། རིའི་རྒྱལ་པོ་རི་རབ་དང ། རྒྱ་མཚོ་ཆེན་པོ་དང ། བདུད་ཀྱི་གནས་ཐམས་ཅད་ཀྱང་གཡོས་སོ། །བདུད་ཀྱི་གནས་ཐམས་ཅད་ན་གཞལ་མེད་ཁང་དང ། གནས་དང ། མལ་ཆ་དང ། སྟན་རྣམས་ཀྱང་རབ་ཏུ་གཡོས་སོ། །དེ་ན་གང་བདུད་ཀྱི་བུ་རྣམས་དང ། བདུད་ཀྱི་བུ་མོ་རྣམས་དང ། བདུད་ཀྱི་ཚོགས་ཀྱི་འཁོར་གནས་པ་དེ་དག་ཀྱང་འཇིགས་སྐྲག་ཅིང་སྐྱོ་བ་སྐྱས་ནས་ཕན་ཚུན་འདི་སྐད་འཛེར་ཏོ། །རྒྱུ་མེད་རྐྱེན་མེད་པར་ 358b ནི།་གཞལ་མེད་ཁང་འདི་དག་གཡོ་བར་མི་འགྱུར་ན། བདག་ཅག་གི་རྒྱལ་པོ་བདུད་དེ་རང་གི་ཡུལ་ནས་འཕོས་པར་མ་གྱུར་གྲང ། བདག་ཅག་ཀྱང་ཁང་པ་འདི་ནས་འཆི་འཕོ་བའི་ཆོས་འབྱུང་བར་མི་འགྱུར་གྲང ། བདག་ཅག་གིས་བལྟ་གོར་མ་ཆག་གོ་སྙམ་སྟེ། དེ་ནས་དེ་དག་གིས་མཐོང་ནས་འདི་སྙམ་དུ་སེམས་ཏེ། སངས་རྒྱས་ཀྱི་ཞིང་འདི་ནི། སྙིགས་མ་ལྔ་ཅན་དུ་གྱུར་ན། འདི་སུས་ལེགས་པར་བརྒྱན་ཅིང་ཤིན་ཏུ་ཉམས་དགའ་བར་བྱས་སྙམ་མོ། །དེ་ནས་རང་གི་ཡུལ་ལ་གནས་པའི་བདུད་གཡོག་དང་བཅས་པ་དེ་དག་དེ་ན་འཁོད་བཞིན་དུའང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་ཤིན་ཏུ་ལྷམ་མེ། ལྷན་ནེ། ལྷང་དེར་བཞུགས་པ་མཐོང་ངོ ། །ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དང ། སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་ཀྱང་སེམས་ཅན་གཟུགས་དང ། ཁ་དོག་དང ། རྟགས་དང ། དབྱིབས་སྣ་ཚོགས་སུ་གནས་པ་ཤ་སྟག་གིས་ཡོངས་སུ་གང་ནས་སེམས་ཅན་གཅིག་ཀྱང་ངོ་མི་ཤེས་ཏེ། སེམས་ཅན་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་བརྩོན་པར་མཐོང་ངོ ། །དེ་ནས་དེ་དག་ཡང་འདི་སྙམ་དུ་སེམས་ཏེ། བདག་ཅག་ཀྱང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང ། ཕྱག་བྱ་ 359a ༄#། །བ་དང ། ད་ལྟར་བདག་ཅག་གི་ཇོ་བོ་དང ། གཡོག་ཏུ་བཅས་པ་གང་དོར་བའང་དྲི་བའི་ཕྱིར་དེར་འདོང་གོར་མ་ཆག་སྙམ་མོ། །དེ་ནས་ཡང་དེའི་ཚེ་སངས་རྒྱས་རྒྱས་ཀྱི་ཞིང་འདིའི་བདུད་བྱེ་བ་ཕྲག་བརྒྱ་པོ་དེ་དག་ཐམས་ཅད་གཡོག་དང་བཅས་པར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས་སྤྱན་སྔར་འཁོད་དོ། །དེ་ནས་བདུད་སྡིག་ཅན་གྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །རབ་ཏུ་རྣམ་པར་དད་སེམས་ཀྱིས། །བཅོམ་ལྡན་བདག་ནི་སྐྱབས་སུ་མཆི། །བདག་ཁྲོལ་འདི་ནས་མྱུར་དུ་ཐོང ། །ཆོས་ནི་ཡང་དག་སྤྱད་པར་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བ་དང་ནི་འོང་བ་ཡང ། །ངས་ནི་སུ་ལའང་བཟློག་པ་མེད། །གལ་ཏེ་ལམ་ནི་རབ་ཤེས་ན། །གང་དུ་དགའ་བར་འགྲོ་བར་བྱོས། །བདུད་སྡིག་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ། །རང་གི་སྤྱོད་ཡུལ་གར་དགའ་བར། །གང་ཚེ་བདག་ནི་མཆི་འཚལ་ཏེ། །བདག་ནི་བཅིང་པ་ལྔ་དག་གིས། །བཅིངས་པར་མཐོང་ངོ་གཽ་ཏ་མ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ནི་རྟོག་པ་ཀུན་སྤངས་ཏེ། །གྲོལ་ནས་འགྲོ་བ་གྲོལ་བྱེད་པ། །ངས་ནི་འཚེ་བ་རྣམ་སྤངས་ནས། །སེམས་ཅན་བཅིངས་པ་ཐར་པར་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ 359b སྤྱན་གྱིས་སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་ས་དང་ནམ་མཁའ་ལ་གནས་པའི་སེམས་ཅན་རྣམས་ཀྱིས་ཡོངས་སུ་གང་བ་ལ་གཟིགས་ནས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འདིར་ལྷགས་པ་དག་ཐམས་ཅད་ཀྱང ། །ཐེ་ཚོམ་ཐམས་ཅད་རབ་སྤོངས་ལ། །སྐད་ཅིག་ཅི་ཡང་མ་སྨྲ་བར། །ཁྱོད་ཅག་རྣམས་ནི་ད་ཉོན་ཅིག་།རྫོགས་པའི་སངས་རྒྱས་འཇིག་རྟེན་དཀོན། །ཆོས་དང་དགེ་འདུན་ཤིན་ཏུ་དཀོན། །དད་ཅིང་མོས་པ་འབྱོར་པ་དང ། །བྱང་ཆུབ་སྤྱོད་པ་ཤིན་ཏུ་དཀོན། །འཇིག་རྟེན་མགོན་པོའི་མངོན་སུམ་དུ། །ཆོས་ཉན་པ་ཡང་ཤིན་ཏུ་དཀོན། །གང་དུ་བཟོད་པ་སྟོན་བྱེད་པ། །དེ་ཡི་དུས་ནི་རྙེད་པར་དཀའ། །གང་དུ་འཇིག་རྟེན་སྡིག་པ་ཡི། །རྟོག་པ་ཐམས་ཅད་རབ་སྤོང་བ། །སྟོང་པ་ཉིད་ནི་སྒོམ་པ་དང ། །སེམས་ནི་དུལ་བར་བྱེད་པ་དཀོན། །ཇི་ལྟར་ངས་ནི་སྔོན་སྤྱད་པའི། །བྱང་ཆུབ་སྤྱོད་པ་རྙེད་པར་དཀའ། །དེ་ལས་མེ་ཏོག་ཚམ་ཚོད་འདི། །ཁྱེད་ཅག་རྣམས་ལ་བཤད་པར་བྱ། །གང་གིས་བྱང་ཆུབ་འབྱོར་བྱེད་པ། །སྲིད་པའི་བཅིངས་ལས་རབ་གྲོལ་ཞིང ། །མུན་པའི་ཕུང་པོ་སེལ་བ་ཡི། །ལམ་གྱི་མཆོག་ནི་བསྟན་པར་བྱ། །དྲི་མ་ངན་པ་གསུམ་སྤོངས་ལ། །སྟོན་པས་གསུངས་པ་འདིར་ཉོན་ཅིག་།ཆུ་བོ་རྣམས་ཀྱི་ཕ་རོལ་རྒོལ། །རྒྱ་མཚོ་ཅན་གྱི་སྲེད་པ་སྤོངས། །རྣམ་ཐར་གསུམ་ལ་རབ་གནས་ཤིང ། །སྡོམ་པ་གསུམ་ལ་ཡང་དག་གནས། ། 360a ༄#། །ཁམས་གསུམ་ཀུན་གྱི་ཉོན་མོངས་གང ། །དེ་དག་མ་ལུས་རྣམ་པར་ཆོམ། །དཀོན་མཆོག་གསུམ་གྱི་རིགས་མཆོག་དང ། །ཆོས་ཀྱི་དོན་དུ་ཁྱེད་ཅག་རྣམས། ། སངས་རྒྱས་ལྷ་དང་བདུད་གསུམ་གྱི། །བྱིན་རླབས་སྤྲུལ་པས་ལྷགས་པ་རྣམས། །དུས་གསུམ་མ་རིག་བསྒྲིབས་པའི་སེམས། །བྱེ་ཕྲག་ཏུ་ནི་རབ་ཏུ་སྤོངས། །ཁམས་གསུམ་པ་ལས་གྲོལ་བ་ཡི། །ཞི་བྱེད་བཟོད་པ་ཐོབ་པར་བྱོས། །ཕྱིན་ཅི་ལོག་ནི་རྣམ་བཞི་ཡིས། །སོ་སོའི་སྐྱེ་བོ་བསླད་པ་རྣམས། །དངོས་པོ་མེད་ལ་རྟོག་བྱེད་པ། །དེ་དག་བཟོད་པའི་སྣོད་མ་ཡིན། །མིག་ནི་གཟུགས་ལ་ཆགས་པ་ཡིས། །ལུས་དང་ངག་དང་སེམས་བསྒྲིབས་ནས། །བསམ་གཏན་བཞི་དང་བྲལ་བ་རྣམས། ། འཁོར་བ་ཤིན་ཏུ་བསྟེན་པར་འགྱུར། །འཇིག་རྟེན་ན་ནི་གང་མཁས་གསལ། །བསམ་གཏན་སྒོམ་པར་བྱེད་པ་རྣམས། །དེ་དག་ཕྱིན་ཅི་ལོག་བཞི་ལས། །དེ་རིང་རྣམ་པར་གྲོལ་བར་འགྱུར། །དབང་ཕྱུག་དེ་དག་སེམས་ཅན་རྣམས། །ཆུ་བོ་བཞི་ལས་ཐར་པར་བྱེད། །འཆི་འཕོ་སྐྱེ་བ་རབ་ཤེས་པ། །དེས་པ་རྣམས་ནི་ཕ་རོལ་འགྲོ།། བྱང་ཆུབ་སེམས་དཔའ་འཇིགས་མེད་པ། །རྐང་པ་བཞི་དང་ལྡན་པ་དག་།སེམས་ཅན་སྲེད་པས་བཅིངས་པ་རྣམས། །ཡང་དག་ཤེས་པས་གཅོད་པར་བྱེད། །ཕུང་པོ་ལྔ་རྣམས་ 360b ཡོངས་ཤེས་པས། །ཞགས་པ་ལས་གྲོལ་ཟག་པ་མེད། །ཡང་དག་ཡང་དུ་མི་སྐྱེ་སྟེ། །སྲིད་པའི་རྒྱ་མཚོའི་ཕ་རོལ་ཕྱིན། །སངས་རྒྱས་རྣམས་ཀྱི་སྤྱན་སྔར་བྱེད། །སྡིག་པ་དག་ནི་མྱུར་དུ་ཤོགས། །སྡིག་པ་མ་ལུས་རབ་སྤོངས་ལ། །འཇིགས་པ་མེད་པར་ཕ་རོལ་སོང ། །སྲིད་པར་ཡང་དག་ཡང་སྐྱེས་པས། །སྡིག་པའི་གྲོགས་ཀྱི་དབང་སོང་བས། ། འཁོར་བའི་སྡུག་བསྔལ་དེ་དག་ནི། །འདུས་བྱས་ལ་ཡང་མྱོང་བར་འགྱུར། །སྡིག་པའི་གྲོགས་པོ་རབ་སྤངས་ཏེ། །སྡིག་པའི་ལྟ་བ་རྣམས་བོར་ནས། །འཁོར་བའི་སྡུག་བསྔལ་དྲན་བྱས་ཏེ། །དམ་པའི་ཆོས་ལ་རབ་སྦྱོར་ཅིག་།བཏུང་བའི་དམ་པ་འཐུང་བར་བྱོས། །སྟོང་པ་ཉིད་ཀྱང་རབ་སྒོམས་ཤིག་།དམ་པའི་དོན་ལ་དངོས་པོ་མེད། ། རྫས་ཀྱང་མེད་ཅིང་མཚན་ཉིད་མེད། །འདི་ལྟར་དབང་པོ་དྲུག་སྟོང་སྟེ། །བྱེད་པ་པོ་ནི་འདི་ལ་མེད། །དེ་བཞིན་མཚན་མར་རྟོག་པ་ཡང ། །དངོས་པོ་ཙམ་སྟེ་གཡོ་བ་མེད། །ཚོར་བ་དྲུག་དང་སྲེད་པ་དྲུག་།རེག་པ་དྲུག་ལས་བྱུང་བ་ཡིན། །དེ་བཞིན་རེག་པའི་སྐྱེ་མཆེད་དྲུག་།སྟོང་པ་ཡིན་པར་ཤེས་པར་བྱོས། །རང་བཞིན་གྱིས་ནི་དངོས་མེད་པར། །དངོས་པོ་ཉིད་ལ་བརྟག་པར་བྱོས། །སྐྱེ་བ་མེད་ཅིང་འགག་མེད་པས། །འདི་ན་རྫས་ཀྱང་མེད་པར་ལྟོས། །གང་གིས་ཆོས་ཀུན་ཚུལ་གཅིག་སྟེ། །དུས་གསུམ་དུ་ཡང་དངོས་མེད་པར།། 361a ༄#། །ཤེས་པ་དེ་དག་ནད་མེད་དེ། །དེ་ནི་བླ་ན་མེད་པའི་ལམ། །རྣམ་པ་བཅུ་གསུམ་ངེས་གྲོལ་ལ། །སེམས་ཅན་འདུ་ཤེས་རྣམ་འཇིག་ཅིང ། །ཚུ་རོལ་ཕ་རོལ་རྣམ་གྲོལ་བ། །དེ་ནི་བཟོད་པ་སྒོམ་པ་ཡིན། །དེ་ནས་གང་གི་ཚེ་བཅོམ་ལྡན་འདས་ཀྱི་བསོད་ནམས་ཀྱི་སྟོབས་རྣམས་དང ། མི་འཇིགས་པའི་ཤུགས་དང ། དགེ་བའི་རྩ་བའི་རྒྱུ་མཐུན་པའི་བྱིན་གྱི་རླབས་ཀྱི་དབྱངས་ཀྱི་དཀྱིལ་འཁོར་གྱི་སྒྲ་ཐོགས་པ་མེད་པས་ཚིགས་སུ་བཅད་པ་དེ་དག་གསུངས་པ་དེའི་མོད་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྟོང་པ་དང ། མི་སྟོང་པའི་སྙིགས་མ་ལྔ་ཅན་གངྒཱའི་ཀླུང་དཔག་ཏུ་མེད་པ་མི་འཁྲུགས་པའི་བྱེ་མ་སྙེད་རྣམས་སུ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཚིག་བརྗོད་པ་འདི་དག་གྲགས་པར་གྱུར་ནས་དེའི་མོད་ལ་སངས་རྒྱས་ཀྱི་ཞིང་རེ་རེ་ནས་ཀྱང་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་དཔག་ཏུ་མེད་པ་དག་ནི། ཤིན་ཏུ་ཟང་ཟིང་མེད་པའི་དགའ་བ་དང ། དད་པ་རྙེད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །ལ་ལ་དག་གིས་ནི། ཏིང་ངེ་འཛིན་དང ། བཟོད་པ་དང ། གཟུངས་སྣ་ཚོགས་ཐོབ་བོ། །སངས་རྒྱས་ཀྱི་ཞིང་འདིར་འདུས་པའི་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་རྣམས་ཀྱིས་ནི། དོན་དང ། ཚིག་དང ། ཡི་གེ་འདི་དག་ 361b ཐོས་ནས་ཕྱིར་མི་ལྡོག་པའི་ས་ཐོབ་པར་གྱུར་ཏོ། །སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་ནི། ཐེག་པ་གསུམ་པོ་དག་གིས་ངེས་པར་འབྱུང་བ་ཐོབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐར་མ་ལ་དགའ་བས་པདྨའི་ཁྲི་ལ་འཛེག་པར་བྱ་བའི་ཕྱིར་རང་གི་རྫུ་འཕྲུལ་གྱི་མཐུས་རིན་པོ་ཆེ་སྣ་བདུན་གྱི་ཐེམ་སྐས་མེ་ཏོག་གིས་ཀུན་ཏུ་གཡོགས་པ་མངོན་པར་སྤྲུལ་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །ཐམས་ཅད་མཁྱེན་པ་རྒ་ཤི་མྱ་ངན་གྱི། ། འདམ་དུ་བྱིང་བའི་འཇིག་རྟེན་ཐམས་ཅད་ལ། །རབ་ཏུ་གཟིགས་ཏེ་མི་རྒྱུ་རྒྱུར་བཅས་ཏེ། །འཇིག་རྟེན་དུ་ནི་ཆོས་ཀྱི་ཟམ་པ་ཐོགས། །ཐལ་མོ་སྦྱར་བའི་སེམས་ཅན་རྒྱ་ཆེན་བརྒྱས། ། རབ་ཏུ་གཏམས་པའི་ཞིང་ལ་གཟིགས་ནས་སུ། །ཆོས་ཀྱི་མཆོད་སྦྱིན་རབ་ཏུ་བགོ་བར་གསོལ། །རང་གི་མཐུ་རྩལ་རབ་ཏུ་བསྟན་དུ་གསོལ། །མཚུངས་པ་མེད་པའི་པདྨ་མངོན་འཛེགས་ཏེ། །མགོན་པོ་ཤེས་རབ་དང་ནི་ཐབས་རྣམས་ཀྱིས། །ཆོས་ཆུ་སྤྲིན་གྱིས་ཆར་པ་རབ་ཕོབ་ལ། །ཉོན་མོངས་གཟིར་བའི་མི་ལ་བསྟན་དུ་གསོལ། །ཕྱོགས་བཅུ་དག་གི་སངས་རྒྱས་ཐམས་ཅད་དང ། །དྲང་སྲོང་ཆེན་པོ་ཤེས་རབ་ལྡན་པ་གཞན། །ཁྱོད་ཀྱི་དཔང་དུ་དེ་དག་ཀུན་བཞུགས་ཀྱི། །ཐུབ་པའི་དབང་པོ་བདུད་རྣམས་ཕམ་པར་ 362a ༄#། །མཛོད། །ཆོས་རྣམས་སྟོང་པ་ནམ་མཁའ་ལྟ་བུ་དང ། །ངོ་བོ་ཉིད་ཀྱིས་ཡ་མ་བརླར་མཁྱེན་ནས། །སྔོན་གྱི་དམ་བཅས་རྣམས་ནི་དགོངས་མཛོད་ལ། །བླ་མེད་འཁོར་ལོ་དམ་པ་བསྐོར་དུ་གསོལ། །ཆུ་བོ་བཞི་དབུས་འཁོར་བའི་སེམས་ཅན་རྣམས། །མི་ཡི་སེངྒེ་དེ་རིང་བསྒྲལ་དུ་གསོལ། །ཁྱོད་ཀྱིས་ཆོས་རྣམས་ཤིན་ཏུ་ཐུགས་སུ་ཆུད། །སྲིད་གསུམ་མཚོ་ལས་འཇིག་རྟེན་བསྒྲལ་དུ་གསོལ། །ཤིན་ཏུ་རླབས་ཆེན་ཐུགས་མངའ་བཅོམ་ལྡན་འདས། །བདེ་བར་གཤེགས་ཀྱི་ལམ་ནི་བདེ་བ་ལ། །འགྲོ་བ་གཟུད་འདོད་མཚུངས་མེད་ཆོས་ཀྱང་སྟོན། །འཇིག་རྟེན་ཉེས་པའི་དྲི་མ་བསལ་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟ་བུར་སྤྲུལ་པའི་ཐེམ་སྐད་དེ་ལས་པདྨའི་ཁྲི་ལ་མངོན་པར་འཛེགས་ཏེ་པདྨའི་སྙིང་པོ་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱོགས་བཅུ་ཐམས་ཅད་དུ་རྣམ་པར་གཟིགས་ནས་བདུད་སྡིག་ཅན་ལ་བཀའ་སྩལ་པ། བདུད་སྡིག་ཅན། ཇི་ལྟར་ཁྱོད་ཀྱི་རྐྱེན་གྱིས་དེང་འདིར་འདུས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་བཤད་པས་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་མངལ་ན་གནས་པ་དང ། རྒ་ཤིས་གཙེས་པ་རྣམས་ལས་རྣམ་པར་གྲོལ་བར་འགྱུར། རྣམ་པར་ཐར་པར་འགྱུར། ཆུ་བོ་བཞི་ལས་ཡང་དག་པར་བརྒལ་བར་འགྱུར། ཞི་བའི་ལམ་ལ་གནས་པར་འགྱུར། ནམ་མཁའ་དང་མཚུངས་པའི་ཡེ་ཤེས་ཁོང་དུ་ཆུད་པར་འགྱུར་ཏེ། འདི་ལ་སྡིག་ཅན་ཁྱོད་ནི། སེམས་ 362b ཅན་རྣམས་ཀྱི་དགེ་བའི་རྩ་བ་རྣམ་པར་འཕེལ་བའི་ཐོག་མར་འགྲོ་བ་ཡིན་གྱི། ཁྱོད་དགའ་བར་གྱིས་ཤིག་།སྡིག་ཅན་ཁྱོད་ཀྱིས་ང་ལ་ཆོས་བཤད་པར་གསོལ་ཅིག་དང་ངས་དེང་བདུད་ཀྱི་དཀྱིལ་འཁོར་མཐོན་པོའི་ཡུལ་གྱི་ཆུ་བོའི་ཕ་རོལ་ཏུ་འགྲོ་བར་བྱ་བའི་ཕྱིར་ཆོས་བསྟན་ཏོ། །དེ་ནས་བདུད་སྡིག་ཅན་གྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །ཅི་སྟེ་སྡིག་མེད་ཁྱོད་ལ་ཐབ་ཞེ་སྡང་རྒྱགས་མེད་ན། །ཅི་ཕྱིར་དེང་འདིར་ཀུན་ཏུ་སྐྲག་པར་བྱ་ཕྱིར་ཆོས་ཀྱང་སྟོན། །དེ་སྟེ་ཁྱོད་ལ་ཐ་བ་རྒྱགས་དང་ང་རྒྱལ་ཡོད་ན་ནི། །ཐུབ་དབང་ཁྱོད་ཀྱི་ཐར་པ་ཅི་འདྲ་བ་དག་ལ་འདི་ཤོད་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ང་ནི་ས་ལ་མངལ་གྱི་གནས་ན་ཟླ་བ་བཅུར་གནས་པ། །དེ་ན་ཡང་ནི་བདུད་ཁྱོད་ང་ལ་གསང་བར་རབ་ཏུ་སྦྱར། །དེ་ཚེ་ང་ལ་འཁོན་དང་ཐ་བ་ཅུང་ཟད་ཙམ་ཡང་མེད། །ང་ནི་བཟོད་དང་ལྡན་ཏེ་ཐ་བ་མ་ལུས་མེད་པ་ཡིན། །ང་ནི་བཙས་མ་ཐག་འདིར་ཁྱོད་ཀྱིས་ས་ཡང་གཡོ་བར་བྱས། །ང་གསད་ཕྱིར་ནི་རྡོ་བའི་ཆར་པ་རབ་ཏུ་དབབ་པར་བྱས། །དེ་ནས་ཁྱོད་ཀྱིས་ང་ཡི་མ་ཡི་ནུ་ཞོ་མྱུར་བསྐམས་བྱས། །ཁྱོད་ཀྱིས་ང་ལ་གནོད་པ་རྣམ་པ་དུ་མ་ཅི་མ་བྱས། །ང་ནི་བསམ་གཏན་ཞུགས་ན་ཁྱོད་ཀྱིས་བུད་མེད་ཁྲིད་དེ་འོངས། །ང་ནི་བསོད་སྙོམས་རྣམ་པར་སྤྱོད་ཚེ་ཟས་ཀྱང་བཅད་པར་བྱས། །ཁྱོད་ཀྱིས་རྟག་ཏུ་ང་ལ་རྒྱལ་སྲིད་མངོན་པར་རབ་ཏུ་བསྟབས། །ང་ནི་འབྱུང་བའི་ནུབ་མོ་འདིར་ཡང་མུན་པ་བྱས་པར་གྱུར། །དེ་ཚེ་ཁྱོད་དང་སྐྱེས་བུ་རྣམས་ཀྱིས་ 363a ༄#། །གྲོང་ཁྱེར་ཀུན་ཏུ་བསྐོར། །རྫུ་འཕྲུལ་གྱིས་ནི་སོང་ཚེ་རྫི་ཆར་དྲག་པོ་རབ་ཏུ་ཕབ། །ས་ནི་འདོམ་དོ་འཕང་ཙམ་རྡོ་བ་དག་གིས་གང་བར་བྱས། །ཞི་བའི་གནས་ན་གནས་པའི་ཚེ་ཡང་སྒྲ་ནི་རབ་ཏུ་ཕྱུང ། །ང་ནི་ཤིན་ཏུ་དཀའ་བ་སྤྱོད་ཚེ་གྲང་བའི་རླུང་དང་ནི། །འབབ་ཆུ་འགྲམ་ན་གནས་ཚེ་ཁྱོད་ཀྱིས་ཆུ་བོ་རབ་ཏུ་བཏང ། །ང་ནི་གསད་པར་བྱ་ཕྱིར་ཁྱོད་ཀྱིས་སེངྒེ་རབ་ཏུ་བཏང ། །དེ་ཚེ་ཁྱོད་ཀྱིས་ང་ཡི་ཟས་ལ་དྲང་པོའི་དུག་ཀྱང་བཏབ། །ང་ནི་བྱང་ཆུབ་ཤིང་དྲུང་ཉེ་བར་ཡང་དག་སོང་བ་ན། །རྡོ་རྗེ་དང་ནི་གནམ་ལྕགས་སྤུ་གྲི་མདའ་ཆར་ཁྱོད་ཀྱིས་ཕབ། །འགྲོ་ལ་ཕན་ཕྱིར་རྡོ་རྗེའི་གདན་ལ་མངོན་པར་གནས་པ་ན། །ཁྱོད་ཀྱིས་དུར་སྨྲིག་གོས་ཀྱང་འཇིམ་རྫབ་དག་གིས་རབ་ཏུ་བསྐུས། །དེ་ན་ཡང་ནི་ང་གན་ཁྱོད་ཀྱིས་བུ་མོ་རྣམས་བཀྱེ་སྟེ། །ང་གསད་ཕྱིར་ནི་ཁྱོད་ཉིད་མཐུ་དང་བཅས་ཏེ་འོངས་མོད་ཀྱི། །འོན་ཀྱང་ཁྱོད་ཀྱིས་ང་ཡི་ཡིད་ལ་གནོད་བྱས་ཅུང་ཟད་མེད། །ངས་ནི་ཁྱོད་བཏུལ་ནས་སུ་བྱང་ཆུབ་མཚུངས་པ་མེད་པ་ཐོབ། །འོན་ཀྱང་ངོ་ཚ་བོར་ཏེ་འདིར་འོངས་ནས་ནི་ཡང་སྨྲ་འམ། །སྡིག་པའི་ཚུལ་གྱིས་འོད་སྲུང་མཆོག་ལ་སོགས་པ་བཟློག་བྱས་ཏེ། །ཁྱོད་ཀྱིས་སེམས་ཅན་བྱེ་བ་དུམ་མ་རུངས་བྱས་ནས་ཀྱང ། །སྙིང་རྗེ་བོར་ཏེ་འདིར་ཡང་ང་ལ་རྒོལ་ཞིང་སྒྱུ་བྱེད་དམ། །ང་ཡིས་ཟས་མ་ཟོས་པ་དེ་ཡི་ཚེ་ཡང་ཁྱོད་ཀྱིས་སུ། །ང་གསད་ཕྱིར་ནི་གླང་ཆེན་མྱོས་པ་དྲག་ཤུལ་ཅན་ཡང་བཏང ། །ས་སྟེང་ང་ལ་ལྷས་བྱིན་གྱིས་ནི་ 363b རྡོ་བ་འཕངས་པ་དང ། །ཀྱེ་མ་ངས་ནི་ཟླ་བ་གསུམ་དུ་རྟ་ཆས་ཟོས་པ་དང ། །ཕྱར་ཀ་གཏང་ཕྱིར་བུ་མོ་མཛེས་ལྡན་རབ་ཏུ་གང་བཏང་དང ། །མེ་མདག་འབར་བ་མི་བཟད་པས་ནི་འོབས་རྣམས་བཀང་བ་དང ། །ཁ་ཟས་དག་ནི་མྱུར་དུ་གདུག་པའི་དུག་དང་སྦྱར་བ་ཡི། །དེ་ལ་སྡིག་པའི་ལས་ཅན་ཁྱོད་ནི་རྩ་བར་ངེས་པ་ཡིན། །ཁྱོད་ཉིད་དཔུང་བཅས་བུ་དང་ལྷན་ཅིག་སྡེར་བཅས་འོངས་ནས་སུ། །ང་གསད་ཕྱིར་ནི་མདའ་བོ་ཆེ་དང་རལ་གྲི་མདའ་མང་ཐོགས། །འོན་ཀྱང་འདིར་ནི་ཁྱོད་ཀྱིས་ང་ཡི་སྤུ་གཅིག་མ་གཡོས་ན། །ཅི་ཕྱིར་ཁྱོད་ནི་རྒྱགས་པར་གྱུར་ནས་ད་དུང་འདུག་།ཇི་སྙེད་བདུད་ནི་སྟོང་ཕྲག་བྱེ་བ་རྒོལ་དུ་ཡང་བཙུད་ཀྱང ། །སེམས་ཅན་བྱེ་བ་ཁྲག་ཁྲིག་དག་ནི་འདིར་ཡང་ལྷགས་ནས་སུ། །ཞིང་ཀུན་རབ་ཏུ་གང་བར་འདུག་པ་ང་ཡི་དབང་ཡིན་ཏེ། །ང་ནི་ཁྱོད་ཕྱིར་མཆོག་ཏུ་བྱམས་པའི་ཡིད་ཀྱིས་གནས་པར་བྱ། །ང་ནི་སྙིང་རྗེའི་གནས་ཏེ་འགྲོ་བ་རྗེས་སུ་འཛིན་བྱེད་པ། །ཁྱོད་ནི་ཤིན་ཏུ་གཏུམ་པོ་ང་ལ་རྟག་ཏུ་བགེགས་བྱེད་དེ། །ཐུབ་པའི་དབང་པོ་ཁྱུ་མཆོག་འདི་དག་ང་ཡི་དབང་ཡིན་ད་ལྟར་ཐ་མའི་དུས་ལ་ང་ནི་སངས་རྒྱས་མཛད་པ་བྱ། །རྣམ་ཐར་སེམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་ཡང་སྤྱད་པར་བྱ། །སྨྲས་པར་གྱུར་ཀྱང་བཟོད་པ་ཡོངས་སུ་བཏང་བར་མི་བྱའོ། །ང་ལ་ཕྲག་དོག་བྱེད་བ་རབ་ཏུ་ཁྲོ་བའི་ཡིད་མེད་དེ། །ཁྱེད་ནི་རྗེས་སུ་གཟུང་ཕྱིར་ང་ཉིད་རྟག་ཏུ་མངོན་པར་བརྩོན། །ང་ལ་གསོལ་དང་ཁྱོད་ཡིད་ཞི་ཕྱིར་འཇིག་རྟེན་གསུམ་དག་ཏུ། །མཆོག་ཏུ་ཞི་བར་བྱེད་པའི་ཆོས་ཀྱི་བདུད་ 364a ༄#། །རྩི་བཤད་པར་བྱ། །དེ་ཕྱིར་ཁྱོད་ཀྱི་སྡིག་པའི་ལས་རྣམས་མེད་པར་རབ་འགྱུར་གྱི། །འཇིག་རྟེན་མགོན་པོ་ང་ལ་ཡིད་ནི་མྱུར་དུ་དད་པར་བྱོས། །ཁྱོད་ནི་རྟག་ཏུ་འདི་ན་གནོད་པ་བྱ་བར་རབ་སེམས་ཀྱང ། །ཁྱོད་དགྲོལ་ཕྱིར་ནི་ང་སྙིང་རྟག་ཏུ་བྱམས་པར་རབ་ཏུ་དང ། །སྡིག་པའི་བློ་གྲོས་པོར་ལ་དད་བཅས་ཡིད་ལ་བྱོས་ཤིག་དང ། །རིང་པོར་མི་ཐོགས་ཁྱོད་ནི་བྱང་ཆུབ་ཏུ་ཡང་ལུང་བསྟན་ཏོ། །དེ་ནས་བདུད་སྡིག་ཅན་བཅོམ་ལྡན་འདས་ལ་རབ་ཏུ་ཁྲོས་ཏེ་འཁྲུགས་ཤིང་རྔམ་ནས་དེ་ནས་སླར་འགྲོ་བར་འདོད་པ་དང ། བདག་གི་མགུལ་པ་བཅིང་བ་ལྔས་བཅིངས་པ་སྙམ་དུ་ཤེས་ཏེ། འཇིགས་སྐྲག་པའི་སྒྲ་དབྱུང་བར་འདོད་ཀྱང་དེ་མ་ནུས་ནས་བཅོམ་ལྡན་འདས་བགྲོངས་པའི་ཕྱིར་རང་ཁྲོས་པའི་མཐུས་ཤིན་ཏུ་ཚ་བའི་དབུགས་བཏང་བ་དང ། བཅོམ་ལྡན་འདས་ཀྱིས་དབུགས་དེ་ཤིན་ཏུ་ཡིད་དུ་འོང་བའི་མེ་ཏོག་ཏུ་མངོན་པར་སྤྲུལ་ཏོ། །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཤིང་འཚོ་ལ་གཞེས་ཏེ་ཆོས་ཀྱང་སྟོན་པ་དེ་ཐམས་ཅད་ཀྱི་དབུའི་གཙུག་གི་དྲང་ཐད་ཀྱི་སྟེང་གི་བར་སྣང་ལ་ཤིན་ཏུ་ཡིད་དུ་འོང་བའི་གདུགས་སུ་བྱིན་གྱིས་བརླབས་སོ། །སངས་རྒྱས་ཀྱི་ཞིང་དེ་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འཁོད་པ་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་གསོལ་པ། མེ་ཏོག་གི་གདུགས་འདི་དག་ག་ལས་མཆིས། 364b སུའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལགས། བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་།འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་རབ་ཏུ་ཉོན་མོངས་པ་ཅན་སྙིགས་མ་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་དུ་སྔོན་གྱི་སྨོན་ལམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་སྟོན་ཏེ། དེ་བཞིན་གཤེགས་པ་དེ་ད་ལྟར་བདུད་ཀྱི་ཡུལ་གྱི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པར་བྱེད་པ། སྟོབས་དང ། མི་འཇིགས་པ་དང ། སངས་རྒྱས་ཀྱི་ཡུལ་ཐམས་ཅད་མཐོན་པོར་བྱེད་པ། སངས་རྒྱས་ཀྱི་བསྟན་པའི་རྒྱུད་ཐམས་ཅད་དང ། དཀོན་མཆོག་གསུམ་གྱི་སྒྲོན་མ་ཡུན་རིང་དུ་གནས་པར་བྱེད་པ་དང ། དགེ་བའི་རྩ་བ་ཐམས་ཅད་རྣམ་པར་འཕེལ་བའི་བརྩོན་འགྲུས་ཀྱི་བྱིན་གྱི་རླབས་ཀྱི་སྟོབས་བྱེད་པ། དགྲ་དང་ཕས་ཀྱིས་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་གཅོད་པར་བྱེད་པ། ངོ་མི་མཚར་དང ། བཀྲ་མི་ཤིས་པ་དང ། རྩོད་པ་དང ། རྨི་ལམ་ངན་པ་དང ། ལྟས་ངན་པ་དང ། མུ་གེ་དང ། འཇིགས་པའི་ཚོགས་དང ། འཐབ་པ་དང ། འགྱེད་པ་དང ། འཆིང་བ་དང ། འཐབ་མོ་དང ། རྩོད་པ་དང ། ཆར་མི་འབབ་པ་དང ། དུས་མ་ཡིན་པར་གང་ཞིང་ཚ་བ་དང ། རླུང་དང ། ཚོ་བ་དང ། ནད་དང ། སྒྲ་མི་སྙན་པ་ཐམས་ཅད་ 365a ༄#། །རབ་ཏུ་ཞི་བར་བྱེད་པ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། མི་དང ། མི་མ་ཡིན་པ་ཐམས་ཅད་འདུན་པར་བྱེད་པ། རྒྱལ་རིགས་ཐམས་ཅད་འདུན་པར་བྱེད་ཅིང་འགུགས་པ། རིགས་བཞི་ཐམས་ཅད་ཆོས་ཀྱི་དོན་ལ་འཛུད་པ། ཤེས་རབ་ཀྱི་སྒྲོན་མ་རབ་ཏུ་འབར་བར་བྱེད་པ། ལམ་དྲང་པོ་རབ་ཏུ་སྟོན་པ། ཁྱིམ་དང ། གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་དང ། ཕོ་བྲང་འཁོར་དང ། ཡུལ་འཁོར་ཐམས་ཅད་འདུན་པར་བྱེད་པ། གཟའ་དང ། རྒྱུ་སྐར་དང ། ཉིན་བར་དང ། མཚན་མོ་དང ། ཟླ་བ་གཅིག་དང ། ཟླ་བ་ཕྱེད་དང ། དུས་དང ། ལོ་ཐམས་ཅད་མཐུན་པར་བྱེད་པ། ལོ་ཏོག་དང ། མེ་ཏོག་དང ། འབྲས་བུ་དང ། འབྲུ་དང ། སྨན་ཐམས་ཅད་གྲུབ་པར་བྱེད་པ། བཟོ་དང ། ལས་ཀྱི་མཐའ་དང ། གནས་དང ། བྱིན་གྱིས་བརླབས་དང ། དགོས་པ་ཐམས་ཅད་གྲུབ་པར་བྱེད་པ། ལུས་དང ། ངག་དང ། ཡིད་ཀྱི་ཉེས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། རིག་པ་དང ། དྲན་པ་དང ། བློ་གྲོས་དང ། མོས་པ་དང ། དཔའ་བ་དང ། བརྟན་པ་དང ། བཟོད་པ་དང ། སྤོབས་པ་རྣམ་པར་འཕེལ་བར་བྱེད་པ། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་སྣང་བས་རབ་ཏུ་སད་པར་བྱེད་པ། འཕགས་པའི་རིགས་བཞིས་ཆོས་ཀྱི་ཚུལ་བྱིན་གྱིས་རློབ་པ། ཐེག་པ་ཆེན་པོ་སྟོན་པར་བྱེད་པ། བྱང་ཆུབ་སེམས་དཔའ་རྣམ་པར་འཕེལ་བར་བྱེད་པ། སེམས་ཅན་ཆེན་པོ་རྣམས་དབུགས་འབྱིན་པ་ 365b ཕྱིར་མི་ལྡོག་པའི་ས་ལ་རྡོ་རྗེ་ལྟ་བུའི་སེམས་བྱིན་གྱིས་རློབ་པ། ས་བཅུ་ལ་ཡང་དག་པར་འཇུག་པར་བྱེད་པ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཁོང་དུ་ཆུད་པར་བྱེད་པ། དབང་བསྐུར་བའི་ཆོས་དང་བྱང་ཆུབ་ལ་གཞོལ་བར་བྱེད་པ། གདུལ་བའི་སེམས་ཅན་རྣམས་རྗེས་སུ་འཛིན་པ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་ཁྱབ་པར་བྱེད་པ། ཕ་རོལ་ཏུ་ཕྱིན་པ་ལ་འཛུད་པ། བླ་ན་མེད་པའི་ལམ་ལ་ཡང་དག་པར་འཇོག་པར་བྱེད་པ། ཆོས་ཀྱི་ཆར་རབ་ཏུ་འབེབས་པ། ཆོས་ཀྱི་རོས་སེམས་ཅན་རྣམས་ཚིམ་པར་བྱེད་པ། སངས་རྒྱས་ཀྱི་དགོངས་པ་མཐའ་དག་ཡོངས་སུ་རྫོགས་པར་བྱེད་པ། བདུད་བཞིའི་ཡུལ་ལས་རབ་ཏུ་ཐར་པར་བྱེད་པ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇོག་པར་བྱེད་པ། ཆོས་མཉམ་པ་ཉིད་རྡོ་རྗེ་ལྟ་བུ་བརྟེན་པའི་ཆོས་ཀྱི་སྙིང་པོས་ལུས་འཇོམས་པ་ཞེས་བྱ་བའི་གཟུངས་ཕྱག་རྒྱ་དང ། ཚིག་རབ་ཏུ་དབྱེ་བ་ལ་འཇུག་པ་ལུང་བསྟན་པ་འཆད་པར་བཞེད་དོ། །འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཆོས་མཉམ་པ་ཉིད་རྡོ་རྗེ་ལྟ་བུ་བརྟེན་པའི་ཆོས་ཀྱི་སྙིང་པོས་ལུས་འཇོམས་པ་ཞེས་བྱ་བའི་གཟུངས་ཕྱག་རྒྱ་དང ། ཚིག་རབ་ཏུ་དབྱེ་བ་ལ་འཇུག་པ་ལུང་བསྟན་པ་གསུངས་སོ། །བྱིན་གྱིས་བརླབས་སོ། །གཅིག་ལ་གཅིག་དགྱེས་སོ། །ད་ལྟར་ཕྱོགས་བཅུ་ན་སངས་རྒྱས་བཅོམ་ལྡན་འདས་ 366a ༄#། །གང་དག་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱང་ཆོས་མཉམ་པ་ཉིད་རྡོ་རྗེ་ལྟ་བུ་བརྟེན་པའི་ཆོས་ཀྱི་སྙིང་པོས་ལུས་འཇོམས་པ་ཞེས་བྱ་བའི་གཟུངས་ཕྱག་རྒྱ་དང ། ཚིག་རབ་ཏུ་དབྱེ་བ་ལ་འཇུག་པ་ལུང་བསྟན་པ་གསུང་ངོ ། །བྱིན་གྱིས་རློབ་བོ། །གཅིག་ལ་གཅིག་དགྱེས་པར་མཛད་དོ། །མ་འོངས་པའི་དུས་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་འབྱུང་བ་དེ་དག་ཀྱང་ཆོས་མཉམ་པ་ཉིད་རྡོ་རྗེ་ལྟ་བུ་བརྟེན་པའི་ཆོས་ཀྱི་སྙིང་པོས་ལུས་ཡོངས་སུ་འཇོམས་པ་ཞེས་བྱ་བའི་གཟུངས་ཕྱག་རྒྱ་དང ། ཚིག་རབ་ཏུ་དབྱེ་བ་ལ་འཇུག་པ་ལུང་བསྟན་པ་གསུང་བར་འགྱུར་རོ། །བྱིན་གྱིས་རློབ་པར་འགྱུར་རོ། །གཅིག་ལ་གཅིག་དགྱེས་པར་མཛད་པར་འགྱུར་རོ། །དེ་ནས་སངས་རྒྱས་ཀྱི་ཞིང་དེ་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཡོད་པ་དེ་དག་སོ་སོའི་སངས་རྒྱས་བཅོམ་ལྡན་འདས་དག་ལ་ཡོངས་སུ་ཞུས་པ། བཅོམ་ལྡན་འདས། བདག་ཅག་གིས་སྔོན་མ་ཐོས་པའི་ཆོས་མཉམ་པ་ཉིད་རྡོ་རྗེ་ལྟ་བུ་བརྟེན་པའི་ཆོས་ཀྱི་སྙིང་པོས་ལུས་འཇོམས་པ་ཞེས་བྱ་བའི་གཟུངས་ཕྱག་རྒྱ་དང ། ཚིག་རབ་ཏུ་དབྱེ་བ་ལ་འཇུག་པ་ལུང་བསྟན་པ་གང་འདི་ལྟར་ཡོན་ཏན་མང་པོ་བགྱིད་པ། འདི་ལྟར་ཡོན་ཏན་བསམ་ 366b གྱིས་མི་ཁྱབ་པ་དང་ལྡན་པ། ཆོས་ཐམས་ཅད་ལ་སྒྲིབ་པ་མ་མཆིས་པའི་སྣང་བ་བགྱིད་པ་ནས་ཞི་བའི་བར་དུ་བགྱིད་པ་དེ་གང་ལགས། ཆོས་མཉམ་པ་ཉིད་རྡོ་རྗེ་ལྟ་བུ་བརྟེན་པའི་ཆོས་ཀྱི་སྙིང་པོས་ལུས་འཇོམས་པ་ཞེས་བགྱི་བའི་གཟུངས་ཕྱག་རྒྱ་དང ། ཚིག་རབ་ཏུ་དབྱེ་བ་ལ་འཇུག་པ་ལུང་བསྟན་པ། བདུད་ཀྱི་སྟོབས་ཀྱི་ཡུལ་ཐམས་ཅད་རབ་ཏུ་འཇོམས་པར་བགྱིད་པ་ནས་ཕུང་པོའི་ལྷག་མ་མཆིས་པའི་ཡོངས་སུ་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་པའི་བར་དུ་བགྱིད་པ་དེ་སྐྱེ་བོ་མང་པོ་ལ་སྨན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་ཐུགས་བརྩེ་བ་དང ། སྐྱེ་བོ་ཕལ་པོ་ཆེ་དང ། ལྷ་དང ། མི་རྣམས་ཀྱི་དོན་དང ། སྨན་པ་དང་བདེ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་།ངེད་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བཞུགས་པ་དེར་འདོང་ངོ ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཤིང་འཚོ་ལ་གཞེས་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ཅིང ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པས་མདུན་དུ་བདར་ནས་འཇིག་རྟེན་གྱི་ཁམས་མི་མཇེད་དུ་དེ་བཞིན་ 367a ༄#། །གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བཞུགས་པ་དེར་གཤེགས་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་དང་ལྷན་ཅིག་སེམས་ཅན་ཐམས་ཅད་ལ་ཕན་པ་དང ། ངན་པ་སྤྱོད་པ་ལས་བཟློག་པ་དང ། བཟང་པོའི་སྤྱོད་པ་ཡོངས་སུ་རྫོགས་པར་བྱ་བ་དང ། བླ་ན་མེད་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་མཉམ་པ་ཉིད་རྡོ་རྗེ་ལྟ་བུ་བརྟེན་པའི་ཆོས་ཀྱི་སྙིང་པོས་ལུས་འཇོམས་པ་ཞེས་བྱ་བའི་གཟུངས་ཕྱག་རྒྱ་དང ། ཚིག་རབ་ཏུ་དབྱེ་བ་ལ་འཇུག་པ་ལུང་བསྟན་པ་འདི་འཆད་པར་འགྱུར། བྱིན་གྱིས་རློབ་པར་འགྱུར། གཅིག་ལ་གཅིག་རྗེས་སུ་དགྱེས་པར་མཛད་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་འཇིག་རྟེན་གྱི་ཁམས་མི་མཇེད་དུ་འདུས་ནས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ཅིང་ཉན་ཐོས་ཀྱི་དགེ་འདུན་གྱིས་བལྟས་ཏེ་ཆོས་མཉམ་པ་ཉིད་རྡོ་རྗེ་ལྟ་བུ་བརྟེན་པའི་ཆོས་ཀྱི་སྙིང་པོས་ལུས་འཇོམས་པ་ཞེས་བྱ་བའི་གཟུངས་ཕྱག་རྒྱ་དང ། ཚིག་རབ་ཏུ་དབྱེ་བ་ལ་འཇུག་པ་ལུང་བསྟན་པ་འདི་འཆད་པར་འགྱུར་གྱི། ཁྱེད་ཅག་ལས་གང་ཆོས་མཉམ་པ་ཉིད་རྡོ་རྗེ་ལྟ་བུ་བརྟེན་པའི་ཆོས་ཀྱི་སྙིང་པོས་ལུས་འཇོམས་པ་ཞེས་བྱ་བའི་གཟུངས་ཕྱག་རྒྱ་དང ། ཚིག་རབ་ཏུ་དབྱེ་བ་ལ་འཇུག་པ་ལུང་བསྟན་པ་མཉན་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཚད་མེད་གྲངས་མེད་པ་ 367b གངྒཱའི་ཀླུང་གི་བྱེ་མ་སྙེད་དུས་གཅིག་ཏུ་སངས་རྒྱས་ཀྱི་ཞིང་གཅིག་ན་བཞུགས་པ་དེ་དག་ལ་མཆོད་པ་བྱ་བ་དང ། ཆོས་དེ་ཡང་ཉན་པ་དང ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང ། ལྷའི་ཡུལ་དང ། བདུད་ཀྱི་ཡུལ་ཐམས་ཅད་དང ། སངས་རྒྱས་ཀྱི་ཞིང་གི་བརྒྱན་བཀོད་པ་དེ་དག་ལ་བལྟ་བ་དང ། སངས་རྒྱས་མང་པོ་འདུས་པ་སྔོན་མ་མཐོང་མ་ཐོས་པ་བལྟ་བར་འདོད་པ་དེ་དག་དང ། ད་ངེད་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་མི་མཇེད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་འདོང་ངོ ། ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། སངས་རྒྱས་ཀྱི་ཞིང་དེར་གཟུངས་འདི་འཆད་པ་ན། གལ་ཏེ་བདག་ཅག་གིས་གནས་རྙེད་ཅིང་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ཚོགས་པ་དེ་དག་ལའང་ཕྱག་བགྱི་བ་དང ། བསྙེན་བཀུར་བགྱི་བ་དང ། མཆོད་པ་དང ། ཆོས་ཉན་པར་རྡོ་ཐོགས་པ་ལྟ་ན། དེ་བཞིན་དུ་བདག་ཅག་ཀྱང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་ཆོས་མཉམ་པ་ཉིད་རྡོ་རྗེ་ལྟ་བུ་བརྟེན་པའི་ཆོས་ཀྱི་སྙིང་པོས་ལུས་འཇོམས་པ་ཞེས་བྱ་བའི་གཟུངས་ 368a ༄#། །ཕྱག་རྒྱ་དང ། ཚིག་རབ་ཏུ་དབྱེ་བ་ལ་འཇུག་པ་ལུང་བསྟན་པ་མཉན་པའི་སླད་དུ་མཆིས་ཏེ། དེར་བདག་ཅག་གིས་དུས་གཅིག་ཏུ་སངས་རྒྱས་ཀྱི་ཞིང་གཅིག་ན་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་གྲངས་མེད་པ་ཞིག་བཞུགས་ཤིང་འཚོ་ལ་གཞེས་པ་རྣམས་ལ་མཆོད་པ་བགྱིའོ། །དེ་དག་ལས་ཆོས་ཀྱང་མཉན་པར་བགྱིའོ། །དེར་བདག་ཅག་གིས་རྫུ་འཕྲུལ་གྱིས་ཡུལ་བཀོད་པ་བཞིས་འཇིག་རྟེན་གྱི་ཁམས་མི་མཇེད་ལེགས་པར་བརྒྱན་པ་དེའང་བལྟ་བར་བགྱི། འདུས་པ་ཆེན་པོ་བཀོད་པ་དེ་དག་ཀྱང་བལྟ་བར་བགྱིའོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སངས་རྒྱས་ཀྱི་ཞིང་སོ་སོ་ནས་རང་རང་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང ། ཉན་ཐོས་ཆེན་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་དག་།ཁྱེད་ཅག་འཇིག་རྟེན་གྱི་ཁམས་དེར་འཇུག་པའི་གནས་དང ། གོ་སྐབས་ཀྱི་ཕྱིར་དེ་ལྟར་ཐེ་ཚོམ་མ་ཟ་ཞིག་།དེ་ལྟར་ནེམ་ནུར་མ་བྱེད་ཅིག་།དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་དུ་འཇུག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ནི། མཐའ་ཡས་སོ། །རིགས་ཀྱི་བུ་དག་།དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ཐབས་མཁས་པ་ཆེན་པོ་དང་ལྡན་པས་གོ་སྐབས་ཡོངས་སོ། །རིགས་ཀྱི་བུ་དག། ཡོངས་སུ་བརྟག་པར་བཟུང་སྟེ་སེམས་ཅན་གང་ལ་ལ་སེམས་ཅན་གྱི་ 368b ཁམས་སུ་བསྡུ་བར་བསྡུས་པ་ཁམས་དང་སྐྱེ་མཆེད་ལས་གནས་པའི་སེམས་ཅན་དེ་དག་གལ་ཏེ་རེ་རེའི་ལུས་ཀྱང་རི་རབ་ཙམ་དུ་གྱུར་ཏུ་ཟིན་ཀྱང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེས་སེམས་ཅན་ལུས་དེ་ལྟ་བུར་གྱུར་པ་དེ་དག་ཐམས་ཅད་ཡུངས་འབྲུ་གཅིག་གི་ནང་དུ་ཆུད་པར་ནུས་སོ། །སེམས་ཅན་རེ་རེ་ཞིང་ཡང་ཡུལ་དང་གནས་ཀྱི་གོ་སྐབས་ཡངས་ཏེ། སེམས་ཅན་དེ་དག་ཕན་ཚུན་དུ་མིག་རྒྱང་གིས་ཀྱང་མི་སླེབ་བོ། །ཡུངས་འབྲུ་གཅིག་ཏུ་སེམས་ཅན་ཐམས་ཅད་ཀྱི་ལུས་བཅུག་ཀྱང་བྲི་བ་དང ། གང་བར་མི་མངོན་ཏེ། རིགས་ཀྱི་བུ་དག་།དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ནི།་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་ནོ། །རིགས་ཀྱི་བུ་དག་།གཞན་ཡང་སྲ་བ་ཉིད་ཇི་སྙེད་པ་དེ་དག་ཐམས་ཅད་ནི། སའི་ཁམས་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེས་སའི་ཁམས་ཐམས་ཅད་རྡུལ་གཅིག་གི་སྟེང་དུ་འཇོག་ནུས་ལ། རྡུལ་དེ་གཅིག་གི་སྟེང་དུ་སའི་ཁམས་ཐམས་ཅད་བཞག་ཀྱང་བྲི་བའམ། གང་བར་མི་མངོན་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ནི། ཐབས་མཁས་པ་དེ་ལྟ་བུ་དང་ལྡན་ནོ། །རིགས་ཀྱི་བུ་དག་།གཞན་ཡང་གང་ཅུང་ཟད་གཤེར་བར་སྣང་བ་དེ་ཐམས་ཅད་ནི། ཆུའི་ཁམས་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེས་ཆུའི་ཁམས་དེ་ཐམས་ཅད་སྐྲའི་རྩེ་མོ་གཅིག་ཏུ་ཆུད་པར་ནུས་ལ་སྐྲའི་རྩེ་མོ་དེ་གཅིག་ཏུ་ཆུའི་ཁམས་དེ་ཐམས་ཅད་བཅུག་ཀྱང་བྲི་བའམ། གང་བར་མི་མངོན་ནོ། །རིགས་ཀྱི་བུ་དག་།གཞན་ཡང་ཇི་ཙམ་དུ་དྲོ་བར་ 369a ༄#། །སྣང་བ་དེ་ཐམས་ཅད་ནི། མེའི་ཁམས་ཏེ། མེའི་ཁམས་གང་སྔོན་བྱུང་བ་དང ། འབྱུང་བ་དང ། འབྱུང་བར་འགྱུར་བ་དེ་ཐམས་ཅད་རྡུལ་ཕྲ་རབ་གཅིག་ཏུ་ཆུད་པར་ནུས་ལ། མེའི་ཁམས་དེ་ཐམས་ཅད་རྡུལ་ཕྲ་རབ་དེ་གཅིག་ཏུ་བཅུག་ཀྱང་གནས་ཤིན་ཏུ་ཡངས་ཏེ། རང་གི་ཡུལ་བཞིན་དུ་རྒྱུའོ། །རིགས་ཀྱི་བུ་དག་།གཞན་ཡང་གང་ཅུང་ཟད་རླུང་གི་ཁམས་སུ་སྣང་བའི་རླུང་གི་ཁམས་དེ་ཐམས་ཅད་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེས་བ་སྤུའི་ཁུང་བུ་གཅིག་ཏུ་འཇུག་ནུས་ལ། རླུང་གི་ཁམས་དེ་ཐམས་ཅད་བ་སྤུའི་ཁུང་བུ་དེ་གཅིག་ཏུ་བཅུག་ཀྱང་གནས་ཤིན་ཏུ་ཡངས་ཏེ་རང་གི་ཡུལ་བཞིན་དུ་རྒྱུའོ། །རིགས་ཀྱི་བུ་དག་།གཞན་ཡང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེས་ནི། གང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་འབྱུང་བ་ཆེན་པོ་བཞི་པོ་དེ་དག་ཐམས་ཅད་དང་ལྷན་ཅིག་ཏུ་རྡུལ་གཅིག་གི་སྟེང་དུ་འཇོག་པར་ནུས་ཏེ། རྡུལ་གཅིག་ལ་སེམས་ཅན་དེ་དག་ཐམས་ཅད་འབྱུང་བ་ཆེན་པོ་དེ་དག་དང་བཅས་པར་རང་གི་ཡུལ་གྱི་ལས་ཀྱི་མཐའ་རྣམས་སྤྱོད་ཀྱང་གནས་ཤིན་ཏུ་ཡངས་པར་རྒྱུ་སྟེ། ཕན་ཚུན་གནོད་པའང་མེད་ལ་རྡུལ་གཅིག་གི་རྩེ་མོ་དེ་ཡང་བྲི་བའམ།་གང་བར་ཡང་མི་མངོན་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ནི། ཐབས་མཁས་པ་དེ་ལྟ་བུ་དང་ལྡན་ནོ། །རིགས་ཀྱི་བུ་དག་།གཞན་ཡང་དུས་གསུམ་དུ་གཏོགས་པའི་སེམས་ 369b ཅན་རྣམས་ཀྱི་སྐྱེ་མཆེད་དྲུག་དང ། སྤྱོད་པ་དང ། ཉེ་བར་ལེན་པ་དང ། སྨོན་ལམ་དང ། བྱིན་གྱི་རླབས་དང ། ཚིག་གི་ལམ་གྱི་སྒྲ་དང ། ཡི་གེ་དང ། ཚིག་བརྗོད་པ་དང ། འདུ་བྱེད་གསུམ་གྱི་ལས་ཀྱི་མཐའི་བྱ་བ་དང ། ཕུང་པོ་དང ། སྤྱོད་པ་དང ། བསགས་པའི་བྱ་བ་ཐ་དད་པ་ཇི་སྙེད་པ་དང ། གང་ཡང་སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་མཐའི་མུ་ནས་བཟུང་སྟེ་དུས་གསུམ་དུ་གཏོགས་པའི་འགྲོ་བ་དྲུག་ཏུ་འཁོར་བ་ན་སྲིད་པ་འགྲུབ་པ་དང ། འཆི་འཕོ་དང ། སྐྱེ་བ་འབྱུང་བ་དང ། སའི་ཁམས་ཀྱི་རྡུལ་ཕྲ་རབ་ཇི་སྙེད་པ་དང ། སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་དུ་གཏོགས་པའི་སྐད་ཅིག་ཐང་གཅིག་ཡུད་ཙམ་འདས་པ་ཇི་སྙེད་པ་དང ། སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་དུ་གཏོགས་པའི་སྤུའི་ཁུང་བུ་ཇི་སྙེད་པ་དང ། སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་དུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་པ་དང ། ཀུན་ཏུ་སྤྱོད་པ་དང ། བདེ་བ་དང ། སྡུག་བསྔལ་མྱོང་བར་འགྱུར་བ་ཇི་སྙེད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེས་སྐད་ཅིག་གཅིག་ལ་རབ་ཏུ་མཁྱེན་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ནི། མཚན་ཉིད་ཀྱི་རྣམ་པར་འཕྲུལ་པ་དང ། མངོན་པར་ཤེས་པའི་ཡེ་ཤེས་འདི་ལྟ་བུ་དང་ལྡན་པས་མི་རྟོག་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པ་དུས་གསུམ་གྱི་མཐའ་ཡོངས་སུ་མཁྱེན་ཏོ། །རིགས་ཀྱི་བུ་དག་།དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་སངས་རྒྱས་ཀྱི་ཡུལ་ལ་འཇུག་པའི་ 370a ༄#། །ཡེ་ཤེས་ལ་མཁས་པས་མཉམ་པ་ཉིད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཐབས་ཚད་མེད་པ་འདི་ལྟ་བུ་དང་ལྡན་ནོ། །མཚན་ཉིད་བཤད་པ་འདི་ལུང་བསྟན་པ་ན་ཕྱོགས་ཐ་དད་པ་དག་ན་དེ་བཞིན་གཤེགས་པ་དེ་དག་གི་སོ་སོའི་འཁོར་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་གྲངས་མེད་དཔག་ཏུ་མེད་པ་དག་སྨོན་ལམ་གྱི་ཡུལ་ལ་འཇུག་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ། །འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་གི་གཟུངས་ལས། མཚན་ཉིད་ཀྱི་ལེའུ་སྟེ་ལྔ་པའོ།། །།བམ་པོ་དྲུག་པ། ཡང་དེའི་ཚེ་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ན་དེ་བཞིན་གཤེགས་པ་མི་འཁྲུགས་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་དཔག་ཏུ་མེད་པ་རྣམས་དང་ཐབས་ཅིག་ཏུ་སངས་རྒྱས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པའི་བྱིན་གྱི་རླབས་ཀྱི་སྟོབས་ཀྱིས་གཤེགས་པར་ཆས་ནས་སྐད་ཅིག་གཅིག་ཙམ་ལ་སངས་རྒྱས་ཀྱི་ཞིང་འདིར་དབུས་ཀྱི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་སུ་བྱོན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བཞུགས་པ་དེར་གཤེགས་ནས་པདྨའི་གདན་ཇི་ལྟ་བུ་བྱུང་བ་ལ་བཞུགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་རང་གི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པས་པདྨའི་གདན་ཇི་ལྟ་བུ་བྱུང་བ་དེ་དག་ལ་ 370b འཁོད་དོ། །དེ་དག་ལ་སོགས་པ་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཤིང་འཚོ་ལ་གཞེས་པ། སངས་རྒྱས་ཀྱི་ཞིང་གྲངས་མེད་དཔག་ཏུ་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱང་སྐད་ཅིག་ཐང་གཅིག་ཡུད་ཙམ་དེ་ཉིད་ལ་སངས་རྒྱས་ཀྱི་ཞིང་འདིར་དབུས་ཀྱི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་སུ་བྱོན་ཏོ། །དེ་བཞིན་གཤེགས་པ་རེ་རེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་དཔག་ཏུ་མེད་པ་དང ། ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་ཐབས་ཅིག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ག་ལ་བཞུགས་པར་བྱོན་ཏོ། །བྱོན་ནས་ཀྱང་པདྨའི་གདན་ཇི་ལྟ་བུ་བྱུང་བ་རྣམས་ལ་བཞུགས་སོ། །ཡང་དེའི་ཚེ་ན་ལྷོ་ཕྱོགས་ལོགས་ནས་དེ་བཞིན་གཤེགས་པ་རིན་པོ་ཆེ་ཏོག་ཅེས་བྱ་བ་བྱོན་ནས་པདྨའི་སྙིང་པོ་ལ་བཞུགས་པའི་བར་དུ་རྒྱས་པར་བྱའོ། །དེ་བཞིན་དུ་བྱང་ཕྱོགས་ལོགས་ནས་དེ་བཞིན་གཤེགས་པ་རྔ་སྒྲ་ཞེས་བྱ་བ་བྱོན་ནས་པདྨའི་སྙིང་པོ་ལ་བཞུགས་སོ། །ཡང་དེའི་ཚེ་ནུབ་ཕྱོགས་ལོགས་ནས་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཅེས་བྱ་བ་བྱོན་ནས་པདྨའི་སྙིང་པོ་ལ་བཞུགས་པའི་བར་དུའོ། །འོག་གི་ཕྱོགས་ལོགས་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཅེས་བྱ་བ་བྱོན་ནས་པདྨའི་སྙིང་པོ་ལ་བཞུགས་པའི་བར་དུའོ། །སྟེང་གི་ལོགས་ནས་དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་འོད་ཟེར་ཞེས་བྱ་བ་བྱོན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་དཔག་ཏུ་མེད་པ་གངྒཱའི་ཀླུང་གི་བྱེ་ 371a ༄#། །མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དང་ཐབས་ཅིག་ཏུ་སངས་རྒྱས་ཀྱི་ཡུལ་ཐམས་ཅད་རྣམ་པར་འཕྲུལ་པའི་བྱིན་གྱི་རླབས་ཀྱིས་དེ་ནས་གཤེགས་པར་ཆས་པ་དང ། སེམས་ཀྱི་སྐད་ཅིག་གཅིག་ལ་སངས་རྒྱས་ཀྱི་ཞིང་འདིར་དབུས་ཀྱི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བཞུགས་པ་དེར་གཤེགས་ནས་པདྨའི་གདན་ཇི་ལྟ་བུ་བྱུང་བ་ལ་བཞུགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་ཇི་ལྟར་རང་གི་བསོད་ནམས་དང ། རྫུ་འཕྲུལ་གྱི་སྟོབས་ཀྱི་བྱིན་གྱི་རླབས་ཀྱིས་པདྨའི་གདན་སྤྲུལ་པ་རྣམས་ལ་འཁོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུ་ནས་འདུས་པ་དེ་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱ་བའི་ཕྱིར་ལ་ལ་དག་གིས་ནི། ཛམྦུ་ཆུ་བོའི་གསེར་གྱི་ཆར་ཕབ་བོ། །གོང་དུ་སྨོས་པ་བཞིན་སྦྱར་ཏེ། ལ་ལ་དག་གིས་ནི། སངས་རྒྱས་ཀྱི་ཞིང་མ་ལུས་པར་བསྐོར་བར་བྱས་སོ། །ལ་ལ་དག་གིས་ནི། ཆོས་ཉན་པས་བསྐོར་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་འཁོད་དོ། །ལ་ལ་དག་གིས་ནི། རང་གི་དགེ་བའི་ཕྱོགས་ཡིད་ལ་བྱེད་ཅིང་གནས་སོ། །ཡང་དེའི་ཚེ་ན་ཟླ་འོད་གཞོན་ནུར་གྱུར་པས་ཐལ་མོ་སྦྱར་ཏེ་རང་གི་རྫུ་འཕྲུལ་གྱི་མཐུ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྟོབས་བསྐྱེད་པས་ 371b སངས་རྒྱས་ཀྱི་ཞིང་འདི་མ་ལུས་པར་དབྱངས་ཀྱིས་བཀང་སྟེ་འདི་སྐད་ཅེས་སྨྲས་སོ། །ཐེ་ཚོམ་ཐམས་ཅད་གཅོད་མཛད་པ། །ཐུབ་པ་ཟླ་བ་ཀུན་ནས་གཤེགས། །སྔོན་ཆད་མ་མཐོང་མ་ཐོས་པའི། ། དགེ་འདུན་ཕུན་སུམ་ཚོགས་འདི་སྣང ། །བྱང་ཆུབ་སེམས་དཔའ་བརྟུལ་ཞུགས་མཆོག་།སངས་རྒྱས་ཀུན་གྱིས་རབ་གང་བས། །ཞིང་འདི་མཆོད་རྟེན་གྱུར་བ་སྟེ། །ཞིང་རྣམས་ཀུན་གྱིས་ཕྱག་བྱས་སོ། །གང་ན་སེམས་ཅན་སྨད་པ་ཡི། །ཞིང་ནི་སྙིགས་མ་ལྔ་ལྡན་འདིར། །ཐུབ་པ་སྣང་མཛད་རྒྱུ་མེད་པར། །རྫོགས་པའི་སངས་རྒྱས་དེང་མི་གཤེགས། །དེ་རིང་བདུད་ངན་ཚར་བཅད་ཅིང ། །ནག་པོའི་ཕྱོགས་ནི་རབ་གཞོམ་དང ། །སྤྱོད་པ་དགེ་བ་བསྡུ་བའི་ཕྱིར། །དེ་ཡི་དོན་དུ་ཀུན་ནས་གཤེགས། །ཡིད་ནི་རབ་ཏུ་དད་བྱོས་ལ། །བདུད་སྡེ་རབ་ཏུ་འཇོམས་པ་ཡི། །ཆོས་ཉིད་ཞི་བ་རབ་ཉོན་ལ། ། རྫོགས་པའི་སངས་རྒྱས་འགྱུར་བར་བྱོས། །ཐེག་པ་ཆེན་པོ་སྤྱོད་པའི་ལམ། །བཟོད་པའི་གོ་བགོས་ཤེས་པར་བྱོས། །ཉོན་མོངས་ཐམས་ཅད་ཟད་བྱའི་ཕྱིར། །གཟུངས་འདི་དེ་རིང་མཉན་པར་བྱོས། ། གདན་རྣམས་ལ་ནི་བཞུགས་ནས་ནི། །སྲུང་བ་འདི་ནི་བཤད་གསོལ་ཕྱིར། །དེ་ཕྱིར་ཐམས་ཅད་མགྲིན་གཅིག་ཏུ། །འདྲེན་པ་རྣམས་ནི་སྤྱན་དྲོངས་ཤིག་།དམ་ཆོས་ཡུན་རིང་གནས་བྱའི་ཕྱིར། །སྒྲིབ་པ་ཐམས་ཅད་ཞི་བྱེད་པ། །ཆོས་རྣམས་ཐམས་ཅད་སྡུད་པ་ཡི། །གཟུངས་འདི་གཞན་གྱིས་མི་ཐུབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་ཐོབ་པ་གྲངས་མེད་དཔག་ཏུ་ 372a ༄#། །མེད་པ་དེ་སྙེད་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་པདྨའི་གདན་འདི་དག་ལ་བཞུགས་ཏེ་དེང་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་བྱམས་པ་ཆེན་པོའི་མཆོག་དང ། བཟོད་པ་ཡོངས་སུ་བསྒོམས་པ་མི་འཇིགས་པའི་རྒྱུ་མཐུན་པ་བཤད་པ། ཆོས་ཐམས་ཅད་སྡུད་པ། འཇིགས་པ་དང་བྲལ་བ་ལ་འཇུག་པ། བདུད་ཀྱི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པར་བགྱིད་པ། བདུད་ཀྱི་རྒྱལ་མཚན་རབ་ཏུ་སྙོལ་ལ་ཆོས་ཀྱི་རྒྱལ་མཚན་སྒྲེང་བར་བགྱིད་པ། ཉོན་མོངས་པ་ཐམས་ཅད་འཇོམས་པ། དགྲ་ཐམས་ཅད་ཚར་གཅོད་པ། ཐེ་ཚོམ་ཐམས་ཅད་གཅོད་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཛུད་པ། འཇིགས་པ་ཐམས་ཅད་ལས་རྣམ་པར་ཐར་པར་བགྱིད་པ། ཐམས་ཅད་སྲུང་བ་བླ་ན་མེད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆོས་ཐམས་ཅད་དྲན་པ་དང ། བློ་གྲོས་དང ། རྟོགས་པ་དང ། མོས་པ་མི་བརྗེད་པ། སྤྱོད་པ་ཐམས་ཅད་ཀྱི་ཐབས་དང་ཡེ་ཤེས་ལ་མཁས་པ་ཀུན་སྟོན་པ། བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་སྐྱེ་མཆེད་དང ། བྱིན་གྱི་རླབས་དང ། ཏིང་ངེ་འཛིན་དང ། གཟུངས་དང ། བཟོད་པ་ལ་འཇུག་པ། སྣང་བའི་ཡེ་ཤེས་མཁས་པ་ལ་འཇུག་པ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་སྙིང་པོ་འཛིན་པའི་བར་གྱི་གཟུངས་འདི་སེམས་ཅན་རྣམས་ཀྱི་གཟི་བརྗིད་དང ། ཁ་དོག་དང ། ལོངས་སྤྱོད་དང ། 372b སྟོབས་དང ། གྲགས་པ་དང ། བདེ་བ་ལ་རེག་པར་གནས་པ་དང ། སྤོབས་པ་དང ། དྲན་པ་རྣམ་པར་འཕེལ་བ་དང ། ཐོས་པ་འཛིན་པ་མི་བརྗེད་པ་དང ། དགྲ་ཐམས་ཅད་ཕམ་པར་བགྱིད་པ་དང ། ལོ་ཏོག་མངོན་པར་འགྲུབ་པ་དང ། བསླབ་པ་འཛིན་པ་དང ། དྲན་པའི་སྣོད་དུ་འགྱུར་བ་དང ། སྤྱོད་པ་མངོན་པར་འགྲུབ་པར་འགྱུར་བ་དང ། བྱང་ཆུབ་ཡང་དག་པར་ཐོབ་པར་བགྱི་བའི་སླད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གཟུགས་འདི་ད་འདིར་བདག་ཅག་ལ་བཤད་དུ་གསོལ། ཆོས་ཀྱི་ཚུལ་རྗེས་སུ་གཟུང་བ་དང ། ཡུན་རིང་དུ་གནས་པ་དང ། དཀོན་མཆོག་གསུམ་གྱི་རིགས་ཆུད་མི་འཛའ་བ་དང ། བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་མཐའ་དག་བསྟན་པ་དང ། ཡང་དག་པའི་མཐའ་དང ། ནམ་མཁའ་དང ། དེ་བཞིན་ཉིད་དབྱེར་མ་མཆིས་པ་དང ། མུན་པ་དང ། སྣང་བ་དང ། དམིགས་པ་དང ། མི་དམིགས་པ་དང ། ཚུ་རོལ་དང ། ཕ་རོལ་དང ། རྟོགས་པ་དང ། རྣམ་པར་རྟོག་པ་དང ། སེམས་ཅན་དང ། སྲོག་དང ། གསོ་བ་དང ། སྐྱེས་བུ་དང ། གང་ཟག་ཐམས་ཅད་དབྱེར་མ་མཆིས་པ་དང ། ཆོས་ཐམས་ཅད་མི་སྐྱེ་བ་དང ། མི་འབྱུང་བ་དང ། མི་འགག་པ་མཉམ་པ་ཉིད་ཀྱི་མཚན་ཉིད་དངོས་པོ་མ་མཆིས་ཤིང་ཡང་དག་པའི་མཐའ་དབྱེར་མ་མཆིས་པ་དང ། ས་དང ། ཆུ་དང ། མེ་དང ། རླུང་དང ། རྣམ་མཁའ་དང ། རྣམ་པར་ཤེས་པའི་ཁམས་དབྱེར་མ་མཆིས་པའི་སླད་དུ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་འདིར་བདག་ཅག་ལ་ཆོས་ཐམས་ཅད་ཀྱི་ཚུལ་གྱི་ 373a ༄#། །དཀྱིལ་འཁོར་དམ་པའི་གཟུངས་བཤད་དུ་གསོལ། གང་འདིར་ཐོས་མ་ཐག་ཏུ་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་དག་ལ་དཀོན་མཆོག་གསུམ་མངོན་སུམ་དུ་གྱུར་ཅིག་།སེམས་ཅན་རྣམས་ཕན་ཚུན་དུ་དགེ་བའི་བཤེས་གཉེན་བགྱིད་ཅིང་ཕན་པར་བགྱིད་པར་གྱུར་ཅིག་།སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང ། ཕྱིར་མི་ལྡོག་པར་འགྱུར་བ་དང ། ལུང་བསྟན་པ་ཐོབ་པར་གྱུར་ཅིག་།སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་ཀྱང་ཆོས་བསྟན་པའི་ཕྱིར་ཅང་མི་གསུང་བར་གྱུར་པས་གནང་ནས་པདྨའི་སྙིང་པོ་དེ་དག་ལ་བཞུགས་སོ། །ཇི་ལྟར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར་བ་དང ། དགེ་བའི་རྩ་བ་ཐམས་ཅད་བསགས་པའི་ཕྱིར་དྲན་པ་དང ། དད་པ་དང ། དང་བ་དང ། མོས་པ་རྙེད་པར་འགྱུར་བ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་མ་ཐག་ཏུ་སངས་རྒྱས་ཀྱི་ཞིང་འདིར་གཏོགས་པའི་སེམས་ཅན་རྣམས་ཀྱི་སེམས་དང ། སེམས་ལས་བྱུང་བ་རྣམས་ལ་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང ། ལྟ་བ་ངན་པ་དང ། ང་རྒྱལ་དང ། རྒྱགས་པ་དང ། དྲེགས་པ་དང ། འཇིག་ཚོགས་ལ་ལྟ་བ་དང ། ཐེ་ཚོམ་དང ། ཉེ་བར་ལེན་པ་དང ། སྲིད་པའི་སྲེད་པ་ཀུན་གཞིའི་ཉེས་པ་དག་རབ་ཏུ་ཞི་བར་ 373b འགྱུར་བ་དང ། སེམས་ཅན་སོ་སོ་ནས་འདི་སྙམ་དུ་བདག་གཅིག་པུ་དེ་བཞིན་གཤེགས་པའི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གི་།འདི་ན་གཞན་སུའང་མེད་དོ། །བདག་གཅིག་པུ་ལ་དེ་བཞིན་གཤེགས་པའི་ཐུགས་ཐམས་ཅད་ཀྱིས་དགོངས་ཏེ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བའི་ཕྱིར་ཆོས་སྟོན་པར་བཞེད་དོ། །འདི་ན་གཞན་སུས་ཀྱང་དེ་བཞིན་གཤེགས་པ་ལ་ཆོས་མཉན་པའི་ཕྱིར་གསོལ་བ་མ་བཏབ་བོ། །སྙམ་དུ་ཤེས་པར་འགྱུར་བ་དེ་ལྟ་བུའི་སངས་རྒྱས་ཀྱི་ཡུལ་གྱི་སྨོན་ལམ་མཉམ་པ་ཉིད་ལ་འཇུག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དེའི་ཚེ་གང་སངས་རྒྱས་ཀྱི་ཞིང་མ་ལུས་པ་འདིར་གཏོགས་པའི་སེམས་ཅན་རྣམས་དབང་པོ་ཐམས་ཅད་བསྟེན་ཏེ་ཐལ་མོ་སྦྱར་ནས་དེ་དག་གིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བདག་ཅག་ལ་ཆོས་བཤད་དུ་གསོལ། བཙུན་པ། བཅོམ་ལྡན་འདས་བདེ་བར་གཤེགས་པ་རྣམས་ཀྱིས་བདག་ཅག་ལ་ཆོས་བཤད་དུ་གསོལ། བདག་ཅག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ནན་ཏན་གྱིས་བསྡུ་བར་བགྱིའོ། །དེ་ནས་ཡང་དེའི་ཚེ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེས་སངས་རྒྱས་བཅོམ་ལྡན་འདས་གཞན་རྣམས་ལ་མཆོད་པའི་ཕྱིར་སྤོས་བཀོད་པ་ལས་ཤིན་ཏུ་ལྷག་པའི་སྤོས་གོང་དུ་མཆོག་ཏུ་ཁྱད་པར་དུ་གྱུར་པ་རྒྱ་ཆེན་པོས་སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་ཁྱབ་པར་བྱིན་གྱིས་བརླབས་སོ། །སངས་རྒྱས་བཅོམ་ལྡན་འདས་ལྷག་མ་རྣམས་མཆོད་པའི་ 374a ༄#། །ཕྱིར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་ལག་པ་རིན་པོ་ཆེ་དང ། མེ་ཏོག་དང ། ཕྲེང་བ་དང ། སྤོས་དང ། བྱུག་པ་སྣ་ཚོགས་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། རྒྱན་དང ། ལྷབ་ལྷུབ་སྣ་ཚོགས་དག་གིས་གང་བར་བྱིན་གྱིས་བརླབས་ནས་འདི་སྐད་ཅེས་གསུངས་སོ། །ད་ལྟར་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ནས་བདག་གི་སངས་རྒྱས་ཀྱི་ཞིང་དུ་དྲི་བའི་ཕྱིར་བྱོན་པ་རྣམས་དགོངས་སུ་གསོལ། བདག་སྔོན་གྱི་སྨོན་ལམ་གྱིས་འདི་འདྲ་བར་རབ་ཏུ་ཉོན་མོངས་པ་ཅན་སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སེམས་ཅན་བསམ་པ་ཉམས་པ། ལམ་རབ་ཏུ་སྟོར་བ། མ་རིག་པའི་མུན་པ་དང་རབ་རིབ་ཀྱི་ལིང་ཏོག་གིས་ཉོན་མོངས་པའི་མུན་པར་བཅུག་པ། ངན་སོང་གསུམ་དུ་ཞུགས་པ། མི་དགེ་བ་དང་འགྲོགས་པ།་དགེ་བ་ཐམས་ཅད་དང་བྲལ་བ། མཁས་པ་ཐམས་ཅད་ཀྱིས་ཡོངས་སུ་སྤངས་པ། མཚམས་མེད་པ་བྱེད་པ་དང ། དམ་པའི་ཆོས་སྤོང་བ། འཕགས་པ་ལ་སྐུར་པ་འདེབས་པ། སྙིང་རྗེ་མེད་པའི་བསམ་པ་ཅན་གྱི་སེམས་ཅན་རྣམས་ལ་སྙིང་རྗེ་བའི་སླད་དུ་སྙིང་བརྩེ་བ་དང ། བརྩོན་འགྲུས་ཀྱི་སྟོབས་ཀྱི་བརྩོན་པ་ཆེན་པོས་གྲང་བ་དང ། དྲོ་བ་དང ། རླུང་དང ། ཚ་བ་དང ། 374b ངལ་བ་དང ། ཆད་པ་དང་དུ་བླང་བར་བགྱིའོ། །གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་དང ། ཡུལ་འཁོར་དུ་རྐང་གིས་འགྲོ་བར་བྱའོ། །སེམས་ཅན་ལ་ཕན་པར་བགྱི་བའི་སླད་དུ་རྩུབ་པ་དང ། ཉུང་བ་དང ། རོ་མེད་པ། ཤིན་ཏུ་སྨད་པ། མི་མཐུན་པའི་ཟས་བཟའ་བར་བགྱིའོ། །དེ་དག་གི་དགེ་བའི་རྩ་བ་བསྐྱེད་པའི་སླད་དུ་སྦོམ་པ། རྩུབ་པ། རེག་ན་མི་བདེ་བ། ཤ་ན་དང ། ཤིང་བལ་དང ། གསོ་མའི་རས་དང ། ཕྱག་དར་ཁྲོད་ཀྱི་གོས་བགོ་བར་བགྱིའོ། །རི་དང ། རི་སུལ་དང ། ནགས་སྟུག་པོ་དང ། གྲོང་སྟོང་དང ། དུར་ཁྲོད་དུ་གནས་པར་བགྱི་བ་ནས་རྩཝའི་མལ་ཆ་དང ། གསོ་མ་དང ། ཤིང་གི་འདབ་མ་རྩུབ་པ། དྲི་མི་ཞིམ་པ། རེག་ན་མི་བདེ་བའི་མལ་ཆ་སྤྱད་པར་བགྱིའོ། །བདག་གིས་ཐབས་མཁས་པ་ནྡང ། སྙིང་རྗེ་ཆེན་པོ་དང ། བརྩོན་འགྲུས་ཀྱི་གོ་ཆ་བགོས་ནས་སེམས་ཅན་རྣམས་ལ་གཏམ་རྣམ་པ་སྣ་ཚོགས་བགྱི་སྟེ། རྒྱལ་རིགས་རྣམས་ལ་ནི། རྒྱལ་སྲིད་དང ། དབང་ཕྱུག་གི་གཏམ་བགྱིའོ། །བྲམ་ཟེ་རྣམས་ལ་ནི། རིག་བྱེད་དང ། སྐར་མའི་གཏམ་དང ། བློན་པོ་རྣམས་ལ་ནི། ཡུལ་དང་ལས་ཀྱི་མཐའི་གཏམ་དང ། སྨན་པ་རྣམས་ལ་ནི། ཁམས་དང ། སྨན་དང ། སྒྲུབ་པའི་གཏམ་དང ། ཚོང་པ་རྣམས་ལ་ནི། ཉོ་ཚོང་གི་གཏམ་དང ། དམངས་རྣམས་ལ་ནི། ལས་ཀྱི་མཐའ་ལ་མངོན་པར་ཞེན་པའི་གཏམ་དང ། བུད་མེད་རྣམས་ལ་ནི། ཁ་དོག་དང ། རྒྱན་དང ། བུ་དང ། ཕྱུག་པ་དང ། འགྲན་ཟླ་མེད་པའི་གཏམ་དང ། དགེ་སྦྱོང་རྣམས་ལ་བཟོད་པ་དང ། 375a ༄#། །དེས་པ་དང ། ལས་གསུམ་ལ་བརྩོན་པའི་གཏམ་བགྱིའོ། །སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ་མ་ཐོབ་པ་ཐོབ་པར་བགྱི་བ་དང ། མངོན་དུ་མ་བགྱིས་པ་མངོན་དུ་བགྱི་བར་གཟུད་དོ། །མ་ཐར་པ་རྣམས་རབ་ཏུ་ཐར་པར་བགྱི་བའི་སླད་དུ་སྡུག་བསྔལ་རྣམ་པ་སྣ་ཚོགས་ལ་སྤྲོ་བར་བགྱིའོ། །སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ་ཡུལ་ཐམས་ཅད་དུ་རྒྱུ་བར་བགྱིའོ། །དེ་ལྟ་མོད་ཀྱི་སེམས་ཅན་འདི་དག་ནི། དེ་ན་བདག་ལ་གཤེའོ། །མི་སྙན་པ་ཟེར་རོ། །ཕྲག་དོག་གི་ཆོས་ཀྱི་རྒྱུས་བདག་ལ་འཁྲིག་པའི་ཆོས་ཀྱིས་མེད་པ་ལ་སྐུར་པ་འདེབས་སོ། །ཁ་གསག་དང ། ཚུལ་འཆོས་པ་དང ། སྒྱུ་དང ། གཡོ་དང ། རྫུན་སྨྲ་བ་དང ། ཞེ་གཅོད་པ་དང ། བུད་མེད་ཀྱི་ཚིག་དག་གིས་སྐུར་པ་འདེབས་སོ། །བདག་ལ་སས་འཐོར་རོ། ། བདག་ལ་གསད་པའི་ཕྱིར་མཚོན་དང ། དུག་དང ། མེ་དང ། འཁོར་ལོ་དང ། མདའ་བོ་ཆེ་དང ། མདའ་དང ། རལ་གྲི་དང ། མདུང་དང ། དགྲ་སྟ་དང ། རྡོ་དང ། མཚོན་ཆའི་ཆར་འབེབས་སོ། ། བདག་གསད་པའི་ཕྱིར་གླང་པོ་ཆེ་དང ། སྦྲུལ་སྡུག་པ་དང ། སེངྒེ་དང ། སྟག་དང ། གླང་དང ། མ་ཧེ་དང ། སྤྱང་ཀི་དང ། ཕག་རྒོད་དང ། ཚན་པོ་ཆེ་རྣམས་ཀྱང་འགྱེད་དོ། །བདག་གི་གནས་དང ། གནས་ཁང་དང ། གཙུག་ལག་ཁང་ཡང་མི་གཙང་བ་དང ། དྲི་ང་བས་འགེངས་སོ། །བདག་གི་ཉན་ཐོས་གྲོང་ཁྱེར་དུ་བཞུགས་པ་རྣམས་ལ་ཕན་འདོགས་པ་མ་ཡིན་པའི་སེམས་ཅན་རྣམས་ 375b ཀྱིས་གླུ་དང་གར་ཚུལ་མ་ཡིན་པ་བྱེད་དུ་འཛུད་དོ། །ཐབས་བརྒྱ་སྟོང་དུ་མས་བདག་གསད་པའི་ཕྱིར་བརྩོན་ནོ། །བདག་གི་བསྟན་པ་ནུབ་པར་བྱ་བ་དང ། ཆོས་ཀྱི་ཚུལ་གྱི་སྒྲོན་མ་གསད་པ་དང ། ཆོས་ཀྱི་གྲུབ་ཤིག་པ་དང ། ཆོས་ཀྱི་རྒྱལ་མཚན་བསྙལ་བ་དང ། བདག་གི་ཆོས་ཀྱི་མཆོད་སྦྱིན་རྣམ་པར་གཏོར་བའི་ཕྱིར་བརྩོན་ནོ། །ད་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཆོས་ཀྱི་ཚུལ་ལ་གཟིགས་ཏེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་སྙིགས་མ་ལྔ་དང་ལྡན་པ་འདིར་འདུས་པ་ཆེན་པོ་མཛད་ནས་དམ་པའི་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བགྱི་བ་དང ། བདུད་ཀྱི་སྟོབས་ཀྱི་ཡུལ་ཐམས་ཅད་རབ་ཏུ་གཞོམ་པ་དང ། དཀོན་མཆོག་གསུམ་གྱི་རིགས་གནས་པ་རྒྱུན་མི་ཆད་པར་བགྱི་བ་དང ། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་འཕེལ་བར་བགྱི་བ་དང ། དགྲ་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་མཐུན་པས་ཚར་གཅད་པ་དང ། སེམས་ཅན་རྣམས་ཀྱི་འཐབ་པ་དང ། རྩོད་པ་དང ། མུ་གེ་དང ། ནད་དང ། ཕ་རོལ་གྱི་དམག་ཚོགས་དང ། འཆིང་བ་དང ། འགྱེད་པ་དང ། རྒོལ་བ་དང ། དུས་མ་ཡིན་པར་གྲང་བ་དང ། ཚ་བ་དང ། ཆར་བ་དང ། རླུང་དང ། ལུས་དང ། ངག་དང ། ཡིད་ཀྱི་ཉེས་པ་དང ། ལྟ་བ་ངན་པ་ཡ་ང་བ་རབ་ཏུ་ཞི་བར་བགྱི་བ་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། མི་དང ། མི་མ་ཡིན་པ་ཐམས་ཅད་འདུན་པར་བགྱི་བ་དང ། ཁྱིམ་དང ། གྲོང་དང ། གྲོང་ཁྱེར་དང ། 376a ༄#། །གྲོང་རྡལ་དང ། ཡུལ་འཁོར་ཐམས་ཅད་བསྲུང་བ་དང ། གཡོ་དང ། དུག་དང ། བྱད་དང ། རྨོངས་བྱེད་དང ། རྨི་ལམ་ངན་པ་དང ། ལྟས་ངན་པ་ཐམས་ཅད་གཞིལ་བ་དང ། འབྲུ་དང ། སྨན་དང ། མེ་ཏོག་དང ། འབྲས་བུ་དང ། བཅུད་ཐམས་ཅད་ཀྱིས་སེམས་ཅན་ཉེ་བར་འཚོ་བར་བགྱི་བ་དང ། རྒྱལ་རིགས་དང ། བྲམ་ཟེ་དང ། དམངས་རིགས་དང ། རྗེའུ་རིགས་རྣམས་དགེ་བ་སྤྱོད་པ་ལ་གཟུད་པ་དང ། བྱང་ཆུབ་ཀྱི་སེམས་རབ་ཏུ་བསྐྱེད་པ་དང ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་གཟུད་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐབས་ཤེས་པ་ལ་མཁས་པ་དང ། དྲན་པ་དང ། བློ་གྲོས་དང ། རྟོག་པ་དང ། མོས་པ་དང ། དཔའ་བ་དང ། བརྟན་པ་དང ། སྤོབས་པ་རྣམ་པར་འཕེལ་བར་བགྱི་བ་དང ། དབང་བསྐུར་བའི་སར་དབུགས་དབྱུང་བ་ལ་འཛུད་ཅིང་ཡེ་ཤེས་ཀྱི་ཕ་རོལ་ཏུ་འགྲོ་བར་བགྱི་བའི་སླད་དུ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཆོས་མཉམ་པ་ཉིད་རྡོ་རྗེ་ལྟ་བུ་བརྟེན་པའི་ཆོས་ཀྱི་སྙིང་པོས་ལུས་འཇོམས་པ་ཞེས་བགྱི་བའི་གཟུངས་ཕྱག་རྒྱ་དང ། ཚིག་རབ་ཏུ་དབྱེ་བ་ལ་འཇུག་པ་ལུང་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་ཅིང་བྱིན་གྱིས་བརླབས་ཏེ་གཅིག་ལ་གཅིག་དགྱེས་པ་དེ་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ད་ལྟར་ཕྱོགས་བཅུ་ན་བཞུགས་ཤིང་འཚོ་ལ་གཞེས་པ་དག་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པ་འདིར་ 376b དྲི་བའི་ཕྱིར་གཤེགས་ཏེ་བཞུགས་པ་དེ་དག་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་བསྲུང་བའི་སླད་དུ་ཆོས་མཉམ་པ་ཉིད་རྡོ་རྗེ་ལྟ་བུ་བརྟེན་པའི་ཆོས་ཀྱི་སྙིང་པོས་ལུས་འཇོམས་པ་ཞེས་བྱ་བའི་གཟུངས་ཕྱག་རྒྱ་དང ། ཚིག་རབ་ཏུ་དབྱེ་བ་ལ་འཇུག་པ་ལུང་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་དམ་པའི་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བགྱི་བ་དང ། བདུད་ཀྱི་ཡུལ་གྱི་སྟོབས་ཐམས་ཅད་རབ་ཏུ་གཞོམ་པ་དང ། ཇི་ལྟར་གོང་དུ་རྒྱས་པར་བརྗོད་པ་བཞིན་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་འགྲོ་བར་བགྱི་བའི་སླད་དུ་བདག་གིས་གསོལ་བ་བཏབ་པ་ལ་ཐུགས་བརྩེ་བར་མཛད་དེ། སངས་རྒྱས་ཀྱི་ཞིང་འདིར་དམ་པའི་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་ཤིང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཚུགས་པ་དང ། མི་འཇིགས་པའི་ཆོས་ཅན་དུ་འགྱུར་བ་དང ། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་འཆད་པ་དང ། ཆོས་ཀྱི་བཅུད་ཀྱིས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་བགྱི་བའི་སླད་དུ་ལེགས་པར་བཤད་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། བཤད་ནས་ཀྱང་ཕན་ཚུན་རྗེས་སུ་དགྱེས་པར་མཛད་དུ་གསོལ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་འདི་སྐད་ཅེས་གསུངས་སོ། །དེ་བཞིན་དུ་བདག་ཅག་གིས་སངས་རྒྱས་ཀྱི་ཞིང་འདིར་སངས་རྒྱས་ཀྱི་མཛད་པ་ལགས་ཀྱང་བགྱི་སྟེ། ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བགྱི་བ་དང ། བདུད་ཀྱི་ཡུལ་གྱི་སྟོབས་ཐམས་ཅད་རབ་ཏུ་གཞོམ་པ་ནས་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་འགྲོ་བར་བགྱི་བའི་བར་གྱི་སླད་དུ་བྱིན་གྱིས་ 377a ༄#། །བརླབ་ཅིང་ཆོས་མཉམ་པ་ཉིད་རྡོ་རྗེ་ལྟ་བུ་བརྟེན་པའི་ཆོས་ཀྱི་སྙིང་པོས་ལུས་འཇོམས་པ་ཞེས་བྱའི་གཟུངས་ཕྱག་རྒྱ་དང ། ཚིག་རབ་ཏུ་དབྱེ་བ་ལ་འཇུག་པ་ལུང་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་ཀྱི། གང་སུ་དག་སངས་རྒྱས་ཀྱི་ཞིང་འདིར་གཏོགས་པའི་སེམས་ཅན་ཐམས་ཅད་ཉོན་ཅིག་།འདི་ལྟ་སྟེ། ཨཾ་ཀ་ར། ཨཾ་ཀ་ར། བྷཾ་ཀ་ར། པྲ་བྷཾ་ཀ་ར། བྷ་ཡ་མི་ཧ།་མི་ཏྲ་མ་བྷ་སེ། ཨ་ཁེ། ཨ་ཁ། ཨཾ་བ་རེ། དོ་མེ། དོ་མད་ཏེ། ཀེ་བད་ཊེ། ཀེ་ཡཱུ་རེ། ས་མ་བཱ་ཧ་ནེ། ས་མནྟ་བྷ་དྲེ། དྷརྨེ། དྷརྨེ། དྷརྨ་ཀེ་།ཛ་ཕ་ལེ། མི་ཏྲ་ཨ་ནུ་པཱ་ལེ། ཕ་ལ་བ་ཏེ། ག་ཎེ། ག་ཎེ།་པ་རཱན་ཏེ། ཧི་ལི་ཧི་ལི། ཧི་ལི་ཧི་ལི་ཀེ་།ཛམྦྷ་བ་ཏེ། ཊ་ཀ་ཊེ། ཊ་ཀ་བ་རཱ་ན་ཏེ། ཧི་རིན་ཏེ། ཤི་རིན་ཏེ། བིན་དུ་བ་ཏེ། གོ་བྷ་ཧེ། ཛུ་རེ་མི་ཏྲ། ཛུ་རེ། ཛུ་ཤེ་། གྲེ་། བ་མེ། ས་སྱ་ཏ་ཐཱ་ཏཱ་ན། ཧུ་ལུ་ཧི་ལེ། ཙནྡྲེ། ས་མཱ་དྷི། མེ་དྷརྨ། ཀུ་ཙུ་རུ། མུ་ཙུ་རུ། ཨ་ཙིཏྟ། ཙི་ལི་ཙི་ལི། ལི་ཙ་བ་ཧ། ཙུ་ལུ་ཙུ་ལུ། མི་ཏྲ་བ་ཧ། ཀུ་ལུ་ཀུ་ལུ། ས་ར་ས་ར། ཀུ་ཊུ་ཀུ་ཊུ། མ་ཧཱ་ས་ར་ས་ར། ཏུ་ཊུ་ཏུ་ཊུ།་མ་ཧཱ་སདྱ། ཧྲི་ད་ཡ། པུཥྤེ། སུ་པུཥྤེ། དྷུ་མ་པ་རི་ཧ་རེ། ཨ་བྷ་ཡེ། རུ་ཙི་ནེ་ཀ་ར་ཀྵེ། ཨ་ཡ་མསྟུ། བི་བ་ཧ། ཏི་ཏི་ལ། མ་མ་ལེ། པཱ་ཤ་ཀ་།ཤི་ཤི་ར་ཤི་ཤི་ར། ལོ་ཀ་བི་ནཱ་ཡ་ཀ་བཛྲེ་བཛྲེ་དྷ་རེ་བཛྲེ་བ་ཏེ། བཛྲེ་མ་ཏེ། བཛྲེ་ད་དེ། ཙཀྲ་བཛྲེ། ཙ་ཀྲེ་ཙ་བ་ཏེ། དྷ་རེ་དྷ་རེ། བྷ་རེ་བྷ་རེ། པཱུ་རེ་ཏ་རེ། ཧུ་ཧུ་རེ། བྷཾ་ག་བཾ་བ་རེ་ཤཝ་ར་ཤ་ཙ་ཙི་ལི་ཙུ་རུ་པཱུ་རེ། མནྟྲ་ཎེ། མནྟྲ་ཎེ། ག་ག་ར་ཎེ། མུ་དྲ་ནེ། 377b སརྦ་མཱུ་ཧ་ཎེ། དྷི་དྷི་ར་ཡ་ནི། མ་ཁ་ཤཝ་ར་ལ་ཡ་ནི། རྀ་ཥ་ནི་ཛ་ནི། དྷ་བ་བ་ཙི། ཙཎྜ་ལ་ས་མེ། སརྦ་ས་སྱ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། སིདྡྷྱནྟུ་མ་ཧཱ་ནཱཾ། ནི་ནི་པཱ་ལ་ར་ཏི། ཨོཾ་རྫོ་གྲེ། པི་ཙི་ནི། བཱ་ན་ཧ་ར། བུ་པུ་རེ། གུ་རུ་གུ་རུ། མུ་རུ་མུ་རུ། ཧི་ལི་ཧི་ལི། ཧ་ལ་ཧ་ལ། ཀ་ཀ་ནཱ་ད་བ་ཧ། ཧི་ཧི་ཏ་མ། ཨ་ཡུར་ཧ་ན་ཀཎྜ་ཛྭ་ལ། བྷ་སེ་ག་ད་ནེ། ཨ་ཏ་ཧ་ནི། མཱརྒ་ཨ་བྷི་རོ་ཧ་ནི། ཕ་ལ་ས་ཏྱེ། ཨ་རོ་ཥ་བ་ཏི། ཧི་ལི་ཧི་ལི། ཡ་ཐ་བཛྲ་ཡ་སཝཱ་གྲ་ཡ་ཐ། པ་ར་ཎ་ཙ་ཧྲི་ད་ཡཱ་བཱ་ཧ་སཏྱ་པ་རི་བྷཱ་བ། མཱརྒ་ཨ་བྷི་རོ་ཧ་ནེ། ཨ་ཙ་ལ་བུདྡྷི་ད་ད་པྲ་ཙ་ལ་པ་ཙ་ཡ། པིཎྜ་ཧྲི་ད་ཡ། ཙནྡྲ་ཙ་ར་ཏེ། ཨ་ཙ་ལེ་ཤོ་དྷ་ནི། པྲ་ཀྲྀ་ཏི་མཱརྒེ། ཨི་ལི་ཨི་ལི་ལེ།་པྲ་བྷེ་ས་ར་པྲ་ཏེ། སརྦ་ཏྲ་ཐཱ་ཏ། སཏྱ་ཨ་ནུ་ག་ཏེ། ཨ་ན་བ་ར་ཎ་པྲ་ཏེ། ཨ་ལ་ཐ། ཨཾ་གུ་རེ། ཤ་མི་ནི་མི་བྲ་ཧྨཱ་བ་ཡོ་ཧ། ཨ་ཧི་ཏ། ཨ་བྷ་ཧི། ནི་བ་ར་ཡ་བ། ཨ་ཙི་ར་མཱརྒ། ལ་ན་ལརྒུ་ས་རེ། ཏཱི་རནྣ་བང་ཤེ་།དྷརྨ་ཀཱ་ཡ། ཛ་ལ་ཙྪནྡྲེ། ས་མུ་དྲ་བ་ཏི། མ་ཧཱ་ད་བྷུ་ཏ་བྱ་ཡ། སུ་མུ་དྲ་བེ་གཱ་བ་དྷ་ར་ཎི། མུ་དྲེ་ཎ། མུ་ཁི་མུ་དྲ། སུ་ར་པྲ་ཏི་སམ་བི་དྷ། ས་མུ་དྲ། ཨཱ་བརྟ་ནི། སཾ་མོ་ཧསྐ་ར། བིདྱུ་ཏ་ར་སེ་ན་ཀྵི་ཏི། མུ་དྲི་ཏོ་སི།་ཡེ་ཀེ་ཙིད་པྲ་ཏི་བྷི་བཱ་ཧ། བ་ཧ་བ་ཧ་བ་ཧ། ཀི་ཊ་ཀ་པ་ཊ། ཤེ་ལ་པྲ་ཏཱི་ཏྱ་ཧྲི་ད་ཡེ་ན་མུ་དྲི་ཏཱ་དྷ་ར་ཎི་ན། དྷ་ར་དྷ་ར་དྷ་ར། དཱ་ན་ཏི་ལ་ཧུ་ཀྵ་སརྦ་ཧྲི་ད་ཡ། མུ་དྲི་ཏོ་སི་ཛུད་དོ་ཛ་བད་ཏ། ཛ་ཁ་བ་ཏ། སུ་མ་ཏི་པ་ཏི། མ་ཧཱ་ཨད་བྷཱུ་ཏ་མུ་དྲི་ཏ། ཡི་གེ་ཅིད། ཥ་ཌ་ཡ་ཏ་ན་ནི་ཤྲི་ཏཱ་བྷུ་ཏ། ཨི་ན་མི་ནེ། ས་ཙ་ནེ། གོ་ཥ་ས་ཙ་ནེ། མུ་དྲི་ཏཱ། ཨཱརྱ་ཨ་དྷིཥྛཱ་ན་བྷ་པ་ཐཱ་ནཱ། ནྱ་ཐཱ་མ་ཧཱ་པུ་ཎྱེ་ས་མུ་ཙྪ་ཡ། ཨ་བ་ཏཱ་ར་ 378a ༄#། །མ་ཧཱ་ཀཱ་རུ་ཎ་ཡ། མུ་དྲི་ཏ་སརྦ་སཾ་མྱ་ག་པྲ་ཏི་བད་ཙི་རཱ་དྷ་ཏྲན་ཛྭ་ལ་ཏུ་དྷརྨ་ནེ། ཏྲི་སརྦེ་མུ་ནི་བྷི་ཥ་བྷ། མ་ཧཱ་ཀཱ་རུ་ཎ། ས་མཱ་དྷི། ཛྙཱ་ན་ལ་བྷ་བ་ལེན། མཻ་ཏྲི་ཏྱ་ག་། བྷི་བཱི་རྱ་བ་ལེ་ན་ཨ་དྷིཥྛི་ཏེ། སརྦ་བྷཱུ་ཏ་ཨུ་པ་ཙ་ཡཱ་ཡ་སཝཱཧཱ། དེ་ནས་དེའི་ཚེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱིས་འདི་སྐད་ཅེས་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་ལན་གསུམ་སྨྲས་ནས་འདི་སྐད་ཅེས་ཀྱང་སྨྲས་སོ། །ཀྱེ་མའོ་ཐུབ་པ་འདུས་པ་ངོ་མཚར་ཆེའོ། །ཀྱེ་མའོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང ། ཉན་ཐོས་ཆེན་པོ་རྣམས་འདུས་པ་ངོ་མཚར་ཆེའོ། །ཀྱེ་མའོ་ཆོས་མཉམ་པ་ཉིད་རྡོ་རྗེ་ལྟ་བུ་བརྟེན་པའི་ཆོས་ཀྱི་སྙིང་པོས་ལུས་འཇོམས་པ་ཞེས་བྱ་བའི་གཟུངས་ཕྱག་རྒྱ་དང ། ཚིག་རབ་ཏུ་དབྱེ་བ་ལ་འཇུག་པ་ལུང་བསྟན་པའི་ཆོས་ཀྱི་རྣམ་གྲངས་སྟོན་པའི་བསྟན་པ་ཐམས་ཅད་ཀྱི་ཚུལ་གྱི་དཀོན་མཆོག་གསུམ་གྱི་རིགས་ཀྱི་བྱིན་གྱི་རླབས་སྟོན་པ། བདུད་ཀྱི་ཡུལ་གྱི་སྟོབས་རྣམ་པར་འཇོམས་པ། བདུད་ཀྱི་ཞགས་པ་ཀུན་གཅོད་པ། དགྲ་ཐམས་ཅད་ཚར་གཅོད་པ། ཆོས་ཀྱི་རྒྱལ་མཚན་སྒྲེང་བ། ཆོས་ཀྱི་ཕྱོགས་སྲུང་བ་འདི་ནི། ངོ་མཚར་རྨད་དུ་བྱུང་བ་སྔོན་མ་ཐོས་པ་སྟེ། སངས་རྒྱས་ཀྱི་ཡུལ་མཐའ་དག་ཡོངས་སུ་རྫོགས་པར་བྱ་བ་དང ། སེམས་ཅན་ཐམས་ཅད་ཀྱིས་ 378b སྙིང་པོ་དང ། ཕྱག་རྒྱ་དང ། འབྱུང་བ་ཆེན་པོ་ཐམས་ཅད་དང ། འདུ་བྱེད་དང ། སྐྱེ་མཆེད་དྲུག་ཡོངས་སུ་སྦྱང་བར་བྱ་བ་ནས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་བར་གྱི་ཕྱིར་དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་ཕྱག་རྒྱ་དང ། ཚིག་རབ་ཏུ་དབྱེ་བ་ལ་འཇུག་པ་ལུང་བསྟན་པའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་བཤད་དོ། །གཟུངས་ལུང་བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གངྒཱའི་ཀླུང་སུམ་ཅུ་རྩ་དྲུག་གི་བྱེ་མ་སྙེད་དག་གཟུངས་མངོན་པར་སྒྲུབ་པའི་ཏིང་ངེ་འཛིན་དང ། བཟོད་པ་ཐོབ་པར་གྱུར་ཏོ། །ཡང་དེའི་ཚེ་ཟླ་འོད་གཞོན་ནུར་གྱུར་པ་སྟན་ལས་ལངས་ནས་ཐལ་མོ་སྦྱར་ཏེ་ཀུན་ཏུ་རྣམ་པར་བལྟས་ནས་སངས་རྒྱས་ཀྱི་བྱིན་གྱི་རླབས་དང ། རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱི་མཐུས་སངས་རྒྱས་ཀྱི་ཞིང་འདིར་ཐམས་ཅད་དབྱངས་ཀྱིས་བཀང་སྟེ་འདི་སྐད་ཅེས་སྨྲས་སོ། །རྒྱལ་བ་ཟླ་བ་རྣམས་ཀྱི་འཁོར། །འདི་འདྲ་བ་ནི་རྙེད་པར་དཀའ། །བྱང་ཆུབ་སེམས་དཔའ་བརྟུལ་ཞུགས་ཆེ། །མཁས་པ་འདི་ནི་རྙེད་པར་དཀའ། །གང་འདི་ཐུགས་རྗེ་ལྡན་པ་ཡི། །མགོན་པོས་ཆོས་ཚུལ་བྱིན་བརླབས་པ། །ཕྱག་རྒྱ་འདི་འདྲ་ཐོས་པ་ཡང ། །མཆོག་ཏུ་རྙེད་པར་དཀའ་བའོ། །བདུད་ཀྱི་ཕྱོགས་རྣམས་ཐམས་ཅད་དང ། །དགྲ་རྣམས་ཀྱང་ནི་ཕམ་བྱེད་པ། །དཀོན་མཆོག་གསུམ་རྒྱུན་མི་ཆད་པ། །རྫོགས་སངས་རྒྱས་ཀྱིས་བྱིན་གྱིས་བརླབས། །སྒྲིབ་པ་ཐམས་ཅད་བསལ་བའི་ཕྱིར། །བཟོད་དང་དེས་པ་རབ་ 379a ༄#། །འཕེལ་བ། །སེམས་ཅན་རྣམས་ཀྱང་འདུན་བྱེད་པ། །རྒྱལ་པོ་དང་ནི་ཡུལ་འཁོར་སྐྱོང ། །འདི་ན་ངན་བྱས་ཟློག་བྱེད་པ། །ལྟ་བ་ངན་པ་རབ་འགོག་པ། །བྱང་ཆུབ་སེམས་དཔའ་དབུགས་འབྱིན་པ། །བྱང་ཆུབ་ལམ་ཡང་རབ་སྟོན་པ། །ཕ་རོལ་ཕྱིན་པ་འཕེལ་བྱེད་པ། །བཟང་པོར་སྤྱོད་པ་རྫོགས་བྱེད་པ། །ཐབས་དང་ཡེ་ཤེས་སྤོབས་པ་རྣམས། །འཕེལ་བར་བྱ་ཕྱིར་བྱིན་གྱིས་བརླབས། །དཀར་པོའི་ཕྱོགས་ནི་སྡུད་བྱེད་པ། །གཟུངས་འདི་གཞན་གྱིས་མི་ཐུབ་པ། །བྱང་ཆུབ་ལམ་ལས་མི་གཡོབ། །ཆོས་ཀྱི་དབང་རྣམས་འབར་བྱེད་པའི། །གཟུངས་ལ་ཡིད་གཉིས་ཐམས་ཅད་ནི། །བསལ་ནས་ལྷག་པར་མོས་པར་བྱོས། །གང་གིས་བྱང་ཆུབ་འགྲུབ་འགྱུར་བ། །འདི་ནི་རྫོགས་པའི་ལམ་ཡིན་ནོ། །ཆོས་སྨྲ་རྣམས་ནི་བསྲུང་བ་དང ། །ཉན་པ་མངོན་པར་འཕེལ་བྱའི་ཕྱིར། །གཞན་གྱིས་མི་ཐུབ་པ་ཡི་གཟུངས། །བདག་གིས་དེ་ཡང་བཤད་པར་བྱ། །སྒྲིབ་པ་མེད་པ་འགྲུབ་པ་དང ། །སེམས་ཅན་རྣམས་ཀྱི་ཕན་འཕེལ་ཕྱིར། །བྱང་ཆུབ་སེམས་དཔའ་གྲགས་ཆེན་པོ། སུ་དག་འདི་ལ་དད་པ་འབུལ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞོན་ནུར་གྱུར་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ཀྱང་གཟུངས་འདི་ལ་དད་པ་འབུལ་ལོ། །བྱིན་གྱིས་རློབ་བོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་ 379b བསྙེན་མ་གང་ལ་ལ་ཞིག་གིས་ཁྲུས་བྱས་ཏེ་གོས་གཙང་མ་བགོས་ལ་མེ་ཏོག་སྣ་ཚོགས་བཀྲམ་པ། སྤོས་སྣ་ཚོགས་ཀྱིས་རབ་ཏུ་བདུགས་པ། རོ་བྲོ་བ་སྣ་ཚོགས་ཀྱིས་ཡོངས་སུ་བསྐོར་བ། རས་དང ། རྒྱན་དང ། རས་བཅོས་བུ་སྣ་ཚོགས་བཏིང་བ། གདུགས་དང ། རྒྱལ་མཚན་དང ། བ་དན་བསྒྲེངས་པས་ཤིན་ཏུ་བརྒྱན་པའི་འཁོར་གྱི་ཁྱམས་སུ་སེངྒེའི་ཁྲི་རེག་ན་འཇམ་པ་ལ་འདུག་སྟེ་གཟུངས་འདི་ཡང་དག་པར་བཤད་ན། སུའང་དེའི་སེམས་འཁྲུག་པའམ། ཁམས་འཁྲུག་པའམ། ལུས་འཁྲུག་པའམ། ཡིད་འཁྲུག་པར་མི་བྱེད་དོ། །དེའི་ལུས་ལ་སུའང་དབུགས་མི་གཏོང་ངོ ། ། ཀླད་པ་ན་བར་བྱེད་མི་ནུས་སོ། །མིག་ན་བ་དང ། རྣ་བ་ན་བ་དང ། སྣ་ན་བ་དང ། ལྕེ་ན་བ་དང ། སོ་ན་བ་དང ། རུས་པ་ན་བ་དང ། མགུལ་བ་ན་བ་དང ། དབུང་པ་ན་བ་དང ། རྒྱ་བ་ན་བ་དང ། རྒྱུ་མ་ན་བ་དང ། ལྟོན་པ་དང ། ཆུ་སོ་ན་བ་དང ། བརླ་ན་བ་དང ། བྱིན་པ་ན་བར་བྱེད་སུས་ཀྱང་མི་ནུས་ཏེ། དེ་ནི། གནས་མེད་དོ། །དེའི་སྐད་འགག་པར་ཡང་མི་འགྱུར་རོ། །ཆོས་སྨྲ་བ་དེ་སྔོན་གྱི་མི་དགེ་བའི་ལས་ཀྱིས་ཁམས་འཁྲུག་པའམ་\?\། སྐད་འགག་པར་གྱུར་ནའང་དེས་གཟུང་འདི་བཀླགས་ན་ཐམས་ཅད་མ་ལུས་པར་ཞི་བར་འགྱུར་ཏེ། ལས་ཡོངས་སུ་བྱང་ནས་བདེ་བར་འགྱུར་རོ། །ཆོས་ཉན་པ་གང་དག་དེར་འདུ་བར་འགྱུར་བ་དེ་དག་ལ་ཡང་སུའང་ཁམས་འཁྲུག་པའམ། སྐད་འགག་པར་བྱེད་པར་མི་འགྱུར་རོ། །གང་དག་དེ་ན་གཟུངས་འདི་ཉན་པ་དེ་དག་ཀྱང་མི་དགེ་བའི་ལས་ཀྱིས་ཡུན་རིང་པོར་ན་བ་དང ། 380a ༄#། །ཁམས་འཁྲུག་པ་དང ། སྐད་འགག་པ་དེ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར་རོ། །དེ་ནས་ཟླ་འོད་གཞོན་ནུར་གྱུར་པས་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་འཁོར་ཅན་གངྒཱའི་ཀླུང་གི་བྱེ་མ་སྙད་དེ་དག་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་བདག་ལ་དགོངས་སུ་གསོལ། གཟུངས་འདི་ལ་དད་པ་སྩལ་དུ་གསོལ། འདི་ལྟ་སྟེ། ཁ་ཤཱནྟེ། ཨ་ས་མཱ་རོ་པ། མཻ་ཏྲི་སཽ་མ་བ་ཏེ། ཨེ་ཧི། ན་བ་ཀུན་ཛ་བེ། ན་བ་ཀུན་ཛ་བེ། མཱུ་ལ་ཤོ་དྷ་ནེ། བ་ཧ་ཁ། བ་ཧ་ཁ། མཱ་ར་བ་ཏ་ཐཱ་ཏཱ། པ་རི་ཚེ་ད་བ་ཧ་ས། བ་ཧ་ས། ཨ་མཱུ་ལ། ཨ་ཙ་ལེ། ཙ་ཙ་ལ། པྲ་ཙ་ལཱ། དྷི་དྷི་ལེ། ཨེ་ཀ་ནཱ་ཡ་ས་པ་རི་ཙྪེ་དེ། ཙ་ཎྜི་ཎ་བ་ར་ས་ཏྲི་ནེ། ཁ་ག་སུ་ར་ཏྲི་ཎེ། སྟ་བ་སུ་ར་ཏྲི་ཎེ།་བྷུ་ཏཱ་ཀོ་ཊི་པ་རི་ཙྪེ་དེ། ཛྭ་ལ་ཁ། ཛྭ་ལ་ཁ་བ་ཡེ། ཛྭ་ལ་ཁ་ནཱ་མ་ཁ་ཤ་ཁ་ཀ་ཀ་ཁ་ཧ་ཧཱ་ཧ་ཧཱ་ཧུ་ཧུ་སྤ་ར་ཥ་བེ་ད་ན་པ་རི་ཙྪེ་ད་ན། ཨ་མ་མཱ་ནྱུ་མ་མ་ཁྱ་མ་མ་ས་མུ་དྲ། མུ་དྲཝ་བ་ཁ། སཾ་སྐཱ་ར་ཎ་ཡ་པ་རི་ཙྪེ་ད་ཎ། བོ་དྷི་སཏྭཱ་ཀྵཱ་ཏི་བི་མ་མ་ཧཱ་བ་མི་བྷུ་ཏཱ་ཀོ་ཊི་ཨཱ་ཀ་ཤ་ཤཱ་ས་པ་རི་ཙྪེ་ད་སཝཱཧཱ། ཡང་དེའི་ཚེ་སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་དུ་གཏོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང ། ཉན་ཐོས་ཆེན་པོ་དེ་དག་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་ 380b དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོའི་དབང་པོ་དེ་དག་དང ། སེམས་ཅན་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་དེ་དག་ཐམས་ཅད་ཀྱང་ལེགས་སོ། །ཞེས་བྱ་བ་བྱིན་ནོ། ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་འདི་སྐད་དུ། ཀྱེ་མ་གཟུངས་འདི་ནི། སྟོབས་ཆེ་བ་དྲག་ཤུལ་དང་ལྡན་པ་སྟེ། དགྲ་ཐམས་ཅད་ཟློག་པ་དང ། འཇིགས་པ་དང ། ནད་དང ། མྲི་ལམ་ངན་པ་དང ། ལྟས་ངན་པ་ཐམས་ཅད་ལས་ཡོངས་སུ་ཐར་པར་བྱེད་པ་ནས་སྒྲིབ་པ་མེད་པའི་ཡེ་ཤེས་དང ། བསོད་ནམས་དང ། ཡེ་ཤེས་ཆེན་པོ་བསགས་པ། བླ་ན་མེད་པའི་ཡེ་ཤེས་ཀྱི་རྒྱུ་མཐུན་པའི་བར་གྱི་གཟུངས་འདི་བཤད་དོ། །ཞེས་བཀའ་སྩལ་ཏོ། །ཡང་དེའི་ཚེ་ཚངས་པ་ཕུན་སུམ་ཚོགས་པའི་དབང་ཕྱུག་ཅེས་བྱ་བ་ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། ལྷ་ལས་འདས་པའི་གོས་དང ། སྤུད་པ་དང ། རྒྱན་དང ། མེ་ཏོག་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། རྒྱན་ཆེན་པོ་མཆོག་རྣམས་ཀྱིས་ལུས་བརྒྱན་ནས་བུད་མེད་ཀྱི་གཟུགས་སུ་བསྒྱུར་ཏེ་ཚངས་པ་ཆེན་པོའི་སྟོབས་ཀྱི་ཡུལ་བཀོད་པའི་བྱིན་གྱི་རླབས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་སྤྱན་སྔ་ན་འདུག་གོ་།དེ་ནས་ཚངས་པ་ཆེན་པོ་ཕུན་སུམ་ཚོགས་པའི་དབང་ཕྱུག་སྟན་ལས་ལངས་ནས་ཐལ་མོ་སྦྱར་ཏེ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་བདག་གིས་སངས་རྒྱས་ཀྱི་ཞིང་མ་ལུས་པ་འདིར་དབྱངས་ཀྱིས་གོ་བར་བགྱི་བ་ལ་དེར་བདག་ལ་བགེགས་ཅུང་ 381a ༄#། །ཟད་ཀྱང་མི་འབྱུང་བར་དབྱངས་ཀྱི་དཀྱིལ་འཁོར་གྱི་ཚིག་བརྗོད་པ་རྣམ་པར་གདོན་མི་འཚལ་བ་བསྟན་པར་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་གིས་ད་ལྟར་ཆོས་སྨྲ་བ་རྣམས་དང ། ཆོས་ཉན་པ་རྣམས་ཀྱི་སླད་དུ་འདི་འདྲ་བའི་གསང་སྔགས་ཀྱི་ཚིག་སྲུང་བ་བཤད་པར་བགྱི་སྟེ། ཅི་ནས་སླད་མའི་དུས་ན་བདུད་དམ། བདུད་ཀྱི་འཁོར་རམ། ལྷའམ། ལྷ་མོའམ། ཀླུའམ། ཀླུ་མོའམ། ཀླུ་རྒན་པོའམ། ཀླུ་རྒན་མོའམ། ཀླུའི་འཁོར་རམ། ཀླུའི་འཁོར་མོའམ། ཀླུའི་བུ་ཕོའམ། ཀླུའི་བུ་མོའམ། དེ་བཞིན་དུ་རྒྱས་པར་བགྱི་སྟེ། ཤ་ཟའམ། ཤ་ཟ་མོའམ། ཤ་ཟ་རྒན་པོའམ། ཤ་ཟ་རྒན་མོའམ། ཤ་ཟའི་འཁོར་རམ། ཤ་ཟའི་འཁོར་མོའམ། ཤ་ཟའི་བུའམ། ཤ་ཟའི་བུ་མོའམ། མིའམ། མི་མ་ལགས་པའི་བར་གང་ལ་ལ་ཆོས་སྨྲ་བ་རྣམས་དང ། ཆོས་ཉན་པ་རྣམས་ལ་གླགས་ལྟ་བའམ། སྐབས་ཚོལ་བའི་དགྲ་ཕྱིར་རྒོལ་བ་ཞིག་མཆིས་ཏེ། ཐ་ན་ཆོས་སྨྲ་བའམ། ཆོས་ཉན་པ་རྣམས་ཀྱི་སྤུའི་ཁུང་བུ་གཅིག་ཙམ་ལའང་འཚེ་བའམ། གནོད་པར་བགྱིད་དམ། འཇིག་པར་བགྱིད་དམ། མདངས་འཕྲོག་གམ། ལུས་ལ་དབུགས་ཆེན་པོ་གཏོང་ངམ། ཐ་ན་སྐད་ཅིག་གཅིག་ཙམ་ཡང་སྡང་བའི་སེམས་ཀྱིས་བལྟ་ན། བདག་གིས་བདུད་ནས་མི་དང་མི་མ་ལགས་པའི་བར་དེ་དག་བཟློག་པ་དང ། ཆད་པས་གཅད་པ་དང ། ཚར་གཅད་པ་དང ། རྨུགས་པ་དང ། རེངས་པ་དང ། རྨོངས་པར་བགྱི། བྲི་སྩལ་བར་ 381b བགྱི་ན།་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་བདག་གིས་སངས་རྒྱས་ཀྱི་ཞིང་མ་ལུས་པ་འདི་དབྱངས་ཀྱིས་གང་བར་བགྱི་བར་དབྱངས་ཀྱི་དཀྱིལ་འཁོར་གྱི་ཚིག་བརྗོད་པ་བྱིན་གྱིས་བརླབ་ཏུ་གསོལ། འདི་ལ་སུ་ཞིག་བདག་གི་གྲོགས་སུ་འགྱུར། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཅང་མི་གསུང་བར་གྱུར་པས་གནང་བར་མཛད་དོ། །དེ་ནས་བརྒྱ་བྱིན་གཙུག་ཕུད་འཛིན་ཅེས་བྱ་བ་ཛམྦུ་ཆུ་བོའི་གསེར་གྱི་རྒྱན་གྱི་འོད་ཀྱིས་ལུས་བརྒྱན་ནས་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་འདུག་གོ་།དེ་ནས་བརྒྱ་བྱིན་གཙུག་ཕུད་འཛིན་གྱིས་ཚངས་པ་ཕུན་སུམ་ཚོགས་པའི་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །ཆེ་ཞེ། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་སྤྱན་སྔར་མ་འདུག་ཅིག་།ཆེ་ཞེ། འདིར་བག་མེད་པར་མ་བྱེད་ཅིག་།བཅོམ་ལྡན་འདས་ལ་མ་འཚེ་ཞིག་།དེ་ཅིའི་ཕྱིར་ཞེ་ན། བྱིས་པ་རྣམས་ནི་སྤྲོས་ལ་དགའ། །དེ་བཞིན་གཤེགས་ལ་སྤྲོས་མི་མངའ། །དེ་དག་སྐྱེ་འཇིག་མཚན་ཉིད་ཀྱི། །འདུས་བྱས་དག་ཀྱང་སྟོན་པ་མཛད། །དེ་བཞིན་གཤེགས་པ་ནི། གཟུངས་དང ། ཡི་གེ་དང ། ཚིག་རབ་ཏུ་དབྱེ་བ་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་ཚུལ་བརྙེས་པ་སྟེ། ཆེ་ཞེ། དེ་བཞིན་གཤེགས་པ་ནི། འདི་ལྟ་སྟེ། ནམ་མཁའ་དང་མཉམ་པ་ཉིད་དུ་གཅིག་པས་དེ་བཞིན་ཉིད་ལ་འགལ་བར་མི་མཛད་དེ། ནམ་མཁའ་ལ་ནི། འདུ་བྱེད་གསུམ་གྱི་འཇིག་པའི་མཚན་ཉིད་སྒྲོ་བཏགས་པ་མེད་དོ། །ཇི་ལྟར་འདུ་བྱེད་གསུམ་ལ་ནམ་མཁའ་མི་རྟོག་ཅིང་རྣམ་པར་མི་རྟོག་པ་དེ་བཞིན་ 382a ༄#། །དུ་དེ་བཞིན་གཤེགས་པའང་འདོད་པའི་ཡོན་ཏན་ལ་སྤྲོ་བར་མི་མཛད། མི་རྟོག་།རྣམ་པར་མི་རྟོག་།མི་གནས། མངོན་པར་མི་ཞེན་ཏེ། དེ་བཞིན་དུ་སྲོག་ལ་མ་ཡིན།་སྐྱེ་བ་པོ་ལ་མ་ཡིན། གསོ་བ་ལ་མ་ཡིན། སྐྱེས་བུ་ལ་མ་ཡིན། གང་ཟག་ལ་མ་ཡིན། ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་ལའང་སྤྲོ་བར་མི་མཛད། མངོན་པར་མི་ཞེན་ན། ཆེ་ཞེ།་ཁྱོད་ཀྱིས་ཇི་ལྟར་ན། དེ་བཞིན་གཤེགས་པའི་སྐུ་ལ་སྤྲོ་བར་བྱེད། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ། རྟོག་རྟོགས་ཏེ་ཚིག་སྨྲོས་ཤིག ། ཁྱོད་ལ་དེས་མི་སྡུག་པའི་འབྲས་བུར་གྱུར་ཏ་རེ། \?\་སྐྱེས་བུ་དམ་པ་ཆེན་པོ་འདི་ནི། སངས་རྒྱས་མང་པོ་ལ་ལྷག་པར་བྱ་བ་བྱས་ཤིང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པའོ། །སྐྱེས་བུ་དམ་པ་འདི་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བའི་ཕྱིར་ལེགས་པར་བརྒྱན་ནས་བུད་མེད་ཀྱི་ལུས་སུ་མངོན་པར་སྤྲུལ་པ་ཡིན་གྱི། འདི་ལ་བུད་མེད་ཅེས་ཚིག་ཏུ་མ་རྗོད་ཅིག་།དེ་ནས་བརྒྱ་བྱིན་གཙུག་ཕུད་འཛིན་གྱིས་ཚངས་པ་ཕུན་སུམ་ཚོགས་པའི་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། བདག་ལ་ཐུགས་བརྩེ་བར་དགོངས་ཏེ་བཟོད་པར་གསོལ། འདི་སྐད་སྨྲས་པས་བདག་འབྲས་བུ་མི་སྡུག་པ་ཐོབ་པར་མ་གྱུར་ཅིག་།དེ་ནས་བྱང་ཆུབ་སེམས་དཔའ་ལྟད་མོ་ཅན་གྱིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་བརྒྱ་ 382b བྱིན་གྱིས་ཚིག་དེ་སླར་མ་བཤགས་ན། དེའི་འབྲས་བུ་རྣམ་པར་སྨིན་པ་ཇི་ཙམ་ཞིག་ཏུ་འགྱུར། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གལ་ཏེ་དེས་མ་གཤེགས་སུ་ཟིན་ན། ཚེ་རབས་བརྒྱད་ཁྲི་བཞི་སྟོང་དུ་འདོད་པའི་མངལ་སྨད་པ་བུད་མེད་ཀྱི་དངོས་པོ་ཡོངས་སུ་བླངས་པར་འགྱུར་རོ། །དེ་བས་ན་རིགས་ཀྱི་བུ། ཅི་ནས་ཀྱང་ངག་གི་ལས་བསྲུང་བར་བྱའོ།། རིགས་ཀྱི་བུ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཁྱོད་ཀྱི་དབྱངས་ཀྱི་དཀྱིལ་འཁོར་གྱི་ཚིག་བརྗོད་པ་བྱིན་གྱིས་བརླབས་ཀྱི། ཁྱོད་སྤོབས་པར་གྱིས་ཤིག་།དེ་ནས་ཚངས་པ་ཕུན་སུམ་ཚོགས་པའི་དབང་ཕྱུག་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཐལ་མོ་སྦྱར་ཏེ་ཕྱོགས་བཅུར་རྣམ་པར་བལྟས་ནས་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང ། ཉན་ཐོས་ཆེན་པོ་རྣམས་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། བདག་གི་བསམ་པ་ལ་ཆོས་ཀྱི་ཚུལ་འདི་ཡུན་རིང་དུ་གནས་པར་འགྱུར་བ་དང ། ཆོས་སྨྲ་བ་རྣམས་དང ། ཆོས་ཉན་པ་རྣམས་དང ། ནན་ཏན་དང་ལྡན་པ་རྣམས་ལ་འཚེ་བར་མི་འགྱུར་བར་འདིར་དད་པ་སྩལ་དུ་གསོལ། གང་སླད་མའི་དུས་ན་བདུད་ནས་མི་དང་མི་མ་ལགས་པའི་བར་གྱིས་དེ་དག་ལ་འཚེ་བར་མི་བགྱིད་པར་དད་པ་སྩལ་དུ་གསོལ། དེ་ནས་ 383a ༄#། །ཚངས་པ་ཕུན་སུམ་ཚོགས་པའི་དབང་ཕྱུག་གིས་དེ་དག་གི་སྡང་བའི་སེམས་བཟློག་པ་དང ། མནས་བསྒག་པའི་ཕྱིར་དབྱངས་ཀྱི་སྒྲ་ཕྱུང་ནས་སྒྲ་དེས་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་གང་བར་བྱས་སོ། །ཡང་དེའི་ཚེ་ཚངས་པའི་དབང་པོ་དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ཀྱང་གཟུངས་འདི་ལ་དང་པ་འབུལ་ལོ། །བདག་ཅག་ཉིད་ཀྱིས་ཀྱང་ཕྱི་མའི་དུས་ན་གཟུངས་འདི་གཟུང་བར་བགྱིའོ། །རབ་ཏུ་བསྟན་པར་བགྱིའོ། །དམ་པའི་ཆོས་ཀྱང་བསྲུང་བར་བགྱིའོ། །ཆོས་སྨྲ་བ་དང ། ཉན་པ་དེ་དག་དང ། ནན་ཏན་དང་ལྡན་པ་དེ་དག་ཀྱང་བསྲུང་བར་བགྱིའོ། །བདག་ཅག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང ། ཉན་ཐོས་ཆེན་པོ་རྣམས་ཀྱི་སྤྱན་སྔར་གཟུངས་འདི་ལ་དད་པ་འབུལ་གྱི། སྐྱེས་བུ་དམ་པ་གསུངས་ཤིག་།དེ་ནས་ཚངས་པ་ཕུན་སུམ་ཚོགས་པའི་དབང་ཕྱུག་གིས་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང ། ཉན་ཐོས་ཆེན་པོ་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། འདི་ལྟ་སྟེ། ཨ་མ་ལེ། བི་མ་ལེ། ག་ཎ་ཥཎྜེ། ཧ་རེ་ཙཎྜེ། མ་ཧཱ་ཙཎྜེ། ཙ་མེ་ཧ། ཙ་མེ། སཽ་མྱེ། སྠ་མེ། ཨཱ་བ་ཧ། བི་བ་ཧེ། ཨཾ་ག་ཛནྟེ་ཏྲ། ཁ་ཁ། མཱུ་ལ་པ་རི་ཙྪེ་དེ། ཡཀྵ་ཙཎྜེ། པི་ཤཱ་ཙ་ཙཎྜེ། ཨ་བརྟ་ནི། སམ་བརྟ་ནི། སཾ་ཀ་རི་ཎི། ཛམྦྷ་ནི། 383b སྟམྦྷ་ནི། མོ་ཧ་ནི། ཨུཙྪ་ཊ་ནི། ཧ་མ་ཧཱ། ཧ་མ་ཧཱ། མ་ཧཱ་སཾ་ཀུ་ཙ་ནེ། ཁ་ག་ཤ་བ། ཨ་མ་ལེ། ཨ་མཱུ་ལ་པ་རི་བརྟེ། ཨ་སཱ་ར་ཁ་བ་སཝཱཧཱ། གསང་སྔགས་འདི་ལས་གང་འདའ་ཞིང ། །མང་པོ་ཚོགས་པར་མི་སྤྱོད་ན། །མིག་མི་མཐོང་ཞིང་མགོ་ཡང་འགས། །ཡན་ལག་ཐ་དད་འཇིག་པར་འགྱུར། །འདི་ལྟ་སྟེ། ཨ་ཅ་ཅ་ཨ་བ་ཧ། ཙ་ཙ་ཙུ། ཁྲ་ཁ་ཤ་ཙ་ཊ་ཊ་ཁ་ཙ་ཙ་ན། ཁྲ་ག་ཅ་ཙ་ཙ་ཙ་ཙ་ཙ་ན་ཙ་ཧ། མཱུ་ལ་ཙ་ཙ་ཙ། མཱུ་ལ་ཙ་ཙ། ཧ་མཱུ་མུ་ལ་ཙ་ཙ། ཧ་མཱུ་ཧ་མུ། བ་ཨུ་བ་ཧ་སཝཱཧཱ། དེ་ནས་ཚངས་པའི་དབང་པོ་ཐམས་ཅད་ནས་ཤ་ཟའི་དབང་པོའི་བར་གྱིས་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། འདི་སྐད་ཅེས་ཀྱང་སྨྲས་སོ། །སྟོབས་ཆེན་སྟོབས་ཀྱིས་ཤུགས་ཤིན་ཏུ་འཇོམས་པའི་གསང་སྔགས་ཀྱི་ཚིག་འདི་བཤད་དེ། ཕན་པ་མ་ཡིན་པར་སེམས་པའི་འབྱུང་པོ་ཐམས་ཅད་ལ་ཞགས་པ་འདིས་བཏབ་ན། དེ་དག་འཚོ་བར་ག་ལ་འགྱུར། ཚངས་པ་ཕུན་སུམ་ཚོགས་པའི་དབང་ཕྱུག་གིས་འདི་སྐད་ཅེས་སྨྲས་སོ། །འབྱུང་པོ་གང་དག་སྡང་བའི་བསམ་པ་ཅན། སྙིང་རྗེ་མེད་པ། བྱས་པ་མི་གཟོ་བ། སེམས་ཅན་ལ་འཚེ་བ་རྣམས་སམ། བདུད་དམ། བདུད་ཀྱི་འཁོར་གླགས་ལྟ་ཞིང་སྐབས་ཚོལ་བ་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པའི་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་རྣམས་ལ་སྐབས་ཚོལ་དུ་ཉེ་བར་འོང་བ་དང ། བཙུན་མོ་དམ་པ་དང ། བུ་དང ། བུ་མོ་དང ། བཙུན་མོའི་འཁོར་རྣམས་དང ། བློན་པོ་དང ། ཤོར་བ་དང ། དཔུང་དམ་པ་དང ། འཁོར་རྣམས་དང ། གཞན་ 384a ༄#། །ཡང་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་རྣམས་དང ། དགེ་བསྙེན་དང ། དགེ་བསྙེན་མ་དང ། ཆོས་སྨྲ་བ་དང ། ཆོས་ཉན་རྣམས་དང ། དགེ་སློང་དང ། དགེ་སློང་མ་བསམ་གཏན་དང ། ཁ་ཏོན་ལ་འགྲུས་པ་རྣམས་དང ། ཞལ་ཏ་བྱེད་པ་ལ་བརྩོན་པ་རྣམས་ལ་སྐབས་ཚོལ་དུ་འོང་ཞིང་ཐ་ན་སེམས་ཀྱི་སྐད་ཅིག ། གཅིག་ལ་སྤུའི་ཁུང་བུ་གཅིག་ཙམ་ལ་འཚེའམ། གནོད་པར་བྱེད་དམ། འཇིགས་པར་བྱེད་དམ། མདངས་འཕྲོག་གམ། ལུས་ལ་དབུགས་གཏོང་ངམ། སྡང་བའི་སེམས་ཀྱིས་བལྟ་ན། བདུད་ནས་མི་དང་མི་མ་ཡིན་པར་ལུས་དྲི་ང་བ་དེ་དག་གི་མགོ་ཚལ་བ་བདུན་དུ་འགས་སོ། །དེ་དག་གི་མིག་ཀྱང་ལོང་བར་འགྱུར་རོ། །སྙིང་ཡང་སྐམ་པར་འགྱུར་རོ། །ཤ་བཀྲ་ཅན་དུ་འགྱུར། ལུས་རུལ་ཅིང་དྲི་ང་བ་དང ། རྫུ་འཕྲུལ་ཡང་ཡོངས་སུ་བྲི་བར་འགྱུར། དེ་དག་ས་གས་པར་ལྟུང་བར་འགྱུར། རླུང་གིས་ཀྱང་དེ་དག་ཕྱོགས་བཞིར་གཏོར་བར་འགྱུར། རྡུལ་གྱིས་ཀྱང་ཡོག་ནས་དེ་ཉིད་དུ་སེམས་འཁྲུགས་ཏེ་འཐོམ་པར་འགྱུར་རོ། །གང་དག་ས་ལ་རྒྱུ་བ་དེ་དག་ནི། སའི་ཁུང་བུར་འཇུག་པར་འགྱུར་ཏེ། སའི་འོག་ཏུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་དུ་དེ་དག་གི་ཚེ་ཡོངས་སུ་ཟད་པར་འགྱུར་རོ། །གང་དག་ཆུ་ན་རྒྱུ་བའི་འབྱུང་པོ་སྡང་བའི་སེམས་དང་ལྡན་པ། སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་མ་དད་པ་དེ་དག་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་ 384b དད་པའི་རྒྱལ་རིགས་ནས་ཞལ་ཏ་བྱེད་པ་ལ་བརྩོན་པའི་དགེ་སློང་གི་བར་ལ་འཚེའམ། གསང་སྔགས་ཀྱི་ཚིག་འདི་དག་ལས་འདའ་ན། དེ་དག་ཀྱང་དེ་བཞིན་དུ་མགོ་ཚལ་བ་བདུན་དུ་འགས་པ་ནས་དེ་ཉིད་དུ་དེ་དག་གི་ཚེ་ཡོངས་སུ་ཟད་པའི་བར་དུ་འགྱུར་རོ། །ཡང་ཡུལ་གང་དུ་བདུད་ཀྱི་ཚོགས་ཀྱིས་མི་ཐུབ་པའི་གཟུངས་ཀྱི་ཕྱག་རྒྱའི་ཆོས་ཀྱི་རྣམ་གྲངས་འདི་འབྱུང་བ་དེར་བདག་གིས་བསྲུང་བ་དང ། བསྐྱབ་པ་དང ། སྦ་བའི་སླད་དུ་སྤྲོ་བར་བགྱིའོ། །དེར་ཆོས་འདོད་པའི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱིའོ། །སྡང་བའི་གནོད་སྦྱིན་ནས་སྡང་བའི་ལུས་སྲུལ་པོའི་བར་ཐམས་ཅད་དེ་ནས་བསྐྲད་པར་བགྱིའོ། །ཡུལ་དེ་ན་འཐབ་པ་དང ། རྩོད་པ་དང ། མུ་གེ་དང ། ཕ་རོལ་གྱི་དམག་ཚོགས་དང ། དུས་མ་ལགས་པའི་ཆར་དང ། རླུང་དང ། གྲང་བ་དང ། ཚ་བ་དང ། ནད་ཐམས་ཅད་སླར་བཟློག་པར་བགྱིའོ། །བདེ་བ་དང ། འདུམ་པ་དང ། ལོ་ལེགས་པ་དང ། དགེ་བའི་རྩ་བ་དང་མཐུན་པ་རྣམས་བསྒྲུབ་པར་བགྱིའོ། །ཆོས་སྨྲ་བ་རྣམས་དང ། ཆོས་ཉན་པ་རྣམས་ལ་ནད་མ་མཆིས་པ་དང ། གྲགས་པ་དང ། རྙེད་པ་དང ། བསྟི་སྟང་ཆེན་པོ་ཉེ་བར་བསྒྲུབ་པར་བགྱིའོ། །ཡང་དེའི་ཚེ་ཚངས་པ་ཆེན་པོ་དབྱངས་དང་ལྡན་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་ལ་གནས་པ། ཚངས་པའི་ནང་དུ་ནི། ཚངས་པ་ཀུན་གྱིས་བཀུར། བདུད་ཀྱི་ནང་དུ་ནི། བདུད་ཀུན་གྱིས་བཀུར། བརྒྱ་བྱིན་གྱི་ནང་དུ་ནི། བརྒྱ་བྱིན་ཀུན་གྱིས་བཀུར་བ་ནས་དེ་བཞིན་དུ་སྦྱར་ཏེ། 385a ༄#། །རྣམ་ཐོས་ཀྱི་བུ་དང ། འཕགས་སྐྱེས་པོ་དང ། མིག་མི་བཟང་དང ། ཡུལ་འཁོར་སྲུང་དང ། དབང་ཕྱུག་ཆེན་པོ་དང ། སྲེད་མེད་ཀྱི་བུ་དང ། ལྷ་མ་ཡིན་དང ། ལྷའི་དབང་པོའི་ནང་དུ་ནི། དེ་དག་ཀུན་གྱིས་བཀུར་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། རྒྱན་དམ་པས་ལེགས་པར་བརྒྱན་པ། བུད་མེད་ཀྱི་གཟུགས་དང ། རྟགས་དང ། སྤྱོད་ལམ་གྱིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྤྱན་སྔར་འདུག་སྟེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱ་བའི་ཕྱིར་ལག་པ་གཉིས་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཐོགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབྱངས་དང་ལྡན་པས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་མིག་མི་འཛུམ་པར་བལྟས་ཏེ། གཞན་མ་ཡིན་པའི་དངོས་པོ་བརྗོད་དུ་མེད་པ་ཅིའང་མ་ཡིན་པར་བལྟས་སོ། །དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེས་ཚངས་པ་དབྱངས་དང་ལྡན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་ཁྱོད་མིག་མི་འཛུམ་པར་ཅིའང་མ་ཡིན་པའི་བར་དུ་ང་ལ་ཅི་ཞིག་བལྟ། ཅི་འདི་ལ་སངས་རྒྱས་ཞེས་བྱ་བ་དང ། ཅིའང་མ་ཡིན་ཞེས་བྱ་བའི་ཆོས་དེ་གང་ཡང་ཡོད་དམ། དེ་བཞིན་དུ་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་ཉོན་མོངས་པ་རྣམས་ཡོད་དོ། །ཞེས་བྱ་བའི་མིང་གི་དངོས་པོ་ནི། རྐྱེན་གྱི་མཚན་ཉིད་དོ། །མཚན་ཉིད་ཀྱི་རྐྱེན་ནི། མ་རིག་པའོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ནས་ 385b འགོག་པའི་བར་དུ་རྒྱས་པར་བྱའོ། །གསོལ་པ། བཅོམ་ལྡན་འདས། འདི་ལྟར་མ་མཆིས་པས་ན། དེའི་སླད་དུ་མ་རིག་པ་ཞེས་གསུངས་ན། བཅོམ་ལྡན་འདས། གལ་ཏེ་མ་རིག་པ་མ་མཆིས་ན།་སྲིད་པའི་ཡན་ལག་བཅུ་གཉིས་དེ་དག་ག་ལས་སྐྱེ་བར་འགྱུར། ཅི་ནམ་མཁའ་ལས་སྐྱེ་ཞེས་བགྱིར་ནི། ནམ་མཁའ་ཉིད་ཀྱང་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ།་དེ་དེ་བཞིན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི། ནམ་མཁའ་ལྟ་བུའོ། །ཇི་ལྟར་ནམ་མཁའ་རྫས་མ་ཡིན། མཚན་ཉིད་མ་ཡིན། མུན་པ་མ་ཡིན། སྣང་བ་མ་ཡིན། རྟོག་པ་མ་ཡིན། རྣམ་པར་རྟོག་པ་མ་ཡིན། གྲུབ་པ་མ་ཡིན། བརྗོད་པ་མ་ཡིན། ཅིའང་མ་ཡིན་པ། ཆ་ཤས་མེད་པ། དངོས་པོ་ཐམས་ཅད་སྤངས་པ་དེ་བཞིན་དུ་རིགས་ཀྱི་བུ། སངས་རྒྱས་ཀྱི་ཆོས་རྣམས་དེ་བཞིན་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་ནི། ཡང་དག་པའི་མཐའ་ཡོངས་སུ་བཅད་པའོ། །བྲི་བ་མེད་པ་དང ། གང་བ་མེད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་ནི། ཕ་རོལ་དང ། ཚུ་རོལ་ལ་རེག་པ་མེད་པའོ། །ཆ་ཤས་མེད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་ནི། བརྗོད་དུ་མེད་པའོ། །མི་གཡོ་ཞིང་རྣམ་པར་བཞག་པ་མེད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་ནི། རྫས་དང ། དངོས་པོ་དང།་མཚན་ཉིད་ཐམས་ཅད་མེད་པའོ། །ཚིག་གི་ལམ་དང་བྲལ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི། སྒྲོ་བཏགས་པ་མེད་པ་སྟེ། ཡང་དག་པ་མ་ཡིན་པ། ཀུན་ཏུ་རྟོག་པ་ལས་སྲིད་ 386a ༄#། །པའི་ཡན་ལག་རྣམས་སྐྱེས་སོ། །བསྟན་པ་འདི་བཤད་པའི་ཚེ་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བདུད་སྡིག་ཅན་གྱིས་གསོལ་པ། གལ་ཏེ་སངས་རྒྱས་ཀྱི་ཆོས་ནམ་མཁའ་ལྟ་བུར་དངོས་པོ་མ་མཆིས་ཤིང་བརྗོད་དུ་མ་མཆིས་པ་ལགས་ན། དེ་ཅིའི་སླད་དུ་ཡེ་ཤེས་དང ། བརྩོན་འགྲུས་དང ། ཐབས་དང ། ཕ་རོལ་གནོན་པས་ཁྱོད་འདི་ལྟར་བདག་ལ་འཚེ། བདག་གི་བདུད་ཀྱི་ཡུལ་འཇོམས། བདག་གི་བདུད་ཀྱི་ཡུལ་ནས་སེམས་ཅན་ཁ་འདྲེན། འགྲོ་བ་མེད་པ་དང ། འོང་བ་མེད་པ་དང ། ཅིའང་མ་ཡིན་པའི་སྒྱུ་མ་ལ་སློབ་ཏུ་འཛུད། གང་གི་ཚེ་སེམས་ཅན་འདི་དག་ཁྱོད་ཀྱིས་བསླབ་པ་ལ་སློབ་པ་ན་དེ་དག་ལ་ཉོན་མོངས་པ་སྐྱེ་བའི་སྤྱོད་པ་ཡང་དག་པར་རྗེས་སུ་མ་མཐོང་ངོ ། །གང་གི་སླད་དུ་ཁྱོད་ཀྱིས་བདག་གི་སླད་དུ་གྲངས་མེད་དཔག་ཏུ་མེད་པའི་སངས་རྒྱས་བཅོམ་ལྡན་འདས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང ། ཉན་ཐོས་ཆེན་པོ་རྣམས་དང ། ཚངས་པ་ཆེན་པོ་རྣམས་དང ། བརྒྱ་བྱིན་དང ། འཇིག་རྟེན་སྐྱོང་བ་བཞི་དང ། དབང་ཕྱུག་ཆེན་པོ་རྣམས་དང ། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བའི་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་བསྡུས་ནས་སངས་རྒྱས་ཀྱི་ཞིང་མ་ལུས་པ་འདི་དག་གང་ 386b བར་བགྱིས། སྙིང་རྗེ་མེད་པ་འདིས་ཀྱང་གང་དག་ཐོས་མ་ཐག་ཏུ་བདག་ཀླད་པའི་ནད་མི་ཟད་པས་བཏབ་སྟེ་སྡུག་བསྔལ་གྱི་ཚོར་བ་མྱོང་ཞིང ། ལུས་ཀྱང་རུལ་ལ་དྲི་ང་བར་གྱུར་པ་དེ་འདྲ་བའི་གསང་སྔགས་ཀྱི་ཚིག་རྣམས་བཤད། ཡང་དེའི་ཚེ་བདུད་དྲུག་ཁྲི་བརྒྱད་སྟོང་དང ། བདུད་ཀྱི་འཁོར་གྲངས་མེད་དཔག་ཏུ་མེད་པ་དང ། དེ་བཞིན་དུ་སྡང་བའི་གནོད་སྦྱིན་དང ། སྲིན་པོ་དང ། གྲུལ་བུམ་དང།་ཤ་ཟ་དེ་དག་ཐམས་ཅད་ཀྱིས་ཀྱང་མགྲིན་གཅིག་ཏུ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ཀྱང་ཐོས་མ་ཐག་ཏུ་ཀླད་པ་ན་བར་གྱུར་ཏེ། ལུས་ཀྱང་རུལ་ཞིང་དྲི་ང་བར་གྱུར་ནས་ཤིན་ཏུ་སྡུག་བསྔལ་བའི་ཚོར་བ་མྱོང་ངོ ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྡིག་ཅན། ཁྱོད་ཀྱིས་འདས་པ་དེ་ངན་པར་བྱོས་ཤིག་།ང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་ཚེ་ཁྱོད་ཀྱིས་ང་གསད་པའི་ཕྱིར་དཔག་ཚད་བཅུ་ཚུན་ཆད་ཀྱི་ས་དང ། ནམ་མཁའ་བདུད་ཀྱི་སྡེས་བཀང་སྟེ་འོངས་པ་ནས་ད་ལྟར་བདུད་བྱེ་བ་འཁོར་དང་བཅས་ཏེ་ང་གསད་པའི་བར་དུ་བཀྱེ་བས། དེ་བས་ན་ཁྱོད་ཡོངས་སུ་གདུལ་བ་དང ། ཞི་བར་བྱ་བ་དང ། ཡོངས་སུ་མྱ་ངན་ལས་བཟླ་བ་དང ། དེ་བཞིན་དུ་བདུད་གཞན་རྣམས་ནས་མི་དང ། མི་མ་ཡིན་པའི་བར་དུ་གདུལ་བ་དང ། ཞི་བར་བྱ་བ་དང ། སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བར་བྱ་བ་དང ། འོང་བ་དང་འགྲོ་བ་མེད་པ། ཅིའང་མ་ཡིན་པའི་སྒྱུ་མ་ལ་བསླབ་པར་བྱ་བ་དང ། འགྲོ་བ་ཐམས་ཅད་དུ་འཆི་འཕོ་དང ། སྐྱེ་བའི་འཁོར་བའི་ཆུ་ཀུན་བསྐམ་པ་ 387a ༄#། །དང ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང ། བྱང་ཆུབ་སེམས་དཔའ་གྲངས་མེད་དཔག་ཏུ་མེད་པ་ནས་མི་དང ། མི་མ་ཡིན་པའི་བར་རྣམས་བསགས་ཀྱི། སྡིག་ཅན། ཁྱོད་ད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག་།དེ་ལྟར་ན། ཁྱོད་ཀླད་པ་ན་བའི་སྡུག་བསྔལ་མི་ཟད་པའི་ཚོར་བ་འདི་ལས་ཐར་པར་འགྱུར་ཏེ། མཐར་གྱིས་སངས་རྒྱས་ཀྱི་ཆོས་ནམ་མཁའི་རང་བཞིན་ལྟ་བུ་མངོན་དུ་འགྱུར། བདུད་ཀྱི་ཡུལ་ལས་ཆེས་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཡུལ་རྣམས་ཀྱང་ཐོབ་པར་འགྱུར་རོ། །ཡང་དེའི་ཚེ་བདུད་དྲུག་ཁྲི་བཞི་སྟོང་དང ། བདུད་ཀྱི་འཁོར་གྲངས་མེད་དཔག་ཏུ་མེད་པ་དང ། སྡང་བའི་གནོད་སྦྱིན་ནས་ལུས་སྲུལ་པོ་སྡང་བའི་བར་གྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི་ན། ཇི་ལྟར་བདག་ཅག་སངས་རྒྱས་ཀྱི་ཆོས་ནམ་མཁའི་རང་བཞིན་ལྟ་བུ་དེ་དག་མངོན་དུ་འགྱུར། ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཡུལ་འདིའང་ཐོབ་པར་འགྱུར། དེ་ནས་བདུད་སྡིག་ཅན་གྱིས་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་བདག་ཕྱི་མའི་མཐའི་མུའི་བར་དུ་ཀླད་པ་ན་བར་གྱུར་ཀྱང་བདག་འདི་འདྲ་བའི་གཡོ་རྒྱུས་བྱང་ཆུབ་ཏུ་སེམས་མི་བསྐྱེད་དོ། །དེ་ནས་ 387b ཚངས་པ་ཆེན་པོ་དབྱངས་དང་ལྡན་པས་འདི་སྐད་ཅེས་གསོལ་ཏོ། །བདག་ཀྱང་སངས་རྒྱས་ཀྱི་ཞིང་འདིར་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་སྤྱན་སྔར་བསྟན་པའི་ཆོས་ཀུན་གཟུང་བར་སྤྲོའོ། །སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་ཅན་འདིར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་འདིའི་བསྟན་པ་ལ་གཙོ་བོས་གཏད་པ་གཟུང་བར་བགྱི་སྟེ། ང་ཡང་ཤཱཀྱ་ཐུབ་པའི་ཉི་ནུབ་ཀྱི་བར་དུ་བདག་གིས་བསྟན་པ་འདི་ལ་ཆོས་ཀྱི་ཚུལ་འབར་བར་བགྱིའོ། །ཡུལ་གང་ན་བདུད་ཀྱི་ཚོགས་ཀྱིས་མི་ཐུབ་པའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་མ་བྱུང་བ་དེར་བདག་གིས་འབྱུང་བར་བགྱིའོ། །གང་དུ་བྱུང་བ་དེར་ནི། ཤིན་ཏུ་ལྷག་པར་འབྱུང་བར་བགྱིའོ། །གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ཡུལ་དེ་དག་ན་རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་གང་དག་མཆིས་པ་དེ་དག་ཀྱང་བསྲུང་བར་བགྱི། ཡོངས་སུ་བསྐྱང་བར་བགྱི། གནོད་པ་ལས་བཟློག་པར་བགྱི། དོན་དང་དགེ་བ་ལ་གཟུད་པར་བགྱིའོ། །གང་དག་བདུད་ཀྱི་ཚོགས་ཀྱིས་མི་ཐུབ་པའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཐ་ན་བྲིས་ནས་འཆང་བ་རྣམས་དང ། གང་ན་ཆོས་སྨྲ་བའི་སེངྒེའི་ཁྲི་ལ་མཆིས་ཏེ། ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་རབ་ཏུ་འཆད་པར་འཚལ་བ། དེ་དག་གིས་དེར་ཐོག་མར་གསང་སྔགས་ཀྱི་ཚིག་འདི་དག་བརྗོད་པར་བགྱིའོ། །གསང་སྔགས་ཀྱི་ཚིག་འདི་དག་གིས་བདག་འགུག་པར་འགྱུར་ཏེ། བདག་ཉིད་འཁོར་དང་བཅས་པ་ཕྱོགས་དེར་ 388a ༄#། །མཆིས་ནས་ཆོས་སྨྲ་བ་དེ་དག་དང ། ཆོས་ཉན་པ་དེ་དག་བསྲུང་བ་དང ། སྦ་བར་བགྱིའོ། །འདི་ལྟ་སྟེ། ཨ་བ་མེ། ཨ་བ་མེ། ཨ་མ་བ་རེ། ཨ་མ་བ་རེ། པ་རི་ཀུ་ཉཛ། ནཱ་ཌ་ནཱ་ཌ།་པུཤྐ་ར་མ་ཧཱ། ཛ་ལུ་ཁ། མ་ཁ་ཡ། ཨི་ལི་ཨི་ལི། ཀི་ལི་མི་ལི། ཀཱི་རྟི་ཙ་ར་མུ་དྲེ། མུ་དྲ་མུ་ཁེ་སཝཱ་ཧཱ། བཅོམ་ལྡན་འདས། གང་དང་གང་ན་ཆོས་སྨྲ་བ་དེ་དག་གིས་ཐོག་མར་གསང་སྔགས་ཀྱི་ཚིག་འདི་དག་དྲན་པར་བགྱིས་ལ། བདག་གིས་ཀྱང་ལྷའི་རྣ་བའི་ཁམས་ཤིན་ཏུ་ཡོངས་སུ་དག་པས་ཐོས་ཏེ་དེར་མ་མཆིས་ན། འདས་པ་དང ། མ་བྱོན་པ་དང ། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ལ་བསླུས་པར་འགྱུར་ཞིང ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བས། བཅོམ་ལྡན་འདས། བདག་དེར་མཆིས་ལ་ཆོས་སྨྲ་བའི་རྐང་པའི་དྲུང་དུ་སྤྱི་བོས་བླང་བར་བགྱིའོ། །ཆོས་སྨྲ་བ་དེའི་སྤོབས་པ་རིགས་པས་ཉེ་བར་བསྒྲུབ་པར་བགྱིའོ། །ཆོས་སྨྲ་བ་དང ། ཆོས་ཉན་པ་དེ་དག་གི་ནད་ཐམས་ཅད་བསལ་བར་བགྱི། ལྟ་བ་ངན་པ་དང ། བྱ་བ་ངན་པ་དང ། ཐེ་ཚོམ་ཐམས་ཅད་བསལ་བར་བགྱི། བཅོམ་ལྡན་འདས། ཕྱོགས་གང་ན་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང ། འཛིན་པ་དང ། ཀུན་ཆུབ་པར་བགྱིད་པ་དེར་བདག་འཁོར་དང་བཅས་ཏེ་མཆིས་ནས་འཐབ་པ་དང ། རྩོད་པ་དང ། མུ་གེ་དང ། ནད་དང ། འཇིགས་པ་དང ། 388b ཕ་རོལ་གྱི་དམག་ཚོགས་དང ། ཆར་མི་འབབ་པ་དང ། དུས་མ་ལེགས་པའི་རླུང་དང ། ཚ་བ་དང ། ལྟ་བ་ངན་པ་དང ། བྱ་བ་ངན་པ་དེ་དག་ཐམས་ཅད་དང ། མི་དང ། མི་མ་ལགས་པ་དང ། དུར་ཁྲོད་རྣམས་ཀྱི་འཇིགས་པ་ཐམས་ཅད་ཞི་བར་བགྱིའོ། །དེ་ནས་བཀྲ་མི་ཤིས་པ་དང ། རྨི་ལམ་ངན་པ་དང ། ལྟས་ངན་པ་དང ། སྡང་བ་དང ། བརླང་བ་དང ། ཞེ་གཅོད་པ་དང ། རོ་བྲོ་བ་མ་མཆིས་པ་དང ། ཁ་བ་དང ། ཚ་བ་དང ། དྲི་ང་བ་དང ། རེག་ན་མི་བདེ་བའི་དུག་དེ་དག་ཐམས་ཅད་བསལ་བར་བགྱིའོ། །དེར་ཚ་བ་དང་མུ་གེའི་གནོད་པ་རྣམས་བསལ་བར་བགྱིའོ། །གླང་པོ་ཆེ་དང ། སེངྒེ་དང ། སྟག་དང ། མ་ཧེ་དང ། སྤྱང་ཀི་དང ། སྤྲུལ་གདུག་པ་དང ། རྐུན་པོ་དང ། གཡོན་ཅན་དང ། མི་དང ། མི་མ་ལགས་པའི་འཇིགས་པ་ཐམས་ཅད་བསལ་བར་བགྱིའོ། །དེར་སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་དང ། ཀུན་སྤྱོད་པའི་སླད་དུ་ནོར་དང ། འབྲུ་དང ། སྨན་དང ། མེ་ཏོག་དང ། འབྲས་བུ་དང ། རོ་དང ། ཟས་དང ། སྐོམ་དང ། གོས་དང ། མལ་ཆ་སྣ་ཚོགས་ཉེ་བར་བསྒྲུབ་པར་བགྱིའོ། །ཡུལ་གང་ན་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང ། འཛིན་པ་དང ། ཀློག་པ་དང ། ཀུན་ཆུབ་པར་བགྱིད་པ་དང ། འཆད་པ་དེར་བདག་ཅག་གིས་སེམས་ཅན་རྣམས་ཀྱི་གནོད་པ་ཐམས་ཅད་སོ་སོར་བསལ་བར་བགྱིའོ། །སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང ། ཀུན་སྤྱོད་པའི་སླད་དུ་ཕན་པ་དང ། བདེ་བ་དང ། ཡིད་བདེ་བ་ཐམས་ཅད་བསྒྲུབ་པར་བགྱིའོ། །སེམས་ 389a ༄#། །ཅན་དེ་དག་ཀྱང་ཆོས་འདོད་པ་དང ། དགེ་བ་སྤྱོད་པ་ལ་གཟུད་པར་བགྱི་སྟེ། འདི་ནི། བདག་གིས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་སྤྱན་སྔར་སྨོན་ལམ་བཏབ་པའོ། །སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། སྐྱེས་བུའི་མཐུ་འདི་ཉམས་འོག་ཏུ་ཆུད་པར་བགྱི་བའི་སླད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བདག་ལ་ཡིད་བཞིན་དུ་བསམ་པ་ཡོངས་སུ་རྫོགས་པའི་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། དེ་ནས་དེའི་ཚེ་དེའི་མོད་ལ་ཤཱཀྱ་ཐུབ་པ་ལ་སོགས་པ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་ཚངས་པ་དབྱངས་དང་ལྡན་པ་དེ་ལ་ཐུགས་བརྩེ་བར་དགོངས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་དབྱངས་དང་ལྡན་པ་འདིས་གང་གི་ཕྱིར་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་ཐམས་ཅད་དང ། གཞན་ཡང་སངས་རྒྱས་ཀྱི་ཆོས་ལ་མངོན་པར་དགའ་བའི་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་རྣམས་བཀུག་སྟེ་སྐྱེས་བུའི་མཐུ་ཆེན་པོ་འདི་ལྟ་བུ་བྱེད་པར་འགྱུར་གྱི། ངེད་ཀྱིས་གསང་སྔགས་ཀྱི་ཚིག་འདི་དག་ཚངས་པ་དབྱངས་དང་ལྡན་པ་འདི་ལ་སྦྱིན་པར་བྱའོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་དབྱངས་དང་ལྡན་པ་ལ་གྲུབ་པར་གྱུར་ཅིག་།འདི་ལྟ་སྟེ། ཙ་མུཎྜེ། མུཎྜ་པ་རི་ཙྪེ་དེ། ཧ་མཱུ་ཧ། ཧ་མཱུ་ཧ། སཾ་རཀྵ་ 389b བ་ལ།་ཀྲྀཥྞ་མི་ཁ། བ་རི་བ་ཧ། ཙ་མ་ར་ཡ་ཐ་ཙ། སུ་བི་ཁ། ཨ་མུ་ཧུ་ལ་པ་རི་ཙྪེ་དེ། སརྦ་བུདྡྷ་ཨ་དྷིཥྛི་ཏེ་སཝཱཧཱ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ།་བདུད་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་ཐམས་ཅད་དང ། གཞན་ཡང་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་རྣམས་དང ། གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བའི་མི་དང ། མི་མ་ཡིན་པ་རྣམས་འགུག་ཅིང་འདུན་པར་བྱེད་པའི་གཟུངས་འདི་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་ཞིང་བྱིན་གྱིས་བརླབས་ཀྱི། ཁྱོད་འདི་སྐྱེས་བུའི་མཐུ་ཆེན་པོ་འདི་ལྟ་བུ་བྱེད་ནུས་པར་འགྱུར་རོ། །དབྱངས་དང་ལྡན་པས་གསོལ་པ། བཅོམ་ལྡན་འདས། བདག་བུད་མེད་ཀྱི་ཆ་བྱད་འདི་ལྟ་བུས་ཆོས་བསྲུང་བར་བགྱིའོ། །བུད་མེད་རྣམས་ཀྱང་ཡོངས་སུ་བསྐྱང་བར་བགྱིའོ། །བཅོམ་ལྡན་འདས། བུད་མེད་ལ་ལ་ཞིག་བུ་འཚལ་ཏེ། ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏམ། ཀློག་གམ། ཀུན་ཆུབ་པར་བགྱིད་དམ། བྲིས་ཏེ་འཆང་ན། བདག་གིས་བུད་མེད་དེའི་བསམ་པ་ཡོངས་སུ་རྫོགས་པར་བགྱིའོ། །ཡང་བུད་མེད་གང་འདི་ལྟ་བུས་སེམས་ཅན་ཡོངས་སུ་སྐྱོང་བར་འགྱུར་ཏེ། ཆོས་ཀྱི་རྣམ་གྲངས་འདི་འཆང་ཞིང་ཀློག་པ་ནས་ཉན་པའི་བར་དུ་བགྱིད་ན། དེ་འདོད་པ་ན་སྤྱོད་ཀྱང་དེ་མངལ་དུ་མི་ཆགས་སོ། །ཡང་བུད་མེད་གང་བརྙས་ཤིང་སྨད་པར་གྱུར་པའི་ལོངས་སྤྱོད་དང ། ཀུན་སྤྱོད་པ་དང་བྲལ་བ་དེས་ 390a ༄#། །ཆོས་ཀྱི་རྣམ་གྲངས་འདི་འཆང་ཞིང་བཀླགས་ན། བསམ་པ་ཐམས་ཅད་འགྲུབ་ཅིང ། བདེ་བ་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་བསྲུང་བ་དང ། ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་བདག་གིས་ནོར་བུ་རིན་པོ་ཆེ་འདི་གཉིས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་དབུལ་ལོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་དེ་བཞིན་དུ་སྲུང་བ་དང ། ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་གི་གཟུངས་ལས་གཟུངས་ཀྱི་ལེའུ་སྟེ་དྲུག་པའོ།། །།བམ་པོ་བདུན་པ། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་རྣམ་པར་ཕྱེ་བའི་བློ་གྲོས་ཞེས་བྱ་བ་ཞིག་།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནོར་བུ་འོད་འབར་བ་དཔལ་གྱི་སྤྱན་སྔར་འདུག་ནས་དེ་ཡུད་ཙམ་གྱིས་ཚངས་པའི་ཆ་བྱད་དང ། སྐད་ཅིག་གིས་བདུད་ཀྱི་གཟུགས་སུ་སྣང་ངོ ། །དེ་བཞིན་དུ་སྦྱར་ཏེ། བརྒྱ་བྱིན་གྱི་གཟུགས་དང ། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་དབང་པོའི་གཟུགས་དང ། འཕྲུལ་དགའ་དང ། དགའ་ལྡན་དང ། འཐབ་བྲལ་དང ། རྒྱལ་ཆེན་བཞི་དང ། དབང་ཕྱུག་ཆེན་པོ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་ 390b དང ། ལྟོ་འཕྱེ་ཆེན་པོ་དང ། སྲིན་པོ་དང ། ཡི་དྭགས་དང ། ཤ་ཟ་དང ། གྲུལ་བུམ་དང ། རྒྱལ་རིགས་དང ། བྲམ་ཟེའི་རིགས་དང ། རྗེའུ་རིགས་དང ། དམངས་རིགས་དང ། སེངྒེ་དང ། སྟག་དང ། གླང་པོ་ཆེ་དང ། མ་ཧེ་ནས་དུད་འགྲོའི་སྐྱེ་གནས་ཀྱི་བར་གྱི་གཟུགས་རྣམ་པ་སྣ་ཚོགས་སུ་སྣང་ངོ ། །སྐད་ཅིག་གིས་བྱ་དང ། ཤིང་དང ། རི་དང ། འབྲས་བུ་དང ། གོས་དང ། མལ་ཆ་དང ། སྣམ་བུ་དང ། སྣོད་དང ། འཕྱང་འཕྲུལ་དང ། རྒྱན་དང ། སྨན་རྣམ་པ་སྣ་ཚོགས་དང ། རིན་པོ་ཆེའི་གཟུགས་དང ། ཡུད་ཙམ་གྱིས་དགེ་སློང་དང ། དགེ་སློང་མའི་གཟུགས་དང ། སྐད་ཅིག་གིས་སངས་རྒྱས་ཀྱི་གཟུགས་སུ་སྣང་ངོ ། །སྐད་ཅིག་གིས་ཁ་དོག་དང ། རྟགས་དང ། དབྱིབས་དང ། གཟུགས་བརྒྱད་ཅུ་རྩ་བཞིར་སྣང་ངོ ། །དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་གསོལ་པ། བཅོམ་ལྡན་འདས། རིགས་ཀྱི་བུ་འདི་ཁ་དོག་དང ། རྟགས་དང ། དབྱིབས་དང ། གཟུགས་བརྒྱད་ཅུ་རྩ་བཞིར་གདའ་བའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེ་དང་ལྡན་པ་གང་པོ། རིགས་ཀྱི་བུ་འདི་རབ་ཏུ་མཐུ་ཆེ་སྟེ། བྱང་ཆུབ་སེམས་དཔའ་ཤིན་ཏུ་རྣམ་པར་ཕྱེ་བའི་བློ་གྲོས་དམ་བཅས་པའི་སྟོབས་ཀྱི་ཡུལ་གང་ལ་གནས་ནས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང ། ཤེས་རབ་ཀྱི་མིག་སྒྲིབ་པ་མེད་པས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང ། ཡོངས་ 391a ༄#། །སུ་མ་དག་པ་གྲངས་མེད་དཔག་ཏུ་མེད་པ་དག་ན་བསམ་པ་དང ། སེམས་པ་ཇི་ལྟ་བུ་དང ། སྤྱོད་པ་ཇི་ལྟ་བུ་དང ། ཅི་འདྲ་བའི་ནད་ཀྱིས་བཏབ་པ་དང ། གང་ལ་གང་སྐྱབས་སུ་སོང་བའི་སེམས་ཅན་ཇི་འདྲ་བ་དག་མཐོང་བ་དེ་འདྲ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདུལ་བ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་བར་གྱི་གཟུགས་དང ། ཁ་དོག་དང ། རྟགས་དང ། སྤྱོད་ལམ་དང ། དབྱིབས་དང ། གཟུགས་དེ་ལྟ་བུ་དག་གིས་སེམས་ཅན་རྣམས་ཐེག་པ་གསུམ་ལས་ཕྱིར་མི་ལྡོག་པ་ལ་འགོད་པ་དང ། སེམས་ཅན་གང་དག་འདོད་པའི་ཟིལ་གྱིས་ནོན་ཏེ་ཡེ་བྱད་དང ། ལོངས་སྤྱོད་རྣམ་པ་སྣ་ཚོགས་པ་འདོད་པ་དེ་དག་གི་ཆགས་པ་སྤངས་པའི་ཕྱིར་ཡོ་བྱད་རྣམས་བྱིན་ནས་ཕྱིར་མི་ལྡོག་པ་ལ་འགོད་པ་དང ། ནད་ཀྱིས་བཏབ་ནས་སྨན་འདོད་པ་རྣམས་ལ་སྨན་བྱིན་ཏེ་ཕྱིར་མི་ལྡོག་པ་ལ་འགོད་པ་དང ། བྱང་ཆུབ་སེམས་དཔའ་ཤིན་ཏུ་རྣམ་པར་ཕྱེ་བའི་བློ་གྲོས་འདིས་ཉིན་གཅིག་ལ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ཏེ་ཐེག་པ་གསུམ་ལས་ཕྱིར་མི་ལྡོག་པར་འགོད་པའི་དམ་བཅས་པའི་སྟོབས་ཀྱི་ཡུལ་འདི་ནི། ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱི་ས་མ་ཡིན། བགྲོད་པ་མ་ཡིན་ནོ། །གང་པོས་གསོལ་པ། བཅོམ་ལྡན་འདས། རིགས་ཀྱི་བུ་འདིས་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ་སྐྱེས་བུ་ཆེན་པོའི་མཐུ་ 391b ཆེན་པོ་བརྩམས་ནས་ཇི་སྲིད་ཅིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདིས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཕ་རོལ་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསྐལ་པ་ནི། གྲངས་མེད་དེ། སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དོ། །བྱང་ཆུབ་སེམས་དཔའ་ཤིན་ཏུ་རྣམ་པར་ཕྱེ་བའི་བློ་གྲོས་འདིས་བསྐལ་པ་གང་དག་ལ་ཏིང་ངེ་འཛིན་གྱི་མཐུས་སྐྱེས་བུའི་མཐུ་འདི་ལྟ་བུ་བརྩམས་ནས་བསྐལ་པ་གྲངས་མེད་པ་དྲུག་ཅུ་རྩ་བཞི་འདས་སོ། །གང་པོས་གསོལ་པ། འདི་ཇི་སྲིད་ཅིག་ན་སངས་རྒྱས་ཀྱི་ཞིང་གང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྐལ་པ་ཆེན་པོ་བརྒྱ་སྟོང་ཕྲག་ཉི་ཤུ་རྩ་དྲུག་འདས་པའི་འོག་ཏུ་བསྐལ་པ་ཆེན་པོ་སྒྲོལ་བ་ཞེས་བྱ་བ་ལ་སངས་རྒྱས་ཀྱི་ཞིང་ནོར་བུའི་སྙིང་པོ་ཞེས་བྱ་བ་འབྱུང་བར་འགྱུར་ཏེ། སྐྱེ་རྒུའི་ཚེ་ལོ་སྟོང་ཕྲག་བཞི་བཅུ་ཐུབ་པ་ན་མཚམས་མེད་པ་བྱེད་པ་ནས་མི་དགེ་བ་བཅུའི་ཆོས་ཀྱི་བར་དང་ལྡན་པའི་སེམས་ཅན་རྣམས་ཀྱི་ནང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་རྒྱས་པ་མཐའ་ཡས་པའི་འོད་ཟེར་ཞེས་བྱ་བར་འགྱུར་རོ། །དེས་ལོ་བཞི་ཁྲིར་སངས་རྒྱས་ཀྱི་བྱ་བ་མ་ལུས་པར་བྱེད་པར་འགྱུར་རོ། །ཡོངས་ 392a ༄#། །སུ་མྱ་ངན་ལས་བཟླ་བའི་ཕྱིར་ཐེག་པ་གསུམ་པོ་དག་ལས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །དེའི་འོག་ཏུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །གང་པོས་གསོལ་པ། བཅོམ་ལྡན་འདས། སྐྱེས་བུ་དམ་པ་འདིས་སྔོན་སེམས་ཅན་གང་དག་ཡོངས་སུ་སྨིན་པར་བགྱིས་པ་དེ་དག་གང་དུ་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་ཆེན་པོ་དེའི་སྨོན་ལམ་རིས་སུ་ཆ་པ་མེད་དེ། དེས་སྨོན་ལམ་འདི་སྐད་དུ་ནམ་ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་སུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་བར་ཆད་མེད་པར་མཐོང་བར་མ་གྱུར་ཏམ། བདག་གིས་སྔོན་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན་སེམས་ཅན་གང་དག་ཐོག་མར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཙུད་པ་དང ། ཡང་དག་པར་འཛིན་དུ་བཅུག་པ་དང།་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད་པ་དེ་དག་ཕྱོགས་བཅུར་སོ་སོར་སངས་རྒྱས་ཀྱི་ཞིང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མ་མཐོང་བ་དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བྱའོ། །ཏིང་ངེ་འཛིན་བཀོད་པའི་མཐུ་འདི་འདྲ་བས་ཕྱོགས་བཅུའི་ཕྱོགས་ 392b རེ་རེར་ཡང་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་སུ་སངས་རྒྱས་ཀྱི་ཞིང་དེ་དག་དང ། གཞན་དག་ནའང་སེམས་ཅན་གང་དག་མཚམས་མེད་པ་བྱེད་པ་དང ། ཐེ་ཚོམ་ཅན་ནས་མི་དགེ་བའི་ཆོས་ཀྱི་བར་དང་ལྡན་པར་གྱུར་པ་དེ་རྣམས་དེ་དག་ནས་ཤི་འཕོས་ནས་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་ལ། བདག་བྱང་ཆུབ་སེམས་དཔར་འགྱུར་བཞིན་དུ་དེ་དག་ཐམས་ཅད་ཀྱི་དགེ་བའི་རྩ་བ་བསྐྱེད་པར་བྱ་སྟེ། ཕྱིར་མི་ལྡོག་པ་ལ་སོས་སོར་བཀོད་ནས་དེ་ནས་གདོད་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་སྐྱེས་བུའི་མཐུ་ཆེན་པོ་འདི་ལྟ་བུ་རྒྱུན་དུ་བྱའོ། །ཞེས་སྨོན་ལམ་བཏབ་བོ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ནས་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། གང་དག་ད་ལྟར་སངས་རྒྱས་ཀྱི་ཞིང་འདིར་ལྷགས་པ་རྣམས་སྟོན་པ་འདི་ལྟ་བུ་དག་ཀྱང་མཉེས་པར་བགྱིས། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ལྡན་པ་འདུས་པ་ཆེན་པོ་འདི་ལྟ་བུའང་མཐོང་འདས་པ་དང ། མ་བྱོན་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་མཉམ་པ་ཉིད་རྡོ་རྗེ་ལྟ་བུ་བརྟེན་པའི་ཆོས་ཀྱི་སྙིང་པོས་ལུས་འཇོམས་པ་ཞེས་བགྱི་བའི་གཟུངས་ཕྱག་རྒྱ་དང ། ཚིག་རབ་ཏུ་དབྱེ་བ་ལ་འཇུག་པ་ལུང་བསྟན་པའི་ཆོས་ཀྱི་ཚུལ་གྱི་བྱིན་གྱི་རླབས་སྔོན་མ་ཐོས་པ་འདིའང་མཉན་པའི་སླད་དུ་རྙེད་པ་ནི། བདག་ཅག་གིས་ལེགས་པར་རྙེད་དོ། །འདུས་ 393a ༄#། །པ་ཆེན་པོ་རིན་པོ་ཆེ་ཏོག་གི་གཟུངས་ལས། དམ་པའི་ཆོས་ཡོངས་སུ་གཟུང་བའི་ལེའུ་སྟེ་བདུན་པའོ།། །།ཡང་དེའི་ཚེ་དེ་བཞིན་གཤེགས་པ་མི་འཁྲུགས་པས་ཐམས་ཅད་དང་ལྡན་པའི་འཁོར་ལ་བོས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་།བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོའི་དབང་པོ་ནས་མི་དང ། མི་མ་ཡིན་པའི་བར་དུ་གང་དག་སངས་རྒྱས་ཀྱི་བསྟན་པ་ལ་དང་པ་འདིར་ལྷགས་པ་ཁྱེད་ཅག་ཐམས་ཅད་ངས་སྤྲོ་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་འདུས་པ་འདི་ལྟ་བུ་འདི་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདུས་པ་འདི་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། མི་དང ། མི་མ་ཡིན་པ་འདུས་པ་འདི་ལྟ་བུ་ནི། དཀོན་ནོ། །དེ་བས་ན། ད་ཁྱོད་ཀྱིས་འདི་མཐོང་ནས་སངས་རྒྱས་ཀྱི་ཞིང་འདིར་མ་འོངས་པའི་དུས་ན་དམ་པའི་ཆོས་འདི་དང ། ཆོས་ཀྱི་ཚུལ་འདི་ཡོངས་སུ་བསྐྱང་བ་དང ། དཀོན་མཆོག་གསུམ་གྱི་རིགས་འདི་འབར་བར་བྱེད་པར་སྤྲོ་བ་དག་གིས་ད་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱན་སྔར་ཁྱེད་སོ་སོ་ནས་རང་རང་གི་སྨོན་ལམ་ཐོབ་ཅིག་།ཡང་དེའི་ཚེ་བདུད་དགེ་སྦྱོང་མེ་ཏོག་ཅེས་བྱ་བས་མེ་ཏོག་དང ། འབྲས་བུ་དང ། མྱུ་ 393b གུ་སྣ་ཚོགས་ཀྱིས་རིན་པོ་ཆེ་སྣ་བདུན་གྱི་བྲ་བོ་བྱུར་བུར་བཀང་སྟེ་བུད་མེད་ཀྱི་གཟུགས་ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པར་བསྒྱུར་ནས་བུད་མེད་ཀྱི་གོས་དང ། རྒྱན་མཆོག་གིས་བརྒྱན་ཏེ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་གང་སུ་དག་སངས་རྒྱས་ཀྱི་ཞིང་འདིར་བྱོན་ཏེ་བཞུགས་པ་ཐམས་ཅད་དང ། གང་གཞན་ཡང་སུ་དག་འདིར་འདུས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་མེ་ཏོག་དང ། འབྲས་བུ་དང ། ལོ་ཏོག་དང ། མྱུ་གུ་ཐམས་ཅད་ཀྱིས་བྱུར་བུར་ཡོངས་སུ་གཏམས་ཤིང་རྒྱས་པའི་བྲེ་བོ་འདི་འབུལ་ན། སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བར་དགོངས་ཏེ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བདག་གི་བྲེ་བོ་མེ་ཏོག་དང ། འབྲས་བུ་དང ། ལོ་ཏོག་དང ། མྱུ་གུ་ཐམས་ཅད་ཀྱིས་ཡོངས་སུ་གཏམས་པ་འདི་བཞེས་སུ་གསོལ། འདི་ལྟར་བདག་བསྐལ་པ་བཟང་པོ་མཐའ་དག་ལ་སངས་རྒྱས་ཀྱི་ཞིང་མ་ལུས་པ་འདིར་བུད་མེད་ཀྱི་གཟུགས་ཀྱིས་སེམས་ཅན་རྣམས་ལ་ཟས་དང ། སྐོམ་དང ། འབྲས་བུ་དང ། མེ་ཏོག་སྦྱིན་པའི་བདག་པོར་འགྱུར་བར་བགྱི། དེ་དག་ཀྱང་ཡོངས་སུ་སྨིན་པར་བགྱི། བསོད་ནམས་ཀྱི་རྣམ་པར་སྨིན་པ་དེས་བདག་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི། སེམས་ཅན་གང་དག་བདག་གིས་འདུལ་བ་དེ་དག་ཀྱང་ཡོ་བྱད་ 394a ༄#། །ཀྱིས་མི་བྲེལ་བར་བདག་གིས་རིམ་གྲོ་བགྱི་ན། བདག་གི་བསམ་པ་རྣམས་ཡོངས་སུ་རྫོགས་པར་དངོས་གྲུབ་སྩལ་དུ་གསོལ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་བུ་དམ་པ་ཁྱོད་འདི་ལྟར་སེམས་མངོན་པར་དད་པས་སྦྱིན་པ་ཆེ་ཞིང་མཐོ་བ་བྱས་པ་དང ། སངས་རྒྱས་ཐམས་ཅད་ལ་ཁྱོད་ཀྱིས་མཆོད་པ་བྱས་པ་ལེགས་སོ། །ལེགས་སོ། །ཁྱོད་ཀྱི་བྲེ་བོ་མེ་ཏོག་དང ། འབྲས་བུས་ཡོངས་སུ་གང་བ་འདིའང་བཞེས་སོ། །ཁྱོད་ཀྱང་མེ་ཏོག་དང ། འབྲས་བུ་དང ། འབྲུ་དང ། ལོ་ཏོག་ལ་སོགས་པ་ཇི་ལྟར་འདོད་པ་དང ། གང་གི་ཕྱིར་འདོད་པ་རྙེད་པར་གྱུར་ཅིག་།ཁྱོད་ཀྱི་རེ་བ་ཡིད་ཀྱི་བརྣག་པ་ཡོངས་སུ་རྫོགས་པར་གྱུར་ཅིག་།མེ་ཏོག་དང ། འབྲས་བུ་དང ། འབྲུ་ཕུན་སུམ་ཚོགས་པ་གྲུབ་པར་གྱུར་ཅིག་།འབྱོར་པའང་ཕུན་སུམ་ཚོགས་པར་གྱུར་ཅིག་།དེ་ནས་བདུད་དགེ་སྦྱོང་མེ་ཏོག་གིས་ཡང་གསོལ་པ། གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། རི་བྲག་གང་དག་ན་བདུད་ཀྱི་ཚོགས་ཀྱིས་མི་ཐུབ་པའི་གཟུངས་འདི་འཆང་ངམ། སྟོན་ཏམ། འཆད་དམ། གླེགས་བམ་ལ་བྲིས་ཏེ་བསྟི་སྟང་བགྱི་བའི་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། རི་བྲག་དེ་དག་ཏུ་བདག་གནས་པར་བགྱིའོ། །དེ་དང་དེ་དག་ཏུ་ཤིང་ལྗོན་པ་རྣམས་ཀྱི་མེ་ཏོག་དང ། འབྲས་བུ་ནས་འབྲུ་དང ། ལོ་ཏོག་གི་བར་དུ་བསྒྲུབ་པར་བགྱིའོ། །དེ་དག་ཐམས་ཅད་ 394b ན་མེ་ཏོག་དང ། འབྲས་བུ་འཚལ་བའི་སེམས་ཅན་རྣམས་ཀྱང་ཚིམ་པར་བགྱིའོ། །བཅོམ་ལྡན་འདས། དེ་བས་ན། ཚེ་བས་པ་མ་གཏོགས་པར་གལ་ཏེ་དེ་ན་སེམས་ཅན་མེ་ཏོག་དང ། འབྲས་བུའི་ཟས་འཚལ་བ་འགའ་ཞིག་མེ་ཏོག་དང ། འབྲས་བུའི་ཟས་མ་འཚལ་བའི་སླད་དུ་འགུམ་པའི་དུས་བགྱིད་པར་གྱུར་ན། དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང ། འདུས་པ་ཆེན་པོ་མ་ལུས་པ་འདི་བདག་གིས་བསླུས་པར་གྱུར་གྱི། བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག་།གང་ཡང་དེ་ན་སེམས་ཅན་རྣམས་མེ་ཏོག་དང ། འབྲས་བུ་འཚལ་བ་དེ་ནི། བདག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་རྒྱུར་འགྱུར་རོ། །བཅོམ་ལྡན་འདས། དེ་ན་མེ་ཏོག་དང ། འབྲས་བུ་དེ་དག་འཚལ་ནས་གང་སེམས་ཅན་དེ་དག་གཅིག་ལ་གཅིག་ཕན་པ་དང ། མཉེན་པ་དང ། སྙིང་རྗེའི་སེམས་སུ་འགྱུར་བ་དེ་ནི། བདག་གི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་རྒྱུར་འགྱུར་རོ། །གང་མེ་ཏོག་དང ། འབྲས་བུ་འཚལ་ནས་བརྩོན་འགྲུས་དང་ལྡན་པར་འགྱུར་བ་དེ་ནི། བདག་གི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་རྒྱུར་འགྱུར་རོ། །གང་སེམས་དང་སེམས་ལས་བྱུང་བ་དག་ལ་མི་རྟག་པའི་འདུ་ཤེས་འཇུག་པ་དེ་ནི། བདག་གི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་རྒྱུར་འགྱུར་རོ། །གང་མེ་ 395a ༄#། །ཏོག་དང ། འབྲས་བུ་འཚལ་ནས་ཐ་ན་བྱ་དང ། རི་དྭགས་ཀྱང་ཆོས་འཚལ་བར་གྱུར་ཅིང་སྟོང་པ་ཉིད་ལ་གནས་ན། དེ་ནི། བདག་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་རྒྱུར་འགྱུར་རོ། །གཞན་ཡང་ཆོས་ཀྱི་རྣམ་གྲངས་འདི་གང་དུ་བྱུང་བ་དེར་སེམས་ཅན་རྣམས་ཀྱི་འབྲས་དང ། གྲོ་དང ། ནས་དང ། ཏིལ་དང ། མོན་སྲན་སྡེའུ་དང ། མོན་སྲན་གྲེའུ་དང ། རྒྱ་སྲན་དང ། སྲན་ཆུང་དང ། སྲན་མ་དང ། གང་དག་ལོ་ཏོག་ཏུ་གྱུར་པ་དེ་དག་འཚལ་བའི་སླད་དུ་བདག་གིས་ནན་ཏན་ཆེར་བགྱིའོ། །འབྲུ་དང ། ལོ་ཏོག་མང་པོ་དག་གིས་ཀྱང་མཛོད་དང ། བང་བ་ཐམས་ཅད་ཡོངས་སུ་གཏམས་པར་བགྱིའོ། །དེ་ན་སེམས་ཅན་གང་ཐ་ན་བྱ་དང ། རི་དྭགས་དག་གིས་ཀྱང་འཚལ་བར་གྱུར་ན། དེ་ནི། བདག་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་རྒྱུར་འགྱུར་རོ། །དེར་བདག་གི་བུ་རམ་ཤིང་དང ། རྒུན་འབྲུ་དང ། བལ་བོ་སེའུའི་ཁུ་ཤུགས་ཤིན་ཏུ་མང་པོ་བསྒྲུབ་པར་བགྱིའོ། །དེར་བདག་གིས་སེམས་ཅན་རྣམས་ཀྱི་རྫ་མ་དང ། བུམ་པ་དང ། བྱ་སྐྱོགས་རྣམས་ཡོངས་སུ་གཏམས་པར་བགྱིའོ། །གང་དེ་ལ་ཐ་ན་བྱ་དང ། རི་དྭགས་ལ་སོགས་པས་འཚལ་ནའང་དེ་ནི། བདག་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡོངས་སུ་རྫོགས་པའི་རྒྱུར་འགྱུར་ཏེ། དེ་ལྟར་བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཡོངས་སུ་རྫོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ 395b མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིའི། སངས་རྒྱས་བཅོམ་ལྡན་འདས་རྣམས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱིས་བདག་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ལྟ་བུ་འདི་ལ་རྗེས་སུ་དགྱེས་པར་མཛད་དུ་གསོལ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་ཅང་མི་གསུང་བར་གྱུར་པས་གནང་བ་མཛད་དོ། །དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་ཏོག་ཅེས་བྱ་བས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་བུ་དམ་པ། ཁྱོད་འདི་ལྟ་བུའི་མཐུ་ཆེན་པོ་བྱེད་ནུས་ཀྱི། སྐྱེས་བུ་དམ་པ། ཁྱོད་ཀྱི་སྟོབས་དང ། བརྩོན་འགྲུས་དང ། སྤྲོ་བ་དང ། རྟུལ་བ་དེ་ལྟ་བུས་སེམས་ཅན་ཐམས་ཅད་གཉེར་བར་གྱིས་ཤིག་།དེ་ནས་བདུད་དགེ་སྦྱོང་མེ་ཏོག་གིས་དེ་བཞིན་གཤེགས་པ་ཡེ་ཤེས་རྟོག་དེ་ལས་དབུགས་འབྱིན་པ་དེ་ཐོས་ནས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་བདག་ལ་དགོངས་སུ་གསོལ། གང་ལ་ལ་ཞིག་ན་ཆོས་ཀྱི་རྣམ་གྲངས་འདི་མི་སྤྱོད་པ་དེར་བདག་མི་གནས་ཀྱི། གང་ལ་ལར་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པ་དེར་བདག་གནས་ཏེ། ས་ཕྱོགས་དེ་ན་འབྲུ་དང ། སྨན་དང ། འབྲས་བུ་དང ། མེ་ཏོག་གང་དག་འབྱུང་བ་དེ་དག་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང ། ཀུན་སྤྱོད་པའི་སླད་དུ་རབ་ཏུ་སྣུམ་བག་ཅན་དང ། ཤིན་ཏུ་ཆེ་བ་དང ། ཤིན་ཏུ་མང་བ་དང ། ཤིན་ཏུ་རོ་བདའ་བ་དང ། ཤིན་ཏུ་ཡོངས་སུ་ཁ་དོག་དང་ལྡན་པར་བསྒྲུབ་པར་བགྱི། སེམས་ཅན་དེ་དག་ 396a ༄#། །ཀྱང་བཟའ་བ་དང ། བཏུང་བས་ཚིམ་པར་བགྱི། སེམས་ཅན་རྣམས་ཀྱི་མཛོད་དང ། བང་བ་དང ། བུམ་པ་དང ། རྫ་མ་དང ། བྱ་སྐྱོགས་རྣམས་ཤིན་ཏུ་ཡོངས་སུ་གཏམས་པར་བགྱི། ཐ་ན་གང་བྱ་དང ། རི་དྭགས་ཀྱིས་དེ་ལ་འཚལ་ཀྱང་དེ་ནི། བདག་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་རྒྱུར་འགྱུར་བ་དང ། བདག་གིས་སངས་རྒྱས་ཀྱི་ཞིང་འདིར་བསྐལ་པ་སྟོང་ཐམས་ཅད་དུ་སེམས་ཅན་རྣམས་ལ་ཟས་དང་སྐོམ་གྱི་ལོངས་སྤྱོད་འདི་ལྟ་བུ་དག་གིས་ཚིམ་པར་བགྱི། དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་སྙིགས་མ་ལྔ་དང་ལྡན་པར་གྱུར་པ་གྲངས་མ་མཆིས་དཔག་ཏུ་མ་མཆིས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་སུ་བསྐལ་པ་སྟོང་རེ་རེ་ལའང་སྐྱེས་བུའི་མཐུ་ཆེན་པོ་འདི་ལྟ་བུ་བགྱི་ཞིང ། དེ་ནས་གདོད་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་ན། བདག་གི་ལས་ཡོངས་སུ་རྫོགས་པར་འགྱུར་བར་དངོས་གྲུབ་སྩལ་དུ་གསོལ། བཅོམ་ལྡན་འདས། འདི་དག་ནི། རང་གི་སྨོན་ལམ་གྱིས་འགུགས་པའི་གསང་སྔགས་ཀྱི་ཚིག་ལགས་སོ། །འདི་ལྟ་སྟེ། ཙ་མེ་ཁ། ཙ་མེ་ཁ།་ཙམ་མེ་ཁ། བི་བྲི་ཏ་ཧ་ཏེ། བ་ཧ་བ་ཧ་བ་ཧ། སྨ་ར་ཨསྨ་ར་ཀཱ་ན། ས་ར་ཊེ། བི་བ་བ་ས་བེ། ས་ར་ས་ར། ཨིནྡྲེ། ས་ར་མ་ཧཱིནྡྲེ། ས་ར་བཛྲེནྡྲེ། ཏ་ར་བཛྲེནྡྲེ། ཏ་ར་བ་ཡ་ཨསྨ་ཀན། ཧུ་ཧུ་ཧུ། 396b ཧུ་ཧུ་ཧུ། ཨ་སངྐ་ཛ་བེ། ཧ་ཁ་ཁ་བ་ཡུ་བ་ཧེ། ཨུ་པ་ན་ཡ། སནྟ་ར་པ་ཡ། བི་ཛ་ཕ་ལ་པུཥྤ། ཨོ་ཥ་དྷི། དྷ་ན་དྷ་ནྱེ་ན་ཙནྡྲ་ཨཀྵ་ཡེ། ཛ་ལ་བ་ལ་ཧ་ནེ། སྨ་ར་ཨསྨ་ར་ཀ་ན། སཾ་མྱ་ག་པྲ་ཏི་བནྣ་པ་ཡ་ས་ཊ་ཏ་ཀཱ་ལི། ཡ་མ་མེ། མ་མི་མ་མ་དེ་ཙ་བ་ར་སཝཱ་ཧཱ། བཅོམ་ལྡན་འདས། ཡོངས་སུ་སྨིན་པར་བགྱི་བ་དང ། བྱང་ཆུབ་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་གང་དང་གང་ན་ཆོས་ཀྱི་རྣམ་གྲངས་འདི་དང ། གསང་སྔགས་ཀྱི་ཚིག་འདི་དག་བཤད་པ་དེ་དང་དེ་དག་ཏུ་བདག་གནས་པར་བགྱིའོ། །དེ་ནས་ཡང་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་དེ་ལ་ལེགས་སོ། །ཞེས་བྱ་བ་བྱིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང ། བདུད་ཀྱི་འཁོར་དང་བཅས་པ་དེ་དག་ཐམས་ཅད་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་ཐམས་ཅད་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། གྲུལ་བུམ་དང ། ཤ་ཟ་དང ། མི་དང ། མི་མ་ཡིན་པ་དེ་དག་ཐམས་ཅད་དང ། སངས་རྒྱས་ཀྱི་ཞིང་འདིར་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། སྐྱེས་བུ་དམ་པ།་ཁྱོད་བུད་མེད་ཀྱི་གཟུགས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང ། ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལེགས་སོ། །ལེགས་སོ། །ཁོ་བོ་ཅག་གི་བསོད་ནམས་དང ། བརྩོན་ 397a ༄#། །འགྲུས་དང ། སྟོབ་སྡང ། ཕ་རོལ་གནོན་པས་སྐྱེས་བུའི་མཐུ་འདི་ལྟ་བུ་མངོན་པར་གྲུབ་པར་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་བུ་དམ་པ་འདིའི་གྲོགས་བྱེད་པར་སྙིང་བརྩེ་བ་ཅན་དུ་སྤྲོའོ། །དེ་ནས་བདུད་དགེ་སྦྱོང་མེ་ཏོག་གི་འཁོར་གང་ཡིན་པ་དེས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་འདིའི་སླད་བཞིན་དུ་འབྲང་ཞིང་མཛའ་བ་དང ། རྗེས་སུ་མཐུན་པའི་གྲོགས་བགྱིའོ། །སྐྱེས་བུ་དམ་པ། ཁྱོད་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ་ཁྱོད་ཀྱིས་བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཅིག་།བདུད་དགེ་སྦྱོང་མེ་ཏོག་གིས་སྨྲས་པ། བཞིན་བཟང་དག་།དེ་བཞིན་དུ་གྱུར་ཅིག་།སེམས་ཅན་གང་དག་གིས་ས་ལ་ས་བོན་རྣམས་བཏབ་སྟེ་མེ་ཏོག་དང ། འབྲས་བུ་དང ། དྲི་ཀུན་ཏུ་སྤྱོད་པར་གྱུར་པ་དེའང་བདག་ཅག་ལ་ཕན་པ་དང ། བདེ་བར་གྱུར་ཅིག་།དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་བདུད་དགེ་སྦྱོང་མེ་ཏོག་གིས་འདི་སྐད་ཅེས་གསོལ་ཏོ། །བདག་ནི། ཁྱོད་ཀྱི་བསྟན་པ་འཛིན་པ་ཆོས་ཀྱི་ཚུལ་འབར་བར་བགྱིད་པ་ལགས་ཏེ། འདི་ཉིད་དུ་ཐོག་མར་མུ་གེའི་དགོན་པ་རབ་ཏུ་ཞི་བ་བགྱི་བའི་སླད་དུ་ནན་ཏན་ཆེར་བགྱིའི། བཅོམ་ལྡན་འདས། བདག་ལྦ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ 397b ཏུ་ལུང་བསྟན་དུ་གསོལ། དེ་ནས་བདུད་དགེ་སྦྱོང་མེ་ཏོག་གིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་ཡན་ལག་ལྔས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བདུད་དགེ་སྦྱོང་མེ་ཏོག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བདེ་གཤེགས་སྲས་པོ་དཔའ་བོ་པདྨའི་གདོང་ལོངས་ཤིག་།ཁྱོད་ཀྱིས་དེ་རིང་བྱང་ཆུབ་མཆོག་ཏུ་སྨོན་ལམ་སྙིང་པོ་བཏབ། །རྩ་ལག་གཅིག་པུ་སྙིང་རྗེ་སྐྱེས་ཏེ་བཀྲེས་པའི་སྡུག་བསྔལ་གྱིས། །གཟིར་བའི་འགྲོ་བ་འདི་བཀྲོལ་ནས་ནི་སངས་རྒྱས་འགྲུབ་པར་འགྱུར། །ཆོས་རྣམས་རང་བཞིན་དྲི་མེད་དག་ལ་ནམ་མཁའ་འདྲ་བ་དང ། །སྟོང་ཉིད་མཚན་མ་རྣམས་དང་སྨོན་པའི་ཡུལ་ལས་རབ་གྲོལ་བར། །རྟོགས་ནས་ཞིང་འདིར་རིང་པོར་མི་ཐོགས་དཔལ་ལྡན་ཞེས་བྱ་བའི། །སངས་རྒྱས་དགྲ་ཐུལ་བློ་གྲོས་ཤིན་ཏུ་བསྟན་པ་ཉིད་དུ་འགྱུར། །དེ་ནས་བདུད་དགེ་སྦྱོང་མེ་ཏོག་མཆོག་ཏུ་དགའ་ཞིང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་དེ་དག་ལ་མེ་ཏོག་སྣ་ཚོགས་ཀྱིས་གཏོར་ཏོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲུབ་པའི་བློ་གྲོས་ཞེས་བྱ་བ་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས་སངས་རྒྱས་ཀྱི་ཞིང་འདིར་གཏོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལ་དབྱངས་ཀྱིས་གོ་བར་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་བདག་ལ་དགོངས་སུ་གསོལ། བསྐལ་པ་བཟང་པོ་བྱུང་ནས་བདག་གིས་དེ་བཞིན་གཤེགས་ 398a ༄#། །པ་འཁོར་བ་འཇིག་གི་སྤྱན་སྔར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སླད་དུ་སྨོན་ལམ་བཏབ་སྟེ། སེམས་ཅན་རྣམས་ཀྱི་ནད་བརྒྱ་རྩ་བཞི་རབ་ཏུ་ཞི་བར་བགྱི་བའི་སླད་དུ་བུད་མེད་ཀྱི་གཟུགས་ཀྱིས་སའི་བཅུད་ལས་བྱིན་བླངས་ཏེ་རྩཝ་དང ། རྩཝ་བ་སྣ་ཚོགས་ཀྱི་ནང་དུ་སྩལ་ཏོ། །སེམས་ཅན་རྣམས་ལོངས་སྤྱོད་དུ་བགྱི་བ་དང ། ནད་རབ་ཏུ་ཞི་བར་བགྱི་བའི་སླད་དུ་སྨན་བཅུད་ཀྱིས་ལེན་བརྒྱ་རྩ་བཞི་སྦྱར་ཏེ། རྩ་བའི་སྨན་བརྒྱ་རྩ་བཞི་དང ། འབྲས་བུའི་སྨན་བརྒྱ་རྩ་བཞི་དང ། མར་ལས་བསྒྲལ་བ་བརྒྱ་རྩ་བཞི་དང ། འབྲུ་མར་ལས་བསྒྲལ་བ་བརྒྱ་རྩ་བཞི་དང ། བཀྲུ་སྨན་བརྒྱ་རྩ་བཞི་དང ། སྨན་ནད་མེད་ཅེས་བྱ་བ་བརྒྱ་རྩ་བཞིན་ནས་བསྐ་བའི་ཕྱེ་མ་དང ། རིལ་བུ་དང ། སྣར་སྩལ་བའི་བར་དུ་སྟོང་རྩ་བཞི་བསྟན་ཏོ། །སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་དང ། ནད་ཞི་བར་བགྱི་བ་དང ། སེམས་ཅན་ལ་ཕན་པར་བགྱི་བའི་སླད་དུ་བདག་གིས་དེ་བཞིན་གཤེགས་པ་འཁོར་བ་འཇིག་ཞབས་འབྲིང་བ་དང་བཅས་པ་ལ་ཀུན་སྤྱད་པ་སྣ་ཚོགས་ཀྱིས་བསྙེན་བཀུར་བགྱིས་ནས་དེར་བདག་བྱང་ཆུབ་ཏུ་ལུང་བསྟན་པར་འཚལ་བ་དང ། དེ་ནས་དེ་བཞིན་གཤེགས་པ་འཁོར་བ་འཇིག་རྟེན་གིས་བདག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མ་འོངས་པའི་དུས་ན་སྐྱེ་རྒུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ 398b ཞེས་བྱ་བའི་བར་དང་ལྡན་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་འབྱུང་ངོ ། །དེ་བཞིན་གཤེགས་པ་དེའི་སྔོན་གྱི་སྨོན་ལམ་གྱིས་སངས་རྒྱས་འདུས་པ་ཆེན་པོ་དང ། བྱང་ཆུབ་སེམས་དཔའ་འདུས་པ་ཆེན་པོ་འབྱུང་སྟེ། དེར་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་འགྱུར་རོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་གསེར་ཐུབ་ཀྱིས་ཀྱང་དེ་སྐད་ཅེས་བཀའ་སྩལ་ཏོ། །དེའི་འོག་ཏུ་འོད་སྲུང་གིས་ཀྱང་བདག་ལ་དེ་སྐད་ཅེས་བཀའ་སྩལ་ནས་དེའི་ཚེ་བདག་གིས་སེམས་ཅན་ནད་པ་རྣམས་ཀྱི་སླད་དུ་བསྐལ་པ་ཆེན་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བར་དུ་སངས་རྒྱས་ཀྱི་ཞིང་འདིར་སྨན་ཆེན་པོ་བཅུད་ཀྱིས་ལེན་གྱིས་ལྷར་གྱུར་ཅིག་།དེར་ཡང་བདག་གིས་སེམས་ཅན་ཀུན་སྤྱད་པ་དང ། ནད་རབ་ཏུ་ཞི་བར་བགྱི་བའི་སླད་དུ་སའི་བཅུད་རྒྱ་ཆེན་པོ་བླངས་ནས་རྩཝ་དང།་རྩ་བ་དང ། ལོ་མ་དང ། འདབ་མ་དང ། མེ་ཏོག་དང ། འབྲས་བུ་སྣ་ཚོགས་ཀྱི་ནང་དུ་སྩལ་ཏོ། །དེ་ན་སེམས་ཅན་གང་དག་གིས་ཡང་དག་པར་སྦྱར་ཏེ་འཚལ་ནས་སེམས་ཅན་དེ་དག་སེམས་དང་སེམས་ལས་བྱུང་བ་དག་ལ་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པར་སོ་སོར་རྟོག་པར་གང་འཇུག་པ་དེའང་བདག་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་རྒྱུར་འགྱུར་བ་དང ། ཇི་ལྟར་བདག་སངས་རྒྱས་ཀྱི་ཞིང་འདིར་སྐྱེས་པའི་མཐུ་ཆེན་པོ་བགྱིད་པ་དེ་བཞིན་དུ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ 399a ༄#། །འཇིག་རྟེན་གྱི་ཁམས་རེ་རེར་ཡང་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བདག་གིས་བུད་མེད་ཀྱི་གཟུགས་ཀྱིས་སྤྲོ་བ་ཆེན་པོ་དང ། སྟོབས་དང ། བརྩོན་འགྲུས་དང ། རྟུལ་བ་འདི་ལྟ་བུ་དང ། སེམས་ཅན་ནད་པ་ཡོངས་སུ་སྨིན་པར་བགྱི་བ་དང ། བསྙེན་བཀུར་བགྱི་བ་འདི་ལྟ་བུས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག་།ཅེས་སྨོན་ལམ་བཏབ་བོ། །དེ་ལྟར་ཡང་བདག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱན་སྔར་སྨོན་ལམ་འཕེལ་བར་བགྱིད་དོ། །སྐལ་པ་ཆེན་པོ་དང་ལྡན་པ། ཕ་རོལ་གནོན་པ། བརྟན་པ། དགེ་སྦྱོང་མེ་ཏོག་འདིའི་གྲོགས་སུ་ཡང་གྱུར་ཅིག་།བདག་ཅག་གཉིས་ཀས་ཁ་དོག་གཅིག་ཏུ་བུད་མེད་ཀྱི་གཟུགས་ཀྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིའོ། །བུད་མེད་རྣམས་ཡོངས་སུ་སྨིན་པར་བགྱིའོ། །བཅོམ་ལྡན་འདས། ཡང་བདག་ཅག་གཉིས་ཀྱིས་ནད་པ་རྣམས་དང ། རྒན་པོ་རྣམས་ཀྱི་ནད་རབ་ཏུ་ཞི་བར་བགྱི་བའི་སླད་དུ་སའི་བཅུད་ལས་བྱིན་བླངས་ལ་ཟས་དང ། སྐོམ་དང ། ཁ་དོག་དང ། དྲི་དང ། རོ་དང་ལྡན་པ་སྦྱར་བར་བགྱི་སྟེ། བདག་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡོངས་སུ་རྫོགས་པའི་རྒྱུར་གྱུར་ཅིག་།བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ 399b བདག་ལ་ལེགས་སོ། །ཞེས་བགྱི་བ་སྩལ་དུ་གསོལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་དུ་གསོལ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སྐྱེས་བུ་དམ་པ། ཁྱོད་ལེགས་སོ། །ལེགས་སོ། །ཞེས་དེ་ལ་ལེགས་སོ། །ཞེས་བྱ་བ་བྱིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེད་ནི་འཇིག་རྟེན་ནད་པའི་སྨན་པ་གཅིག་།དེ་བཞིན་དབང་པོ་རྣམས་ལ་བདེ་བྱེད་པ། །པདྨ་ལྡན་པ་ཞིང་གཙང་པདྨ་དེར། །རྣམ་པར་སྣང་མཛད་ཅེས་བྱ་རྒྱལ་བར་འགྱུར། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་འཛིན་ཅེས་བྱ་བ་ལུང་བསྟན་པ་ཐོབ་པར་འདོད་ནས་བུད་མེད་ཀྱི་སྨོན་ལམ་བཏབ་པ་དང ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་དེ་ལའང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་ནི་རི་དང་ས་འཛིན་གཅིག་པུ་སྟེ། །ཁྱོད་ཀྱི་རེ་བ་མྱུར་དུ་རྫོགས་པར་འགྱུར། །རྒྱལ་ལྡན་ཞིང་མཆོག་ཕུན་སུམ་ཚོགས་པར་ནི། །ཡེ་ཤེས་དབང་ཕྱུག་ཅེས་བྱ་རྒྱལ་བར་འགྱུར། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མ་ཞེས་བྱ་བ་ལུང་བསྟན་པ་ཐོབ་པར་འདོད་ནས་བུད་མེད་ཀྱི་གཟུགས་སུ་སྤྱོད་པས་སྨོན་ལམ་བཏབ་པ་དང ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་ལའང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་ཀྱིས་འདིར་ནི་ཐབས་དང་ཤེས་རབ་ཀྱིས། །མེ་ཏོག་འབྲས་བུས་སེམས་ཅན་ཚིམ་བྱས་ནས། །ཞིང་མཆོག་རྣམ་པར་དག་པ་སྒོ་ལྡན་དུ། །ཉི་མ་མཆོག་གི་བདེ་བར་ 400a ༄#། །གཤེགས་པར་འགྱུར། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐལ་བ་སྟོན་ཞེས་བྱ་བས་ལུང་བསྟན་པ་ཐོབ་པར་འདོད་ནས་བུད་མེད་ཀྱི་གཟུགས་ཀྱིས་མེ་ལ་ཡོངས་སུ་སྤྱོད་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་པ་དང ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལའང་འདི་སྐད་ཅེས་བཀའ་སྩལ་ཏོ། །འགྲོ་བ་མི་རྟག་འདུ་ཤེས་བྱས་ནས་ནི། ། སྐྱེ་བོ་བྱང་ཆུབ་ཡོངས་སུ་སྨིན་བྱས་ནས། །སྐྱེ་བོ་རྡུལ་ཅན་ཞིང་མཆོག་རབ་བསྔགས་པར། །མེ་ཡི་སྒྲོན་མ་བདེ་བར་གཤེགས་པར་འགྱུར། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་གཡོ་ཞིང་རྡུལ་དང་བྲལ་བ་ལུང་བསྟན་པ་ཐོབ་པར་འདོད་ནས་བུད་མེད་ཀྱི་གཟུགས་ཀྱིས་རླུང་ལ་ཡོངས་སུ་སྤྱོད་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་པ་དང ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལའང་འདི་སྐད་ཅེས་བཀའ་སྩལ་ཏོ། །གཡོ་བས་སེམས་ཅན་རྣམས་ལ་དགའ་སྦྱར་ཏེ། ཁྱོད་ནི་ཉོན་མོངས་རབ་ཏུ་ཞི་བྱེད་ཅིང ། །རྣམ་དག་ཞིང་དུ་མཉམ་ཉིད་དོན་མཐོར་བ། །ཟླ་བའི་འོད་ཅེས་བྱ་བའི་རྒྱལ་བར་འགྱུར། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་པའི་སྒྲོན་མ་ལུང་བསྟན་པ་ཐོབ་པར་འདོད་ནས་བུད་མེད་ཀྱི་གཟུགས་ཀྱིས་ནམ་མཁའ་ལ་ཡོངས་སུ་སྤྱོད་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་པ་དང ། བཅོམ་ལྡན་འདས་ཀྱིས་དེའི་བར་དུ་དེ་ལའང་འདི་སྐད་ཅེས་བཀའ་སྩལ་ཏོ། །མི་གནས་ཡེ་ཤེས་ 400b སྟོན་པ་མྱ་ངན་མེད། །ཡང་དག་བྱང་ཆུབ་ལམ་མཆོག་དོན་སྨྲ་བ། །སྒྲིབ་པ་བསལ་ཅིང་ཆགས་པ་མེད་ཞིང་དུ། །ཡེ་ཤེས་མཆོག་ཅེས་བྱ་བའི་རྒྱལ་བར་འགྱུར། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྤོས་མཆོག་སྨྲ་བ་ལུང་བསྟན་པ་ཐོབ་པར་འདོད་ནས་བུད་མེད་ཀྱི་གཟུགས་དང་ལྡན་པ་མེ་ཏོག་ལ་ཡོངས་སུ་སྤྱོད་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་པ་དང ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལའང་འདི་སྐད་ཅེས་བཀའ་སྩལ་ཏོ། །སངས་རྒྱས་ལམ་མཆོག་སྟོན་པ་རྣམས་ལ་ནི། །མེ་ཏོག་སྤོས་མཆོག་དག་གིས་མཆོད་བྱས་ནས། །མེ་ཏོག་འབྱུང་གནས་ཞིང་མཆོག་རྣམ་དག་ཏུ། །ཀུན་ནས་སྤོས་ཀྱི་བདེ་བར་གཤེགས་པར་འགྱུར། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཁ་དོག་ངུར་སྨྲིག་ལུང་བསྟན་པ་ཐོབ་པར་འདོད་ནས་བུད་མེད་ཀྱི་གཟུགས་དང་ལྡན་པས་ཚོན་སྣ་ཚོགས་ལ་ཡོངས་སུ་སྤྱོད་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་པ་དང ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལའང་འདི་སྐད་ཅེས་བཀའ་སྩལ་ཏོ། ། འཇིག་རྟེན་ངུར་སྨྲིག་གོས་ལ་བཙུད་ནས་སུ། །དཀོན་མཆོག་གསུམ་རིགས་དགའ་བར་ལྡན་བྱས་ནས། །སྔོན་པོར་སྣང་བའི་སངས་རྒྱས་ཞིང་མཆོག་ཏུ། །རིན་ཆེན་སྣང་བའི་བདེ་བར་གཤེགས་པར་འགྱུར། །དེ་བཞིན་དུ་ས་བོན་དང ། ནགས་ཚལ་དང ། འབྲས་བུའི་ལྷ་དུ་མ་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བདུན་གྱི་བར་དག་ལུང་བསྟན་པ་ཐོབ་པར་ 401a ༄#། །འདོད་ནས་བུད་མེད་ཀྱི་གཟུགས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང ། བུད་མེད་ཤིན་ཏུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་དང ། དེ་དག་ཚིགས་སུ་བཅད་པ་རེ་རེས་ལུང་བསྟན་པ་ཐོབ་པར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཕོ་མཚན་གྱུར་ཏེ་མོ་མཚན་ཐོབ་པ་ནི། ཤིན་ཏུ་རྙེད་པར་སླ་ལ།་མོ་མཚན་གྱུར་ཏེ་ཕོ་མཚན་ཐོབ་པ་ནི། ཤིན་ཏུ་རྙེད་པར་དཀའ་བའི་ཕྱིར་རོ། །དེའི་ཚེ་ན་ལྷ་དང་ཀླུ་ཆེན་པོ་བྱེ་བ་ཕྲག་བརྒྱ་ལུང་བསྟན་པ་ཐོབ་པར་འདོད་ནས་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་དང ། ཚིགས་སུ་བཅད་པ་རེ་རེས་སོ་སོར་ལུང་བསྟན་པ་ཐོབ་བོ། །དེ་བཞིན་དུ་ལྷ་མ་ཡིན་དཀྲིགས་ཕྲག་དྲུག་ཅུ་རྩ་བཞི་དང ། བྱེ་བ་ཕྲག་བརྒྱད་ཅུ་དང ། ལྷ་དང་མིའི་བུ་མོ་མི་འཁྲུགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བདུན་ཅུ་དང ། བདུད་དང་བདུད་ཀྱི་འཁོར་དཀྲིགས་ཕྲག་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་ནས་མི་དང ། མི་མ་ཡིན་པའི་བར་དང།་བྲམ་ཟེ་དང ། རྒྱལ་རིགས་དང ། རྗེའུ་རིགས་དང ། དམངས་རིགས་དང ། སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བར་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་འདོད་པ་དང ། ཚིགས་སུ་བཅད་པ་རེ་རེས་སོ་སོར་ལུང་བསྟན་པ་ཐོབ་བོ། །མི་དང ། མི་མ་ཡིན་པ་དང ། དེ་བཞིན་དུ་ལྷ་དང ། ཀླུ་ 401b དང།་གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། ཡི་དྭགས་དང ། ཤ་ཟ་བགྲང་བ་ལས་འདས་པ་སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དག་ནི། སེམས་བསྐྱེད་པར་གྱུར་ཏོ། །སེམས་ཅན་བགྲང་བ་ལས་འདས་པ་དག་ནི། ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏོ། །སེམས་ཅན་བགྲང་བ་ལས་འདས་པ་དག་ནི། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དང ། བཟོད་པ་དང ། གཟུངས་སྣ་ཚོགས་ཐོབ་པར་གྱུར་ཏོ། །སེམས་ཅན་བགྲང་བ་ལས་འདས་པ་དག་ནི། འབྲས་བུ་ཐོབ་ནས་འདོད་ཆགས་དང་བྲལ་ཏེ་ཟག་པ་ཟད་པར་གྱུར་ཏོ། །སེམས་ཅན་བགྲང་བ་ལས་འདས་པ་དག་ནི། ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཐེག་པ་ལས་སེམས་བསྐྱེད་ནས་སངས་རྒྱས་ཉིད་དུ་ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏེ། དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་དུ་དམ་པའི་ཆོས་འདི་ཡོངས་སུ་གཟུང་བར་བགྱིའོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང ། ཡི་གེར་འབྲི་བ་ནས་འཆང་བར་བགྱིད་པའི་བར་གྱི་གང་ཟག་དེ་དག་ཀྱང་རིག་པས་ཡོངས་སུ་བསྐྱང་བར་བགྱིའོ། །འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་གི་གཟུངས་ལས། ལུང་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་ 402a ༄#། །གཤེགས་པ་ཤཱཀྱ་ཐུབ་པས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་གང་དག་ཐུགས་བརྩེ་བས་དྲི་བའི་སླད་དུ་སངས་རྒྱས་ཀྱི་ཞིང་འདིར་གཤེགས་པ་ཐམས་ཅད་རིགས་ཀྱི་བུ་འདི་དག་གིས་གོས་དང ། ཟས་དང ། སྐོམ་དང ། སྨན་དང ། ཡོ་བྱད་ཀྱིས་སེམས་ཅན་རྣམས་ཤིན་ཏུ་ཚིམ་པར་བགྱིས་ཏེ་བུད་མེད་ཀྱི་གཟུགས་ཀྱིས་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བགྱི་བ་དང ། ཅི་ནས་འདི་དག་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ་སེམས་བསྐྱེད་མ་ཐག་ཏུ་ཅི་འཚལ་བ་དང ། གང་གི་སླད་དུ་འཚལ་བ་དང ། ཇི་ལྟ་བུ་འཚལ་བའི་གོས་དང ། ཟས་དང ། སྐོམ་དང ། སྨན་དང ། ཡོ་བྱད་རྣམས་སྤྲུལ་པའམ། བཤམ་པ་འབྱོར་པར་འགྱུར་བའི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་འགྱུར་བ་དང ། ཅི་ནས་སྐྱེས་བུ་དམ་པ་འདི་དག་སྐྱེས་བུ་ཆེན་པོ་མཐུ་འདི་ལྟ་བུ་བགྱིད་པ་དང ། སེམས་ཅན་རྣམས་ལ་ལོངས་སྤྱོད་དང ། ཡོངས་སུ་སྤྱོད་པས་རིམ་གྲོ་བགྱིད་ནུས་པར་འདི་དག་ལ་དགོངས་སུ་གསོལ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཐུགས་རྗེ་ཆེན་པོ་དང ། བསོད་ནམས་དང ། ཡེ་ཤེས་དང ། བསམ་གཏན་གྱིས་བརྒྱན་པའི་རྒྱུ་མཐུན་པ་ཡིད་ལ་མཛད་པས་སྐྱེས་བུ་དམ་པ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེད་ཀྱི་བསམ་པ་དང ། ཡིད་ལ་རེ་བ་ཡོངས་ 402b སུ་རྫོགས་པར་བྱ་བའི་ཕྱིར་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་བ། དགེ་བའི་རྩ་བ་ཐམས་ཅད་ཀྱི་རྒྱུ་མཐུན་པའི་གསང་སྔགས་ཀྱི་ཚིག་འདི་དག་བྱིན་ནོ། །འདི་ལྟ་སྟེ། ཛྱོ་ཏོ་བ་བ། དྷྲི་ཏི་བ་བ། མུ་ནི་བ་བ། ས་ཏྱ་བ་བ། སཱུ་ནྱ། ཨ་ལངྐར་\?\་བ་བ། དྷྱཱ་ན་རས་བ་བ། མ་ཧཱ་ཀཱ་རུ་ཎ་བ་བ། མ་ཧཱ་པྲ་ཏི་བ་བ། ཨ་མོ་ཧ་བ་བ། རུ་ཏི་བ་བ། ཀྵི་ཏི་བ་བ། ས་ལི་ལ་བ་བ། ཁ་ག་བ་བ། བ་ཡུ་བ་བ། བརྟ་བ་བ། ཨ་དྷིཥྛཱ་ན་བ་བ། ཨ་མ་བ་བ། ཨ་ཧ་ན་ན་བ་བ། ཏ་ཐཱ་བ་བ། བྷཱུ་ཏ་ཀོ་ཊི་བ་བ། ནི་ར་བྲི་ཏི་བ་བ། ཏྲི་ཡ་ལ་ན་བ་བ། ཏྲཻ་དྷཱ་ཏུ་ཀ་བ་བ། ཏྲི་བི་མོ་ཀྵ་བ་བ། ཏྲི་ཤཱུ་ཀླ་བ་བ། རཥྚི་ཨ་དྷིཥྛཱ་ན་བ་བ། བ་བ་བ་བ་བ་བ། ས་མ་ཏྲ་ཡ་ན་ནྱ་ས་མ་ཏཱ། ཊ་ཊ་ཊ་ཊ། ཊ་ཊ་ཊཥྚ། སིདྡྷི་སརྦ་ཀུ་ལ་ཤ་ལ་མུ་ལ། ཨ་དྷིཥྛཱ་ན་ཡ་སཝཱཧཱ། སྐྱེས་བུ་དམ་པ། ཁྱེད་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་གསང་སྔགས་ཀྱི་ཚིག་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་འདི་དག་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང ། ཀུན་སྤྱོད་པ་དང ། ཡོངས་སུ་སྨིན་པར་བྱ་བ་དང ། ཁྱེད་ཀྱི་བྱང་ཆུབ་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཟུངས་ཤིག་།ཡང་དེའི་ཚེ་དགེ་སྦྱོང་མེ་ཏོག་དང ། དཔལ་གྱི་ལྷ་མོ་དང ། རྩིའི་ལྷ་མོ་གྲུབ་པའི་བློ་གྲོས་དང ། ལྷ་མོ་ས་འཛིན་ལ་སོགས་ཏེ། བྱང་ཆུབ་སེམས་དཔའ་ཁྲི་ཐམས་ཅད་བུད་མེད་ཀྱི་གཟུགས་ཀྱིས་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང ། ཀུན་སྤྱོད་པ་དང ། ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བརྩོན་པར་གྱུར་ནས་དེ་དག་ཐམས་ཅད་མགྲིན་ 403a ༄#། །གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་གི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་སངས་རྒྱས་བཅོམ་ལྡན་འདས་འདི་རྣམས་ཀྱིས་གསང་སྔགས་ཀྱི་ཚིག་འདི་དག་གསུངས་པས་ན། བྱིན་གྱི་རླབས་འདིས་བདག་ཅག་སེམས་ཅན་ཐམས་ཅད་ལ་རིམ་གྲོ་བགྱིད་ནུས་སོ། །བདག་ཅག་བླ་ན་མེད་པའི་ཡེ་ཤེས་དེ་སྒྲུབ་པར་ནུས་སོ། །བདག་ཅག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ་གསང་སྔགས་ཀྱི་ཚིག་འདི་དག་གཟུང་བར་བགྱི་ཞིང་བརྩོན་པ་དྲག་པོས་སྤྲོ་བར་བགྱིའོ། །ཡང་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་སླད་དུ་ད་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱན་སྔར་རང་གི་དམ་བཅས་པ་ལ་གནས་པར་བགྱིའོ། །ལྷའམ་ཀླུ་ནས་མིའི་བར་གང་ལ་ལ་ཞིག་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་དམ་པའི་ཆོས་ཀྱི་ཚུལ་འདི་མ་མཆིས་པར་བགྱིད་དམ། ཞིག་པར་བགྱིད་དམ། རྣམ་པར་མ་རུངས་པར་བགྱིད་ལ། བདག་ཅག་གིས་དམ་པའི་ཆོས་ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ་གལ་ཏེ་དེ་མ་བཟློག་གམ། ནན་ཏན་མ་བགྱིས་ན། བདག་ཅག་གིས་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་བསླུས་པར་གྱུར་ཅིག་།བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག་།ཀྱེ་གྲོགས་པོ་དག་།ལྷ་ནས་མིའི་བར་གང་ལ་ལ་ཞིག་དགེ་སློང་ངམ། དགེ་སློང་ 403b མའམ།་དགེ་བསྙེན་ནམ། དགེ་བསྙེན་མ་ལ་འཚེ་ལ། གལ་ཏེ་བདག་ཅག་གིས་དེ་དག་ལ་བཟློག་གམ། བདག་ཅག་གིས་དེ་དག་གི་འཁྲུག་བ་ཞི་བར་བགྱི་བའི་སླད་དུ་ནན་ཏན་མ་བགྱིས་ན། བདག་ཅག་གིས་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བསླུས་པར་གྱུར་ཅིག་།བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག་།བཅོམ་ལྡན་འདས། བྱང་ཆུབ་དོན་དུ་གཉེར་བའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཞུགས་དང ། ཆབ་དང ། དུག་དང ། མཚོན་དང ། བྱད་དང ། རིམས་ཞག་གཅིག་པ་དང ། ཞག་གཉིས་པ་དང ། ཞག་གསུམ་པ་དང ། ཞག་བཞི་པས་འཇིགས་པ་ནས་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལུས་སྲུལ་པོ་དང ། རྒྱལ་རིགས་དང ། བྲམ་ཟེའི་རིགས་དང ། རྗེའུ་རིགས་དང ། དམངས་རིགས་དང ། སེངྒེ་དང ། སྟག་དང ། ནད་དང ། བཀྲེས་པ་དང ། སྐོམ་པ་དང ། འཚེ་བ་གང་ཡང་རུང་བའི་བར་དག་གིས་འཇིགས་ཤིང་སྐྲག་པར་གྱུར་པ་ལས། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བའི་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་འདི་དག་དྲན་ན། སྔོན་གྱི་ལས་ཀྱི་སྒྲིབ་པ་ནི།་མ་གཏོགས་ཏེ། བདག་ཅག་གིས་དེ་དག་གནོད་པ་རྣམས་ལས་ཡོངས་སུ་ཐར་\?\་པར་མ་བགྱིས་ན། དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཐམས་ཅད་བདག་ཅག་གིས་བསླུས་པར་གྱུར་ 404a ༄#། །ཅིག་།བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག་།དེའི་ཚེ་གང་དག་སངས་རྒྱས་ཀྱི་ཞིང་འདིར་གཏོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་དེ་དག་ལ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། སྐྱེས་བུ་དམ་པ། ཁྱེད་ཀྱིས་ལེགས་པར་དམ་བཅས་པ་ལེགས་སོ། ། ལེགས་སོ། །ཁྱེད་ཀྱིས་སྐྱེས་བུ་དམ་པའི་མཐུ་ཆེན་པོ་འདི་ལྟ་བུ་བྱེད་ནུས་སོ། །དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བདུད་སྡིག་ཏོ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཐུབ་པ་གཤེགས་པ་འདི་དག་ལ་ནི་དད་ཅིང་དགའ་བའི་མཆོག་བསྐྱེད་དེ། །དེ་རིང་གཞན་གྱི་དོན་ཕྱིར་དགའ་བར་མྱུར་དུ་བྱང་ཆུབ་སེམས་གཞེལ་བྱོས། །སྡིག་ཅན་ཁྱོད་ནི་རང་གི་ཡུལ་ནས་རབ་ཏུ་གྲོགས་མེད་མཐུ་མེད་ཀྱི། །ཐུབ་པ་ལ་ནི་ཁྱོད་ཀྱིས་བསྡོ་ཞིང་སྙོག་པར་བྱེད་པ་གཏང་བར་བྱོས། །དེ་ནས་བདུད་སྡིག་ཅན་གྱིས་གསོལ་པ། ཁྱོད་ཀྱི་ཚིག་གིས་བྱང་ཆུབ་དྲི་མེད་དད་པའི་སེམས་གཅིག་བདག་མི་བསྐྱེད། །ཐུབ་པ་མ་གསུང་བཞུགས་ཤིག་བདག་ལ་རྗེས་སུ་འགྲོ་བ་རྣམས་ཀྱང་མཆིས། །དེ་དག་ལྷན་ཅིག་བདག་གི་ཡུལ་ན་དཔུང་དང་བཞོན་པར་གནས་པར་བགྱི། །ཕུན་སུམ་མཆོག་འཛིན་བདག་མཐུས་ཇི་སྲིད་འཚོ་བ་ཁྱོད་ཀྱི་དབང་མི་མཆི། །འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་གི་གཟུངས་ལས། སྙིང་བརྩེ་བའི་ལེའུ་སྟེ་དགུ་བའོ།། །། 404b བམ་པོ་བརྒྱད་པ་སྟེ་ཐ་མ། ཡང་དེའི་ཚེ་དེ་བཞིན་གཤེགས་པ་མེ་ཏོག་མནྡཱ་ར་བའི་དྲི་མོས་ཀྱིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་འདི་སྐད་ཅེས་གསུངས་སོ། །ཇི་ལྟར་འདས་པའི་དེ་བཞིན་གཤེགས་པ་རྣམས་སངས་རྒྱས་ཀྱི་ཞིང་ཐ་དད་པ་དག་ནས་བྱོན་ཏེ་ཉོན་མོངས་པ་ཅན་སྙིགས་མ་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་དུ་འདུས་ནས་དམ་པའི་ཆོས་ཀྱི་ཚུལ་འདི་ནི། ལེགས་པར་བྱིན་གྱིས་བརླབས། བདུད་བྱེ་བ་ནི། ཕམ་པར་མཛད། བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོའི་སྤྱན་གྱིས་སེམས་ཅན་རྣམས་ལ་ནི། གཟིགས། སྡིག་པའི་ལྟ་བ་ལས་ནི། རབ་ཏུ་ཐར་པར་མཛད། ཤེས་རབ་ཀྱི་སྒྲོན་མ་ནི། འབར་བར་མཛད། ཞི་བའི་ལམ་ལ་ནི། བཀོད་དེ། ཆོས་མཉམ་པ་ཉིད་རྡོ་རྗེ་ལྟ་བུ་བརྟེན་པའི་ཆོས་ཀྱི་སྙིང་པོས་ལུས་འཇོམས་པ་ཞེས་བགྱི་བའི་གཟུངས་ཕྱག་རྒྱ་དང ། ཚིག་རབ་ཏུ་དབྱེ་བ་ལ་འཇུག་པ་ལུང་བསྟན་པ་ཆོས་ཀྱི་རྣམ་གྲངས་འདི་ནི། བཤད། ནག་པོའི་ཕྱོགས་ནི། ཕམ་པར་མཛད། ཆོས་ཀྱི་རྒྱལ་མཚན་ནི། བཙུགས་པ་དེ་བཞིན་དུ། ད་ལྟར་ཕྱོགས་བཅུ་དག་ན་བཞུགས་ཤིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་བདག་ཅག་རྣམས་ཀྱིས་ཀྱང་སེམས་ཅན་ལ་ཐུགས་བརྩེ་བའི་སླད་དུ་ཉོན་མོངས་པ་ཅན་སྙིགས་མ་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་དུ་འདུ་བ་ཆེན་པོ་མཛད་དེ། ཆོས་ཀྱི་ཚུལ་འདི་ལེགས་པར་བྱིན་གྱིས་བརླབས་པ་ནས་ཆོས་ཀྱི་རྒྱལ་མཚན་བཙུགས་པའི་བར་དུ་མཛད་ན། ཤཱཀྱ་ཐུབ་པ་ཁྱོད་ནི། ཉི་མ་ནུབ་ནས་སངས་ 405a ༄#། །རྒྱས་ཀྱི་ཞིང་འདིར་སུ་ཞིག་མཆོག་ཏུ་འགྱུར། དམ་པའི་ཆོས་འདི་འཛིན་པར་འགྱུར། དམ་པའི་ཆོས་ཀྱི་ཚུལ་འདི་འབར་བར་བགྱིད་པར་འགྱུར། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པར་འགྱུར། འདུས་པ་ཆེན་པོ་འདིར་ཡང་བགྲང་བར་ཆུད་པར་འགྱུར། བདག་གིས་སུའི་ལག་ཏུ་ཆོས་ཀྱི་རྣམ་གྲངས་འདི་ཡོངས་སུ་གཏད་པར་བགྱི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་དེ་བཞིན་གཤེགས་པ་མེ་ཏོག་མནྡྲཱ་ར་བའི་དྲི་མོས་ལ་འདི་སྐད་ཅེས་གསུངས་སོ། །སངས་རྒྱས་ཀྱི་ཞིང་འདི་ན་གནས་པའི་བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་ལ་རྣམས་སམ། བརྒྱ་བྱིན་ནམ། ཚངས་པའམ། འཇིག་རྟེན་སྐྱོང་བའམ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོའི་དབང་པོའམ། གང་སུའང་རུང་སྟེ། ཆོས་ཀྱི་ཚུལ་འདི་ལ་མངོན་པར་བརྩོན་པ་རྣམས་དང ། གང་དག་དབུས་ཀྱི་གླིང་བཞི་པོ་འདི་དག་ན་གནས་པ། ཆོས་ཀྱི་ཚུལ་འདི་ལ་མངོན་པར་དད་པའི་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་གནས་ལྟོ་འཕྱེ་ཆེན་པོའི་དབང་པོའི་བར་དེ་དག་གི་ལག་ཏུ་གཟུངས་ཀྱི་ཕྱག་རྒྱའི་ཆོས་ཀྱི་རྣམ་གྲངས་འདི་ཡོངས་སུ་གཏད་པར་མཛོད་ཅིག་།དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་མནྡཱ་ར་བའི་དྲི་མོས་ཀྱིས་དབྱངས་ཀྱི་དཀྱིལ་འཁོར་གྱི་ཚིག་བརྗོད་པ་ཐོགས་པ་མེད་པས་སངས་རྒྱས་ཀྱི་ཞིང་མཐའ་ 405b དག་ཁྱབ་པར་མཛད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོགས་པོ་དག་།གང་སུ་དག་སངས་རྒྱས་ཀྱི་ཞིང་འདིར་འདུས་པ་ཐམས་ཅད་ཉོན་ཅིག་།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བ་ནི། ཤིན་ཏུ་དཀོན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་གཅིག་ཏུ་སངས་རྒྱས་ཀྱི་ཞིང་གཅིག་ཏུ་འདུས་པ་འདི་ཤིན་ཏུ་དཀོན་ཏེ། ཁྱོད་ལ་ཐུགས་བརྩེ་བ་དང ། སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བ་དང ། དམ་པའི་ཆོས་ཀྱི་ཚུལ་བྱིན་གྱིས་བརླབ་པ་དང ། བླ་ན་མེད་པའི་ལམ་ལ་དགོད་པའི་ཕྱིར་སངས་རྒྱས་འདི་དག་ཐམས་ཅད་འདུས་ཏེ་དམ་པའི་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བྱ་བ་དང ། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་འཆད་པར་བྱ་བ་དང ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ནས་འཁོར་བའི་ཕ་རོལ་ཏུ་འགྲོ་བར་བྱ་བའི་བར་གྱི་ཕྱིར་ད་ལྟར་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་དུས་གསུམ་དུ་གཏོགས་པའི་སའི་ཁམས་ཐམས་ཅད་བྱིན་གྱིས་བརླབས་སོ། །ཆུའི་ཁམས་ཐམས་ཅད་དང ། མེའི་ཁམས་ཐམས་ཅད་དང ། རླུང་གི་ཁམས་ཐམས་ཅད་དང ། ནམ་མཁའི་ཁམས་ཐམས་ཅད་བྱིན་གྱིས་བརླབས་སོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་གང་དག་སངས་རྒྱས་ཀྱི་ཞིང་འདི་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་ 406a ༄#། །སྐྱོང་བ་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་ཕྱེ་ཆེན་པོའི་དབང་པོ་དག་དང ། གང་དག་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བའི་སེམས་ཅན་རྣམས་དང ། གང་དག་ཡང་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ན་གནས་པ་དེ་དག་ཐམས་ཅད་ལ་བོས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་གྲོགས་པོ་དག་།སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཆོས་ཀྱི་ཚུལ་འདི་བྱིན་གྱིས་བརླབས་ཏེ་ཁྱོད་ཀྱི་ལག་ཏུ་ཤིན་ཏུ་གཏད་ཀྱི། ཅི་ནས་འདིར་དམ་པའི་ཆོས་འདི་མྱུར་དུ་མི་འཇིག་པ་དང ། ནུབ་པར་མི་འགྱུར་བ་དེ་ལྟར་ཁྱེད་ཀྱིས་དམ་པའི་ཆོས་འདི་ཡིད་ལ་གྱིས་ཤིག་།འབར་བར་གྱིས་ཤིག་།རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་གང་དག་འདུས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་ནས་ཡི་གེར་བྲིས་ཏེ་འཆང་བའི་བར་དུ་བྱེད་པ་དང ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། དམ་པའི་ཆོས་འཛིན་པའི་གང་ཟག་དེ་དག་ཐམས་ཅད་ཡོངས་སུ་བསྲུང་ཞིང་བསྐྱང་བའི་ཕྱིར་རིགས་ཀྱི་བུ་ཁྱོད་ཀྱི་ལག་ཏུ་གཏད་ཀྱི། ཆོས་སྨྲ་བ་དང ། ཆོས་ལ་དགའ་བ་དང ། བསམ་གཏན་ལ་མངོན་པར་དགའ་བ་དང ། ཆོས་ཉན་པ་དང ། དམ་པའི་ཆོས་འཛིན་པའི་གང་ཟག་རྣམས་ཁྱེད་ཀྱིས་བསྲུང་པར་བྱ་བ་ནས་ཡོངས་སུ་བསྐྱང་བའི་བར་དུ་གྱིས་ 406b ཤིག་།དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་བྱུང་བར་གྱུར་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་ཉོན་མོངས་པ་ཅན་སྙིགས་མ་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་དུ་འདུས་ནས་ཆོས་ཀྱི་ཚུལ་འདི་བསྲུང་བ་དང ། མི་ནུབ་པར་བྱ་བ་དང ། དམ་པའི་ཆོས་འཛིན་པའི་གང་ཟག་ཀུན་ཏུ་བསྲུང་བ་ནས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་བར་གྱི་ཕྱིར་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱི་ལག་ཏུ་གཏད་དོ། །དེ་བཞིན་དུ་མ་འོངས་པའི་དུས་ན་ཕྱོགས་བཅུར་སངས་རྒྱས་བཅོམ་ལྡན་འདས་འབྱུང་བ་དེ་དག་ཐམས་ཅད་ཀྱང་ཉོན་མོངས་པ་ཅན་སྙིགས་མ་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་དུ་སྐད་ཅིག་གིས་འདུས་ཏེ་སེམས་ཅན་ལ་ཕན་པའི་ཕྱིར་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་འདི་དག་ཀྱང་འཆད་པར་གྱུར། ཆོས་ཀྱི་ཚུལ་འདིའང་བྱིན་གྱིས་བརླབ་པར་འགྱུར་ཞིང ། ཆོས་ཀྱི་ཚུལ་འདི་བསྲུང་བ་དང ། ཡོངས་སུ་བསྐྱང་བའི་ཕྱིར་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱི་ལག་ཏུ་གཏད་པར་འགྱུར་རོ། །དེ་བཞིན་དུ་དེད་ཀྱིས་ཀྱང་ད་ལྟར་ཀུན་ཏུ་བསྲུང་བ་དང ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་འདི་ན་གནས་པ་རྣམས་དང ། གླིང་བཞི་པ་འདི་ན་གནས་པའི་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། 407a ༄#། །ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོའི་དབང་པོ་རྣམས་ཀྱི་ལག་ཏུ་འདི་ཤིན་ཏུ་གཏད་ཀྱི། ཅི་ནས་མྱུར་དུ་མི་འཇིག་ཅིང་ནུབ་པར་མི་འགྱུར་བ་དེ་ལྟར་ཁྱེད་ཀྱིས་དམ་པའི་ཆོས་ཀྱི་ཚུལ་འདི་ཡིད་ལ་གྱིས་ཤིག་།རབ་ཏུ་འབར་བར་གྱིས་ཤིག་།སྲུང་བར་གྱིས་ཤིག་།རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་གང་དག་དང ། དམ་པའི་ཆོས་འཛིན་པའི་གང་ཟག་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་རྣམས་གང་འདུས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་ནས་གླེགས་བམ་ལ་བྲིས་ཏེ་འཆང་བར་བྱེད་པའི་བར་དང ། ཆོས་སྨྲ་བ་དང ། ཆོས་ཉན་པ་དང ། བསམ་གཏན་ལ་མངོན་པར་བརྩོན་པ་རྣམས་དང ། དམ་པའི་ཆོས་འཛིན་པ་དེ་དག་ལ་ཁྱེད་ཀྱིས་བསྲུང་བར་བྱའོ། ། རི་མོར་བྱའོ། །མཆོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་རྣམ་གྲངས་འདི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་སྟེ། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ།་རི་བྲག་གམ། ཕོ་བྲང་འཁོར་དང ། དགོན་པའི་གནས་ནས་དམངས་ཀྱི་ཁྱིམ་གྱི་བར་དུ་གང་ན་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྤྱོད་དེ་འཆད་དམ། ལུང་འབོག་གམ། ཀུན་ཆུབ་པར་བྱེད་དམ། ཐ་ན་གླེགས་བམ་ལ་བྲིས་ཏེ་འཆང་ན། ཆོས་ཀྱི་བཅུད་དེས་སའི་བཅུད་དང ། སེམས་ཅན་གྱི་མདངས་འཕེལ་བར་འགྱུར་ཏེ། ཁྱེད་དེས་མདངས་དང་ལྡན་ཞིང ། གཟི་བརྗིད་ 407b དང ། སྟོབས་དང ། བརྩོན་འགྲུས་དང ། ཕ་རོལ་གནོན་པ་དང་ལྡན་པར་འགྱུར། །ཁྱོད་ཀྱི་གཡོག་འཁོར་དང ། གཞལ་མེད་ཁང་ཡང་འཕེལ་བར་འགྱུར། མིའི་རྒྱལ་པོ་རྣམས་ཀྱང་སྲུང་བར་འགྱུར་ཏེ། དེ་དག་གིས་རྒྱལ་སྲིད་དང ། དབང་ཕྱུག་ཀྱང་འཕེལ་བར་འགྱུར་ཏེ། དེ་དག་གི་ཡུལ་འཁོར་ཐམས་ཅད་ཀྱང་སྲུང་བར་འགྱུར་རོ། །ཛམྦུའི་གླིང་གི་རྒྱལ་པོ་རྣམས་ཀྱང་མངོན་པར་ཆོས་ཀྱི་བཅུད་དེས་ཚིམ་ནས་གཅིག་ལ་གཅིག་ཕན་པའི་སེམས་དང་ལྡན་པར་འགྱུར་རོ། །རྒྱལ་པོ་དེ་དག་ལས་ཀྱི་རྣམ་པར་སྨིན་པ་ལའང་མངོན་པར་ཡིད་ཆེས་པར་འགྱུར། དགེ་བའི་སེམས་སུ་འགྱུར། སེར་སྣ་མེད་པའི་སེམས་དང ། ཕན་པའི་དངོས་པོའི་སེམས་དང ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བའི་སེམས་ནས་ཡང་དག་པའི་ལྟ་བའི་བར་དུ་འགྱུར་རོ། །སོ་སོ་བདག་གི་ཡུལ་ལའང་མངོན་པར་དགའ་བར་འགྱུར་རོ། །ཛམྦུའི་གླིང་འདིའང་སྐྱེ་བོ་རིགས་པས་གང་བར་འགྱུར། ཤིན་ཏུ་ལོ་ལེགས་པ་དང ། ཤིན་ཏུ་ཉམས་དགའ་བར་འགྱུར། མིའི་སྐྱེ་བོ་མང་པོས་གང་ཞིང་སའང་མདངས་དང་ལྡན་པར་འགྱུར། འབྲས་བུ་ཤིན་ཏུ་མདོག་བཟང་བ་དང ། ཤིན་ཏུ་ཞིམ་པ་དང ། ལོ་མའི་སྨན་དང ། ལོ་ཏོག་གེ་སྨན་དང ། ནོར་དང ། འབྲུ་རྣམས་ཤིན་ཏུ་འབྱོར་པ་དང ། ནད་མེད་པ་དང ། བདེ་བ་ལ་རེག་པར་གནས་པ་བསྐྱེད་པར་འགྱུར་རོ། །འཐབ་པ་དང ། རྩོད་པ་དང ། མུ་གེ་དང ། ནད་དང ། ཕ་རོལ་གྱི་དམག་ཚོགས་དང ། དུག་དང ། ཤ་སྦྲང་དང ། སྦྲང་བུ་དང ། 408a ༄#། །ཕྱེ་མ་ལེབ་དང ། སྦྲུལ་གདུག་པ་དང ། གནོད་སྦྱིན་དང ། སྲིན་པོ་མ་རུངས་པ་དང ། རི་དྭགས་དང ། བྱ་དང ། སྤྱང་ཀི་དང ། དུས་མ་ཡིན་པའི་རླུང་དང ། ཆར་རྣམས་རབ་ཏུ་ཞི་བར་འགྱུར། སྐར་མ་དང ། ཉིན་མོ་དང ། མཚན་མོ་དང ། ཟླ་བ་དང ། ཟླ་བ་ཕྱེད་པ་དང ། ལོ་དང ། དུས་རྣམས་ཀྱང་ལེགས་པར་འབྱུང་བར་འགྱུར། སེམས་ཅན་རྣམས་ཀྱང་ཕལ་ཆེར་དགེ་བ་བཅུའི་ལས་ཀྱི་ལམ་ལ་སྤྱོད་པར་འགྱུར། འདི་ནས་ཤིན་འཕོས་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེ་དག་ཀྱང་ཁྱེད་ཀྱི་གཡོག་ཏུ་འགྱུར་རོ། །དེ་ལྟར་གཟུངས་ཀྱི་ཕྱག་རྒྱའི་ཆོས་ཀྱི་རྣམ་གྲངས་འདིའི་ཡོན་ཏན་མང་ཞིང་ཕན་ཡོན་ཆེ་སྟེ། སེམས་ཅན་རྣམས་འཁོར་བའི་ཕ་རོལ་ཏུ་འགྲོ་བར་བྱ་བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་འདུས་པ་ཆེན་པོས་བྱིན་གྱིས་བརླབས་ཏེ། གྲགས་པ་འཕེལ་ཞིང་ཡོངས་སུ་རྫོགས་པར་འགྱུར། བུད་མེད་ཀྱི་དངོས་པོ་སྐྱེས་ནས་མྱོང་བར་འགྱུར་བ་དང ། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་མ་ལུས་པར་ཡོངས་སུ་ཟད་པར་འགྱུར་རོ། །མདོར་ན་ཚེ་འདི་ལ་བུད་མེད་ཀྱི་དངོས་པོ་མྱོང་བར་འགྱུར་བར་འཕངས་པ་ཐམས་ཅད་བྱང་བར་འགྱུར་ཏེ། མཚམས་མེད་པ་བྱེད་པ་དང ། དམ་པའི་ཆོས་སྤོང་བ་དང ། འཕགས་པ་ལ་སྐུར་པ་འདེབས་པ་མ་གཏོགས་པར་གང་གཞན་ལུས་དང ། ངག་དང ། ཡིད་ཀྱི་ 408b འབྲས་བུ་རྣམ་པར་སྨིན་པའི་གནས་ངན་ལེན་དེ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར་རོ། །གང་ཆོས་ཀྱི་རྣམ་གྲངས་འདི་ཐ་ན་གླེགས་བམ་ལ་བྲིས་ཏེ་འཆང་ནའང་འདུས་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདིའི་མཐུས་དེའི་ལས་དང ། ཉོན་མོངས་པའི་སྒྲིབ་པ་རི་རབ་ཙམ་ཡང་བྱང་བར་འགྱུར། དགེ་བའི་རྩ་བ་ཐམས་ཅད་ལ་དམིགས་པ་འཕེལ་ཞིང་ཡོངས་སུ་རྫོགས་པར་འགྱུར། ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པ་དང ། བསམ་པ་ཐམས་ཅད་ཕུན་སུམ་ཚོགས་པ་དང ། ལུས་དང ། ངག་དང ། ཡིད་ཀྱི་ལེགས་པར་སྤྱོད་པ་ཐམས་ཅད་འཕེལ་བར་འགྱུར། ལྟ་བ་ངན་པ་ཐམས་ཅད་སྤོང་བ་དང ། དགྲ་ཐམས་ཅད་ཆོས་དང་མཐུན་པར་ཚར་གཅོད་པ་དང ། ཞི་ཞིང་ཕྲ་བའི་ལས་ཐམས་ཅད་ལ་འཇུག་པར་འགྱུར་རོ། །ཡུལ་གང་དུ་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པར་འགྱུར་བ་དེར་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་འདུས་པ་ཆེན་པོའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདིའི་མཐུས་ས་ཕྱོགས་དེ་ཤིན་ཏུ་སྣུམ་པར་འགྱུར། འབྲས་བུ་མདངས་དང་ལྡན་པ་དང ། ཤིན་ཏུ་ཞིམ་པ་དང ། རོ་དང་ལྡན་པར་འགྱུར། ཁ་བ་དང ། ཚ་བ་དང ། རྩུབ་པ་དང ། རོ་མེད་པ་སྤོང་བར་འགྱུར། མེ་ཏོག་དང ། འབྲས་བུ་ཤིན་ཏུ་འབྱོར་པ་དང ། ནོར་དང ། འབྲུ་དང ། བང་བ་དང ། མཛོད་དང ། རྫ་ཕྲུ་དང ། བྱ་སྐྱོགས་རྣམས་རྣམ་པར་འཕེལ་བར་འགྱུར། གོས་ 409a ༄#། །དང ། ཟས་དང ། སྐོམ་དང ། སྨན་དང ། ཡོ་བྱད་རྣམས་ཤིན་ཏུ་མཆོག་ཏུ་འགྱུར་ཏེ། དེ་ན་སེམས་ཅན་གང་དག་ཟས་དང ། སྐོམ་གྱིས་འཚོ་བ་དེ་དག་ནི། ཤིན་ཏུ་ནད་མེད་པ་དང ། ནོར་དང་ལྡན་པ་དང ། ཁ་དོག་དང ། ལྡན་པ་དང ། སྟོབས་དང་ལྡན་པ་དང ། དྲན་པ་དང་ལྡན་པ་དང ། ཆོས་འདོད་པ་དང ། དགེ་བ་ཚོལ་བ་ལ་མངོན་པར་བརྩོན་པ་དང ། སྡིག་པའི་ལྟ་བ་ཡོངས་སུ་སྤོང་བར་འགྱུར་ཏེ། དེ་དག་འདི་ནས་ཤི་འཕོས་ནས་ཁྱེད་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཏེ། དེ་དག་ཁྱེད་གཡོག་འཕེལ་ནས་སྟོབས་དང་ལྡན་ཞིང་ཐོགས་པ་མེད་པའི་ཚོགས་སུ་འགྱུར་གྱི། ཆོས་ཀྱི་སྟོབས་ཀྱིས་རིགས་བཞིའི་སྐྱེ་བོའི་ཚོགས་ཡོངས་སུ་བསྐྱང་བར་གྱིས་ཤིག་།སེམས་ཅན་རྣམས་ཆོས་ཀྱི་དོན་ལ་ཚུད་ཅིག་།དེ་ལྟར་ན་ཁྱོད་ཀྱིས་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་མནྡཱ་ར་བའི་དྲི་མོས་ཀྱིས་འདུས་པ་ཆེན་པོའི་མདོའི་ཆོས་ཀྱི་ཚུལ་འདི་གཟུང་བ་དང ། བཤད་པ་དང ། བསྲུང་བའི་ཕྱིར་སངས་རྒྱས་ཀྱི་ཡུལ་གྱི་ཡེ་ཤེས་ཀྱི་སྒྲ་དབྱངས་རྣམ་པར་དག་པས་དོན་དང ། ཚིག་བརྗོད་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཞིང་མ་ལུས་པ་འདི་ཀུན་བཀང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང ། བརྒྱ་བྱིན་གྱི་དབང་པོ་ 409b ནས་ཚངས་པའི་དབང་པོ་དང ། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱི་བར་དུ་གང་དག་སངས་རྒྱས་ཀྱི་ཞིང་འདི་ན་གནས་པ་ཕལ་ཆེར་གླིང་བཞི་པ་འདི་ན་གནས་པ་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀས་སྤྲོ་བ་མཛད་དོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་གང་དག་བཟོད་པ་ཐོབ་པ་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་བདུན་སངས་རྒྱས་ཀྱི་ཞིང་འདི་ན་གནས་པ་འདི་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས། བདག་ཅག་གིས་ཀྱང་དུས་གསུམ་དུ་གཤེགས་པ་ཐམས་ཅད་ལ་མཆོད་པའི་སླད་དུ་ཆོས་ཀྱི་རྣམ་གྲངས་འདི་རིགས་པས་སྟོན་པར་བཀུར་ཞིང་གུས་པ་ཆེན་པོས་གཟུང་བར་བགྱིའོ། །སྙིང་རྗེས་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་ནས་བླ་ན་མེད་པའི་ལམ་གྱི་བར་ལ་དགོད་པའི་སླད་དུ་བདག་ཅག་གིས་ཆོས་ཀྱི་རྣམ་གྲངས་འདི་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་འཁོར་དང ། ཕོ་བྲང་འཁོར་དང ། དགོན་པའི་གནས་རྣམས་སུ་རྒྱས་པར་བསྟན་པར་བགྱིའོ། །དམ་པའི་ཆོས་ཡུན་རིང་དུ་གནས་བར་བགྱི་བའི་སླད་དུ་སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བགྱིའོ། །ཡང་དེའི་ཚེ་སངས་རྒྱས་ཀྱི་ཞིང་འདིར་གཏོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། སྐྱེས་བུ་དམ་པ་དག་།ལེགས་སོ། །ལེགས་སོ། །ཁྱོད་ཀྱིས་དེ་བཞིན་དུ་ 410a ༄#། །གྱིས་ཤིག་།དེ་ནས་བརྒྱ་བྱིན་དང ། ཚངས་པ་ནས་ལྟོ་འཕྱེ་ཆེན་པོའི་དབང་པོའི་བར་ཐམས་ཅད་དང ། གང་དག་གཞན་ཡང་སངས་རྒྱས་ཀྱི་ཞིང་འདིར་འདུས་པ། སེམས་ཅན་གཟི་བརྗིད་ཆེ་བ། གཟི་བརྗིད་ཆེ་བ་བྱེ་བ་ཁྲག་ཁྲིག་ཕྲག་དྲུག་ཅུ་རྩ་བཞི་དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་གིས་ཀྱང་དམ་པའི་ཆོས་ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ་འདུས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བགྱི་བ་ནས་རྒྱས་པར་རབ་ཏུ་བཤད་པའི་བར་དུ་བགྱིའོ། །ཡང་དག་པར་བསྟན་པར་བགྱིའོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིའོ། །ཆོས་འཚལ་བ་དང ། ཆོས་ཉན་པའི་གང་ཟག་རྣམས་ཀྱང་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱང་བར་བགྱིའོ། །གང་དུ་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པར་འགྱུར་བ་དེར་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་བཀས་བདག་ཅག་གིས་ཀྱང་འཐབ་པ་དང ། རྩོད་པ་དང ། འཐབ་མོ་དང ། འགྱེད་པ་དང ། མུ་གེ་དང ། ཕ་རོལ་གྱི་དམག་ཚོགས་དང ། དུས་མ་ཡིན་པའི་རླུང་དང ། ཆར་པ་དང ། གྲང་བ་དང ། ཚ་བ་དང ། གདུག་པ་དང ། རྩུབ་པ་དང ། རོ་མ་མཆིས་པ་དང ། སྲ་བ་དང ། ཁ་བ་དང ། ཚ་བའི་དངོས་པོ་རྣམས་རབ་ཏུ་ཞི་བར་བགྱིའོ། །བདེ་བ་དང ། ཉམས་དགའ་བ་དང ། ལོ་ལེགས་པ་དང ། འདུམ་པ་བསྒྲུབ་པར་བགྱིའོ། །ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ་ 410b ནན་ཏན་ཆེར་བགྱིའོ། །ཆོས་ཉན་པའི་རྒྱལ་པོ་དེ་དག་ཀྱང་ཤིན་ཏུ་ཡོངས་སུ་བསྐྱང་བར་བགྱིའོ། །བསམ་གཏན་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ཀྱང་བསྲུང་བར་བགྱིའོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། བཞིན་བཟང་དག་།ལེགས་སོ། །ལེགས་སོ། །ཁྱེད་ཀྱིས་དེ་བཞིན་དུ་གྱིས་ཤིག་།བདག་དང ། གཞན་དང ། གཉི་གའི་ཕྱིར་ནན་ཏན་གྱིས་ཤིག་།དེ་ལྟར་ན་ཁྱེད་ཀྱིས་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ། །འདི་ལྟར་ཁྱེད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང ། དམ་པའི་ཆོས་ཀྱི་ཚུལ་འབར་བར་བྱ་བ་དང ། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་བརྩོན་ན། ཁྱེད་རིང་པོར་མི་ཐོགས་པར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་དབུས་ཀྱི་གླིང་བཞི་པ་འདི་ན་གནས་པའི་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དང ། ལྷའི་དབང་པོ་ནས་ལྟོ་འཕྱེ་ཆེན་པོའི་དབང་པོའི་བར་དང ། གང་དག་ཡང་སེམས་ཅན་གཟི་བརྗིད་ཆེ་བ། གཟི་བརྗིད་ཆེ་བ་དེ་དག་ཐམས་ཅད་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས་འདུས་ཏེ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་བཀས་བདག་ཅག་གིས་ཀྱང་ཆོས་ཀྱི་ཚུལ་འདི་བསྟན་པར་བགྱི། བསྲུང་བར་བགྱི། ཡོངས་སུ་བསྐྱང་བར་བགྱིའོ། །འདུས་པ་ 411a ༄#། །ཆེན་པོ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་གཟུངས་ཀྱི་ཕྱག་རྒྱའི་ཆོས་ཀྱི་རྣམ་གྲངས་འདིའང་རིགས་པས་བླང་བར་བགྱི་བ་ནས་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་དང ། ཕོ་བྲང་འཁོར་དང ། དགོན་པའི་གནས་རྣམས་སུ་རྒྱས་པར་བཤད་པར་བགྱིའོ། །དམ་པའི་ཆོས་འཛིན་པའི་གང་ཟག་རྣམས་ཀྱང་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱང་བར་བགྱིའོ། །གང་དག་ཡང་ཆོས་སྲུང་བར་གནས་པའམ། ཆོས་སྨྲ་བའམ། ཆོས་ཉན་པའི་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་དང ། དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྣམས་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་ནས་གླེགས་བམ་ལ་བྲིས་ཏེ་འཆང་བའི་བར་དུ་བགྱིད་པ་དང ། བསམ་གཏན་ལ་བརྩོན་པ་དེ་དག་བདག་ཅག་གིས་བསྲུང་བར་བགྱི། ཡོངས་སུ་བསྐྱང་བར་བགྱི། བསྟི་སྟང་དུ་བགྱི། བླ་མར་བགྱི། རི་མོར་བགྱི། མཆོད་པར་བགྱི། གོས་དང ། གདུགས་དང ། བ་དན་དང ། རྒྱལ་མཚན་དང ། བྱུག་པ་ནས་སྨན་དང ། ཡོ་བྱད་ཐམས་ཅད་ཀྱི་བར་གྱིས་བསྟི་སྟང་དུ་བགྱིའོ། །ཆོས་ཀྱི་རྣམ་གྲངས་འདི་འཆད་པའམ། ཀློག་པའམ། སྟོན་པའི་དྲུང་དུ་བདག་ཅག་ཉིད་མཉན་པའི་སླད་དུ་ཉེ་བར་མཆི་བར་བགྱིའོ། །བདག་ཅག་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་སྟོན་པར་འདུ་ཤེས་པས་གདུགས་དང ། རྒྱལ་མཚན་དང ། བ་དང་གྱིས་བསྟི་སྟང་དུ་བགྱི། བླ་མར་ 411b བགྱི།་རི་མོར་བགྱི། མཆོད་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་གཟུངས་ཀྱི་ཕྱག་རྒྱའི་ཆོས་ཀྱི་རྣམ་གྲངས་འདི་འཆད་པའི་ཚེ་ཆོས་ཀྱི་བཅུད་ཀྱིས་བདག་ཅག་མདངས་དང་ལྡན་པར་འགྱུར། སྟོབས་དང་ལྡན། བརྩོན་འགྲུས་དང་ལྡན། མཐུ་དང་ལྡན། དྲན་པ་དང་ལྡན། ཡེ་ཤེས་དང་ལྡན། ཕྱོགས་དང་གཡོག་ཏུ་ལྡན་ཞིང ། ཆོས་དང་མཐུ་ཐོགས་པ་མ་མཆིས་པར་འགྱུར་རོ། །དེ་ལྟར་བདག་ཅག་གིས་ཡུལ་ཐམས་ཅད་དུ་འཐབ་པ་དང ། རྩོད་པ་དང ། འཐབ་མོ་དང ། འགྱེད་པ་དང ། མུ་གེ་དང ། ནད་དང ། ཕ་རོལ་གྱི་དམག་ཚོགས་དང ། དུས་མ་ལགས་པའི་རླུང་དང ། ཆར་དང ། གྲང་བ་དང ། ཚ་བ་དང ། ཆར་མི་འབབ་པ་དང ། རྨི་ལམ་ངན་པ་དང ། ལྟས་ངན་པ་དང ། སྡང་བ་དང ། རྩུབ་པ་དང ། བརླང་བ་དང ། ཁ་བ་དང ། ཚ་བ་དང ། རོ་མ་མཆིས་པ་དང ། མི་དགེ་བའི་ཕྱོགས་བགྱིད་པའི་དངོས་པོ་རྣམས་རབ་ཏུ་ཞི་བར་བགྱིའོ། །ཤིན་ཏུ་བདེ་བ་དང ། ལོ་ལེགས་པ་དང ། ཉམས་དགའ་བ་དང ། ནད་མ་མཆིས་པ་དང ། འདུམ་པ་བསྒྲུབ་པར་བགྱིའོ། །རླུང་དང ། ཆར་དང ། གྲང་བ་དང ། ཚ་བ་རྣམས་དུས་གསུམ་དུ་འབྱུང་བར་བགྱིའོ། །མཚན་མོ་དང ། ཉིན་མོ་དང ། ཟླ་བ་དང ། ཟླ་བ་ཕྱེད་པ་དང ། ལོ་དང ། དུས་རྣམས་ཀྱང་ལེགས་པར་འབྱུང་བར་བགྱིའོ། །གཟའ་དང ། རྒྱུ་སྐར་དང ། ཉི་མ་དང ། ཟླ་བ་རྣམས་ཀྱང་ལེགས་པར་རྒྱུ་བར་བགྱིའོ། །འབབ་ཆུ་དང ། ཆུ་མིག་ 412a ༄#། །དང ། རྫིང་དང ། ལྟེང་ཀའང་ཤིན་ཏུ་གཏམས་པར་བགྱིའོ། །གང་དུ་སེམས་ཅན་རྣམས་ཆུའི་གླང་གིས་གནོད་པར་གྱུར་པའང་བདག་ཅག་གིས་བསལ་བར་བགྱིའོ།། གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དེ་དག་ཏུའང་སེམས་ཅན་ལ་སྨན་པར་བགྱི་བའི་སླད་དུ་བདག་ཅག་གིས་འདབ་མ་དང ། ཡལ་ག་དང ། མེ་ཏོག་དང ། འབྲས་བུ་དང ། སྡོང་བུ་དང ། འབྲུ་དང ། སྨན་དང ། རོ་དང ། ལོ་ཏོག་རྣམས་ཤིན་ཏུ་སྣུམ་པ་དང ། འདབ་མ་དང ། ཁ་དོག་དང ། རོ་ཆེ་ཞིང་མང་བར་བསྒྲུབ་པར་བགྱིའོ། །སེམས་ཅན་རྣམས་ལ་ནོར་དང ། འབྲུ་དང ། སྨན་དང ། གོས་དང ། ལྷབ་ལྷུབ་ཀྱིས་མི་བྲེལ་བར་བསྒྲུབ་པར་བགྱིའོ། །སེམས་ཅན་དེ་དག་ཀྱང་དགེ་བ་ཚོལ་བའི་སེམས་དང ། སྡིག་པ་ཡོངས་སུ་སྤོང་བ་དང ། དཔལ་དང ། བསོད་ནམས་འབྱུང་བ་ཚེ་རིང་པོར་བསྒྲུབ་པར་བགྱིའོ། །གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་འཁོར་དང ། ཕོ་བྲང་འཁོར་གང་དག་ཏུ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་གཟུངས་ཀྱི་ཕྱག་རྒྱའི་ཆོས་ཀྱི་རྣམ་གྲངས་འདི་འཆང་ངམ། ཐ་ན་གླེགས་བམ་ལ་བྲིས་ཏེ་འཆང་ངམ། ཀློག་གམ། མཆོད་དམ། བསྟི་སྟང་བགྱིད་ཅིང་འཆང་བ་དེ་དག་ཏུ་རྒྱལ་པོ་རྒྱལ་རིགས་སྤྱིན་བོ་ནས་དབང་བསྐུར་བ་འབྱུང་བ་དེ་དག་ཀྱང་བདག་ཅག་གིས་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱང་བར་བགྱི། དེ་དག་ལ་ 412b གནོད་པ་བསལ་བར་བགྱི། ཕན་པ་བསྒྲུབ་པར་བགྱི། ལྟད་མོ་དང ། བཀྲ་མི་ཤིས་པ་དང ། ལྟས་ངན་པ་དང ། བྱེད་པ་ངན་པ་དང ། བྱིན་རླབས་ངན་པ་དང ། སྨོན་ལམ་ངན་པ་དང ། སྐྱབས་ངན་པ་དང ། ཚུལ་འཆོས་པ་དང ། ཁ་གསག་དང ། གཡོ་དང ། སྒྱུ་དང ། རྫུན་དུ་སྨྲ་བ་དང ། ཕྲག་དོག་དང ། ཁྲོ་བ་དང ། སེར་སྣ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །ཡང་དག་པའི་ལྟ་བའི་ལམ་དྲང་པོ་དང ། དད་པ་དང ། དུལ་བ་དང ། ཀུན་སྡོམ་པ་དང ། ངོ་ཚ་ཤེས་པ་དང ། ཁྲེལ་ཡོད་པ་ལ་གཟུད་པར་བགྱིའོ། །དེ་བཞིན་དུ་བཙུན་མོ་དམ་པ་རྣམས་དང ། བཙུན་མོའི་འཁོར་རྣམས་དང ། བློན་པོ་དང ། རྩིས་པ་ཆེན་པོ་དང ། གྲོང་རྡལ་པ་དང ། ཞོ་ཤས་འཚོ་བ་དང ། ལྗོངས་ཀྱི་མི་རྣམས་དང ། རིགས་བཞི་རྣམས་དང ། བུད་མེད་དང ། སྐྱེས་པ་དང ། ཁྱེའུ་དང ། བུ་མོ་རྣམས་ཀྱང་བསྲུང་ཞིང་བསྐྱང་བར་བགྱི་བ་ནས་ངོ་ཚ་ཤེས་པ་དང ། ཁྲེལ་ཡོད་པའི་བར་ལ་གཟུད་པར་བགྱིའོ། །ཐ་ན་ཡུལ་དེ་དག་ཏུ་རྐང་བཞི་པ་རྣམས་ཀྱང་བསྲུང་བར་བགྱིའོ། །གང་ན་ཆོས་ཀྱི་རྣམ་གྲངས་འདི་འཆད་པར་འགྱུར་བ་ནས་གླེགས་བམ་ལ་བྲིས་ཏེ་བཞག་པའི་བར་དུ་བགྱིད་ན། སེམས་ཅན་དེ་དག་ལ་བདག་ཅག་གིས་དེ་འདྲ་བའི་ནན་ཏན་ཆེན་པོ་དང ། རྟུལ་བ་ཆེན་པོས་ཡོངས་སུ་བསྐྱང་བར་བགྱིའོ། །ཆོས་ཀྱི་ཚུལ་ཡང་དག་པར་བསྟན་པའི་སླད་དུ་བསྐལ་པ་མཐའ་ཡས་པར་ནན་ཏན་ཆེར་བགྱིའོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་ 413a ༄#། །དག་ཐམས་ཅད་ཀྱིས་སྐྱེས་བུ་དམ་པ་དེ་དག་ལ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། བཞིན་བཟང་དག་།ལེགས་སོ། །ལེགས་སོ། །ཁྱོད་ཀྱིས་དེ་བཞིན་དུ་གྱིས་ཤིག་།ཁྱེད་ཀྱིས་ཆོས་ཀྱི་ཚུལ་དང ། དཀོན་མཆོག་གསུམ་མི་ནུབ་པར་ནན་ཏན་བྱས་ན། དེ་ལྟར་ཁྱེད་ཀྱིས་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ། །འདུས་པ་ཆེན་པོ་རིན་པོ་ཆེ་རྟོག་གི་གཟུངས་ལས། ཀུན་ཏུ་སྲུང་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བརྒྱ་བྱིན་དང ། ཚངས་པ་དང ། འཕགས་སྐྱེས་པོ་དང ། མིག་མི་བཟང་དང ། ཡུལ་འཁོར་སྲུང་དང ། ལུས་ངན་པོ་རྣམས་ལ་བཀའ་སྩལ་པ། བཞིན་བཟང་དག་།ང་སེམས་ཅན་ལ་སྙིང་རྗེའི་སྨོན་ལམ་གྱིས་ཉོན་མོས་པ་ཅན་སྙིགས་མ་ལྔ་དང་ལྡན་པ་ཆོས་ཀྱི་མུ་གེ་བྱུང་བའི་སངས་རྒྱས་ཀྱི་ཞིང་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སེམས་ཅན་མ་རིག་པའི་མུན་པར་ཞུགས་པ། ཉོན་མོངས་པའི་ཆོམ་རྐུན་དང ། གཡོན་ཅན་གྱིས་གཙེས་པ་རྣམས་ཀྱི་ཉོན་མོངས་པ་རབ་ཏུ་ཞི་བར་བྱ་བའི་ཕྱིར་ངས་བདུད་ཀྱི་ཕྱོགས་ནི། ཕམ་པར་བྱས། དམ་པའི་ཆོས་ཀྱི་རྒྱལ་མཚན་ནི། བསྒྲེངས། སེམས་ཅན་ཚད་མེད་པ་དག་ནི། སྡུག་བསྔལ་རྣམས་ལས་ཡོངས་སུ་ཐར་ 413b པར་བྱས། དམ་པའི་ཆོས་ཀྱི་ཆར་ནི། ཕབ། ངས་བདུད་བྱེ་བ་ནི། ཕམ་པར་བྱས་སོ། །བཞིན་བཟང ། དེས་གང་གི་ཕྱིར་ད་ལྟར་སངས་རྒྱས་བཅོམ་ལྡན་འདས་དང ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པ་དཔག་ཏུ་མེད་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་གི་སའི་བཅུད་དང ། སེམས་ཅན་གྱི་གནས་ཀྱི་ཉེས་པ་རྣམས་རབ་ཏུ་ཞི་བར་བྱ་བ་དང ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང ། མི་དགེ་བའི་ལས་ཐམས་ཅད་མ་ལུས་པར་ཟད་པར་བྱ་བ་དང ། དཀོན་མཆོག་གསུམ་གྱི་རིགས་ཡུན་རིང་དུ་གནས་པར་བྱ་བ་ནས་སངས་རྒྱས་ཀྱི་དགོངས་པ་མཐའ་དག་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར་ཆོས་མཉམ་པ་ཉིད་རྡོ་རྗེ་ལྟ་བུ་བརྟེན་པའི་ཆོས་ཀྱི་སྙིང་པོས་ལུས་འཇོམས་པ་ཞེས་བྱ་བའི་གཟུངས་ཕྱག་རྒྱ་དང ། ཚིག་རབ་ཏུ་དབྱེ་བ་ལ་འཇུག་པ་ལུང་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་ཀྱི། དེ་བཞིན་དུ་ཁྱེད་ཀྱིས་ཀྱང་བྱིན་གྱིས་རློབས་ལ་སྲུངས་ཤིག་།གང་ངའི་དམ་པའི་ཆོས་ཀྱི་ཚུལ་ཡང་དག་པར་སྲུང་བའི་དགེ་བའི་རྩ་བས་བསོད་ནམས་མངོན་པར་འདུ་བྱེད་པའི་ཚོགས་དང ། གང་ལུང་འབོག་པ་དང ། ཁ་ཏོན་བྱེད་པ་དང ། དྲན་པ་དང ། བརྗོད་པ་དང ། བཤད་པ་དང ། དཀོན་མཆོག་གསུམ་གྱི་སྐྱབས་སུ་འགྲོ་བ་དང ། དགེ་བསྙེན་གྱི་སྡོམ་པ་དང ། ཚངས་པར་སྤྱོད་པ་ལ་གནས་པའི་དགེ་བའི་རྩ་བས་བསོད་ནམས་མངོན་པར་འདུ་བྱེད་པའི་ཚོགས་དང ། 414a ༄#། །གང་བསམ་གཏན་དང་པོ་སྒོམ་པ་ནས་འདུ་ཤེས་དང་ཚོར་བ་འགོག་པ་སྒོམ་པའི་བར་དང ། གང་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བ་ནས་སངས་རྒྱས་ཀྱི་བྱང་ཆུབ་མངོན་པར་འདུ་བྱ་བའི་བར་གྱི་བསོད་ནམས་ཀྱི་ཚོགས་དང ། གང་ཡང་དེ་འདྲ་བའི་བསོད་ནམས་ཀྱི་ཚོགས་ཀྱི་དགེ་བའི་རྩ་བ་མངོན་པར་འདུ་བྱ་བ་ད་ལྟར་བྱེད་པ་དང ། མ་འོངས་པའི་དུས་ན་བྱེད་པར་འགྱུར་བ་ནས་ངའི་དམ་པའི་ཆོས་ཀྱི་སྒྲོན་མ་འདི་འབར་བར་འགྱུར་བའི་བར་དུ་བསོད་ནམས་མངོན་པར་འདུ་བྱ་བའི་ཚོགས་དེ་དག་ཐམས་ཅད་ཁྱེད་ཀྱི་ལག་ཏུ་གཏད་དོ། །གང་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པའི་ཆོས་ཀྱི་ཚུལ་ཡང་དག་པར་འབར་བར་བྱེད་པར་བརྩོན་པ་དེ་དག་གིས་བསོད་ནམས་ཀྱི་ཚོགས་ཀྱང་ཁྱེད་ཀྱི་ལག་ཏུ་གཏད་དོ། །མ་འོངས་པའི་དུས་ན་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་ནས་ཐ་ན་གླེགས་བམ་ལ་བྲིས་ཏེ་འཆང་བའི་བར་དུ་བྱེད་པ་དེ་དག་ཀྱང་ཆོས་ཀྱི་རྣམ་གྲངས་འདིས་ལས་ཐམས་ཅད་བྱང་བར་འགྱུར་རོ། །གྲོགས་པོ་དག་།གྲོང་ངམ་དམངས་ཀྱི་ཁྱིམ་གྱི་བར་དུ་གང་དང་གང་ན་ཆོས་སྨྲ་བ་ཤིན་ཏུ་ཁྲུས་བྱས་ཏེ་གོས་གསར་པ་བགོས་ནས་མེ་ཏོག་བཀྲམ་པའི་འཁོར་གྱི་ཁྱམས་སུ་སྤོས་སྣ་ཚོགས་ཀྱིས་བདུགས་པ། རས་ཆོས་བུ་དང ། རས་སྣ་ཚོགས་བཏིང་བའི་སེངྒེའི་ཁྲི་ལ་འདུག་སྟེ་ཆོས་ཀྱི་རྣམ་གྲངས་འདི་ལྕེའི་རྩེ་མོས་འཆད་དམ། ཐ་ན་གླེགས་བམ་ལ་ 414b བྲིས་ཏེ་ཀློག་པ་དེར་གལ་ཏེ་ཁྱོད་ཆོས་ཉན་པ་དང ། ཆོས་སྨྲ་བ་བསྲུང་བའམ། ཆོས་ཉན་པ་རྣམས་ཡོངས་སུ་བསྐྱབ་བའམ། བདག་དང ། གཞན་དང ། གཉི་ག་མི་དགེ་བའི་ལས་ཡོངས་སུ་ཟད་པར་བྱ་བའི་ཕྱིར་དེར་མ་དོང་ན། དེའི་ཕྱིར་ཁྱེད་ཀྱིས་བསླུས་པ་དང ། ལམ་བསྐྱེད་པ་ལ་རྨོངས་པར་བྱ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་མི་མེད་ཀྱི་བདག་པོ་ཚངས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ད་ལྟར་དང ། མ་མཆིས་པའི་དུས་ན་དམ་པའི་ཆོས་ཀྱི་ཚུལ་གྱི་བར་དུ་ནུབ་པར་གྱུར་པ་ན་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། རི་བྲག་གམ། ཕོ་བྲང་འཁོར་རམ། གཙུག་ལག་ཁང་ངམ། དགོན་བའི་གནས་སམ། རྒྱལ་པོའི་ཕོ་བྲང་ངམ། བྲམ་ཟེའི་ཁྱིམ་མམ། ཚོང་དཔོན་གྱི་ཁྱིམ་མམ། དམངས་ཀྱི་ཁྱིམ་གང་དང་གང་དུ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་ཆོས་སྨྲ་བ་དང ། གཞན་ཡང་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤིན་ཏུ་ཁྲུས་བགྱིས་ཏེ་ཡན་ལག་ཤིན་ཏུ་བྱུགས་ནས་གོས་གསར་པ་འཚལ་ཏེ་མེ་ཏོག་བཀྲམ་པའི་འཁོར་གྱི་ཁྱམས་སུ་སྤོས་སྣ་ཚོགས་ཀྱིས་བདུགས་པ། རས་བཅོས་བུ་དང་རས་སྣ་ཚོགས་བཏིང་བ། རོ་བྲོ་བ་སྣ་ཚོགས་ཀྱིས་བསྐོར་བའི་སེངྒེའི་ཁྲི་ལ་འདུག་སྟེ་ལྕེའི་རྩེ་མོས་གཟུངས་ཀྱི་ཕྱག་རྒྱ་འདི་གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་བྲིས་ཏེ་ཀློག་པ་དེར་ཆོས་ཉན་པའམ། ཆོས་སྨྲ་བ་དེ་ 415a ༄#། །བསྲུང་བའང ། ཆོས་ཉིན་པ་དེ་དག་དང ། བདག་དང ། གཞན་དང ། གཉི་གའི་ཉོན་མོངས་པའི་ལས་ཡོངས་སུ་སྦྱང་བའམ།་དགེ་བའི་ཆོས་ཡོངས་སུ་སྨིན་པར་བགྱི་བའམ། ཆོས་ཀྱི་ཚུལ་ཆེན་པོ་ཡང་དག་པར་འབར་བར་བགྱི་བའམ། ཡེ་ཤེས་སྣང་བ་ཆེན་པོ་མཆོག་གེ་ལམ་ལ་འཇུག་པའི་སླད་དུ་བདག་འཁོར་བརྒྱ་སྟོང་དུ་མས་བསྐོར་ཏེ། དེར་མ་མཆིས་སམ། གྲོང་ནས་དམངས་ཀྱི་ཁྱིམ་གྱི་བར་དེ་དག་ཡོངས་སུ་བསྐྱང་བ་དང ། སེམས་ཅན་དེ་དག་གི་ནོར་དང ། འབྲུ་དང ། མཛོད་དང ། བང་བ་མང་པོར་རབ་ཏུ་དགང་བའི་སླད་དུ་དེར་མ་མཆིས་ན། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་སྤྱན་སྔར་བདག་གིས་སྔོན་མ་ཐོས་པའི་བྲོ་བོར་པའི་དམ་བཅས་པ་དང་འགལ་བར་འགྱུར་རོ། །འདི་ལྟ་སྟེ། ཨཾ་གུ་ཧ། ཨཾ་གུ་ཧ། ཌྷངྒ་པ་ར་ཧ་ན། ཡ་མི་ཁ་ཁ་ཁ་ཁ། ཁ་བ་ཁ་བ་ཁ་བ། ཀླིན་ན་ཁ་བ་སཝཱཧཱ། བཅོམ་ལྡན་འདས།་འདི་དག་ནི། གལ་ཏེ་བདག་ཆོས་ཉན་པའམ། ཆོས་སྨྲ་བ་བསྲུང་བ་ནས་ནོར་དང ། འབྲུ་དང ། མཛོད་དང ། བང་བ་མང་པོ་རྣམས་པར་འཕེལ་བས་ཚིམ་པར་བགྱི་པའི་བར་གྱི་སླད་དུ་དེར་མ་མཆིས་ན། ཡི་དམ་ལས་འགལ་བར་འགྱུར་བ་ལགས་སོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ 415b ཆེན་པོ་ཐམས་ཅད་དང ། ལྷ་དང ། མི་དང ། ལྷ་མ་ཡིན་ཐམས་ཅད་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པ་དེ་ལ་ལེགས་སོ། །ཞེས་བྱ་བ་རབ་ཏུ་བྱིན་ནོ། །དེ་ནས་ཀཽ་ཤི་ཀས་འདི་སྐད་ཅེས་\?\་གསོལ་ཏོ། །བཅོམ་ལྡན་འདས། ད་ལྟར་དང ། མ་མཆིས་པའི་དུས་ན་གྲོང་ངམ། གྲོར་ཁྱེར་གང་དང་གང་དུ་ཞེས་བྱ་བ་ནས་འདི་ནི། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་སྤྱན་སྔར་བདག་གིས་སྔོན་མ་ཐོས་པའི་བྲོ་བོར་བའི་དམ་བཅས་པ་དང་འགལ་བར་འགྱུར་ཞེས་བྱ་བའི་བར་དུའོ། །འདི་ལྟ་སྟེ། ཁ་བ་མྲྀ་ཁ། ཁ་བ་མྲྀ་ཁ། ན་ལ་གྷ། ཨ་མུད་ཉན། ཨ་མུ་བ་ཧ་ཨ་ཀ་ཊ་ཊ།་ཨ་ཁ་ཨ་ཤ་ཁ། ཛི་ན་བྲ་ཁེ་སཝཱཧཱ། བཅོམ་ལྡན་འདས། བདག་གིས་ངམ་བཅས་པ་བཞིན་དུ་མ་བགྱིས་ན། འདི་ནི། བདག་གི་བྲོ་བོར་བའི་དམ་བཅས་པ་དང་འགལ་བར་འགྱུར་བ་ནས་མི་དང ། མི་མ་ཡིན་པ་དག་གིས་ལྷའི་དབང་པོ་བརྒྱ་བྱིན་ལ་ལེགས་སོ། །ཞེས་བྱ་བ་བྱིན་པའི་བར་དུའོ། །དེ་ནས་འཕགས་སྐྱེས་པོས་ཀྱང་གསོལ་པ། བཅོམ་ལྡན་འདས། ད་ལྟར་དང ། མ་འོངས་པའི་དུས་ན་གྲོང་གི་བར་དུ་གནང་དང་གང་དུ་ཆོས་ཀྱི་རྣམ་གྲངས་འདི་སྲུང་བར་མ་བགྱིས་ན། བཅོམ་ལྡན་འདས། འདི་ནི། བདག་གིས་བྲོ་བོར་བའི་དམ་བཅས་པ་དང་འགལ་བར་འགྱུར་ལགས་སོ། །འདི་ལྟ་སྟེ། ཨུ་ཁ་ན་བ་ན་བ་ས་བ་ན། ས་མུ་དྲ་སད་དིད་ཛྙཱ། ཏ་ཐ་ཙྱུད་ཏ། ཝ་རུ་ཎ་བ་བཱ་རཱ་ཛཱ་སཝཱཧཱ། མི་དང ། མི་མ་ཡིན་པའི་བར་གྱིས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། 416a ༄#། །ལ་ལེགས་སོ། །ཞེས་བྱ་བ་རབ་ཏུ་བྱིན་ནོ། །དེ་ནས་མིག་མི་བཟང་གིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ད་ལྟར་དང ། མ་འོངས་པའི་དུས་ན་གྲོང་གི་བར་དུ་གང་དང་གང་དུ་ཆོས་ཀྱི་རྣམ་གྲངས་འདི་སྲུང་བར་མ་བགྱིས་ན། བཅོམ་ལྡན་འདས། འདི་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱན་སྔར་བདག་གིས་བྲོ་བོར་བའི་དམ་བཅས་པ་དང་འགལ་བར་འགྱུར་བ་ལགས་སོ། །འདི་ལྟ་སྟེ། ད་ལཽ་གྷ། ཨ་ཏོ་གྷ། ཨ་མ་མ། མོ་གྷ། ཨ་མ་ས་རཱ་ཛ་ན་ཙརྱ་ཡ་མུ་ཛ་སཝཱཧཱ། དེ་ནས་མི་དང ། མི་མ་ཡིན་པའི་བར་གྱིས་རྒྱལ་པོ་ཆེན་པོ་མིག་མི་བཟང་ལ་ལེགས་སོ། །ཞེས་བྱ་བ་རབ་ཏུ་བྱིན་ནོ། །དེ་ནས་ཡུལ་འཁོར་སྲུང་གིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ད་ལྟར་དང ། མ་འོངས་པའི་དུས་ན་གྲོང་གི་བར་དུ་གང་དང་གང་དུ་ཆོས་ཀྱི་རྣམ་གྲངས་འདི་སྲུང་བར་མ་བགྱིས་ན། བཅོམ་ལྡན་འདས། འདི་ནི། བདག་གིས་བྲོ་བོར་བའི་དམ་བཅས་པ་དང་འགལ་བར་འགྱུར་བ་ལགས་སོ། །འདི་ལྟ་སྟེ། བིནྡུ་ཛ་བི་ཁ་བ། ཛ་བ་ར་མུ་ཁ། ཀྵཱ་སཱ་ར། པུ་ཀ་བ་ཧ། ཨ་མཱརྒ་བ་ཊ་སཝཱཧཱ། མི་དང ། མི་མ་ཡིན་པའི་བར་གྱིས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ལ་ལེགས་སོ། །ཞེས་བྱ་བ་རབ་ཏུ་བྱིན་ནོ། །དེ་ནས་ལུས་ངན་པོས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ད་ལྟར་དང ། མ་འོངས་པའི་དུས་ན་གྲོང་གི་བང་དུ་གང་དང་ 416b གང་དུ་ཆོས་ཀྱི་རྣམ་གྲངས་འདི་སྲུང་བར་མ་བགྱིས་ན། བཅོམ་ལྡན་འདས། འདི་ནི། བདག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བྲོ་བོར་བའི་དམ་བཅས་པ་དང་འགལ་བར་འགྱུར་བ་ལགས་སོ། །འདི་ལྟ་སྟེ། ཀྵུ་ཏྲེ་ཀྵུ་ཀྵུ་ཀྵུ་ཏྲེ། ཁ་ཀྵུ་ཏྲེ། ཨ་ཏི་ཀྵུ་ཏྲེ། ཨ་ན་ཡ་ན་ཀྵུ་ཏྲེ། ཧྲི་ད་ཀྵུ་ཏྲེ། ས་ག་ར་ཧྲྀ་ད་ཀྵུ་ཏྲེ། སཾ་ཀུ་སུ་ཀྵུ་ཏྲེ། དྷརྨ་ཀྵ་ཡ་མུ་ཏྲེ་སཝཱཧཱ། མི་དང ། མི་མ་ཡིན་པའི་བར་གྱིས་རྒྱལ་པོ་ཆེན་པོ་ལུས་ངན་པོ་ལ་ལགས་སོ། །ཞེས་བྱ་བ་རབ་ཏུ་བྱིན་ནོ། །ཡང་དེའི་ཚེ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ན་གནས་པའི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འདི་ན་ཡོངས་སུ་སྐྱོང་པ་སྟོང་ཉིས་བརྒྱ་དང ། གཞན་ཡང་གླིང་བཞི་པ་གཞན་ན་གནས་པ་བཞི་ཁྲི་དང ། གཞན་ཡང་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའི་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྫུ་འཕྲུལ་ཆེ་བ། རྫུ་འཕྲུལ་ཆེ་བ་དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ད་ལྟར་དང ། མ་འོངས་པའི་དུས་ན་དམ་པའི་ཆོས་ཀྱི་སྒྲོན་མའི་བར་དུ་ནུབ་པར་འགྱུར་བའི་ཚེ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། རི་བྲག་གམ། ཕོ་བྲང་འཁོར་རམ། དགོན་པའི་གངས་སམ། རྒྱལ་པོའི་ཕོ་བྲང་ངམ།་བྲམ་ཟེའི་ཁྱིམ་མམ། ཚོང་དཔོན་གྱི་ཁྱིམ་མམ། བདག་ཉིད་ཆེན་པོའི་ཁྱིམ་མམ། དམངས་ཀྱི་ཁྱིམ་གང་དང་གང་དུ་དགེ་སློང་ངམ། དགེ་སློང་མའམ། དག་བསྙེན་ནམ། དགེ་བསྙེན་མ་ཆོས་ 417a ༄#། །སྨྲ་བ་དང ། གཞན་ཡང་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤིན་ཏུ་ཁྲུས་བགྱིས་ཏེ་ཡན་ལག་ཤིན་ཏུ་བྱུགས་ནས་གོས་གསར་པ་བགོས་ཏེ་མེ་ཏོག་བཀྲམ་པའི་འཁོར་གྱི་ཁྱམས་སུ་རས་བཅོས་བུ་སྣ་ཚོགས་བཏིང་བ། སྤོས་སྣ་ཚོགས་ཀྱིས་བདུགས་པ། རོ་བྲོ་བ་སྣ་ཚོགས་ཀྱིས་གཏམས་པས་བརྒྱན་པའི་སེངྒེའི་ཁྲི་ལ་མཆིས་ཏེ་གཟུངས་ཀྱི་ཕྱག་རྒྱའི་ཆོས་ཀྱི་རྣམ་གྲངས་འདི་ལྕེའི་རྩེ་མོས་གཞན་ལ་རྒྱ་ཆེར་ཡང་དག་པར་བཤད་དམ། གླེགས་བམ་ལ་བྲིས་ཏེ་ཀློག་པར་གལ་ཏེ་བདག་ཅག་རེ་རེ་ཞིང་ཡང་འཁོར་བརྒྱ་སྟོང་དུ་མས་བསྐོར་ནས་མ་མཆིས་སམ། དེར་ཆོས་ཉན་པའམ། ཆོས་སྨྲ་བ་བསྲུང་བ་དང ། རང་གི་འཁོར་བསྲུང་བ་དང ། སེམས་ཅན་གཞན་ཡང་བསྲུང་བ་དང ། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ་གྲོང་ངམ། གྲོང་རྡལ་ནས་དམངས་ཀྱི་ཁྱིམ་གྱི་བར་དེ་དག་ཏུ་མ་མཆིས་སམ། འཁོར་དང་བཅས་པས་བཀའ་མ་མནོས་སམ། ཡོངས་སུ་མ་བསྐྱངས་སམ། དེར་སེམས་ཅན་རྣམས་ཀྱི་ནོར་དང ། འབྲུ་དང ། མཛོད་དང ། བང་བ་མང་པོ་རབ་ཏུ་མ་གཏམས་སམ། དེར་མ་མཆིས་སམ། དེར་སེམས་ཅན་རྣམས་ཀྱི་འཐབ་པ་དང ། རྩོད་པ་དང ། མུ་གེ་དང ། ནད་དང ། ཕ་རོལ་གྱི་དམག་ཚོགས་དང ། དུས་མ་ལགས་པའི་ཆར་པ་དང ། རླུང་དང ། ཤིན་ཏུ་གྲང་བ་དང ། ཚ་བ་རྣམས་མ་བཟློག་ན། བདག་ཅག་གིས་འདས་པ་དང ། 417b མ་བྱོན་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་བསླུས་པ་དང ། འཁུས་པ་དང ། མཉེས་པར་མ་བགྱིས་པར་འགྱུར་ཏེ། ལུས་ལ་ཤ་བཀྲས་བཏབ་པ་དང ། ལྟ་བ་ཡོངས་སུ་ཉམས་པ་དང ། ལུས་རུལ་པར་འགྱུར་རོ། །བདག་ཅག་གཡོག་དང་བཅས་པས་ད་ལྟར་དང ། མ་འོངས་པའི་དུས་ནའང་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཆོས་ཀྱི་ཚུལ་འདི་འབར་བར་བགྱིའོ། །ཆོས་ཀྱི་རྣམ་གྲངས་འདི་ལ་དད་པའི་གང་ཟག་རྣམས་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱང་བར་བགྱིའོ།། ཡོངས་སུ་སྨིན་པར་བགྱི། ངན་པར་བགྱིས་པའི་ལས་ཡོངས་སུ་སྦྱང་བའི་སླད་དུ་ཆོས་ཀྱི་རྣམ་གྲངས་འདི་བསྟན་པའི་ཆོས་སྨྲ་བའི་གང་ཟག་དེ་ལ་བསྐུལ་བར་བགྱིའོ། །ཆོས་སྨྲ་བ་དང ། ཆོས་ཉན་པ་དེ་དག་གི་ནོར་དང ། འབྲུ་དང ། ལོངས་སྤྱོད་དང ། ཀུན་སྤྱོད་པ་རྣམ་པར་འཕེལ་བ་བསྒྲུབ་པར་བགྱིའོ། །རྒྱལ་བའི་བསྟན་པ་མི་འཇིག་པའི་ཆོས་སུ་གཟུང་བར་བགྱིའོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་མི་དང ། མི་མ་ཡིན་པ་དེ་དག་ཐམས་ཅད་ལ་ལེགས་སོ། །ཞེས་བྱ་བ་བྱིན་ནོ། ཁྱོད་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྟད་མོ་ཅན་གྱིས་ཞུས་པ། བཅོམ་ལྡན་འདས། འདི་ཅི་ལགས། གང་བདུད་བྱེ་བ་ཕྲག་བརྒྱ་པོ་འདིར་འདུས་པ་ཐམས་ཅད་འཁོར་དང་བཅས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་ 418a ༄#། །བཀའ་སྩལ་པ། ཐམས་ཅད་འཁོར་དང་བཅས་པའོ། །བྱང་ཆུབ་སེམས་དཔའ་ལྟད་མོ་ཅན་གྱིས་གསོལ་པ། ཅི་འཁོར་དང་བཅས་པ་ཐམས་ཅད་ཀྱིས་དཀོན་མཆོག་གསུམ་ལ་དད་པ་ཐོབ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ད་ནི། མ་ཡིན་ནོ། །བདུད་སྡིག་ཅན་གཡོག་སྟོང་ཡོད་པ་འདི་དད་པ་མ་ཐོབ་སྟེ། འཁྲུགས་ཤིང་ཡིད་མི་དགའ་ནས་ད་ལྟར་དང ། མ་འོངས་དུས་ནའང་དམ་པའི་ཆོས་ཀྱི་ཚུལ་ཇི་སྲིད་འབར་བ་དེ་སྲིད་དུ་འདི་གླགས་ལྟ་ཞིང་སྐབས་ཚོལ་ཏེ། དམ་པའི་ཆོས་ཀྱི་ཚུལ་གཞིག་པ་དང ། ནུབ་པར་བྱ་བའི་ཕྱིར་བརྩོན་པར་བྱེད་དོ། །དེ་བཞིན་དུ་གཡོག་ཁྲི་སུམ་སྟོང་ཡོད་པའི་བདུད་བཅོ་བརྒྱད་དང ། གཡོག་ཉི་ཤུ་རྩ་གཅིག་ཡོད་པ་ཉིས་བརྒྱ་པོ་འདི་དག་ཀྱང་གཡོག་དང་བཅས་པ་དཀོན་མཆོག་གསུམ་ལ་དད་པ་མ་ཐོབ་སྟེ། འཁྲུགས་ཤིང་ཡིད་མི་དགའ་བས་འདི་དག་ད་ལྟར་དང ། མ་འོངས་པའི་དུས་ནའང་ཇི་སྲིད་དུ་དམ་པའི་ཆོས་ཀྱི་ཚུལ་རབ་ཏུ་རྒྱས་པ་དེ་སྲིད་དུ་འདི་དག་ངའི་བསྟན་པ་ལ་གླགས་ལྟ་ཞིང་སྐབས་ཚོལ་ཏེ། དམ་པའི་ཆོས་ཀྱི་ཚུལ་གཞིག་པ་དང ། ནུབ་པར་བྱ་བའི་ཕྱིར་བརྩོན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་ཆང་འཁོན་དུ་བཟུང་བ་དང ། དགེ་བའི་རྩ་བ་མ་སྐྱེད་པ་དང ། མི་དགེ་བའི་གྲོགས་པོས་ཡོངས་སུ་ཟིན་པ་དང ། དགེ་བས་སྐྱོ་ཞིང་མྱ་ངན་ལས་འདས་པའི་བདེ་བ་མི་འདོད་པ་དང ། སྨོན་ལམ་མ་བཏབ་པའི་ཕྱིར་སེམས་དང ། 418b སེམས་མཚམས་མི་སྦྱོར། དད་པར་མི་བྱེད། གནས་པར་མི་བྱེད། རབ་ཏུ་གཏོང་བར་མི་བྱེད་དོ། །སངས་རྒྱས་འདུས་པ་ཆེན་པོ་འདི་ལྟ་བུ་མཐོང་བ་དང ། གཟུངས་ཟབ་མོ་འདི་ལྟ་བུ་ཐོས་པས་རྒྱུ་དེ་ཉིད་ཀྱིས་ཕྱིན་ཆད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དད་པ་རབ་ཏུ་རྙེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ལྟར་མོ་ཅན་གྱིས་གསོལ་པ། བཅོམ་ལྡན་འདས། འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་གལ་ཏེ་སེམས་ཅན་དགེ་བའི་རྩ་བ་མ་བསྐྲུན་པ་རྣམས་ཀྱི་རྣ་ལམ་དུ་གྲག་པར་གྱུར་པ་ནའང་དེ་ཉིད་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་ནི། བཅོམ་ལྡན་འདས། ཤིན་ཏུ་ངོ་མཚར་ཏོ། །བདེ་བར་གཤེགས་པ། ངོ་མཚར་ཏོ། །ཡང་དེའི་ཚེ་བདུད་རི་བྱི་ཞེས་བྱ་བ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། དཀོན་མཆོག་གསུམ་ལ་དད་པ་མི་ཉམས་པ་རྙེད་པར་གྱུར་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་དེ། དྲང་སྲོང་ཆེན་པོའི་ཆ་བྱད་དུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྤྱན་སྔར་འདུག་པར་གྱུར་ནས་དེ་སྟན་ལས་ལངས་ཏེ་ཀུན་ཏུ་བལྟས་ནས་ཐལ་མོ་སྦྱར་ཏེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྟོབས་བསྐྱེད་པས་སངས་རྒྱས་ཀྱི་ཞིང་མ་ལུས་པ་འདི་དབྱངས་ཀྱིས་གང་བར་བྱས་ཏེ་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་བཅོམ་ལྡན་འདས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ 419a ༄#། །ཐམས་ཅད་བདག་ལ་དགོངས་སུ་གསོལ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་པ་དང ། བདུད་གཡོག་དང་བཅས་པ་རྣམས་ཀྱང་བདག་གི་ཚིག་འདི་ལ་གསོན་ཅིག་།བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཐུགས་རྗེ་ཆེན་པོ་མངའ་བ། སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་ཅན་ཐམས་ཅད་རྣམ་པར་གཅོད་པ། ཡོན་ཏན་བཀོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པའི་སྟོན་པ་འདི་སྔོན་གྱི་སྨོན་ལམ་གྱིས་སངས་རྒྱས་ཀྱི་ཞིང་རབ་ཏུ་ཉོན་མོངས་པ་ཅན། སྙིགས་མ་ལྔ་དང་ལྡན་པ་འདི་ལྟ་བུར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་མཚམས་མ་མཆིས་པ་བགྱིད་པ། དམ་པའི་ཆོས་སྤོང་བ། འཕགས་པ་ལ་སྐུར་པ་འདེབས་པ། མི་དགེ་བའི་རྩ་བ་དང་ལྡན་པ། ངན་པར་སྤྱོད་པ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ཡོངས་སུ་སྨིན་པར་མཛད་པ་དང ། ངན་སོང་གསུམ་ལས་ཤིན་ཏུ་བཟླ་བ་དང ། ཐེག་པ་གསུམ་ལ་ཡོངས་སུ་སྨིན་པར་མཛད་པ་དང ། ཏིང་ངེ་འཛིན་དང ། གཟུངས་དང ། བཟོད་པ་ལ་དགོད་པ་དང ། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་བྱེད་པ་དང ། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་མཛད་པའི་སླད་དུ་ཞུགས་ཀྱི། དེ་ལ་ཁྱེད་ཀྱིས་ཀྱང་ 419b ཅི་ནས་སྟོན་པའི་བསྟན་པ་ཡུན་རིང་དུ་གནས་པ་དང ། སངས་རྒྱས་ཀྱི་ཚུལ་འདིའང་རྣམ་པར་མི་འཇིག་པའི་ཆོས་ཅན་དུ་འགྱུར་བ་དང ། སྒྲུབ་པ་དང་མི་ལྡན་པ་མ་གཏོགས་པར་ད་ལྟར་དང ། མ་འོངས་པའི་དུས་ནའང་བདུད་དམ། བདུད་ཀྱི་འཁོར་སུས་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་གསུངས་པ་རྒྱལ་བའི་བསྟན་པ་འདི་ལ་སེམས་ཅན་འགའ་ཡང་འཚེ་བའམ། རྣམ་པར་འཇིག་པའམ། ནུབ་པར་བགྱིད་པར་མི་འགྱུར་བ་དང ། གང་དག་ཡང་དམ་པའི་ཆོས་འདི་འཛིན་པ་དང ། ཆོས་ལ་ནན་ཏན་བགྱིད་པ་དང ། ཆོས་སྨྲ་བ་དང ། ཆོས་ཉན་པའི་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། གཞན་ཡང་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལས་གསུམ་ལ་མངོན་པར་བརྩོན་པ། བསོད་ནམས་བྱ་བའི་དངོས་པོ་ལ་དགའ་བ། དཀོན་མཆོག་གསུམ་ལ་མཆོད་པའི་ལས་ལ་མངོན་པར་བརྩོན་པ། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བ་ལ་མངོན་པར་བརྩོན་པ། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བགྱིད་པར་གྱུར་པ། དེ་དག་ལའང་བདུད་དམ། བདུད་ཀྱི་བུ་མོའམ། བདུད་ཀྱི་འཁོར་རམ། བདུད་ཀྱི་འཁོར་མོའམ། བདུད་ཀྱི་ཕོ་ཉས་གཙེ་བའི་བསམ་པས་གླགས་ལྟ་བའམ། སྐབས་ཚོལ་དུ་མཆི་ཞིང་གཡེང་བ་དང ། དགེ་བའི་བར་ཆད་ཀྱི་ལས་བགྱིད་པར་མི་འགྱུར་བ་དེ་ལྟར་མཛོད་ཅིག་།ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་ 420a ༄#། །ཐམས་ཅད་ལ་གསོལ་ལོ། །བདག་ལ་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང ། བདུད་ཀྱི་འཁོར་ཐམས་ཅད་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་པ་ཐམས་ཅད་ཀྱང་བདག་ལ་ཐུགས་བརྩེ་བར་མཛོད་ཅིག་།གང་སུ་དག་ད་ལྟར་སངས་རྒྱས་ཀྱི་ཞིང་འདིར་གཏོགས་པའི་ས་ལ་གནས་པ་དེ་དག་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་དང ། སངས་རྒྱས་ཀྱི་བསྟན་པ་དམ་པའི་ཆོས་ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛོད་ཅིག་།བདག་ལ་གསང་སྔགས་ཀྱི་དངོས་གྲུབ་སྩོལ་ཅིག་།བདག་གིས་བདུད་དང ། བདུད་ཀྱི་འཁོར་དེ་ནན་ཏུར་གྱིས་ཚར་གཅད་པ་དང ། སེམས་འཁྲུགས་པ་དང ། ལུས་ལ་གནོད་པ་དང ། ལུས་སྤ་བཀོང་བ་དང ། རྫུ་འཕྲུལ་ཉམས་པར་བགྱི་བའི་སྔགས་བཤད་པར་བགྱི་སྟེ། དེས་བདུད་དང ། བདུད་ཀྱི་བུ་དང ། བདུད་ཀྱི་བུ་མོ་དང ། བདུད་ཀྱི་འཁོར་དང ། བདུད་ཀྱི་འཁོར་མོ་དང ། བདུད་ཀྱི་ཕོ་ཉ་གང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་སེམས་མ་དད་པ་གཅིག་ཙམ་བསྐྱེད་དམ། དགེ་སློང་ལ་འཚེ་བའམ། ཐ་ན་སྐད་ཅིག་གཅིག་ཙམ་ཡང་སེམས་འཁྲུག་པར་བགྱིད་པ་ནས་དགེ་བའི་ཕྱོགས་ཡོངས་སུ་འདྲི་བར་བགྱིད་པའི་བར་དུ་ 420b ནན་ཏན་བགྱིད་པ་དང ། གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཕོ་བྲང་འཁོར་དང ། རི་བྲག་དེ་རྣམས་མ་རུངས་པར་བགྱིད་པར་སེམས་བསྐྱེད་པ་དང ། གང་དུ་ཆོས་ཀྱི་རྣམ་གྲངས་འདི་འཆད་པར་འགྱུར་པ་དེ་དག་ཏུ་ཐན་སྐད་ཅིག་གཅིག་ཙམ་འཐབ་པ་དང ། རྩོད་པ་དང ། མུ་གེ་དང ། ནད་དང ། ཕ་རོལ་གྱི་དམག་ཚོགས་དང ། དུས་མ་ལགས་པའི་རླུང་དང ། ཆར་དང ། གྲང་བ་དང ། ཚ་བ་དང ། ཆུ་བོ་དང ། ས་གཡོ་བ་དང ། ས་འགས་པ་དང ། སྐར་མདའ་ལྟུང་བར་བགྱིད་པ་དང ། ལོ་མ་དང ། མེ་ཏོག་དང ། འབྲས་བུ་དང ། འབྲུ་དང ། སྨན་དང ། རོ་སྐྱེ་བར་མི་བགྱིད་དམ། མ་རུངས་པར་བགྱིད་པར་འཚལ་ན། བདུད་དེས་དེ་ལྟར་སེམས་བསྐྱེད་མ་ཐག་ཏུ་བདུད་ནས་བདུད་ཀྱི་ཕོ་ཉའི་བར་དེ་དག་རིམས་ནད་ཀྱིས་ཚ་བར་འགྱུར། ལུས་ལྕི་བ་དང ། རྡུལ་བ་དང ། ལུས་རུལ་བ་དང ། དྲི་མི་ཞིམ་པ་དང ། ལས་སུ་མི་རུང་བ་དང ། ལྡང་མི་ནུས་པར་འགྱུར། བཅིང་བ་ལྔས་བཅིངས་པར་མཐོང་བ་ནས་དེའི་ཡན་ལག་ཐམས་ཅད་འཁུམས་པའི་བར་དུ་འགྱུར་ཞིང ། སླར་བརྐྱང་མི་ནུས་པ་དང ། དེའི་ཕྱོགས་ཐམས་ཅད་མུན་པར་གྱུར་ནས་ཉི་མ་སྣང་བའི་གཟུགས་ཀྱང་མི་མཐོང་བ་དང ། དེའི་རྫུ་འཕྲུལ་བྲི་ནས་སེམས་འཁྲུག་པར་འགྱུར། དེའི་དབང་པོ་དྲུག་ཀྱང་སྤྱོད་ཡུལ་ལ་འཇུག་མི་ནུས་པར་འགྱུར་རོ། །འདི་ལྟ་སྟེ། ཨ་མ་ལེ། ཨ་ཧ་མ་མ་ལེ། ཨ་ཛ་པ་བ། མཱུ་ར་ས་ལེ། བྱ་ཁ་ས་ལེ། ཛ་ 421a ༄#། །མ་ས་ལེ། ཧཱ་ཧཱ། ཧཱ་ཧཱ། ཧཱ་ཧཱ། གོ་ར་ས་ཌ་ཏ། ཛ་ན་ཁ་ག་།ཛྙེ་ཡ་ཁ་ག་།བི་ད་ཛྙེ་བ་ས་ཁ་ག་། མཱུ་ཀྵ་ར། ཀྵ་ཀྵ་ཀྵ། ཀྵ་ཀྵ་ཀྵ། མཱུ་ལ་བ་ཉ་ཁ་ག་སྤ། ཁད་ཉ་སྤ།་བ་རི་བརྟ་མཱུ་ར། ཨ་ད་ཛྙཱ་ཛྙཱ། བ་ཡུ་ཛྙཱ་ད་ཛྙཱ། ཙནྡྲ་སཱུ་རོ་ཛྙཱ་ཛྙཱ། ན་བ་ཧཱ་ཛྙཱ་ད་ཛྙཱ། ཁུ་རཀྵ་ཛྙཱ་ད་ཛྙཱ། བ་པ་ཛྙཱ་ད་ཛྙཱ། བྷཱུ་ཏ་ཀོ་ཊི། ཏ་ཐཱ་ཏཱ་ཛྙཱ་ད་ཛྙཱ། སརྦ་དེ་ཛྙེ་གི་ཨ་དྷིཥྛི་ཏ་ཛྙཱ་ད་ཛྙཱ། བ་ཀྲ་མ།་ཏྲི་ག་ཎ་ཏཱ་ཀྵ་པ་ཀྵ་མ་མ་ཀྵ་མ་ཛྙཱ་ཀྵ་བི་ཏ་མ་ར་བི་ཤཱ་ཡ་སཝཱཧཱ། ཐམས་ཅད་མཁྱེན་པ་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་སྐད་ཅིག་ཏུ་བདུད་ཀྱི་ཡུལ་ཐམས་ཅད་མེད་པར་བྱས་ཏེ་འབྲས་བུ་མེད་པར་གྱུར་ཏོ། །གང་སུའང་རུང་གནོད་པར་འདོད་པ་དག་ཀྱང་དེ་བཞིན་ནོ། །དེ་ནས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལེགས་སོ། །ཞེས་བྱ་བ་བྱིན་ནོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང ། མི་དང ། མི་མ་ཡིན་པ་དང ། ལྷ་ཐམས་ཅད་ཀྱིས་ཀྱང་ལེགས་སོ། །ཞེས་བྱ་བ་རབ་ཏུ་བྱིན་ནོ། །དེ་ནས་དེའི་ཚེ་ས་ནི། གཡོས། སྤྲིན་ནི།་འཁྲུགས། རིའི་རྒྱལ་པོ་རྣམས་ནི། རབ་ཏུ་གཡོས་ཏེ་གང་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པ་དང ། བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ་རྣམས་མ་གཏོགས་པར་བདུད་འཁོར་དང་བཅས་པ་དང ། དེ་བཞིན་དུ་འབྱུང་པོ་མ་རུངས་པ་རྣམས་ཀྱང་འཁྲུགས་སོ། །དེ་ནས་བདུད་སྡིག་ཅན་གྱིས་བྱང་ཆུབ་སེམས་དཔའ་སྲ་བའི་བློ་གྲོས་ལ་སྨྲས་ 421b པ།་རིགས་ཀྱི་བུ། བདུད་རི་བྱི་འདིའི་སྟོབས་ག་ལས་འོངས། མཐུ་ག་ལས་འོངས་ན། གང་སྙིང་རྗེ་མེད་པ་འདིས་རང་གི་ཕྱོགས་ཐམས་ཅད་དང ། ངའི་སྟོབས་ཀྱི་ཡུལ་དང ། ཕ་རོལ་གནོན་པ་ཐམས་ཅད་མ་ལུས་པར་བཅོམ་སྟེ་ནག་པོའི་རྩ་ལག་ནི། ཕམ་པར་བྱས། མི་མཐུན་པ་ཆད་པར་སྨྲ་བ་དང ། དགེ་སྦྱོང་གཽ་ཏ་མའི་ཕྱོགས་ནི། མཐོ་བར་བྱས་པ་བདག་ཀྱང་གཟུངས་འདི་ཐོས་མ་ཐག་ཏུ་ལུས་དྲི་མི་ཞིམ་པ་དང ། ལུས་རུལ་བ་དང ། ལས་སུ་མི་རུང་བར་གྱུར། བདག་གི་ཕྱོགས་ཐམས་ཅད་ཀྱང་མུན་པར་གྱུར་ཏེ་སྣང་ཞིང་མཐོ་བར་མེད་པར་བྱས་ནས་ཡོངས་སུ་གདུང་བ་ཆེན་པོས་ཀྱང་བདག་གདུངས་སོ། །བྱང་ཆུབ་སེམས་དཔའ་སྲ་བའི་བློ་གྲོས་ཀྱིས་སྨྲས་པ། སྡིག་ཅན། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་བྱིན་གྱི་རླབས་དང ། མི་དང ། མི་མ་ཡིན་པ་ཐམས་ཅད་ཀྱི་སྟོབས་བསྐྱེད་པས་བདུད་རི་བྱིས་བདུད་ཀྱི་སྟོབས་ཀྱི་ཡུལ་དང ། ཕ་རོལ་གནོད་པ་འདིར་ཐམས་ཅད་རྣམ་པར་འཇོམས་ཤིང ། དེས་གཞན་གྱིས་མི་ཚུགས་པའི་གསང་སྔགས་ཀྱི་ཚིག་འདི་དག་ཀྱང་བཤད་ཀྱི། སྡིག་ཅན། ཁྱོད་དེ་བཞིན་གཤེགས་པ་རྣམས་པར་དད་པར་གྱིས་ཤིག་།ཅི་ནས་ཁྱོད་ལུས་དང ། ངག་དང ། ཡིད་ཀྱི་སྡུག་བསྔལ་འདི་དག་ལས་ཡོངས་སུ་གྲོལ་བར་འགྱུར་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རང་སེམས་བསྐྱེད་ཅིག་།བདུད་སྡིག་ཅན་ 422a ༄#། །གྱིས་སྨྲས་པ། བདག་ནི། ཕྱི་མའི་མཐའི་མུ་གྲངས་མེད་པར་འདི་བས་ཀྱང་ཆེས་སྡིག་པའི་ལུས་དང ། ངག་དང ། ཡིད་ཀྱི་སྡུག་བསྔལ་རྣམས་ལ་སྤྲོའི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ནི། སེམས་མི་བསྐྱེད་དོ། །འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་གི་གཟུངས་ལས། དམ་པའི་ཆོས་ཀྱི་ཚུལ་སྲུང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འབྲོག་གནས་ནི། གནོད་སྦྱིན་འཇིགས་འཇིགས་ལྟ་བུའི་གཟུགས་སུ། ཡང་དག་ཤེས་ནི། རི་དྭགས་ཀྱི་གཟུགས་སུ། ཤེས་པའི་སྒྲོན་མ་ནི། སྤྲེའུའི་གཟུགས་སུ། སྲེད་སྤོང་ནི། རའི་གཟུགས་སུ། རྒྱུན་བཅད་པ་ནི། གླང་པོ་ཆེའི་གཟུགས་སུ། སེམས་ཅན་ཆེན་པོ་ལྔ་པོ་དེ་དག་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་དྲུང་ནས་ཧ་ཅང་ཡང་མི་རིང་བ་ཞིག་ན་དེ་བཞིན་གཤེགས་པ་ཀཽཎྜི་ནྱ་འོད་འཕྲོ་བའི་སྤྱན་སྔར་འཁོད་ནས་དེ་དག་གི་ལུས་ཐམས་ཅད་ལས་རྣམ་པར་དག་ཅིང་དྲི་ཞིམ་པའི་འོད་ཕྱུང་ངོ ། །དེ་ནས་སེམས་ཅན་ཆེན་པོ་ལྔ་པོ་དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་ནོར་བུ་རིན་པོ་ཆེ་ཆེན་པོ་མེའི་འོད་ཅེས་བྱ་བ་ལག་པ་གཉིས་ན་ཐོགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྟད་མོ་ཅན་གྱིས་དེ་དག་གི་བསམ་པ་ཚུལ་བཞིན་རྣམ་པར་དག་པ་ལ་བལྟས་ཏེ་འདི་དག་ནི། 422b བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྙམ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འབྲོག་གནས་དེ་ལ་བོས་ཏེ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྐྱེས་བུ་དམ་པ། དོན་གྱི་དབང་གང་མཐོང་ན།་ཁྱེད་འདི་ལྟ་བུའི་སྤྱོད་ལམ་གྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པར་བྱ་བའི་ཕྱིར་བརྩོན་པར་བྱེད། འབྲོག་གནས་ཀྱིས་སྨྲས་པ། རིགས་ཀྱི་བུ། སྔོན་བྱུང་བ་འདས་པའི་དུས་བསྐལ་པ་དགུ་བཅུ་རྩ་གཅིག་ན་སངས་རྒྱས་ཀྱི་ཞིང་འདིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་བྱུང་ངོ་།། དེའི་ཚེ་བདག་ཅག་ལྔ་སྤུན་དྲུང་དུ་གྱུར་ཏེ། དེ་ན་བདག་ཅག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ནན་ཏན་བྱས་སོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་གཙུག་ཏོར་ཅན་དང ། ཐམས་ཅད་སྐྱོབ་དང ། བསྐལ་པ་ཆེན་པོ་བཟང་པོ་འདི་བྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་འཁོར་བ་འཇིག་འཇིག་རྟེན་དུ་བྱུང་གི་བར་དུ་དེ་ནའང་དེ་བཞིན་དུ་བདག་ཅག་སྔོན་གྱི་སྨོན་ལམ་གྱིས་སྤུན་དྲུང་དུ་གྱུར་ཏེ། དེ་བཞིན་གཤེགས་པ་དེ་ལ་བདག་ཅག་གིས་མཆོད་པ་དང ། བསྙེན་བཀུར་རྣམ་པ་མང་པོ་བྱས་སོ། །དེ་ནས་ཡང་དེར་སེམས་ཅན་ཆེན་པོ་དགེ་བསྙེན་ཡང་དག་ཤེས་བསམ་གཏན་ལ་མངོན་པར་དགའ་བས་དེར་འདི་འདྲ་བའི་སྨོན་ལམ་བཏབ་ 423a ༄#། །སྟེ།་བདག་བསྐལ་པ་ཆེན་པོ་བཟང་པོ་འདི་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོར་གྱུར་ལ། དེ་ན་འབྲོག་དགོན་པ་ན་གནས་པ། མ་རུངས་པ། སེམས་ཅན་རྣམས་ལ་སྙིང་རྗེ་དང།་སྙིང་བརྩེ་བ་མེད་པར་ཞུགས་པ། བྱད་གཟུགས་ཐ་དད་པའི་གནོད་སྦྱིན་དག་ནས་ལུས་སྲུལ་པོའི་བར་དུ་དེ་དག་ལ་བདག་གིས་འདི་འདྲ་བའི་ཆོས་བཤད་པར་བགྱི་སྟེ།་འདི་ལྟར་དད་པ་ཐོབ་པར་བྱས་ནས་བསླབ་པ་འཛིན་དུ་བཙུད་ལ་ཞི་བའི་ལམ་ལ་བཀོད་པ་ནས་དེ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་རི་དྭགས་དང ། སྤྱང་ཀི་དང ། རྒོ་བ་དང ། ཕག་ལ་སོགས་པ་ལའང་ཆོས་བཤད་པ་ནས་གནོད་སྦྱིན་མ་རུངས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བར་དང ། དུད་འགྲོའི་སྐྱེ་གནས་སུ་སོང་བ་དགེ་བའི་རྩ་བ་མ་བསྐྱེད་པའི་བར་ལ་ཆོས་བཤད་པས་ཡོངས་སུ་སྨིན་པར་བྱས་ནས་ཐེག་པ་གསུམ་པོ་དག་ལ་སོ་སོར་བཀོད་དེ། དེ་ནས་གདོད་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་ཤོག་ཅིག་།ཅེས་བྱས་སོ། །དེ་བཞིན་དུ་གནོད་སྦྱིན་ཤེས་པའི་སྒྲོན་མས་སྤྲེའུའི་གཟུགས་ཀྱིས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་བོ། །སྲེད་སྤོང་རའི་གཟུགས་ཀྱིས་མི་ཁོམ་པས་ཉམ་ང་བར་གྱུར་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་བོ། །རྒྱུན་བཅད་གླང་པོ་ཆེའི་གཟུགས་ཀྱིས་གླང་ 423b པོ་ཆེ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་སྟེ། དེ་བཞིན་དུ་གནོད་སྦྱིན་རྫུ་འཕྲུལ་ཆེན་པོ་གླིང་བཞི་པ་ན་གནས་པ་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཚོལ་ཞིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་རྣམ་པ་སྣ་ཚོགས་བཏབ་པར་གྱུར་ནས་བདག་གིས་ཀྱང་དེ་བཞིན་གཤེགས་པ་འཁོར་བ་འཇིག་དེའི་སྤྱན་སྔར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཚོལ་ཞིང་བསྐལ་པ་བཟང་པོ་འདི་ཐམས་ཅད་དུ་གནོད་སྦྱིན་མ་རུངས་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་བོ། །འདི་ན་གནོད་སྦྱིན་མ་རུངས་པ། སྙིང་རྗེ་མེད་པ། མི་གཟོ་བ། ཡང་བ་སྤྱོད་པ། སྡིག་པ་འདོད་པ། སྙིང་རྗེ་དང་མི་ལྡན་པ་ནས་ལུས་སྲུལ་པོ་སེམས་ཅན་ལ་འཚེ་བ། མདངས་འཕྲོག་པ། སེམས་འཁྲུག་པར་བྱེད་པ། མི་དགེ་བའི་སེམས་སུ་བྱེད་པ། སྲོག་གཅོད་པ་ནས་ལོག་པར་ལྟ་བའི་བར་དང་ལྡན་པ། རྒྱལ་རིགས་དང ། བྲམ་ཟེའི་རིགས་དང ། རྗེའུ་རིགས་དང ། དམངས་རིགས་ཀྱི་སེམས་འཁྲུག་པར་བྱེད་པ། ཡུལ་འཁོར་དང ། གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་འཁྲུག་པར་བྱེད་པ། གཟའ་དང ། རྒྱུ་སྐར་དང ། ཉི་མ་དང ། ཟླ་བ་དང ། ཉིན་པར་དང ། མཚན་མོ་དང ། ཟླ་བ་དང ། ཟླ་བ་ཕྱེད་པ་དང ། དུས་དང ། ལོ་འཁྲུག་པར་བྱེད་པ། འཐབ་པ་དང ། རྩོད་པ་དང ། མུ་གེ་དང ། ནད་དང ། ཕ་རོལ་གྱི་དམག་ཚོགས་དང ། 424a ༄#། །དུས་མ་ཡིན་པའི་རླུང་དང ། ཆར་དང ། རབ་ཏུ་གྲང་བ་དང ། ཚ་བར་བྱེད་པ། ས་བོན་དང ། སྨན་དང ། ལོ་མ་དང ། མེ་ཏོག་དང ། འབྲས་བུ་དང ། རོ་མ་རུང་པར་བྱེད་པ།་སེམས་ཅན་གྱི་བདེ་བ་དང ། ཡིད་བདེ་བ་དང ། ནད་མེད་པ་དང ། འདུམ་པ་དང ། དགེ་བའི་ཆོས་ལ་མོས་པ་དང ། སའི་བཅུད་དང ། མདངས་དང ། དོན་དང ། ཆོས་ཀྱི་རོ་དང ། རྣམ་པར་གྲོལ་བའི་རོ་ནུབ་པར་བྱེད་པ་རྣམས་བསླབ་པ་འཛིན་དུ་བཙུད་དེ། ཕྱིར་མི་ལྡོག་པ་ལ་བཀོད་ནས་གང་ཚུན་ཆད་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་དེ་ཚུན་ཆད་བདག་རྟག་ཏུ་གནོད་སྦྱིན་གྱི་སྡེ་དཔོན་གྱི་ནང་དུ་སྐྱེས་ཏེ། གནོད་སྦྱིན་སྡིག་ཅན་ནས་ལུས་སྲུལ་པོའི་བར་དག་ཐེག་པ་གསུམ་པོ་དག་ལ་ཡོངས་སུ་སྨིན་པར་བྱས་ནས་ཕྱིར་མི་ལྡོག་པ་ལ་བཀོད་ཅིང ། དེ་ཚུན་ཆད་སེམས་ཅན་རབ་དང ། འབྲིང་དང ། ཐ་མ་མཐོང་ཡང་བརྙས་པར་མི་དྲན་གྱི། སེམས་ཅན་ཅི་འདྲ་མ་མཐོང་བ་དེ་ཉིད་ཀྱི་ཚུལ་གྱིས་དེ་དག་ལ་སྨྲས། ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས། སྡིག་པ་ལས་བཟློག། བྱམས་པ་དང ། སྙིང་རྗེའི་སེམས་ལ་བཞག་སྟེ་བསམ་པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་པོ་དག་ལ་ཕྱིར་མི་ལྡོག་པར་སོ་སོར་བཀོད་དོ། །བདག་གནོད་སྦྱིན་གྱི་འཁོར་གང་དང་གང་དག་ཏུ་ཕྱིན་པ་དེ་དང་དེར་དེ་དག་གནོད་སྦྱིན་ 424b འབྲོག་གནས་བདེ་བར་འོངས་སམ་ཞེས་ཚིག་ཏུ་འབོད་དོ། །དེ་བས་ན། བདག་གི་མིང་འབྲོག་གནས་ཞེས་བྱ་བར་གྱུར་ཏོ། །གང་དག་ད་ལྟར་ཆོས་རྙིང་པ་དང་བྲལ་ཞིང་སྡོམ་པ་ལ་མི་གནས་ཏེ་གཅིག་ཏུ་ལས་ནག་པོ་སྤྱོད་པའི་མི་དེ་དག་ནི། ཤི་བའི་དུས་བྱས་ནས་ངན་སོང་གསུམ་དུ་སྐྱེ་སྟེ། མིའི་ནང་དུ་ནི། ཉུང་ཟད་ཅིག་སྐྱེའོ། །གང་དག་ལས་འདྲེན་མར་སྤྱོད་ཅིང ། དཀོན་མཆོག་གསུམ་ལ་དད་པ་མ་ཐོབ་པ་དེ་དག་ནི། ཤི་བའི་དུས་བྱས་ནས་ཕལ་ཆེར་གནོད་སྦྱིན་སྡིག་ཅན་དང ། གནོད་སྦྱིན་ལུས་སྲུལ་པོའི་ནང་དུ་སྐྱེའོ། །དེ་བས་ན། ད་ལྟར་འཇིག་རྟེན་ན་གནོད་སྦྱིན་སྡིག་ཅན་ནས་གནོད་སྦྱིན་ལུས་སྲུལ་པོའི་བར་དུ་ཤིན་ཏུ་ཕལ་ཆེར་རྣམ་པར་འཕེལ་ཏེ། དེ་དག་ཐམས་ཅད་ཀྱང་དཀར་པོའི་ཕྱོགས་ནུབ་པར་བྱ་བའི་ཕྱིར་བརྩོན་པ་ཤ་སྟག་གོ་།དེ་ལྟ་བས་ན། ད་ལྟར་ཤིན་ཏུ་དུས་ངན་པ་ལ་བབ་པས་བདག་གིས་འཇམ་པོས་ནི། དུས་ཐམས་ཅད་དུ་གནོད་སྦྱིན་མ་རུངས་པ་ནས་ལུས་སྲུལ་པོ་མ་རུངས་པའི་བར་དག་ཆོས་དམར་པོ་ལ་དགོད་མི་ནུས། བདག་གིས་རྒྱལ་རིགས་དང ། བྲམ་ཟེའི་རིགས་དང ། རྗེའུ་རིགས་དང ། དམངས་རིགས་དང ། དགེ་སྦྱོང་དང ། སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་འཁྲུགས་པ་རྣམས་ཀྱང་སླར་ཞི་བར་བྱ་མི་ནུས། གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་འཁོར་དང ། ཕོ་བྲང་འཁོར་འཁྲུགས་པའང་ཞི་བར་བྱ་མི་ནུས། 425a ༄#། །བདག་གིས་འབྱུང་པོ་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བའང་ཕྱིར་ཞིང་རྣམ་པར་ཐར་བའི་རོ་ལ་དགོད་པར་ཡང་མི་ནུས་ཏེ། རིགས་ཀྱི་བུ། གནོད་སྦྱིན་དང ། ལུས་སྲུལ་པོ་ཐམས་ཅད་ཀྱི་སྙིང་ལ་གཡོ་སྦྱོར་བ་མི་དྲང་བའི་ཤེས་པའང་བདག་གིས་སངས་རྒྱས་ཐམས་ཅད་ཀྱི་གཟི་བརྗིད་ཀྱིས་ཤེས་སོ། །རིགས་ཀྱི་བུ། འབྱུང་པོ་རྣམས་ཀྱི་སྙིང་པོ་རྡོ་རྗེ་ནམ་མཁའ་རྟོག་འཇུག་ཅེས་བྱ་བའི་རིག་པའི་གསང་སྔགས་ཀྱི་གཟུངས་ཀྱི་ཚིག་དྲག་པ་མི་བཟད་པ་ཆེན་མོ་ཡོད་དོ། །གསང་སྔགས་ཀྱི་ཚིག་དེ་དག་གིས་བཏབ་ན།་གནོད་སྦྱིན་ནམ། གནོད་སྦྱིན་མོའམ། གནོད་སྦྱིན་རྒན་པོའམ། གནོད་སྦྱིན་རྒན་མོའམ། གནོད་སྦྱིན་གྱི་བུའམ། གནོད་སྦྱིན་གྱི་བུ་མོའམ། གནོད་སྦྱིན་གྱི་འཁོར་པོའམ་གནོད་སྦྱིན་གྱི་འཁོར་མོའམ། སྲིན་པོའམ། སྲིན་མོའམ། ཀླུ་དང ། ཀླུ་མོ་དང ། གྲུལ་བུམ་ཕོ་དང ། གྲུལ་བུམ་མོ་དང ། བརྗེད་བྱེད་དང ། བརྗེད་བྱེད་མོའི་བར་དང ། ཉིན་གཅིག་པ་དང ། ཉིན་བཞི་པ་ནས་སྲུལ་པོའམ། སྲུལ་མོའམ། ལུས་སྲུལ་པོའམ། ལུས་སྲུལ་མོའམ། ལུས་སྲུལ་རྒད་པོའམ། ལུས་སྲུལ་རྒན་མོའམ། ལུས་སྲུལ་གྱི་བུའམ། ལུས་སྲུལ་གྱི་བུ་མོའམ། ལུས་སྲུལ་གྱི་འཁོར་ཕོའམ། ལུས་སྲུལ་གྱི་འཁོར་མོ་དག་གིས་ཕྱི་ཕྱིར་ཞིང་རྒྱལ་རིགས་དཀྲུག་པ་ནས་ལྗོངས་ཀྱི་བར་དུ་དཀྲུག་པར་བྱེད་མི་ནུས་སོ། ། 425b རིགས་ཀྱི་བུ། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ནས་དམངས་ཀྱི་ཁྱིམ་གྱི་བར་དུ་གང་ན་རྡོ་རྗེ་ནམ་མཁའ་རྟོག་འཇུག་ཅེས་བྱ་བ། འབྱུང་པོ་ཐམས་ཅད་ཀྱི་སྙིང་པོ་དྲག་པ་མི་བཟང་བ་ཆེན་མོ་རིག་པའི་གསང་སྔགས་ཀྱི་ཚིག་འདི་དག་བཤད་པར་གྱུར་པ་དེར་གནོད་སྦྱིན་དང ། ལུས་སྲུལ་པོ་མ་རུངས་པ་དེ་དག་གིས་སྔོན་འཁོན་དུ་བཟུང་ཞིང་མི་དགེ་བའི་ལས་བྱེད་པ་དེ་དག་ཐམས་ཅད་བཏང་ནས་བྱམས་པ་དང ། སྙིང་རྗེ་དང ། སེམས་འཇམ་པ་དང ། འབྱུང་པོ་ཐམས་ཅད་དང ། སྙིང་རྗེ་དང་ལྡན་པ་དང ། བན་པའི་སེམས་སུ་འགྱུར་རོ། །ཡུལ་འཁོར་དང ། དམངས་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལུས་སྲུལ་པོའི་འཁྲུག་པ་ཐམས་ཅད་དང ། ཉི་མ་དང ། ཟླ་བ་དང ། གཟའ་དང ། རྒྱུ་སྐར་དང ། ཆད་པ་དང ། དུག་དང ། མཚོན་དང ། བྱད་དང ། འཁྲུག་པ་ཐམས་ཅད་དང ། ལུས་ཀྱི་རླུང་དང ། མཁྲིས་པ་དང ། བད་ཀན་དང ། འདུས་པ་དང ། ཉིན་གཅིག་པ་དང ། ཉིན་གཉིས་པ་དང ། ཉིན་གསུམ་པ་དང ། ཉིན་བཞི་པའི་རིམས་དང ། མཛེ་དང ། རྐོང་པ་དང ། གཡན་པ་དང ། ལུད་པ་དང ། འབྲུམ་བུ་དང ། ལྟོ་ན་བ་དང ། ཡན་ལག་ན་བ་དང ། ཉིང་ལག་གི་ནད་དང ། འཁྲུག་པ་དག་ཞི་བར་བྱེད་དེ། དེ་ན་མི་དང ། མི་མ་ཡིན་པ་དང ། རི་དྭགས་དང ། བྱ་ལ་སོགས་པ་ལུས་དཀར་པོའི་མཐའ་ལ་མངོན་པར་བརྩོན་པ། འཇིགས་པ་ཐམས་ཅད་ 426a ༄#། །སྤངས་པ། བདེ་བ་དང ། ཡིད་བདེ་བ་ཐམས་ཅད་དང་ལྡན་པས་ཉིན་མཚན་འདའ་བར་བྱེད་པ་དང ། དགེ་བ་དང ། སྦྱིན་པ་དང ། དུལ་བ་དང ། ཡང་དག་པར་དགའ་བ་ལ་མངོན་པར་དགའ་བ་དང ། ལུས་དང ། སེམས་མི་ངལ་བར་བྱང་ཆུབ་ཀྱི་ལམ་ཚོལ་བ་ལ་བརྩོན་པར་བྱེད་དོ། །ཡང་འདི་སྐད་ཅེས་ཀྱང་སྨྲས་ཏེ། རིགས་ཀྱི་བུ། ཅི་སྟེ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བདག་གི་ལས་ཀྱི་དངོས་གྲུབ་འདི་སྩལ་ཞིང ། བྱིན་གྱིས་རློབ་པར་མཛད་དེ། རྗེས་སུ་ཡི་རང་བར་མཛད་ནས་བདག་གིས་འཁྲུག་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ། མ་རུངས་པ་ཐམས་ཅད་དད་པར་བགྱིད་པ། མི་དགེ་བའི་ཕྱོགས་ཐམས་ཅད་ཟློག་པར་བགྱིད་པ། དགེ་བའི་ཕྱོགས་ཐམས་ཅད་འཕེལ་བར་བགྱིད་པ། འབྱུང་པོ་ཐམས་ཅད་ཀྱི་སྙིང་པོ་རྡོ་རྗེ་ནམ་མཁའ་རྟོག་འཇུག་ཅེས་བགྱི་བའི་གསང་སྔགས་ཀྱི་ཚིག་བཤད་ཀྱི། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བདག་གི་དབྱངས་ཀྱི་དཀྱིལ་འཁོར་གྱི་ཚིག་བརྗོད་པ་བྱིན་གྱིས་བརླབ་ཏུ་གསོལ། འདི་ལྟར་བདག་གིས་སངས་རྒྱས་ཀྱི་ཞིང་འདི་མ་ལུས་པར་དབྱངས་ཀྱི་དཀྱིལ་འཁོར་གྱི་ཚིག་བརྗོད་པའི་ཡི་གེ་དང་སྒྲས་གང་པར་བགྱིས་ལ། དེ་བཞིན་དུ་ཅི་ནས་ཀྱང་འདིར་ལྷགས་པའི་འཁོར་རྣམས་དབྱངས་ཀྱི་དཀྱིལ་འཁོར་གྱི་ཚིག་བརྗོད་པའི་དོན་ཚིག་དང་ཡི་གེས་ཚིམ་པར་ 426b བགྱིའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འབྲོག་གནས་ལ་བོས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏེ། །རིགས་ཀྱི་བུ། ནག་པོའི་ཕྱོགས་ནི། སྐྲག་པར་བྱ་བ་དང ། དཀར་པོའི་ཕྱོགས་འབར་བར་བྱ་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་འདི་དག་གིས་ཁྱོད་ཀྱི་རྡོ་རྗེ་ནམ་མཁའ་རྟོག་འཇུག་ཅེས་བྱ་བའི་འབྱུང་པོ་ཐམས་ཅད་ཀྱི་སྙིང་པོའི་གསང་སྔགས་ཀྱི་གཟུངས་འདིའི་དབྱངས་ཀྱི་དཀྱིལ་འཁོར་གྱི་ཚིག་བརྗོད་པ་བྱིན་གྱིས་བརླབས་ཀྱི། སྐྱེས་བུ་དམ་པ་ཁྱོད་སྤྲོ་བར་གྱིས་ལ་འཁྲུག་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། འབྱུང་པོ་ཐམས་ཅད་ཀྱི་སྙིང་པོའི་གསང་སྔགས་ཀྱི་གཟུངས་མ་རུངས་པ་ཐམས་ཅད་ཟློག་པར་བྱེད་པ་རྡོ་རྗེ་ནམ་མཁའ་རྟོག་འཇུག་ཅེས་བྱ་བའི་གསང་སྔགས་ཀྱི་ཚིག་དེ་དག་སྨྲོས་ཤིག་།དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འབྲོག་གནས་སྟན་ལས་ལངས་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ག་ལ་བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་སངས་རྒྱས་ཀྱི་ཞིང་འདི་མ་ལུས་པར་དབྱངས་ཀྱིས་གོ་བར་བྱེད་པ། གསང་སྔགས་ཀྱི་ཚིག་འདི་དག་སྨྲས་སོ། །འདི་ལྟ་སྟེ། དྷུ་མ་དྷུ་མ། དྷ་མ་དྷ་མ། དྷཱུ་མ་དྷཱུ་མ། ནི་ལི་ན་ན་ལ། ནོ་ལ་ནཱི་ལ།་ཀུ་ཊ་ནི། མ་ཧཱ་ཀུ་ཊ་ནི། ཊ་ཊ་ཊ་ཊོ། མ་ཧཱ་ཏ་ཊ། ཨ་བཱ་ས། ཨ་བྷི། ཨ་བྷི། རི་ཎི་རི་ཎི། མ་ཧཱ་རི་ཎི་རི་ཎི། རི་མི་རི་མི་རི་མི། ད་རི་མི། རྀ་ཥི་མ་ཧཱ་རི་ཥི། ཤུ་ལུ་ཤུ་ལུ། མ་ཧཱ་ཤུ་ 427a ༄#། །ལུ་ཤུ་ལུ།་ཤུ་ལུ་དྷུ། མ་ཧཱ་ཤུ་ལུ་ཤུ་ལུ། ཨུ་གུ་མ། ཀུ་མ་གུ་མ་ན། རི་མི་རི་མི། ཧི་རི་ཧི་རི། ཧི་རི་ཧི་རི། ཧི་རི་ཧི་རི། ཧི་རི་ཧི་རི། ཧི་རི་ཧི་རི། ཧི་རི་ཧི་རི། ནི་མི་ནི་མི།་ཧི་ནི་ཧི་ནི། མུ་ནི་མུ་ནི། བུདྡྷི་ལི། པྲ་བ་ར་སྲིཥྛ། ལོ་ཀཱ་ཙརྱ། ཛི་ནི་ཛི་ནི། ཛི་ན་རི་ཥ་བྷེ། ཛི་ན་ཛི་ན་ཛི་ན་རི་ཥ་བྷ་སཝཱཧཱ། བཅོམ་ལྡན་འདས། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་ནས་དམངས་ཀྱི་ཁྱིམ་གྱི་བར་དུ་གང་དང་གང་ན་འབྱུང་པོ་ཐམས་ཅད་ཀྱི་སྙིང་པོ་རྡོ་རྗེ་ནམ་མཁའ་རྟོག་འཇུག་ཅེས་བགྱི་བ། གསང་སྔགས་ཀྱི་ཚིག་རིག་པ་ཆེན་མོ་འདི་བཤད་པའི་ཚེ་དེ་ན་གནོད་སྦྱིན་མ་རུངས་པ་ནས་ལུས་སྲུལ་པོ་མ་རུངས་པའི་བར་དུ་གང་དག་སེམས་མ་དད་པ་དང ། ལུས་དང ། ངག་དང ། ཡིད་ཀྱིས་བསླབ་པའི་སྔོམ་པ་ཡོངས་སུ་མི་ལེན་པ་དང ། སེམས་ཅན་དེ་དག་ལ་བྱམས་པའི་སེམས་ཉེ་བར་མི་གཞོག་པ་དེ་དག་གི་དོན་དུ་བདག་གིས་ཡང་ཤིན་ཏུ་མི་བཟད་པའི་གསང་སྔགས་ཀྱི་ཚིག་འདི་དག་བཤད་དོ། །འདི་ལྟ་སྟེ། ཨད་ཙེ། ཨད་ཙེ། མུ་ནེ། མུ་ནེ། ཨ་ག་ནེ། ཧུ་ཧུ། མུ་ནེ་མུ་ནེ། མ་ཧཱ་རྀ་ཥི་བྷ། ཧུ་ཧུ། ཨ་གྲ་དཎྜེ། ཨ་ཏ་ཨ་ཏ། ཨ་བྷི་བྷུ་ཏ། ཧི་ནི་ཧི་ནི། ཧི་རི་ཧི་རི། ཏི་རི་ཧི་རི། ཧི་རི་ཧི་རི་ཧི་རི། དྲི་གུ་མ། གུ་མ་གུ་མ་གུ་མ་ཧི། ཧི་ལི། ནི་ལི་ནི་ལི། མ་ཧཱ་ནི་ལི། ས་མུ་དྲ། མེ་ཁ། ཧ་ཊ་ཧ་ཊ་ཧ་ཊ། དྷ་ར་ཎ་མེ། དྷ་ར་ཎ་མེ། ཁཀྵ་པ། ཁ་ཀྵ་བ། 427b པྲྀ་ཐི་བི། ཨ་བ་ཏེ་ཛོ་བ་ར་ཡུ་ཨ་ཀྵ་ཤ་།ཐ་ཐ་ཐ། གུ་མ་བྷེ་བྷ། གུ་མ་བྷེ། ཨ་ག་ཤི་གུ་མ་བྷེ། ཛི་དྭ་གུ་མ་བྷེ། ས་རྦ་ད་ག་གུ་མ་བྷེ། རཱ་ཛཱ་གུ་མ་བྷེ། ས་མ་ཏ་གུ་མ་བྷེ་སཝཱཧཱ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འབྲོག་གནས་ཀྱིས་གསང་སྔགས་ཀྱི་ཚིག་འདི་དག་སྨྲས་མ་ཐག་ཏུ་དེ་ནས་དེའི་མོད་ལ་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལུས་སྲུལ་པོ་ཐམས་ཅད་འཁྲུགས་ཏེ་སྐྲག་ནས་སངས་རྒྱས་ཀྱི་ཞིང་འདི་ན་ས་དང་ནམ་མཁའ་ལ་གནས་པ་ཐམས་ཅད་འདར་རོ། །དེ་ནས་སྐད་ཅིག་དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་ལན་གསུམ་དུ་འདི་སྐད་ཅེས་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འབྲོག་གནས་གྱིས་ཤིན་ཏུ་མི་བཟད་པ་འབྱུང་པོ་ཐམས་ཅད་ཀྱི་སྙིང་ལ་གནོན་པའི་གསང་སྔགས་ཀྱི་ཚིག་རྣམས་སྨྲས་སོ། །ཞེས་བརྗོད་དོ། །འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་གི་གཟུངས་ལས། འབྲོག་གནས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་བཞེངས་པའི་བརྡ་དང ། རང་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་པའི་བརྡ་བསྟན་ཏོ། །དེ་ནས་དེའི་མོད་ལ་ཐམས་ཅད་དང་ལྡན་པའི་འཁོར་དང ། ས་དང་ནམ་མཁའ་ལ་གནས་པའི་སེམས་ཅན་རྣམས་ཀྱང་རབ་ཏུ་འདར། ཐམས་ཅད་དང་ལྡན་པའི་ས་འདི་ཡང་ 428a ༄#། །གཡོས།་ནམ་མཁའ་ལས་ཀྱང་མེ་ཏོག་གི་ཆར་བབ། བར་སྣང་ལས་ཀྱང་སིལ་སྙན་བྱེ་བའི་སྒྲ་བྱུང ། སྤོས་དང ། བདུག་པ་ཐམས་ཅད་ཀྱང་ཤིན་ཏུ་བྱུང ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་སྣང་བས་ཁྱབ་པར་བྱས་ནས་འཁོར་ཐམས་ཅད་ཐལ་མོ་སྦྱར་ཏེ་འཁོད་དོ། །དེ་ནས་དེ་བཞིན་གཤེགས་པ་ཙནྡན་གྱི་དྲི་ཆེན་པོ་ལ་མི་མཇེད་ཀྱི་བདག་པོ་ཚངས་པས་གསོལ་པ། བཅོམ་ལྡན་འདས། མ་འོངས་པའི་དུས་ན་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང ། འཆང་བ་དང ། ཀློག་པ་དང ། ཀུན་ཆུབ་པར་བྱེད་པ་དང ། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པ་དང ། ཡི་གེར་འབྲི་བ་དང ། བྲིས་ནས་འཆད་པར་བགྱིད་པའི་སེམས་ཅན་དེ་དག་དགེ་བའི་རྩ་བ་ཇི་ཙམ་དང་ལྡན་པར་འགྱུར།་སེམས་ཅན་དེ་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་དུ་ཞིག་གིས་བྱིན་གྱིས་བརླབས་པར་འགྱུར། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཙནྡན་གྱི་དྲི་ཆེན་པོས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ། ཅི་ནས་བདུད་ཀྱི་ཕྱོགས་ཚར་གཅད་པ་དང ། འཐབ་པའི་རྙོག་པ་ཐམས་ཅད་ཞི་བར་བགྱིད་པ་དང ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང ། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བ་དང ། ལམ་རྣམ་པར་དག་པར་བྱ་བའི་ཕྱིར་སངས་ 428b རྒྱས་ཐམས་ཅད་ཀྱི་ཁམས་དྲུག་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་གང་མ་འོངས་པའི་དུས་ན་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་ནས་བྲིས་ཏེ་འཆང་བའི་བར་གྱི་སེམས་ཅན་དེ་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཆོས་བཅུས་བྱིན་གྱིས་བརླབ་བོ། །བཅུ་གང་ཞེ་ན། ཚངས་པ། འདི་ལྟ་སྟེ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། སྲིན་པོ་དང ། གྲུལ་བུམ་དེ་དག་ལ་ཁྱོད་ཀྱིས་སེམས་ཅན་དེ་དག་རྟག་ཏུ་སྲུངས་ཤིག་།གནོད་པ་ལས་ཟློག་ཅིག་།ལུས་དང ། ངག་དང ། ཡིད་ཀྱི་ལས་དགེ་བ་ལ་ཚུད་ཅིག་།ཟས་དང ། སྐོམ་དང ། ལོངས་སྤྱོད་དང ། ཀུན་སྤྱོད་པ་མང་པོ་དང ། ནད་མེད་པ་ལ་མཁས་པས་བདག་གི་སྲོག་དང་ཡང་བསྔོས་ལ། སེམས་ཅན་དེ་དག་བཟུང་བར་གྱིས་ཤིག་།ཅེས་རིག་པས་གཏད་ནས་དེ་དག་གི་དྲན་པ་དང ། བློ་གྲོས་དང།་རྟོགས་པ་དང ། སྤོབས་པ་ལ་མཁས་པས་སྐྱོན་མེད་པར་འགྱུར་རོ། །དེ་དག་གི་ཡིད་ཀྱི་བརྣག་པ་འདོད་པའི་ཡོན་ཏན་དང་ལྡན་པས་གནས་པར་མི་འགྱུར་ཏེ། དེ་དག་སྟོང་པ་ཉིད་ལ་གནས་པར་འགྱུར་རོ། །དེ་དག་སེམས་དང་མཚུངས་ཤིང་ཟབ་མོ་བཟོད་པ་དང་ལྡན་པ་ལ་བསྡུ་བའི་དངོས་པོ་ལའང་བརྩོན་པར་འགྱུར་རོ། །དགེ་བའི་ཆོས་ལ་གནས་ནས་སེམས་ 429a ༄#། །ཅན་གྱི་འཁོར་གྱི་ལུས་ལ་སྙིང་པོ་བླངས་ཏེ་དངོས་པོ་གསུམ་ཡོངས་སུ་དག་པའི་བྱང་ཆུབ་ཀྱི་སྤྱོད་པ་ཉམས་འོག་ཏུ་ཆུད་པར་འགྱུར་རོ། །ཏིང་ངེ་འཛིན་རིན་པོ་ཆེའི་རྒྱལ་མཚན་ཡང་ཐོབ་པར་འགྱུར་ཏེ། ཏིང་ངེ་འཛིན་དེས་ཏིང་ངེ་འཛིན་ཐམས་ཅད་ལ་རྣམ་པར་སྤྱོད་པའི་ཤེས་པ་ལའང་མཁས་པར་འགྱུར་རོ། །འཆི་བའི་དུས་ཀྱི་ཚེའང་སེམས་ཅན་དེ་དག་གི་མདུན་དུ་སངས་རྒྱས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང ། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་དུ་བདར་བ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཅིང་བཞུགས་པ་གྲངས་མེད་དཔག་ཏུ་མེད་པ་དག་ཀྱང་མཐོང་བར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་དོན་དང ། ཚིག་དང ། ཡི་གེར་ལྡན་པའི་ཆོས་བཤད་པ་དེ་ལྟ་བུའང་ཐོས་པར་འགྱུར་རོ། །ཐམས་ཅད་ལས་ཁྱད་པར་འཕགས་པ་ཟང་ཟིང་མེད་པའི་དགའ་བ་དང ། མཆོག་ཏུ་དགའ་བའི་བར་དུ་ཐོབ་ནས་ལས་ཀྱི་སྒྲིབ་པ་མི་དགེ་བ་དེ་དག་ཐམས་ཅད་རྣམ་པར་ཤེས་པ་ཐ་མ་ལ་ཆོས་དང་ལྡན་པས་མགོ་མཉམ་དུ་འགག་པར་འགྱུར་རོ། །ཇི་ལྟར་བསམ་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བརྫུས་ཏེ་སྐྱེ་བར་འགྱུར་ཞིང ། སངས་རྒྱས་ཀྱི་ཞིང་གང་ན་སངས་རྒྱས་བཅོམ་ལྡན་འདས་དག་འཚོ་ཞིང་གཞེས་ལ་བཞུགས་ཏེ་ཐེག་པ་ཆེན་པོའི་གཏམ་འབའ་ཞིག་འཆད་པའི་སངས་རྒྱས་ཀྱི་ཞིང་དེར་ 429b སེམས་ཅན་དེ་དག་ཐེག་པ་ཆེན་པོ་ལ་གནས་ཤིང་སྒྲིབ་པ་མེད་པའི་ཡེ་ཤེས་དང་ལྡན་པའི་སེམས་ནམ་མཁའ་དང་མཚུངས་པའི་སེམས་ཅན་དེ་དག་དང་འགྲོགས་པར་འགྱུར་ཏེ། རིང་པོ་མི་ཐོགས་པར་ཡོན་ཏན་དེ་དག་དང་ལྡན་པར་འགྱུར་རོ། །སེམས་ཅན་དེ་དག་རང་གི་སྨོན་ལམ་མ་གཏོགས་པར་ཕྱིན་ཆད་ཉོན་མོངས་པ་ཅན་སྙིགས་མ་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་སྐྱེ་བར་མི་འགྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཚངས་པ། ད་ལྟར་དང ། མ་འོངས་པའི་དུས་ན་དམ་པའི་ཆོས་ཀྱི་ཚུལ་འདི་འབར་བར་བྱེད་ཅིང ། གཟུངས་ཀྱི་ཕྱག་རྒྱའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་ནས་གླེགས་བམ་ལ་བྲིས་ཏེ་འཆང་བའི་བར་གྱི་སེམས་ཅན་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བཅུ་པོ་དེ་དག་གིས་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་དག་ནི། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་སྟེ། ཉེ་བའི་ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་རྣམས་ལ་བཀའ་སྩལ་པ། ཀྱེ་གྲོགས་པོ་དག་།སངས་རྒྱས་བཅོམ་ལྡན་འདས་གང་སུ་དག་ཕྱོགས་བཅུ་ནས་འདིར་ 430a ༄#། །བྱོན་པ་དེ་དག་ཐམས་ཅད་ཀྱིས་ཁྱེད་ལ་ཐུགས་བརྩེ་བ་དང ། འཇིག་རྟེན་གྱི་ཁམས་འདིར་ཕྱི་རོལ་གྱི་དངོས་པོ་རྣམ་པར་སྦྱང་པ་དང ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང ། བྱང་ཆུབ་ཀྱི་སྤྱོད་པ་རབ་ཏུ་བསྟན་པ་དང ། བདུད་ཀྱི་ཕྱོགས་ཕམ་པར་བྱ་བ་དང ། ཆོས་ཀྱི་རྒྱལ་མཚན་བསྒྲེང་བ་དང ། སངས་རྒྱས་ཀྱི་བྱ་བ་མ་ལུས་པར་བསྟན་པ་དང ། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་འཆད་པར་བྱ་བ་དང ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང ། ཉེ་བར་འཚེ་བ་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང ། མ་རུངས་པ་ཐམས་ཅད་བཟློག་པ་དང ། འཇིགས་པ་ཐམས་ཅད་ལས་བསྲུང་བ་དང ། ལྟ་བ་ངན་པ་ཐམས་ཅད་སྤང་བ་དང ། བྱང་ཆུབ་ཀྱི་ལམ་ལ་གཟུང་བ་དང ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱ་བ་དང ། ལས་དང་ཉོན་མོངས་པ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་ངོ་མཚར་ཞིང་རྨད་དུ་བྱུང་བ་སྔོན་མ་ཐོས་པ་གཟུངས་ཀྱི་ཚིག་ཟབ་མོ་རབ་ཏུ་དབྱེ་བ་ལ་འཇུག་པའི་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འདི་བཤད་དེ། དེ་མ་ཆགས་པ་མེད་པའི་གཟུངས་ལ་སྤོབས་པ་དང ། ཡེ་ཤེས་ནམ་མཁའ་དང་མཚུངས་པ་ལ་གཟུད་པ་དང ། ཚུལ་གཅིག་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་ཁྱིམ་དང ། གྲོང་དང ། གྲོང་ཁྱེར་དང ། ཡུལ་སྲུང་བ་ནས་གླིང་བཞི་སྲུང་བ་དང ། ལྷ་དང ། ཀླུ་དང ། མི་དང་ 430b མི་མ་ཡིན་པ་སྲུང་བ་དང ། འབྲུ་དང ། སྨན་དང ། ལོ་མ་དང ། མེ་ཏོག་དང ། འབྲས་བུ་དང ། ལོ་ཏོག་རྣམས་སྲུང་བ་དང ། ཆོས་སྨྲ་བ་དང ། ཆོས་ཉན་པའི་བར་དག་སྲུང་བར་འགྱུར་རོ། ། གྲོགས་པོ་དག་།སངས་རྒྱས་ཀྱི་ཞིང་འདིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལས་དངོས་པོ་རེ་རེའང་སྙིང་རྗེ་ཆེན་པོ་ལ་འཇུག་པའི་ཡེ་ཤེས་ཀྱི་རྒྱུ་མཐུན་པ་རྣམ་པ་བཅུས་བྱིན་གྱིས་བརླབས་སོ། །གྲོགས་པོ་དག་།དགེ་བའི་ཆོས་ཐམས་ཅད་བྱིན་གྱིས་བརླབས་པའི་ཕྱིར་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་མ་ལུས་པ་ཡོངས་སུ་སྤྱོད་དོ། །སངས་རྒྱས་ཀྱི་ཞིང་འདི་ནི། སངས་རྒྱས་ཀྱི་ཞིང་དུ་སྐྱེས་པ་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་པ། བླ་མའི་གནས་སྟོན་པར་ཀུན་གྱིས་བཀུར་བ། ཕྱག་བྱ་བའི་གནས་སུ་གྱུར་པ་སྟེ། འདི་ལྟར་མཚམས་མེད་པ་ལྔ་བྱེད་པ། མི་དགེ་བའི་རྩ་བ་དང་ལྡན་པ་དག་ཀྱང་ལས་ཀྱི་སྒྲིབ་པ་ཡིད་དུ་མི་འོང་བའི་འབྲས་བུ་དེ་དག་མ་ལུས་པར་ཡོངས་སུ་བྱང་བར་འགྱུར་རོ། །དེ་དག་ཐམས་ཅད་ལས་ཀྱི་སྒྲིབ་པ་སྤངས་ནས་དགེ་བའི་ཆོས་རྣམས་ལ་གནས་པར་འགྱུར་ཏེ། གྲོགས་པོ་དང ། དེ་ལྟ་བུ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐྱེས་བུའི་མཐུ་ཆེན་པོའོ། །གྲོགས་པོ་དག་།ཁྱེད་ཀྱིས་སངས་རྒྱས་ཀྱི་ཞིང་འདིར་བསྟི་སྟང་དུ་བྱས་ཏེ་དམ་པའི་ཆོས་འདི་གཟུང་བར་བྱ། བསྲུང་བར་བྱའོ། །དམ་པའི་ཆོས་འཛིན་པའི་གང་ 431a ༄#། །ཟག་ཁྱིམ་ན་གནས་པ་དང ། རབ་ཏུ་བྱུང་བ་དང ། ཆོས་ལ་ནན་ཏན་བྱེད་པ་རྣམས་ཀྱང་བསྲུང་བར་བྱའོ། །དེ་ལྟར་ན་ཁྱེད་ལ་ཕན་པ་དང ། བདེ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་གི་རྒྱལ་མཚན་གྱིས་དེའི་ཚེ་ཆོས་ཀྱི་རྣམ་གྲངས་འདིའི་ཡོན་ཏན་དང ། ཕན་ཡོན་རབ་ཏུ་རྫོགས་པར་བྱ་བའི་ཕྱིར་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་གིས་ཞིང་ཀུན་གསེར་གྱིས་རབ་ཏུ་བཀང་ནས་ནི། །སྐྱོབ་པ་མགོན་པོ་དག་ལ་མཆོད་པ་ཕུལ་བ་བས། །གང་ཞིག་དམ་པ་མཆོག་གི་མདོ་འདི་འཛིན་བྱེད་ན། ། འཇིགས་མེད་དེས་ནི་བསོད་ནམས་དཔག་ཏུ་མེད་པ་ཐོབ། །དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་གདུགས་ཀྱི་དཔལ་གྱིས་ཀྱང་འདི་སྐད་ཅེས་བཀའ་སྩལ་ཏོ། །བརྒྱ་ཚང་པ་ཡི་གསེར་རྣམས་ལས། །གངྒཱའི་རླུང་གི་བྱེ་མ་སྙེད། །ཁྱུ་མཆོག་ཐུབ་ལ་ཕུལ་བས་ནི། །མདོ་འདིའི་བསོད་ནམས་མཚུངས་མི་ཐོབ། །དེ་ནས་དེ་བཞིན་གཤེགས་པ་རི་བོ་བརྩེགས་ཀྱིས་ཀྱང་འདི་སྐད་ཅེས་བཀའ་སྩལ་ཏོ། །མེ་ཏོག་ཚོགས་ཀྱི་གདུགས་མཆོག་སྤྲིན་རྣམས་ཀྱིས་ནི་ནམ་མཁའ་ཁེབས་བྱས་ཏེ། །གང་གིས་མཆོད་ཕྱིར་དགའ་མགུའི་ཡིད་ཀྱིས་སངས་རྒྱས་རྣམས་ལ་ཕུལ་བ་བས། །གང་ཞིག་ཕྱིན་ཆད་ཟད་འགྱུར་འཇིགས་ལྡན་དུས་ན་མདོ་འདི་འཛིན་བྱེད་ན། །དེ་ཡི་བསོད་ནམས་ཚད་དག་སེམས་ཅན་ཀུན་གྱིས་བརྗོད་པར་མི་ནུས་སོ། །དེ་ནས་བཅོམ་ 431b ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཀྱང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཐུབ་པའི་སྤྱན་སྔར་མར་མེའི་སྙིང་པོ་དྲི་ཞིམ་ཏིལ་གྱིས་བྱུགས་པ་རི་རབ་ཙམ། །མར་མེ་བུས་པ་འཛུམ་པའི་བཞིན་གྱིས་གུས་པར་བསྐལ་པ་བྱེ་བར་བཟུང་བ་བས། །གང་གཞན་ལ་ལས་བསོད་ནམས་འདོད་པ་བསྒྲིབས་པ་སྲབ་པར་སྨོན་པ་དེ་དག་གིས། །ཟད་པའི་དུས་ཚེ་འཁོར་དུ་མདོ་སྡེའི་གཏམ་བྱས་པ་ནི་བསོད་ནམས་ཁྱད་པར་འཕགས། །དེ་ནས་དེ་བཞིན་གཤེགས་པ་མི་འཁྲུགས་པས་ཀྱང་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་འཆང་བ་གང་གིས་བཟོད་པ་སྒོམ་ཞིང་རྟག་ཏུ་བརྩོན་འགྲུས་རྩོམ། །རྟག་ཏུ་བསམ་གཏན་གཞོལ་ཞིང་མཉམ་བཞག་ལུས་ཀྱིས་ཤེས་རབ་སྤེལ་བ་བས། །ཟད་པའི་དུས་ངན་ཚེན་གང་ཞིག་དམ་ཆོས་ཕྱག་རྒྱ་འདི་འཛིན་པ། །དེ་ཡི་བཟོད་དང་བརྩོན་འགྲུས་འདི་ནི་མཚུངས་མེད་ཤེས་རབ་གཞལ་དུ་མེད། །དེ་ནས་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་རྡུལ་དང་བྲལ་བའི་སྟོབས་ཀྱིས་རྣམ་པར་གནོན་པས་ཀྱང་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་གིས་མདོ་འདི་བཤད་ནས་བཟུང་དང་མངོན་པར་བྲིས་པ་དང ། །གཞན་དག་འཛིན་བཅུག་གུས་པར་རྟག་ཏུ་ཀློག་པ་དང ། །བདུག་པ་མེ་ཏོག་ཕྲེང་བ་གོས་མཆོག་རྣམས་ཀྱིས་མཆོད། །བསོད་ནམས་གང་ཐོབ་དེ་ནི་བརྗོད་པར་མི་ནུས་སོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་གྲངས་མེད་པ་དེ་དག་གིས་མདོ་སྡེ་ 432a ༄#། །འདིའི་བསྔགས་པ་དང ། ཡོན་ཏན་དང ། ཕན་ཡོན་དཔག་ཏུ་མེད་པར་བརྗོད་ནས་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དེ་དག་ལ་བོས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་གྲོགས་པོ་དག། ལས་ཀྱི་སྒྲིབ་པ་དང ། ཉོན་མོངས་པ་ཐམས་ཅད་བྱང་བར་བྱེད་པ། ཕྱི་མའི་དུས་ན་གང་ཐོས་པ་ཙམ་གྱིས་ཀྱང་སེམས་ཅན་རྣམས་ཀྱི་ལས་ཀྱི་སྒྲིབ་པ་དང ། ཉོན་མོངས་པ་ཐམས་ཅད་ཟད་པར་འགྱུར་བའི་ཆོས་ཀྱི་རྣམ་གྲངས་འདི་ཟུངས་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཐམས་ཅད་དང་ལྡན་པའི་འཁོར་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་གི་གཟུངས་ལས། མཐར་ཕྱིན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།འཕགས་པ་འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་གི་གཟུངས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང ། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། |