།།རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏ་ཛྙཱ་ན་མུ་དྲཱ་ས་མཱ་དྷི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལནྟ་ཀའི་གནས་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་སུམ་ཅུ་ཐམས་ཅད་ཀྱང་གཟུངས་ཐོབ་པ། སྤོབས་པ་ཐོགས་པ་མེད་པ། ཏིང་ངེ་འཛིན་ཐོབ་པ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པ། མཚན་མ་མེད་པའི་སྤྱོད་ཡུལ་བ། སྨོན་ལམ་བཅོས་མ་མ་ཡིན་པ། སྨོན་པ་མེད་པ་ལ་གནས་པ། སྤྱོད་ལམ་བཅོས་པ་མེད་པ། སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ཐོབ་པ། མཉམ་པ་ཉིད་དུ་བཟོད་པ་ཐོབ་པ། མཉམ་པ་ཉིད་ཐོབ་པ། ཐོགས་པ་མེད་པའི་གཟུངས་ཐོབ་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང ། མཆོག་མ་ཡིན་པ་ཤེས་པ་དང ། བསམ་པ་དང ། 367b སྤྱོད་པའི་ཚུལ་ཤིན་ཏུ་ཤེས་པ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་ཏིང་ངེ་འཛིན་གཟུགས་མེད་པ། བསྟན་དུ་མེད་པ། གཟུང་བ་མེད་པ། ཐོགས་པ་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། རྣམ་པར་རིག་པར་བྱ་བ་མ་ཡིན་པ། སེམས་དང ། ཡིད་དང ། རྣམ་པར་ཤེས་པ་དང་བྲལ་པ། རྩ་བ་མེད་པ། རྟེན་པ་མེད་པ། དམིགས་སུ་མེད་པ། མི་མཉམ་པ་དང ། མཉམ་པ་མེད་པ། ཟླ་མེད་པ། ང་ཡི་བ་མེད་པ། ཡོངས་སུ་འཛིན་པ་མེད་པ། མི་བྱ་བ། མ་བྱས་པ། མ་སོང་བ། མ་འོངས་པ། འགྲོ་བ་མེད་པ། མི་གནས་པ། རྒྱུན་ཆད་པ་མེད་པ། གནས་མེད་པ། མཚན་མ་མེད་པ། མཚན་མ་ཐམས་ཅད་དང་བྲལ་བ། བླང་བ་མེད་པ། དོར་བ་མེད་པ། འདུས་མ་བྱས་པ། མངོན་པར་འདུ་མི་བྱེད་པ། འདུ་བ་མེད་པ། བྲལ་བ་མེད་པ། སེམས་མེད་པ། སེམས་དང་བྲལ་བ། ཀུན་ཏུ་འབྱུང་བ་མེད་པ། རྩོམ་པ་མེད་པ། ཡོང་སུ་གྲུབ་པ་མེད་པ། མ་བྱུང་བ། ཀུན་ཏུ་མ་བྱུང་བ། རབ་ཏུ་རྒྱུ་བ་མེད་པ། ཡང་དག་པར་རྒྱུ་བ་མེད་པ། ཤིན་ཏུ་སྟོང་པ། འདྲེ་བ་མེད་པ། ཆོས་ཐམས་ཅད་ལ་སྒྲོ་བཏགས་པ་མེད་པ། འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་གཟུངས་ཀྱི་སྒོ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་སྐུའང་མི་སྣང ། སྐུའི་མཚན་ 368a ༄#། །མའང་མི་སྣང ། སེམས་དང ། སེམས་ཀྱི་མཚན་མའང་མི་སྣང ། ན་བཟའ་དང ། ན་བཟའི་མཚན་མའང་མི་སྣང ། གདན་དང ། གདན་གྱི་མཚན་མའང་མི་སྣང ། གཟིམས་པ་དང ། གཟིམས་པའི་མཚན་མའང་མི་སྣང ། འཆག་པ་དང ། འཆག་པའི་མཚན་མའང་མི་སྣང ། བཞེངས་པ་དང ། བཞེངས་པའི་མཚན་མའང་མི་སྣང ། གནས་པ་དང ། གནས་པའི་མཚན་མའང་མི་སྣང ། གྲིབ་མའི་དབྱིབས་དང ། གྲིབ་མའི་དབྱིབས་ཀྱི་མཚན་མའང་མི་སྣང ། བཞུགས་པ་དང ། བཞུགས་པའི་མཚན་མའང་མི་སྣང་ཞིང ། སྒྲ་དང ། སྒྲའི་མཚན་མའང་མི་གྲག་གོ་།དེ་ནས་ཏིང་ངེ་འཛིན་དེའི་མཐུ་དང ། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ནས། འདི་ལྟ་བུའི་འོད་ཀྱིས་སྣང་བར་བྱས་ཏེ། འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཟླ་བའི་འོད་ཀྱང་མི་སྣང ། ཉི་མ་དང ། སྐར་མ་དང ། མེ་དང ། ནོར་བུ་དང ། གློག་གི་འོད་རྣམས་ཀྱང་མི་སྣང།་དྲི་ཟ་རྣམས་དང ། མི་འམ་ཅི་རྣམས་དང ། འདོད་པ་ན་སྤྱད་པ་དང ། གཟུགས་ན་སྤྱོད་པའི་ལྷ་རྣམས་དང ། སྐར་མ་རྣམས་དང ། ལྷའི་གཞལ་མེད་ཁང་གི་འོད་ཀྱང་མི་སྣང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་རྣམས་ཀྱི་འོད་ཀྱང་མི་སྣང་ངོ ། །སངས་རྒྱས་ཀྱི་བྱིན་གྱི་རླབས་དང ། ཏིང་ངེ་འཛིན་དེའི་མཐུས་གང་ལྷ་ཁ་ཅིག་ཀྱང་ལྷའི་དྲི་མི་ཚོར་ཏེ། སྟོང་ 368b གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ལྷའི་དྲི་ལས་ཤིན་ཏུ་འདས་པའི་དྲིས་དྲི་རབ་ཏུ་ཞིམ་པར་བྱས་སོ། །འཇིག་རྟེན་གྱི་བར་ཐམས་ཅད་ཀྱང་སྣང་བར་གྱུར་ཁོར་ཡུག་གི་རི་དང ། ཁོར་ཡུག་གི་རི་ཆེན་པོའང་སྣང་བར་བྱས། རི་རབ་དང ། དེ་མ་ཡིན་པ་རིའི་རྒྱལ་པོ་གཞན་དག་དང ། རི་ནག་པོ་དག་ཀྱང་སྣང་བར་གྱུར་ཏེ། ཕྱིས་ནི་སེམས་ཅན་གང་གི་མིག་གི་དབང་པོ་ལའང་སྣང་བར་མ་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཀྱང་རིན་པོ་ཆེའི་དྲ་བས་ཀུན་ཏུ་བསྐོར་བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་མི་མཇེད་འདི་ཐམས་ཅད་དུའང་དར་གྱི་ལྡ་ལྡི་བྲེས་ཤིང་པོག་སྣོད་ནས་སྤོས་ཀྱིས་བདུགས་ལ་མེ་ཏོག་སྣ་ཚོགས་བཀྲམ་པར་གྱུར་ཏོ། །སངས་རྒྱས་ཀྱི་མཐུས་འོད་མའི་ཚལ་བྱ་ཀ་ལནྟ་ཀའི་གནས་ཀྱང་བྱ་རྒོད་ཀྱི་ཕུང་པོའི་རི་དང་བཅས་ཏེ། དེ་དག་ཐམས་ཅད་ལག་མཐིལ་བཞིན་དུ་མཉམ་པར་གྱུར་ཅིང ། ཤིང་རྟའི་འཕང་ལོ་ཙམ་གྱི་རིན་པོ་ཆེ་སྣ་ཚོགས་ཀྱི་པདྨ་ཆེན་པོ་འདབ་མ་བརྒྱ་སྟོང་ཡོད་པ། དྲི་རབ་ཏུ་ཞིམ་ཞིང་ཡིད་དུ་འོང་བས་ཀུན་གང་བར་གྱུར་ཏོ། །སྟེང་གི་བར་སྣང་ལས་ཀྱང་རིན་པོ་ཆེའི་དྲ་བའི་གདུགས་ཀྱིས་གཡོགས་ཤིང་བརྒྱན་ཏོ། །ཡུལ་མ་ག་དྷཱ་ཐམས་ཅད་ཀྱང་གོས་ཀ་ཙ་ལིནྡི་ཀ་ལྟར་རེག་ན་བདེ་བར་གྱུར་ཏོ། །དེ་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ 369a ༄#། །ཏུ་སྐྱེ་བ་གཅིག་གིས་ཐོགས་པ། ཚད་མེད་པ། གྲངས་མེད། དཔག་ཏུ་མེད་པ་བརྒྱ་སྟོང་རྣམས་ཀྱང་སོ་སོའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བསྐུལ་ཏེ། རིགས་ཀྱི་བུ་དག། འཇིག་རྟེན་གྱི་ཁམས་མི་མཇེད་དུ་དེངས་ཤིག་།དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་དེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་གཟུངས་ཀྱི་སྒོ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །རིགས་ཀྱི་བུ་དག་།ཏིང་ངེ་འཛིན་དེ་ཐོས་པ་ཙམ་གྱིས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཅེས་སྤྲས་བྱེད་པར་འགྱུར་ཏེ། ཐབས་མཁས་པ་མེད་པར་བསྐལ་པ་བརྒྱ་སྟོང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་ནི་དེ་ལྟ་མ་ཡིན་གྱི། ཏིང་ངེ་འཛིན་དེ་ཉན་དུ་དེངས་ཤིག་།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སོ་སོའི་དེ་བཞིན་གཤེགས་པ་རྣམས་ཀྱི་ལྟར་མཉན་ནས། བཅོམ་ལྡན་འདས་དེ་དག་ལ་ཕྱག་བཙལ་ཏེ། སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་སངས་རྒྱས་ཀྱི་ཞིང་དེ་དག་ནས་མི་སྣང་བར་གྱུར་ནས་རང་རང་གི་མངོན་པར་ཤེས་པའི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ག་ལ་བ་དང ། དབུས་ཀྱི་གླིང་བཞི་པ་ག་ལ་བ་དང ། ཛམྦུའི་གླིང་ག་ལ་བ་དང ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ 369b ག་ལ་བ་དང ། འོད་མའི་ཚལ་བྱ་ཀ་ལནྟ་ཀའི་གནས་ག་ལ་བ་དང ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་འོངས་ཏེ་ལྷགས་ནས།་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས།་ཕྱོགས་གཅིག་ཏུ་འཁོད་དེ། བཅོམ་ལྡན་འདས་ཀྱིས་གནས་ནས་དེ་དག་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ཀྱི་པདྨ་ཆེན་པོ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་དོ། །དེ་བཞིན་དུ་སྦྱོར་ཏེ། ལྷོ་ཕྱོགས་དང ། ནུབ་ཕྱོགས་དང ། བྱང་ཕྱོགས་དང ། འོག་གི་ཕྱོགས་དང ། སྟེང་གི་ཕྱོགས་དང ། དེ་བཞིན་དུ་ཕྱོགས་དང ། ཕྱོགས་མཚམས་དང ། ཕྱོགས་མཚམས་དང་ཉེ་བ་དང ། ཕྱོགས་བཅུ་ཀུན་ཏུ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེ་བ་གཅིག་གིས་ཐོགས་པ། ཚད་མེད། གྲངས་མེད། དཔག་ཏུ་མེད་བ་བརྒྱ་སྟོང་དེ་དག་སོ་སོའི་དེ་བཞིན་གཤེགས་པ་དེ་དག་གིས་བཀྱེ་སྟེ། རིགས་ཀྱི་བུ་དག་།ཁྱེད་འཇིག་རྟེན་གྱི་ཁམས་མི་མཇེད་དུ་དེངས་ཤིག་།དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་དེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་གཟུངས་ཀྱི་སྒོ་དེ་བཞིན་ 370a ༄#། །གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །རིགས་ཀྱི་བུ་དག་།ཏིང་ངེ་འཛིན་དེའི་མིང་ཐོས་པ་ཙམ་གྱིས་ཀྱང ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཅེས་སྤྲས་བྱེད་པར་གྱུར་ཏེ། ཐབས་མཁས་པ་མེད་པར་བསྐལ་པ་བརྒྱ་སྟོང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་ནི་དེ་ལྟ་མ་ཡིན་གྱི། ཏིང་ངེ་འཛིན་དེ་ཉན་དུ་དེངས་ཤིག་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སོ་སོའི་དེ་བཞིན་གཤེགས་པ་དག་གི་ལྟར་མཉན་ནས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ཏེ། སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་སངས་རྒྱས་ཀྱི་ཞིང་དེ་དག་ནས་མི་སྣང་བར་གྱུར་ནས་རང་རང་གི་མངོན་པར་ཤེས་པའི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ག་ལ་བ་དང ། དབུས་ཀྱི་གླིང་བཞི་པ་ག་ལ་བ་དང ། ཛམྦུའི་གླིང་ག་ལ་བ་དང ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང ། འོད་མའི་ཚལ་བྱ་ཀ་ལནྟ་ཀའི་གནས་ག་ལ་བ་དང ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་འོངས་ཏེ་ལྷགས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་ཕྱོགས་གཅིག་ཏུ་འཁོད་དེ། བཅོམ་ལྡན་འདས་ཀྱིས་གནང་ནས་དེ་དག་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ 370b ཀྱི་པདྨ་ཆེན་པོ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་དགེ་སློང་གང་དག་ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའམ། བྱང་ཆུབ་སེམས་དཔའི་ཐེག་པ་ལ་གནས་པ་ཡུལ་སོ་སོར་རྒྱུ་ཞིང་དོང་བ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་མཐུ་དང ། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་འོངས་ཏེ་ལྷགས་ནས། བཅོམ་ལྡན་འདས་གང་དུའང་མ་མཐོང་ངོ ། །མ་མཐོང་ནས་ཐལ་མོ་སྦྱར་ཏེ་ཕྱག་བཙལ་ལོ། །འདི་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་འདིའི་གཟི་བརྗིད་ཀྱི་མཐུས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ་འོད་མའི་ཚལ་བྱ་ཀ་ལནྟ་ཀའི་གནས་སུ་བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཅུ་འདུས་པར་གྱུར་ཏེ་འཁོད་དོ། །ཉན་ཐོས་འབུམ་ཕྲག་གསུམ་ཡང་འདུས་པར་གྱུར་ཏེ་འཁོད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་པ་དང ། དབང་ཕྱུག་ཆེན་པོ་དང ། གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་དང ། ལྷ་ཐམས་ཅད་དང ། ལྷའི་དབང་པོ་རྣམས་དང ། ཀླུ་ཐམས་ཅད་དང ། ཀླུའི་དབང་པོ་རྣམས་དང།་གནོད་སྦྱིན་ཐམས་ཅད་དང ། གནོད་སྦྱིན་གྱི་དབང་པོ་རྣམས་དང ། དྲི་ཟ་ཐམས་ཅད་དང ། དྲི་ཟའི་དབང་པོ་རྣམས་དང ། ལྷ་མ་ཡིན་ཐམས་ཅད་དང ། ལྷ་མ་ཡིན་གྱི་དབང་པོ་རྣམས་ 371a ༄#། །དང།་ནམ་མཁའ་ལྡིང་ཐམས་ཅད་དང ། ནམ་མཁའ་ལྡིང་གི་དབང་པོ་རྣམས་དང ། མིའམ་ཅི་ཐམས་ཅད་དང ། མིའམ་ཅིའི་དབང་པོ་རྣམས་དང ། ལྟོ་འཕྱེ་ཆེན་པོ་ཐམས་ཅད་དང ། ལྟོ་འཕྱེ་ཆེན་པོའི་དབང་པོ་རྣམས་དང ། འདབ་བཟང་ཐམས་ཅད་དང ། འདབ་བཟང་གི་དབང་པོ་རྣམས་དང ། དེ་དག་ཐམས་ཅད་སོ་སོའི་གཡོག་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དང ། འོད་མའི་ཚལ་བྱ་ཀ་ལནྟ་ཀའི་གནས་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་འོངས་ཏེ་ལྷགས་ནས། བཅོམ་ལྡན་འདས་གང་དུའང་མ་མཐོང་ངོ ། །མ་མཐོང་ནས་ཐལ་མོ་སྦྱར་ཏེ་ཕྱག་བཙལ་ལོ། །དེའི་ཚེ་དབང་ཆེ་བ་དབང་ཆེ་བར་གྲགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང ། ཉན་ཐོས་ཆེན་པོ་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་པ་དང ། དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་སྙེན་མ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྟེང་དུ་སྲིད་པའི་རྩེ་མོ་མན་ཆད་ས་ཕྱོགས་གང་ཡང་མ་གང་བ་མེད་དེ། ཐ་ན་སྐྲའི་རྩེ་མོའི་ཆ་བཞག་པ་ཙམ་ཡང་དག་པ་མེད་པར་གྱུར་ཏོ། །དེ་ནས་གནས་བརྟན་ཤཱ་རདྭ་ཏིའི་བུ་དང ། མཽངྒལ་གྱི་བུ་ཆེན་པོ་དང ། གནས་བརྟན་གསུས་པོ་ཆེ་དང ། ཀཱ་ཏྱའི་བུ་ཆེན་པོ་དང ། འོད་སྲུང་ཆེན་པོ་དང ། 371b ཚེ་དང་ལྡན་པ་བྱམས་པའི་བུ་གང་པོ་དང ། གནས་བརྟན་རབ་འབྱོར་དང ། ཉན་ཐོས་ཆེན་པོ་དེ་དག་ཐམས་ཅད་འཇམ་དཔལ་གཞོན་ནུར་གྱུར་པ་ག་ལ་བ་དེར་དོང་སྟེ་ཕྱིན་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། དེ་བཞིན་གཤེགས་པ་ད་ལྟར་གང་ན་བཞུགས། དེ་བཞིན་གཤེགས་པའི་སྐུའི་ཚུལ་འདི་ཅི་འདྲ། དེ་བཞིན་གཤེགས་པའི་བཞུགས་པ་དེ་ཅི་འདྲ། དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་ཉན་ཐོས་ཆེན་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་།ཁྱེད་ཅག་ཐམས་ཅད་ཀྱང་ཉན་ཐོས་ཆེན་པོ་ཤེས་རབ་དང་ལྡན་པ། རྫུ་འཕྲུལ་ཆེན་པོ་དང་ལྡན་པ། མཐུ་ཆེ་བ། དབང་ཆེ་བ། མཁས་པ་ཆེན་པོའི་ཏིང་ངེ་འཛིན་ལ་དབང་ཐོབ་པ། ཡུན་རིང་པོ་ནས་ཚངས་པར་སྤྱོད་པ་སྤྱད་པ་ཡིན་ན། ཚེ་དང་ལྡན་པ་དག་།སོ་སོ་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ལ། དེ་བཞིན་གཤེགས་པའི་སྐུ་དང ། དེ་བཞིན་གཤེགས་པ་བཞུགས་པ་ཡོངས་སུ་ཚོལ་ཅིག ། དེ་བཞིན་གཤེགས་པའི་སྐུ་དེ་ག་ལ་ཡོད་པ་དང ། དེ་བཞིན་གཤེགས་པའི་སྐུ་དེ་ཅི་འདྲ་བ་དང ། དེ་བཞིན་གཤེགས་པའི་བཞུགས་པ་ཅི་འདྲ་བ་ཡོངས་སུ་ཚོལ་ཅིག་།དེ་ནས་ཉན་ཐོས་ཆེན་པོ་དེ་དག་རང་རང་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བརྟགས་ཏེ། བརྟགས་ནས་ཀྱང་དེ་བཞིན་གཤེགས་ 372a ༄#། །པའི་སྐུའང་མ་མཐོང ། དེ་བཞིན་གཤེགས་པའི་བཞུགས་པའང་མ་མཐོང་ངོ ། །དེ་ནས་ཉན་ཐོས་ཆེན་པོ་དེ་དག་གིས་དེ་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་དུ་བརྟགས་ན་དེ་བཞིན་གཤེགས་པའི་སྐུའང་མ་མཐོང ། དེ་བཞིན་གཤེགས་པའི་བཞུགས་པའང་མ་མཐོང་ནས་རང་རང་གི་ཏིང་ངེ་འཛིན་ལས་ལངས་ཏེ་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། ཁོ་བོ་ཅག་གིས་ནི་དེ་བཞིན་གཤེགས་པའི་སྐུ་དང ། དེ་བཞིན་གཤེགས་པའི་བཞུགས་པའང་མ་མཐོང་ངོ ། །དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་ཉན་ཐོས་ཆེན་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །དེའི་ཕྱིར་ཚེ་དང་ལྡན་པ་ཉན་ཐོས་ཆེན་པོ་ཁྱེད་ཅང་མ་སྨྲ་བར་ཐལ་མོ་སྦྱར་ལ་སེམས་རྩེ་གཅིག་ཏུ་དེ་བཞིན་གཤེགས་པ་ཡིད་ལ་གྱིས་ཏེ་སྐད་ཅིག་སྡོད་ཅིག་དང ། དེ་བཞིན་གཤེགས་པའི་སྐུ་དང ། དེ་བཞིན་གཤེགས་པའི་བཞུགས་པའང་མཐོང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་དྲན་པ་དང་ལྡན་ཞིང་མཁྱེན་བཞིན་དུ་ཏིང་ངེ་འཛིན་དེ་ལས་བཞེངས་སོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་དང ། ལྟས་བཅོ་བརྒྱད་དུ་གཡོས། རབ་ཏུ་གཡོས་སོ། ཀུན་ཏུ་རབ་ཏུ་གཡོས་སོ། །འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ལོ། །ལྡེག་།རབ་ཏུ་ལྡེག་།ཀུན་ཏུ་རབ་ཏུ་ལྡེག་གོ ། 372b འཁྲུགས། རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་སོ། །འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་རོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། །ཤིན་ཏུ་ལམ་མེ། ཤིན་ཏུ་ཐལ་ལེ། ཤིན་ཏུ་ལྷང་ངེའོ། །བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་ལྷའི་མེ་ཏོག་གི་ཆར་མངོན་པར་བབ་ཅིང ། ལྷའི་སིལ་སྙན་དང ། གླུ་དབྱངས་ཀྱང་ལེན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཏིང་ངེ་འཛིན་གང་ལ་བཞུགས་པས་དེ་བཞིན་གཤེགས་པའི་སྐུ་སྙན་ཐོས་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་མིག་གིས་མི་མཐོང་བའི་ཏིང་ངེ་འཛིན་འདི་ཅི་འདྲ། བཅོམ་ལྡན་འདས། དེ་བཞིན་གཤེགས་པའི་བཞུགས་པ་དེ་ཅི་འདྲ། དེ་སྐད་ཅེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རདྭ་ཏིའི་བུ། ཏིང་ངེ་འཛིན་འདི་ནི་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱི་ས་མ་ཡིན་གྱི། ཤཱ་རདྭ་ཏིའི་བུ། འདི་ནི་དེ་བཞིན་གཤེགས་པའི་ས་ཏེ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དང ། ཆོ་འཕྲུལ་ཆེན་པོ་འདི་ནི་བསམ་གྱིས་མི་ཁྱབ་བོ། །འོན་ཀྱང ། ཤཱ་རདྭ་ཏིའི་བུ། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང ། དེ་བཞིན་གཤེགས་པའི་སྐུའི་ཕྱོགས་ཙམ་ཞིག་ངས་ཁྱོད་ལ་བཤད་དེ་བསྟན་ཏོ། །བཅོམ་ལྡན་ 373a ༄#། །འདས། ལེགས་སོ་ཞེས་གསོལ་ཏེ། ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ་བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང ། དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཤཱ་རདྭ་ཏིའི་བུ། དེ་བཞིན་གཤེགས་པའི་སྐུ་ཡང་དག་པ་ཉིད་དེ་ནི་མིག་ཐམས་ཅད་ཀྱི་ལམ་ལས་ཡང་དག་པར་འདས་པ་ནམ་མཁའ་དང་མཚུངས་པ་སྟེ། དེ་ནི་ལུས་མེད་པ། མ་བྱས་པ། མ་སྐྱེས་པ། མ་འགགས་པ། མ་བྱུང་བ། ཡང་དག་པར་མ་བྱུང་བ། རབ་ཏུ་མ་བྱུང་བ། ཐོབ་པ་མེད་པ། གདགས་པ་མེད་པ། མ་ཞུགས་པ། མངོན་པར་མ་གྲུབ་པ། མཐའ་མེད་པ། མུ་མེད་པ། ཞི་བ། རབ་ཏུ་ཞི་བ། ཉེ་བར་ཞི་བ། གནས་མེད་པ། སྐྱེ་བ་མེད་པ། ཚིག་གི་ལམ་མ་ཡིན་པ། རྣམ་པར་རིག་པ་མེད་པ། ཀུན་ཏུ་འབྱུང་བ་མེད་པ། རྒྱུ་བ་མེད་པ། རབ་ཏུ་རྒྱུ་བ་མེད་པ། རྒྱུ་བ་དང་བྲལ་བ། ཤིན་ཏུ་རྣམ་པར་དག་པ། ཅིའང་མ་ཡིན་པ། ཅིའང་མེད་པ། ལེན་པ་མེད་པ། བླང་བ་མེད་པ། གཡོ་བ་མེད་པ། སྤྱོད་པ་མེད་པ། རྟེན་པ་མེད་པ། མ་སྐྱེས་པ། མ་བྱུང་བ། ལས་མེད་པ། རྣམ་པར་སྨིན་པ་མེད་པ། མ་མཐོང་བ། མ་ཐོས་པ། རྣམ་པར་མ་ཤེས་པ། མ་ཆགས་པ། མ་བཅིངས་པ། མ་གྲོལ་བ། ཡོད་པ་མ་ཡིན་པ། དྲན་པ་མ་ཡིན་པ། མ་བསྣམས་པ།་མ་མྱོང་བ། མ་མཐོང་བ། རྣམ་པར་རིག་པ་མེད་པ། རྣམ་པར་རིག་པར་བྱ་བ་མ་ཡིན་པ། རྣམ་པར་རིག་པ་མེད་པའི་མཚན་ཉིད་སེམས་མེད་པ། བསམ་གྱིས་མི་ཁྱབ་པ། བསམ་ 373b པར་བྱ་བ་མ་ཡིན་པ། སེམས་མ་ཡིན་པ། སེམས་པ་དང་བྲལ་བ། སེམས་མཉམ་པ་ཉིད་དང་ལྡན་པ། མཉམ་པ་མེད་པ། སེམས་ཀྱི་འཇུག་པས་མི་ཆུད་པ། འགྲོ་བར་མ་སོང་བ། འགྲོ་བ་མེད་པ།་འགྲོ་བ་དང་བྲལ་བ། འགྲོ་བ་ཐམས་ཅད་ཆད་པ། མི་ཆོད་པ། དཔགས་པ་མེད་པ། གཅད་དུ་མེད་པ། ཕྲག་མེད་པ། བལྟར་མེད་པ། རྨད་དུ་བྱུང་བ། རྗེས་མེད་པ། རྫས་མ་ཡིན་པ། དངོས་པོ་མེད་པ།་ཐ་དད་པ་མ་ཡིན་པ། ཐ་དད་པ་མེད་པ། མ་བྱུང་བ། ཡང་དག་པར་མ་བྱུང་བ། མི་འཁྲུགས་པ། མི་རྟོག་པ། རྣམ་པར་མི་རྟོག་པ། རྩོམ་པ་མེད་པ། མ་གྲུབ་པ། ཀུན་ཏུ་མ་གྲུབ་པ། མ་བསྒྲུབས་པ། ཁྱབ་པ་མེད་པ། མི་གཡོ་བ། མི་གསལ་བ། མ་རིག་པ། འདོད་པར་བྱ་བ་མ་ཡིན་པ། འོད་མེད་པ། མི་སྣང་བ། གཟུང་བ་མེད་པ། སྣང་བ་མེད་པ། མུན་པ་མེད་པ། མུན་པ་མ་ཡིན་པ།་མུན་པ་དང་བྲལ་བ། གསལ་བ་མ་ཡིན་པ། གནས་མེད་པ། གནས་དང་བྲལ་བ། མ་ཞི་བ། རབ་ཏུ་མ་ཞི་བ། ཞི་བ་མེད་པ། ཞི་བ་དང་བྲལ་བ། ཞི་བ་མཉམ་པ། དག་པ། རྣམ་པར་དག་པ ། ཡོངས་སུ་དག་པ། ཅིའང་མེད་པ། ལེན་པ་མེད་པ། ཉེ་བར་ལེན་པ་མེད་པ། མཛའ་བ་མེད་པ། འཐབ་པ་མེད་པ། འཐབ་པ་དང་བྲལ་བ། མི་གནས་པའི་ཚུལ་གྱིས་གནས་པ། མདུད་པ་མེད་པ། མདུད་པ་དང་བྲལ་བ། དང་བ། རྙོག་པ་མེད་པ། ཤི་འཕོ་མེད་པ། ཤི་འཕོར་འགྱུར་བ་མེད་པ། ཆོས་མེད་པ། ཆོས་མ་ཡིན་པ་མེད་པ། ཞིང་མེད་པ། ཞིང་མ་ཡིན་པ་མེད་པ། མི་ཟད་པ། ཟད་པར་བྱ་བ་མ་ཡིན་པ། ཟད་པ་ 374a ༄#། །དང་བྲལ་བ། རྡུལ་མེད་པ། སྐད་ཅིག་པ། མི་འཁྲུགས་པ། ཡི་གེ་ཡོངས་སུ་སྤངས་པ། སྒྲ་ཡོངས་སུ་སྤངས་པ། དབྱངས་ཡོངས་སུ་སྤངས་པ། བཤད་པ་ཡོངས་སུ་སྤངས་པ། བསྒོམ་པ་ཡོངས་སུ་སྤངས་པ། སེམས་པ་ཡོངས་སུ་སྤངས་པ། སེམས་ཡོངས་སུ་སྤངས་པ། རིགས་པ་མེད་པ། རིགས་པ་མེད་པ་མ་ཡིན་པ། རིགས་པ་དང་བྲལ་བ་མ་ཡིན་པ། ལྡན་པ་མ་ཡིན་པ། ལྡན་པ་མེད་པ་མ་ཡིན་པ། ཟད་པ་མེད་པ། ཟད་པ་མེད་པ་མ་ཡིན་པ། འཆི་བ་མེད་པ། འཆི་བ་མེད་པ་མ་ཡིན་པ། ཞི་བར་བྱ་བ་མ་ཡིན་པ། མཚན་མ་མེད་པ། མཚན་མ་མེད་པ་མ་ཡིན་པ། དཔག་ཏུ་མེད་པ། དཔག་ཏུ་མེད་པ་མ་ཡིན་པ། དཔག་པར་བྱ་བ་མ་ཡིན་པ། མ་སོང་བ། མ་འོངས་པ། གཉིས་སུ་མེད་པ། གཉིས་སུ་མེད་པ་མ་ཡིན་པ། དམིགས་པ་མེད་པ། ཚུ་རོལ་མ་ཡིན་པ། ཕ་རོལ་མ་ཡིན་པ། གཞི་མེད་པ། གནས་མེད་པ། མི་འབྱུང་བ། མི་འཇིག་པ། མ་འཕོས་པ། མཉན་དུ་མེད་པ། ཕ་རོལ་གནོན་པ་མེད་པ། ལེན་པ་མེད་པ། འདོར་བ་མེད་པ། མཚན་ཉིད་མེད་པ། མཚན་ཉིད་དང་བྲལ་བ། མཚན་ཉིད་མ་ཡིན་པ། མཚན་ཉིད་ཡོངས་སུ་སྤངས་པ། ལས་མེད་པ། ལས་མེད་པ་མ་ཡིན་པ། མཚན་མེད་པ། མཚན་མེད་པ་མ་ཡིན་པ། མཚན་གྱིས་བརྒྱན་པ།་སྒོ་མེད་པ། མི་ཆགས་པ། ཆགས་པ་དང་བྲལ་བ། དད་པར་བྱེད་པ། སྦྱར་བ་མེད་པ། སྦྱར་བ་དང་བྲལ་བ། བདེ་བར་བྱེད་པ། མཆོག་ཏུ་བདེ་བར་བྱེད་པ། སྐྱེ་མཆེད་དྲུག་ལས་ 374b གྲོལ་བ། མི་སྣང་བ། དེ་བཞིན་ཉིད་ཀྱིས་རབ་ཏུ་ཕྱེ་བ་དེ་ཁོ་ན་ཉིད། དེ་བཞིན་ཉིད་སེམས་ཅན་རྣམས་མི་སྒྲོལ་བའི་ཚུལ་གྱིས་སྒྲོལ་བ། སེམས་ཅན་རྣམས་མི་འགྲོལ་བའི་ཚུལ་གྱིས་འགྲོལ་བ།་སེམས་ཅན་རྣམས་ཡོངས་སུ་མི་སྦྱོང་བའི་ཚུལ་གྱིས་སྦྱོང་བ། སེམས་ཅན་རྣམས་ལ་མི་སྐྱོབ་པའི་ཚུལ་གྱིས་སྐྱོབ་པ། གཉིས་སུ་མེད་པའི་ཚུལ་གྱིས་སེམས་ཅན་རྣམས་ལ་ཆོས་སྟོན་པ། ། མཉམ་པ་མེད་པ། མི་མཉམ་པ་དང་མཉམ་པ། འདྲ་བ་མེད་པ། ཟླ་མེད་པ། མི་འཆི་བ་དང་མཉམ་པ། ནམ་མཁའ་དང་མཉམ་པ། གནས་མེད་པ་དང་མཉམ་པ། ཤིན་ཏུ་མཉམ་པ། ། མ་སྐྱེས་པ། སྐྱེ་བ་མེད་པ་དང་མཉམ་པ། མི་དམིགས་པ། དམིགས་པ་མེད་པ་དང་མཉམ་པ། མ་ཞི་བ། ཞི་བ་དང་བྲལ་བ། ཞི་བ་ཉམས་པ། ཞི་བ་རབ་ཏུ་ཞི་བ། ཉེ་བར་ཞི་བ། འཇམ་པ། མཉེན་པ།་ཤིན་ཏུ་དྲི་མ་མེད་པ། ཤིན་ཏུ་དུལ་བ། རྟག་པ་མ་ཡིན་པ། ཆད་པ་མ་ཡིན་པ། སྤྱོད་པ་ལས་ལྡོག་པ། ལྡོག་པ་མེད་པ། ངེས་པ། འཇིགས་པ་ལས་ལྡོག་པ། ཕྱིར་མི་ལྡོག་པ། འཛིན་པ་ཐམས་ཅད་གཅོད་པ། མདུད་པ་ཐམས་ཅད་གཅོད་པ། གསལ་བ། ཐ་དད་པ་མེད་པ། གཉིས་སུ་མེད་པ། གཉིས་དང་བྲལ་བ། གཉིས་སུ་མེད་པར་ཡོངས་སུ་བསྟན་པ། མ་བྱས་པའི་ངོ་བོ་ཉིད། རང་བཞིན་གྱིས་འོད་གསལ་གཤིན་ཏུ་ཀུན་ཏུ་འབྱུང་བ་མེད་པ། རྣམ་པར་གྲོལ་བའི་ཚུལ་གྱིས་སྤྱོད་པ་ལས་རྣམ་པར་གྲོལ་བ། འདུ་བ་མེད་པ། བྲལ་བ་མེད་པ། རིང་པོ་མ་ཡིན་ 375a ༄#། །པ།་ཐུང་དུ་མ་ཡིན་པ། ཟླུམ་པོ་མ་ཡིན་པ། གྲུ་བཞི་མ་ཡིན་པ། ཀུན་ཏུ་དཀྱིལ་འཁོར་མ་ཡིན་པ། སྦོ་མ་པོ་མ་ཡིན་པ། ཕུང་པོས་རབ་ཏུ་ཕྱེ་བ་མ་ཡིན་པ། ཁམས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་པ། སྐྱེ་མཆེད་ཀྱིས་རབ་ཏུ་ཕྱེ་པ་མ་ཡིན་པ། འདུས་བྱས་སུ་རྣམ་པ་བརྟག་པ་མ་ཡིན་པ། འདུས་མ་བྱས་ལས་བྱུང་བ་མ་ཡིན་པ། འཕེལ་བ་མེད་པ། འབྲི་བ་མེད་པ། གསོག་པ་མེད་པ། མ་སྐྱེས་པ། སུས་ཀྱང་མ་མཐོང་བ། མ་ཐོས་པ། རྣམ་པ་མ་ཤེས་པ། ཡང་དག་པ་མ་ཡིན་པ། ཡང་དག་པ་མ་ཡིན་པའང་མ་ཡིན་པ། མ་སྐྱེས་པ།་འཆི་འཕོ་མ་ཡིན་པ། འཇིག་རྟེན་དང་ལྷན་ཅིག་པ་མ་ཡིན་པ། ལྷན་ཅིག་པ་མ་ཡིན་པའང་མ་ཡིན་པ་སྟེ། ལུས་དེ་ནི་གཡོ་བ་མེད་པ། འཁྲུལ་པ་མེད་པ། རྒོད་པ་མེད་པ། རྒྱུ་བ་མེད་པ། རྣམ་པར་རྒྱུ་བ་མེད་པ། བསྒོམ་པ་མེད་པ། བསྒོམ་པ་དང་བྲལ་བ་མ་ཡིན་པ། འབྱུང་བ་མ་ཡིན་པ། འཇིག་པ་མ་ཡིན་པ། ངོ་བོ་ཉིད་མ་ཡིན་པ། ངོ་བོ་ཉིད་མེད་པའང་མ་ཡིན་པ། སེམས་པ་མེད་པ། སྟོན་པ་མེད་པ། སྦྱོར་བ་མེད་པ། མི་སྦྱོར་བ། མི་སྦྱོར་བའང་མ་ཡིན་པ། འདོད་པ་ལ་འདོད་ཆགས་པ་མ་ཡིན་པ། འདོད་པ་ལ་འདོད་ཆགས་མེད་པ་མ་ཡིན་པ། མེད་པ། མེད་པ་མ་ཡིན་པ། མཚན་ཉིད་མེད་པ། མཚན་ཉིད་མེད་པ་མ་ཡིན་པ། མྱ་ངན་ལས་འདའ་བ་མེད་པ། ཡོངས་སུ་མྱ་ངན་ལས་མ་འདས་པ། གནས་པ་མེད་པ། གནས་པ་མེད་པ་མ་ 375b ཡིན་པ་སྟེ། ཤཱ་རཏྭ་ཏིའི་བུ། དེ་བཞིན་གཤེགས་པའི་སྐུ་གནས་པ་དེ་ལྟ་བུ་ནི་མཚན་མ་ལ་གནས་པའི་སེམས་ཅན་ལྟ་བ་གཉིས་སུ་ལྷུང་བ་གང་གིས་ཀྱང་ཤེས་པར་ནུས་སམ། ཤཱ་རདྭའི་བུས་གསོལ་པ། བཅོམ་ལྡན་འདས། དེ་ནི་གནས་མ་ལགས་ཏེ། སྐབས་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་བཞིན་གཤེགས་པའི་སྐུ་ནི་མཚན་མ་དང ། མཚན་མ་ཐམས་ཅད་དང་བྲལ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རདྭ་ཏིའི་བུ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པའི་སྐུ་ནི་མཚན་མ་དང ། མཚན་མ་ཐམས་ཅད་དང་བྲལ་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་རྒྱས་པར་བསྟན་པ་དང ། ཤིན་ཏུ་རྒྱས་པའང་རྒྱ་ཆེར་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ལུས་དེ་ལུས་མ་ཡིན་ཞིང་ལུས་ལས་ཡོངས་སུ་གྲོལ། །སུས་ཀྱང་མ་བྱས་མ་བཤིག་རྙེད་པར་གྱུར་པའང་མེད། །ཆོས་རྣམས་གང་ནའང་ཀུན་ཏུ་ལྡན་མེད་མི་ལྡན་མེད། །བདེ་བར་གཤེགས་པ་རྣམས་ཀྱི་སྐུ་དེ་དེ་ལྟར་བསྟན། །འདུ་མེད་འབྲལ་བ་མེད་ཅིང་གནས་མེད་རྫས་ཀྱང་མེད། ། མ་བཟུང་མ་གྲོལ་མཉམ་པ་མེད་ཅིང་རིང་བ་མེད། །རྩོམ་པ་མེད་ཅིང་ཐོགས་མེད་ཅི་ལའང་གནས་པ་མེད། །བདེ་བར་གཤེགས་པ་རྣམས་ཀྱི་སྐུ་ནི་དེ་འདྲར་བསྟན། །གཟང་བ་མེད་ཅིང་ 376a ༄#། །མ་བྱས་ངས་མེད་ཅི་ཡང་མེད། །གཟུགས་མེད་སེམས་མེད་གཉིས་མ་ཡིན་ཞིང་གཅིག་ཀྱང་མིན། །དངོས་མེད་དངོས་མེད་མ་ཡིན་མ་བྱུང་མེད་པ་སྟེ། །ཡང་དག་ཉིད་དུ་རྒྱལ་བའི་སྐུ་དེ་འདི་འདྲའོ། །སྙིང་པོ་དེ་མེད་ཉམ་ཆུང་མ་ཡིན་བཅད་པའང་མེད། །མ་བཅད་མ་བྱུང་ཀུན་ཏུ་མ་བྱུང་ཞིག་པའང་མེད། །ཐོབ་པ་མེད་ཅིང་རྡུལ་ཙམ་དག་ཀྱང་བཤིག་མེད་དེ། །རྡུལ་མེད་རྣམས་ཀྱི་སྐུ་དེ་དེ་འདྲར་ཤེས་པར་བྱ། །མ་མཐོང་མ་ཐོས་མ་བསྣམས་རེག་པར་གྱུར་པ་མེད། །རྣམ་པར་རིག་མེད་མ་བརྟགས་མིག་ཡོར་འདྲ་བ་སྟེ། །སྲོག་ཆགས་མཐོང་ནས་རང་གི་འཛིན་པས་སེམས་ཀྱང་རངས། །འདི་ནི་སངས་རྒྱས་དག་གི་སྐུ་འགྲུབ་བསྟན་པའོ། །ཕུང་པོ་མ་ཡིན་ཁམས་མིན་མི་རྫུན་མི་བདེན་ཏེ། །དག་མེད་རྣམ་པར་དག་མེད་དབང་པོས་མི་རེག་པ། །རྟོག་པ་མེད་ཅིང་རྣམ་པར་མི་རྟོག་ཆུ་ཟླ་འདྲ། །བདེ་བར་གཤེགས་པའི་སྐུ་འདི་ལྟ་བར་སུ་འདོད་པ། །སྐུ་ནི་རྒྱུ་དང་རྐྱེན་ལས་གྱུར་ཏེ་རང་བཞིན་མེད། །མ་སྐྱེས་མ་འགགས་སོང་བ་མེད་ཅིང་འཕོས་པའང་མེད། །བརྟགས་ན་འཇིག་རྟེན་གསུམ་ནི་སྒྱུ་མ་བཞིན་དུ་སྣང ། །རྒྱལ་བ་རྣམས་ཀྱི་སྐུ་ནི་མི་རྟོག་དེ་འདྲར་ལྟོས། ། ཞི་མེད་རབ་ཞི་མ་ཡིན་ཞི་བྲལ་སྦྱོར་བའང་མེད། །ཆགས་མེད་རིགས་མེད་འདི་ན་ཆད་པ་སྟོང་པ་བཞིན། །ཡང་ན་ངོ་བོ་ཉིད་ཀྱིས་ནམ་མཁའ་ལྟ་བུ་སྟེ། །དེ་ལྟར་མཐོང་ན་ཉིན་མཚན་ 376b སངས་རྒྱས་མཆོད་པ་ཡིན། །ཞིང་རྣམས་བྱེ་བ་སྟོང་ཕྲག་ཇི་ཙམ་ཕྱོགས་རྣམས་སུ། །སྲིད་པའི་རྩེ་མོ་བར་དུ་རིན་ཆེན་གང་བ་དག་།སངས་རྒྱས་རྣམས་ལ་བསྐལ་མང་ཕྱེ་བའི་མཐར་འབུལ་བ།། སྦྱིན་པ་དེ་ནི་མདོ་སྡེ་འདི་བྲིས་ཆར་མི་ཕོད། །གངྒཱའི་བྱེ་མ་སྙེད་པས་མང་བའི་བསྐལ་པར་ཡང ། །འགྲོ་ལ་སྙོམས་པའི་སེམས་ཀྱིས་བྱམས་པ་བསྒོམས་པ་བས། །གང་ཞིག་ཡེ་ཤེས་ཕྱག་རྒྱ་ཏིང་འཛིན་མཆོག་མོས་པ། །ཚུལ་ཁྲིམས་དེ་ནི་བཟོད་པ་འདི་ཡི་ཆར་མི་ཕོད། །ཇི་ཙམ་སྔོན་གྱི་འཁོར་བ་དག་ནི་མཐའ་ཡས་པ། །དེ་སྲིད་བསྐལ་པར་སྲོག་ཆགས་ཀུན་ལ་རྟག་བཟོད་པ། །རྒྱལ་བའི་ཕྱག་རྒྱ་འདི་ལ་དད་པ་གཅིག་བསྐྱེད་ན། །འདིར་དད་བསོད་ནམས་དང་ནི་རི་རབ་ཡུངས་འབྲུ་བཞིན། །ཇི་ཙམ་འཇིག་རྟེན་གསུམ་གྱི་སེམས་ཅན་རྣམ་མང་སྐྱེས། །དེ་དག་མི་གང་བསྐལ་པ་མང་པོར་མགོར་ཐོགས་ཤིང ། །ལུས་ཀྱང་མི་ངལ་ནམ་དུའང་གཡོ་བ་མི་སྐྱེད་པ། །བརྩོན་འགྲུས་དེ་ནི་བཟོད་པ་འདི་ཡི་ཆར་མི་ཕྱོད། །ཞིང་བརྒྱའི་བྱེ་མ་ཇི་སྙེད་དེ་བས་ལྷག་པ་ཡི། ། བསྐལ་པ་མང་པོར་གང་རྣམས་བསམ་གཏན་བྱེད་པས། །མདོ་སྡེ་འདི་ལ་ཉིན་ཞག་གཅིག་ཙམ་སྤྱོད་པ་ཡང ། །བསོད་ནམས་དེ་ནི་བཟོད་པ་འདི་ཡི་དཔེར་མི་རུང ། །རྡུལ་ཁམས་ཇི་སྙེད་པ་ཡི་བསྐལ་པ་གྲངས་མེད་པར། །ཤེས་རབ་མཐའ་གཉིས་སྤངས་ལ་མངོན་པར་བརྩོན་པ་བས། །གང་གིས་ཇི་སྐད་བཤད་པའི་ཡེ་ཤེས་འདི་རྟོགས་པ། །བསོད་ནམས་དེ་ཡང་རྒྱ་ 377a ༄#། །མཚོ་དང་ནི་ཆུ་ཐིགས་བཞིན། །རྒྱལ་བ་ལ་ནི་གཟུགས་དང་མཚན་མར་མ་ལྟ་ཤིག་།བྱིས་པ་ལྟ་བུས་བདེ་བར་གཤེགས་ལ་སེམས་མ་ལྟར། །གང་གིས་རབ་འབྱོར་ལྟ་བུར་ང་ནི་མཐོང་གྱུར་པ། །དེས་ནི་སྟོང་གསུམ་ཀུན་གྱི་སྦྱོན་པ་ཐམས་ཅད་སྦྱངས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་དེ་དག་གསུངས་ནས། ཡང་གནས་བརྟན་ཤཱ་རདྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རདྭ་ཏིའི་བུ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་ཡོངས་སུ་རྫོགས་པར་འགྱུར་བའོ། །ཤཱ་རདྭ་ཏིའི་བུ། གང་ཞིག་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བར་འདོད་ན་ལྷག་པའི་བསམ་པས་ཏིང་ངེ་འཛིན་འདི་ལ་རབ་ཏུ་སྦྱར་བར་བྱའོ། །བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པས་སྦྱོར་བ་ནི་ཉིན་ཞག་གཅིག་ཁོ་ནས་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ། །ཤཱ་རདྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བར་འདོད་པ་དེས་ཏིང་ངེ་འཛིན་འདི་ལ་ཉིན་མཚན་དུ་སྦྱར་བར་བྱ་སྟེ། ལྷག་པའི་བསམ་པས་འཇུག་པའི་བྱང་ཆུབ་སེམས་དཔའ་ནི་ཕྱོགས་བཅུའི་སངས་ 377b རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བར་འགྱུར་རོ། །ཤཱ་རདྭ་ཏིའི་བུ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒོ་མཐའ་ཡས་བསྒྲུབ་པའི་གཟུངས་ཀྱི་ཆོས་ཀྱི་ཚུལ་སྒྲུབ་པར་འགྱུར་བའོ། །འདི་ནི་གཟུངས་ཀྱི་སྒོ་རྣམས་ཀྱི་གནས་སོ། །འདི་ལས་གཟུངས་ཀྱི་སྒོ་རྣམས་འབྱུང་ངོ ། །ཏིང་ངེ་འཛིན་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོངས་སུ་འགྲུབ་པར་འགྱུར་བ་དང ། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་རྫོགས་པར་འགྱུར་བའོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ལ་རབ་ཏུ་སྦྱོར་བ་ནི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་དག་པ་ཐོབ་བོ། །བདུད་ཀྱི་ལས་ཐམས་ཅད་ལས་ཀྱང་ཡང་དག་པར་འདའོ། །འགྲོ་བ་དང་བཅས་པར་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱེད་པ་མ་ཡིན། སྤྱོད་པ་མ་ཡིན། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ལ་སྦྱོར་བ་ནི་གང་ཅི་སྨྲ་བ་དེ་དག་ཐམས་ཅད་འཁྲུལ་བ་མེད་དོ། །དེའི་ལུས་ཀྱི་ལས་གང་ཅི་ཡིན་པ་དེ་ཐམས་ཅད་ཀྱང་སྐྱོན་མེད་དོ། །ངག་གི་ལས་གང་ཅི་ཡིན་པ་དེ་དག་ཐམས་ཅད་ཀྱང་ཀུན་ཏུ་འབྱུང་བ་མེད་དོ། །ཡིད་ཀྱི་ལས་གང་ཅི་ཡིན་པ་དེ་དག་ཐམས་ཅད་ཀྱང་ཀུན་ནས་ཉོན་མོངས་པ་མེད་དོ། །ཤཱ་རདྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་རྣམས་ཀྱི་ལྡེམ་པོ་དག་ཁོང་དུ་ཆུད་པར་འདོད་པས་ཏིང་ 378a ༄#། །དེ་འཛིན་འདི་ལ་སྦྱར་བར་བྱའོ། །ཆོས་བསྟན་པ་ཁོང་དུ་ཆུད་པར་འདོད་པས་ཏིང་ངེ་འཛིན་འདི་ལ་སྦྱར་བར་བྱའོ། །ཆོས་ཀྱི་མཚམས་སྦྱར་བ་སྟོན་པར་འདོད་པས་ཏིང་ངེ་འཛིན་འདི་ལ་སྦྱར་བར་བྱའོ། །བདེན་པའི་ཚུལ་ཁོང་དུ་ཆུད་པར་འདོད་པས་ཏིང་ངེ་འཛིན་འདི་ལ་སྦྱར་བར་བྱའོ། །ཡང་དག་པའི་མཐའ་མངོན་དུ་བྱ་བར་འདོད་པས་ཏིང་ངེ་འཛིན་འདི་ལ་སྦྱར་བར་བྱའོ། །རྟེན་ཅིང་འབྲེལ་པར་འགྱུར་བ་ཁོང་དུ་ཆུད་པར་འདོད་པས་ཏིང་ངེ་འཛིན་འདི་ལ་སྦྱར་བར་བྱའོ། །སེམས་ཅན་གྱི་མོས་པ་ཇི་ལྟ་བ་བཞིན་དུ་ཤེས་པར་འདོད་པས་ཏིང་ངེ་འཛིན་འདི་ལ་སྦྱར་བར་བྱའོ། །བསམ་པ་ཇི་ལྟར་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཡོངས་སུ་གཟུང་བར་འདོད་པས་ཏིང་ངེ་འཛིན་འདི་ལ་སྦྱར་བར་བྱའོ། །འོད་ཕུན་སུམ་ཚོགས་པ་སྒྲུབ་པར་འདོད་པས་ཏིང་ངེ་འཛིན་འདི་ལ་སྦྱར་བར་བྱའོ། །འཁོར་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པར་འདོད་པས་ཏིང་ངེ་འཛིན་འདི་ལ་སྦྱར་བར་བྱའོ། །ཚེ་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པར་འདོད་པས་ཏིང་ངེ་འཛིན་འདི་ལ་སྦྱར་བར་བྱའོ། །བཀོད་པ་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པར་འདོད་པ་ཏིང་ངེ་འཛིན་འདི་ལ་སྦྱར་བར་བྱའོ། །བསྟན་པ་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པར་འདོད་པས་ཏིང་ངེ་འཛིན་འདི་ལ་སྦྱར་བར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ 378b བདག་དང ། གཞན་གྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འདོད་པས་ཏིང་ངེ་འཛིན་འདི་ལ་སྦྱར་བར་བྱའོ། །ཡོངས་སུ་འཚོལ་བ་དང ། མོས་པ་དང ། ཡི་གེར་འདྲི་བ་དང ། ཀློག་པ་དང ། འཛིན་པ་དང ། འཆང་བ་དང ། བསྒོམ་པའི་ཕྱིར་ཏིང་ངེ་འཛིན་འདི་ལ་སྦྱར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་དེ་ལ་དཀའ་བར་མི་འགྱུར་བའི་ཕྱིར་རོ། །ཤཱ་རདྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཆེན་པོ་འདོད་པ་ཐམས་ཅད་སྦྱིན་པ་ཞེས་བྱ་བའམ། འདོད་པ་ཐམས་ཅད་སྦྱིན་པའི་ཤིང་གིས་སེམས་ཅན་རྣམས་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ཤཱ་རདྭ་ཏིའི་བུ། དེ་བཞིན་དུ་ཏིང་ངེ་འཛིན་འདིའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསམ་པ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་པ། ཡེ་ཤེས་མཐའ་ཡས་ཕྱག་རྒྱ་མདོ་སྡེ་འདི། །ཡེ་ཤེས་ཕུང་པོ་ཡེ་ཤེས་ཁྱད་འཕགས་མཆོག་།ཡེ་ཤེས་འོད་དང་ཡེ་ཤེས་འབྱོར་པའི་མཛོད། །ཡེ་ཤེས་འབྱུང་གནས་ཡེ་ཤེས་སྒོར་འཇུག་པ། །ཤེས་དབང་ཤེས་རབ་འབྱུང་གནས་ཤེས་རབས། །ཤེས་རབ་སྒྲོན་མ་ཤེས་རབ་འོད་མུན་སེལ། །ཤེས་རབ་མི་ཟད་ཤེས་རབ་ཚུལ་རབ་བཤད། །ཉི་མ་བཞིན་དུ་འཇིག་རྟེན་གསུམ་ན་ལྷན། །མཉམ་པ་འབྱོར་པ་མཉམ་པ་ཉིད་ལ་ 379a ༄#། །གནས། །འཛིན་པ་ཐམས་ཅད་གཅོད་དང་བདེན་པའི་ཚུལ། །ཏིང་འཛིན་ཀུན་སྒོ་ཡེ་ཤེས་ཕྱག་རྒྱ་ནི། །སངས་རྒྱས་སོ་སོ་ཡང་དག་རིག་པའི་རིག་།གཟད་མི་ཤེས་པའི་ནོར་མཛོད་ཕ་རོལ་འགྲོ་།ཤེས་རབ་རྫུ་འཕྲུལ་ཤེས་རབ་འབྱུང་གནས་གཏེར། །བསམ་པ་ཇི་བཞིན་དགའ་བདེའི་རྩ་བ་སྟེ། །ཏིང་འཛིན་ཕྱག་རྒྱ་འདི་ནི་བདེ་གཤེགས་ནོར། །རིན་ཆེན་ལྡན་པའི་ཡུལ་འཁོར་རྒྱལ་པོས་བསྟེན། །རིན་ཆེན་དམ་པ་རིན་ཆེན་མཆོག་འབྱུང་གནས། །འདོད་ཆགས་རྡུལ་དང་ཞེ་སྡང་དྲི་མ་སེལ། །མདོ་བཤད་འདི་ནི་རིན་ཆེན་རྩ་པའོ། །ཞི་ཞིང་ཞི་ལ་ཡིད་ནི་ཞི་བྱེད་པ། །མཛེས་པ་བྱེད་དང་བདག་ཏུ་ལྟ་བ་སྦྱོང ། །སངས་རྒྱས་གཟུངས་ཀྱི་ཕྱག་རྒྱ་འདི་རྙེད་པས། །དཔའ་བོའི་མཚོན་གྱིས་བདུད་ནི་རབ་ཏུ་འཇོམས། །ཤེས་བྱའི་སྲོག་ཆགས་ཡེ་ཤེས་ཤེས་བྱེད་པ། །ཡེ་ཤེས་འབྱུང་གནས་ཡེ་ཤེས་འབྱོར་ཤེས་རབ། །ཡེ་ཤེས་སྣང་བ་ཕ་རོལ་མཐའ་ཡས་ཏེ། །མདོ་སྡེ་འདི་ནི་ཡེ་ཤེས་སྒོ་འབྱུང་གནས། །དུལ་བ་དུལ་བ་མདུད་པ་གཉིས་གཅོད་པ། །ལྟ་བྱས་དྲུག་ཅུ་གཉིས་ཀྱི་ལྟ་བ་སྦྱོང ། །རྒྱལ་བའི་སྒོ་སྟེ་བདུད་རྩི་འཐོབ་པར་འགྱུར། །འདི་ནི་སུམ་ཅུ་རྩ་གཉིས་མཚན་འབྱུང་གནས། །བྱང་ཆུབ་ཤིན་ཏུ་བྱང་ཆུབ་རང་བཞིན་མཐུན། །མུ་སྟེགས་ཤེས་བྱེད་བྱང་ཆུབ་རྒྱུ་ཤེས་བྱེད། །བྱང་ཆུབ་འདི་ནི་གཉིད་ལོག་སད་བྱེད་པ། །བྱང་ 379b ཆུབ་ཚུལ་འདིར་མཐའ་ཡས་ཟད་མི་ཤེས། །ཆོས་ཀྱི་ཚུལ་དང་རིགས་པ་རྣམ་པར་སྒོམ། །མཐའ་ཡས་པ་ཡི་གཟུངས་རྣམས་རབ་ཏུ་སྒྲུབ། །སྟོབས་བཅུ་རྣམས་ཀྱི་ཆོས་ལ་འཇུག་པ་སྟེ། ། གཟུངས་འདི་ཉིད་ནི་རྒྱ་མཚོ་ལྟ་བུའོ། །འདི་ནི་སྦྱིན་པའི་ཕ་རོལ་ཕྱིན་པ་སྒྲུབ། །འདི་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན་དང་བཟོད། །བརྩོན་འགྲུས་བསམ་གཏན་ཤེས་རབ་མི་ཟད་དེ། །འདིར་གནས་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ལས་དང་ཉོན་མོངས་པ་ལ་འཇིགས་མ་བྱེད། །བློ་གྲོས་ངན་པའི་བདུད་ཀྱིས་མ་འཇིགས་ཤིག་།འདི་ལ་སྦྱོར་ལ་རབ་ཏུ་མཆོད་མེད་དེ། །ཇི་ལྟར་བསམ་བཞིན་བྱང་ཆུབ་སྡེ་འཚང་རྒྱ། །མདོ་སྡེ་འདི་ནི་ཡོངས་སུ་གཟུང་བའི་ཕྱིར། །ཕྱོགས་བཅུ་གང་ལྷགས་བྱང་ཆུབ་མི་བྱེད་སྣོད། །སྲས་རྣམས་དག་ནི་བསྐལ་པ་བཟང་འདི་ལ། །འདུག་པ་དེ་དག་དཔང་དུ་གྱུར་པ་ཡིན། །འདི་ནི་འདས་པའི་སངས་རྒྱས་རྣམས་ཀྱི་ཡུམ། །མདོ་སྡེ་འདི་ནི་མ་བྱོན་རྣམས་ཀྱི་ཡུམ། །ད་ལྟར་བྱུང་བ་ཐམས་ཅད་འདི་ལས་བྱུང ། །དེ་ཕྱིར་རྒྱལ་བའི་སྤུན་རྣམས་འདིར་སྦྱོར་ཅིག་།གང་དག་མདོ་འདི་ཚུལ་ལ་རབ་གནས་པ། །དེ་དག་དེ་བཞིན་གཤེགས་པའི་ནོར་འཐོབ་ཅིང ། །ལས་ཀྱང་རྣམ་དག་སྤྱོད་པ་རྫོགས་པར་འགྱུར། ། མི་ལྡོག་ས་འཐོབ་འདམ་ལས་བརྒལ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་གངྒཱའི་ཀླུང་སུམ་ཅུའི་བྱེ་མ་སྙེད་ཀྱིས་ཏིང་ངེ་ 380a ༄#། །འཛིན་འདི་ཐོབ་བོ། །བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་དྲུག་ཅུ་རྩ་བརྒྱད་ནི་བསྐལ་པ་བརྒྱ་སྟོང་ནས་བསགས་པའི་ལས་ཀྱི་སྒྲིབ་པ་རྣམ་པར་དག་ནས།་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏེ། །དེ་དག་ཐམས་ཅད་ཀྱིས་སྐད་ཅིག་མི་ཟད་པ་བསྒྲུབས་པ་ཞེས་བྱ་བའི་གཟུངས་ཐོབ་བོ། །ལྷ་དང་མིའི་སྐྱེ་དགུ་དཀྲིགས་པ་ཕྲག་དྲུག་ཅུ་པོ་གང་དག་སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ནས། ཐམས་ཅད་ཏིང་ངེ་འཛིན་འདི་ལ་རྗེས་སུ་ཡི་རང་ངོ ། །དེ་དག་ཏིང་ངེ་འཛིན་འདི་ལ་རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་བ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ནས། །དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱིས་བསྐལ་པ་འབུམ་ཕྲག་སུམ་ཅུ་ན་འཇིགས་པ་མེད་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །ཞེས་ལུང་བསྟན་ཏོ། །དེ་དག་ལས་ཁ་ཅིག་ཡུན་རིང་པོ་ནས་སྨོན་ལམ་བཏབ་པ་དང་ལྡན་པ་དག་ནི་བཟོད་པ་ཐོབ་བོ། །ཁ་ཅིག་སྨོན་ལམ་མྱུར་དུ་འདེབས་པ་དེ་དག་ནི་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ 380b པར་རྫོགས་པར་འཚང་རྒྱ་སྟེ། ཐམས་ཅད་ཀྱང་འདི་ལྟ་སྟེ། འཇིགས་པ་མེད་པ་ཞེས་བྱ་བར་མིང་མཐུན་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་ལ་རྣམ་པར་གཟིགས་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ། དེ་ལྟ་བས་ན་ཁྱོད་མི་དམིགས་པའི་ཚུལ་དུ་གནས་ཤིང་སྤྲོས་པ་མེད་པ་ལ་དགའ་བས་མི་གནས་པར་སྤྱད་པར་བྱའོ། །ཆོས་ཐམས་ཅད་ལ་མི་གནས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བསྒྲུབས་པ་འདི་ཀུན་ཏུ་བསྲུང་བར་བྱའོ། །གཟུང་བ་དང ། བཅང་བ་དང ། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །སྤྲོས་པ་མེད་པ་ལ་དགའ་བར་བྱའོ། །གནས་མེད་པར་སྤྱོད་པ་དང ། ཆོས་ཐམས་ཅད་ལ་མི་གནས་པ་དང ། ཕྲག་དོག་མེད་པར་བྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་ཐམས་ཅད་གཟུང་དུ་མ་མཆིས་པའི་སླད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཀུན་ཏུ་བསྲུང་ཞིང་རབ་ཏུ་བསྲུང་ 381a ༄#། །བར་སྤྲོའོ། །བཅོམ་ལྡན་འདས། བྱང་ཆུབ་གང་ལགས་པ་དེ་ནི་གང་གིའང་མ་ལགས། གང་ནས་ཀྱང་མ་ལགས། གང་ནའང་མ་ལགས། གང་གིས་ཀྱང་མ་ལགས། ཅིའང་མ་ལགས་ཏེ། མི་སྣང་བ། གཟུང་དུ་མ་མཆིས་པ། ཐོབ་པ་མ་ལགས་པ། ཆུད་ཟོས་པ་མ་ལགས་པའོ། །དེ་ནས་འཁོར་དེ་ལས་བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱ་ཕྲག་སུམ་ཅུ་སྟན་ལས་ལངས་ནས། ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དེ་བཞིན་གཤེགས་པའི་བླ་ན་མེད་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྐལ་པ་གྲངས་མ་མཆིས་པ། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བསྒྲུབས་པ་འདི་བསྲུང་བ་དང ། གཟུང་བ་དང ། བསྟན་པ་དང ། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་སྤྲོའོ་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་རང་རང་གི་གོས་བཅོམ་ལྡན་འདས་ཀྱི་སྐུ་ལ་མངོན་པར་གསོལ་ཏེ། སྨོན་ལམ་ཡང་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ། ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་ཡོངས་སུ་གཟུང་བའི་བསམ་པས་སོམས་ཤིག་།འདི་ཁྱོད་ཀྱི་ལས་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྟན་ལས་ལངས་ 381b ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷངས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དམ་པའི་ཆོས་ཡོངས་སུ་བཟུང་བའི་བསམ་པས་བསམས་ལགས་སོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ། བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱ་ཕྲག་སུམ་ཅུ་པོ་འདི་དག་ནི་ནང་ན་བརྒྱད་སྟོང་ནི་དམ་པའི་ཆོས་འཛིན་པ། དམ་པའི་ཆོས་ཡོངས་སུ་འཛིན་པར་གནས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ལྷག་མ་ནི་དམུ་རྒོད་དམིགས་པར་འཛིན་པ་ལ་མངོན་པར་ཞེན་པ། དམ་པའི་ཆོས་འཛིན་པ་མ་ཡིན་པར་འགྱུར་ཏེ། དེ་དག་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མའི་ཚེ། ང་ཡི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བསྒྲུབས་པ་འདི་སྤོང་བར་འགྱུར། འགལ་བར་བྱེད་པར་འགྱུར། མི་སྟོན་པར་འགྱུར། མི་འཛིན་པར་འགྱུར་ཏེ། རབ་ཏུ་འཛིན་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ། རྣམ་པ་བདུན་གྱིས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བདུན་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་ 382a ༄#། །རྣམས་ཀྱིས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང ། དམ་པའི་ཆོས་རྣམ་པར་འཇིག་པའི་དུས་ན་དམ་པའི་ཆོས་ཡོངས་སུ་བསྲུང་བའི་ཕྱིར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང ། སྡུག་བསྔལ་སྣ་ཚོགས་ཀྱིས་ཡོངས་སུ་གཟིར་བའི་སེམས་ཅན་གྱི་ཁམས་མཐོང་ནས་སྙིང་རྗེ་ཆེན་པོ་སྐྱེས་ཏེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང ། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང ། བསྟི་སྟང་དུ་བྱས་ཏེ་སྦྱིན་པ་བཟང་པོ་ཡིད་དུ་འོང་བ་བྱིན་ནས། བྱང་ཆུབ་སེམས་དཔའ་བདག་ཉིད་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང ། གཞན་ཡང ། བྱང་ཆུབ་ཏུ་སེམས་བསྐྱེད་པ་མཐོང་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང ། དེ་བཞིན་གཤེགས་པའི་སྐུའི་མཚན་དང ། དཔེ་བྱད་བཟང་པོའི་རྒྱན་སྣ་ཚོགས་ཀྱི་ཡོན་ཏན་བསྔགས་པ་ཡོངས་སུ་རྫོགས་པ་ཐོས་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ། བྱམས་པ། རྣམ་པ་བདུན་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱམས་པ། དེ་ལ་གང་བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ཡིན་པ་དང ། གང་དམ་པའི་ཆོས་རྣམ་པར་འཇིག་པའི་དུས་ན་དམ་པའི་ 382b ཆོས་ཡོངས་སུ་བསྲུང་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ཡིན་པ་དང ། གང་སྡུག་བསྔལ་སྣ་ཚོགས་ཀྱིས་ཡོངས་སུ་གཟིར་བའི་སེམས་ཅན་གྱི་ཁམས་མཐོང་ནས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་སྐྱེས་ཏེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ཡིན་པ་དང ། བྱམས་པ། སེམས་བསྐྱེད་པ་འདི་གསུམ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་བསྲུང་བ་ཡིན་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །བྱམས་པ།་སེམས་བསྐྱེད་པ་དེ་དག་ལས་ལྷག་མ་བཞི་ནི། བྱང་ཆུབ་སེམས་དཔའ་དམུ་རྒོད་དམ་པའི་ཆོས་འཛིན་པ་མ་ཡིན་པར་འགྱུར་བའོ། །བྱམས་པ། བྱང་ཆུབ་སེམས་དཔའ་ཆོས་ལྔ་དང་ལྡན་ན་ཕྱིར་མི་ལྡོག་པའི་ཆོས་སུ་རིག་པར་བྱའོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཡིན། ཕ་རོལ་གྱི་རྙེད་པ་དང ། བཀུར་སྟི་ལ་ཕྲག་དོག་མེད་པ་ཡིན།་སྲོག་གི་ཕྱིར་ཡང་དམ་པའི་ཆོས་འཛིན་པའི་དགེ་སློང་རྣམས་ཀྱི་བསྔགས་པ་མ་ཡིན་པ་མི་སྨྲ་བ་ཡིན། ཤེས་ཀྱི་ཁེ་དང ། རྙེད་པ་དང ། བཀུར་སྟི་དང ། ཚིགས་སུ་བཅད་པ་ལ་མི་ཆགས་པ་ཡིན། ཆོས་ཟབ་མོ་ལ་མོས་པ་ཡིན་ཏེ། འཇིག་རྟེན་གྱི་བྱ་བ་སྣ་ཚོགས་ལ་མོས་པ་མ་ཡིན་གྱི། ཆོས་ཐམས་ཅད་ལ་ཆོས་ཟབ་མོ་དང་ལྡན་པ་ཡིན་ཏེ། བྱམས་པ། བྱང་ཆུབ་ 383a ༄#། །སེམས་དཔའ་ཆོས་ལྔ་པོ་འདི་དག་དང་ལྡན་ན། ཕྱིར་མི་ལྡོག་པའི་ཆོས་སུ་རིག་པར་བྱའོ། །བྱམས་པ། བྱང་ཆུབ་སེམས་དཔའ་ཆོས་ལྔ་དང་ལྡན་ན་བྱང་ཆུབ་སེམས་དཔའ་དམུ་རྒོད་དུ་རིག་པར་བྱའོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། གཟི་བརྗིད་ཆུང་ཞིང་བཀའ་བློ་མི་བདེ་བ་ཡིན། །དམན་པ་ལ་མོས་ཤིང་ཐམས་ཅད་ལ་དམན་པའི་ཆོས་སྟོན་པ་ཡིན། ཤེས་ཀྱི་ཁེ་དང ། རྙེད་པ་དང ། བཀུར་སྟི་ལ་ཆགས་ཤིང་སློང་བ་སྟེར་བའི་ཁྱིམ་ལ་སེར་སྣ་བྱེད་པ་ཡིན། སྒྱུ་དང་ལྡན་ཞིང་གཡོ་བྱེད་པ་ཡིན། སྟོང་པ་ཉིད་ལ་ངག་གི་ལས་ལྷུར་ལེན་པས་མི་དྲང་བ་ཡིན་ཏེ། བྱམས་པ། བྱང་ཆུབ་སེམས་དཔའ་ཆོས་ལྔ་པོ་དེ་དག་དང་ལྡན་ན་དམུ་རྒོད་དུ་རིག་པར་བྱའོ། །བྱམས་པ། བྱང་ཆུབ་སེམས་དཔའ་ཆོས་ལྔ་དང་ལྡན་ན་ཕྱིར་མི་ལྡོག་པའི་ཆོས་སུ་རིག་པར་བྱའོ་།ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་མི་དམིགས་ཤིང་བདག་ལ་མི་བསྟོད་པ་དང ། སེམས་ཅན་མི་དམིགས་པ་དང ། ཆོས་ཀྱི་དབྱིངས་རྣམ་པར་རྟོག་པས་མི་སྟོན་པ་དང ། བྱང་ཆུབ་མི་དམིགས་པ་དང ། དེ་བཞིན་གཤེགས་པའི་སྐུ་ལ་གཟུགས་ཀྱི་མཚན་མ་མི་ལྟ་བ་སྟེ། བྱམས་པ། བྱང་ཆུབ་སེམས་དཔའ་ཆོས་ལྔ་པོ་དེ་དག་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཆོས་སུ་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ 383b དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཕྲག་དོག་ཅན་དང་ཤེས་ཀྱི་ཁེ་འདོད་དང ། །གནོད་པ་བྱེད་དང་འཆོས་དང་ཟུར་ཟ་དང ། །སྨྲ་བ་ཙམ་དང་དམན་པའི་ཚུལ་ཅན་གྱིས། །བདེ་གཤེགས་བྱང་ཆུབ་འདི་ནི་བསྲུང་མི་ནུས། །བས་མཐར་དགའ་ཞིང་དགོན་དབེན་སྤྱོད་ཡུལ་བ། །ཚིག་ཙམ་མ་ཡིན་ཟབ་མོ་བཟོད་པ་དང ། །བསེ་ལྟ་བུ་དང་ཤེས་ཁེ་བདེ་བསྲིངས་པ། །དེ་ནི་བྱང་ཆུབ་འཇིག་པར་འགྱུར་བ་སྲུང ། །ཚོགས་ལས་བསྲིངས་ཤིང་རབ་ཏུ་ཞི་ལ་མོས། །རི་དྭགས་ལྟ་བུར་འཇིགས་ཤིང་གནས་མེད་རྒྱུ། །ནམ་མཁའ་རླུང་བཞིན་རྙེད་ལ་མི་ཆགས་པ། །དེ་འདྲ་དེ་ནི་རྒྱལ་བའི་ཆོས་འཛིན་ཡིན། །ལུས་ལ་མི་ལྟ་སྲོག་དོན་མི་གཉེར་ན། །ཤེས་ཀྱི་ཁེ་འདོད་པར་ལྟ་ག་ལ་འགྱུར། །བརྩོན་བརྩམས་བདག་གི་མ་ཡིན་ཅི་ཡང་མིན། །དེ་ནི་མ་འོངས་དུས་ན་བྱང་ཆུབ་སྣོད། །ཕྱི་མའི་དུས་ན་སེམས་ཅན་འབྱུང་བ་ནི། །བདག་ཅག་བྱང་ཆུབ་ལ་ནི་སྤྱོད་ཅེས་འཛེར། །དེ་དག་སེམས་རྒོད་ཚུལ་འཆོས་ཉོན་མོངས་བཅས། །དེ་དག་རྣམས་ཀྱིས་ཆོས་འདི་བསྲུང་མི་ནུས། །འདྲེན་པ་མར་མེ་མཛད་ཀྱི་ཕ་རོལ་གྱི། །བསྐལ་པ་དག་ནི་སྟོང་ཕྲག་བྱེ་བ་ན། །སངས་རྒྱས་ཟླ་བའི་ཏོག་ཅེས་བྱ་བ་བྱུང ། །འགྲོ་བ་རྣམས་ལ་ཏིང་འཛིན་འདི་བཤད་དྲན། །རྒྱལ་བ་དེ་ཡི་འདུས་པ་དང་པོ་ནི། །ཕྱིར་མི་ལྡོག་པ་ཁྲག་ཁྲིག་བརྒྱད་ཅུ་སྟེ། །འདུས་པ་གཉིས་པ་ཁྲག་ 384a ༄#། །ཁྲིག་བདུན་ཅུ་ཡིན། །འདུས་པ་གསུམ་པ་བདུན་ཅུ་རྩ་གསུམ་མོ། །རྒྱལ་བའི་ཚེ་ནི་བསྐལ་པ་བྱེ་བ་མང ། །འོད་ཀྱང་དཔག་ཚང་དྲུག་ཅུ་རྩ་གསུམ་པ། །དགེ་འདུན་བྱེ་བ་དགུ་བཅུ་རྩ་དགུ་སྟེ། །ཐམས་ཅད་དགྲ་བཅོམ་དབང་ལྡན་གྱུར་པའོ། །དེ་ཡི་ཚེ་ན་རྒྱལ་པོ་བྱུང་བ་ནི། །འཁོར་ལོས་བསྒྱུར་བ་བསོད་ནམས་འཕགས་ཞེས་བྱ། །ཛམྦུའི་གླིང་གི་ཚད་དུ་གྱུར་པ་ནི། །མཚུངས་པར་དཔག་ཚད་སྟོང་ཕྲག་ཉི་ཤུའོ། །གླིང་བཞི་རྣམས་ཀྱི་ཚད་ཀྱང་དེ་བཞིན་ནོ། །རྒྱལ་པོའི་སྲས་ནི་བྱེ་བ་དྲུག་ཅུ་ཐམ། །བུ་ནི་སྟོང་ཐམ་པ་སྟེ་ཉུང་མ་ཡིན། །རྒྱལ་པོའི་ཕོ་བྲང་དགའ་བའི་འོད་ཅེས་བྱ། །གྲོང་ཁྱེར་དག་ནི་བྱེ་བ་བརྒྱད་ཅུར་གྱུར། །ཐམས་ཅད་སྐྱེད་མོས་ཚལ་རྒྱས་མཛེས་པར་གནས། །ཐམས་ཅད་ལོ་ལེགས་བདེ་ཞིང་དགའ་བ་སྟེ། །སུམ་ཅུ་རྩ་གསུམ་རྣམ་རྒྱལ་ཁང་གནས་འདྲ། །རྒྱལ་པོས་རྨི་ལམ་དུ་ནི་ཟླ་བའི་ཏོག་།སངས་རྒྱས་བྱུང་ངོ་ཞེས་ནི་ཐོས་གྱུར་ནས། །གཡོག་འཁོར་བྱེ་བ་བརྒྱ་ཕྲག་དྲུག་ཅུ་དང ། །རྒྱལ་བ་དེ་ཡི་དྲུང་དུ་ཉེར་སོང་ནས། །དེས་ནི་ཏིང་འཛིན་ཟབ་མོ་རྒྱལ་བའི་སྐུ། །མདོ་སྡེ་བཤད་པ་འདི་ནི་ཐོས་ནས་སུ། །སྟོན་པ་ཇི་ལྟར་བཞེད་བཞིན་སྤྱད་གསོལ་ཞེས། །རྒྱལ་སྲིད་ཐམས་ཅད་སངས་རྒྱས་དེ་ལ་ཕུལ། །གྲོང་ཁྱེར་ཀུན་ཏུ་དེ་བཞིན་གཤེགས་པ་ཡིས། །གཙུག་ལག་ཁང་ 384b ནི་ཙནྡན་རྒྱུས་བསྒྲུབས་བྱས། །དེས་ནི་ཐམས་ཅད་རྩེ་རྒོད་བཅས་པར་ཕུལ། །འཆག་པའི་ས་ནི་གསེར་གྱི་གྱིམ་བག་གཡོགས། །ལོ་ནི་སྟོང་ཕྲག་བརྒྱད་ཅུར་ཚང་བར་ཡང ། །རྒྱལ་པོ་ལས་གཞན་མི་བྱེད་མཆོད་པ་བྱེད། །རྒྱལ་པོ་ནམ་དུའང་རྨུགས་དང་གཉིད་མི་བསྐྱེད། །འདོད་ལ་མི་འདུན་རྒྱལ་སྲིད་སྲེད་མ་ཡིན། །ཏིང་ངེ་འཛིན་འདི་རབ་ཏུ་འདོད་པའི་ཕྱིར། ། དེ་བཞིན་གཤེགས་པ་ཉི་མ་རེ་རེ་ཞིང ། །བཀོད་པ་གང་དག་ཕུལ་བར་གྱུར་པ་ནི། །ཐམས་ཅད་ཚིག་གིས་བཤད་པར་མི་ནུས་སོ། །ལྐོག་ཏུ་སོང་ནས་རྟོག་པ་སྐྱེད་གྱུར་པ། །ཏིང་འཛིན་འདི་ནི་མཆོག་ཏུ་ཟབ་པ་སྟེ། །ཟང་ཟིང་འཛིན་པས་ཡེ་ཤེས་ཕྱག་རྒྱ་ཡི། །ཏིང་འཛིན་འདི་ནི་བསྒྲུབ་པར་མི་ནུས་སྙམ། །དེ་ནི་རབ་བྱུང་རྒྱལ་སྲིད་ཐམས་ཅད་སྤངས། །ཤ་ན་ཀ་ཡི་རས་གྱོན་བསོད་སྙོམས་སྤྱོད། །ལོ་ནི་སྟོང་ཕྲག་བརྒྱད་ཅུ་ཚང་བར་ཡང ། །གཉིད་ཀྱིས་མ་ནོན་ཏིང་ངེ་འཛིན་སྒོམ་མོ། །སྐབས་དེར་སངས་རྒྱས་ཀྱིས་ནི་ཇི་ཙམ་གང ། །རབ་ཏུ་བཤད་པའི་ཆོས་རྣམས་དེས་བཟུང་ནས། །བདེ་གཤེགས་ཡོངས་སུ་མྱ་ངན་འདས་འོག་དེས། །མཆོད་རྟེན་བྱེ་བ་དྲུག་ཅུ་རྩ་བཞི་བྱས། །རིན་ཆེན་བདུན་གྱིས་སྤྲས་ཤིང་མཛེས་བྱས་པའི། །གདུགས་ནི་ལྔ་བརྒྱ་ཀུན་ལ་རབ་ཏུ་ཕུལ། །ཀུན་ལ་སིལ་སྙན་ཁྲོལ་བ་བརྒྱ་རྣམས་དང ། །མར་མེ་སྟོང་ཕྲག་བརྒྱ་ཡང་རབ་ཏུ་ཕུལ། །ཡོ་བྱད་བསྙུངས་པའི་ཚུལ་ལ་གནས་ནས་སུ། །ལོ་ནི་ 385a ༄#། །བྱེ་བ་སྟོང་ཕྲག་བདུན་ཅུ་གསུམ། །ཟང་ཟིང་མེད་པའི་སེམས་ཀྱིས་གནས་ནས་ནི། །ཏིང་ངེ་འཛིན་འདི་འཁོར་ལ་རབ་ཏུ་བཤད། །ལེགས་ཞེས་བྱ་བའང་འདོད་པ་མ་ཡིན་ན། །ཤེས་ཀྱི་ཁེ་འདོད་པར་ལྟ་ག་ལ་འགྱུར། །དེའི་ཚེ་ཆོས་བསྲུང་བ་ཡི་བསམ་པ་ཡིས། །མགྲོན་དུ་བོས་པ་ཐམས་ཅད་རྣམ་པར་སྤངས། །དེ་བཞིན་གཤེགས་པ་བྱེ་བ་བརྒྱད་ཅུ་དང ། །ཁྲག་ཁྲིག་བདུན་ཅུ་དེས་ནི་མཉེས་པར་བྱས། །དེ་དག་ཀུན་ལ་དེ་འདྲའི་བཀོད་པ་བྱས། །ཐམས་ཅད་ལས་ཀྱང་ཏིང་འཛིན་འདི་ཐོབ་བོ། །གང་དག་བྱང་ཆུབ་འདི་ནི་བསྲུང་འདོད་པ། །དེ་དག་འདོད་པ་མེད་ཅིང་མོས་པ་དང ། །གཡོ་མེད་ལྷག་པའི་བསམ་པས་སྒོམ་པ་ཡིས། །རྒྱལ་པོ་དེ་འདྲ་བར་ནི་བསླབ་པར་གྱིས། །ཆོས་འདོད་མ་ཡིན་རྙེད་པ་དོན་གཉེར་ལ། །བསྡམས་པ་མིན་དག་བྱང་ཆུབ་སློབ་བོ་ཞེས། །སྨྲ་འགྱུར་ཁ་ཅིག་ཕྱི་མའི་དུས་འབྱུང་སྟེ། །སྨྲ་ལ་དགའ་ཞིང་ཐམས་ཅད་སྟོང་ཞེས་སྨྲ། །སྟོང་ཉིད་ཇི་བཞིན་སྟོང་པ་མི་ཤེས་ཏེ། །འཚོ་ཆགས་ཐ་བར་བཅས་ཤིང་ཉོན་མོངས་བཅས། །ཚིག་གིས་འདི་དག་སྟོང་ཉིད་འཛིན་འཇུག་ཅིང ། །བདག་ནི་བྱང་ཆུབ་ཐེ་ཚོམ་མེད་ཅེས་སྨྲ། །དེ་ཚེ་རྒྱལ་མཆོག་ཚེ་ནི་དཔག་མེད་གྱུར། །བུ་སྟོང་དག་ནི་བསྐལ་པ་བཟང་འདི་པ། །མདུན་ན་འདུག་པའི་འཁོར་རྣམས་ཇི་སྙེད་པ། །དེ་དག་ཐམས་ཅད་དེ་ཚེ་རབ་ 385b ཏུ་བྱུང ། །རྒྱལ་བ་བྱེ་བ་ཁྲག་ཁྲིག་རྣམས་དྲན་ཏེ། །དེ་ལས་རབ་ཏུ་བྱུང་སྟེ་དེ་དག་གིས། །གང་ཅི་བཤད་པ་ངས་ཀུན་སྒྲ་ཙམ་བཤད། །ངས་ནི་གནས་པས་སྟོང་པ་ཉིད་ཀྱང་བསྒོམས། ། ད་ལྟའི་ཐབས་ཀྱིས་བསྐལ་པ་མཐའ་ཡས་པར། །ངས་ནི་གནས་པས་སངས་རྒྱས་གང་དག་མཆོད། །ང་ནི་དེ་ཡི་བྱང་ཆུབ་མ་ཐོབ་ཀྱི། །གཞན་དུ་འདི་ལ་གནས་ཏེ་བསྒྲུབས་པས་ན། །མར་མེ་མཛད་པ་མཐོང་མ་ཐག་ཏུ་ནི། །སོམ་ཉི་སྤངས་ནས་མཉམ་པ་ཉིད་མཐོང་བས། །དེ་ནས་ཁྱོད་ནི་ཤཱཀྱ་སེང་གེ་ཡི། །སངས་རྒྱས་འགྱུར་ཞེས་འདྲེན་པས་བདག་ལུང་བསྟན།། །།འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་གཉིས་པ་སྟེ་ཐ་མ། དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོའི་བཙུན་མོ་དམ་པ་མ་སྐྱེས་དགྲའི་མ་དཔལ་བཟང་ཞེས་བྱ་བ་དང ། རྒྱལ་པོ་གཟུགས་ཅན་སྙིང་པོའི་བཙུན་མོ་དམ་པ་བྱེ་བ་ལྡན་གྱི་བུ་མོ་གསེར་མཆོག་སྣང་བ་ཞེས་བྱ་བའང་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འཁོད་དོ། །དེ་ནས་རྒྱལ་པོའི་བཙུན་མོ་དཔལ་བཟང་དང ། གསེར་མཆོག་སྣང་གཉིས་སྟན་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ཉེ་བར་སོང་སྟེ་ཕྱིན་པ་དང ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷངས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་ 386a ༄#། །སུ་ཐལ་མོ་སྦྱར་བ་བཏུད་དེ། གུས་པ་དང་བཅས། ཞེས་དང་བཅས་པར་སོ་སོ་ནས་རས་བཅོས་མ་བརྒྱ་སྟོང་རི་བ་ཕྲུགས་རེས་བཅོམ་ལྡན་འདས་ཀྱི་སྐུ་ལ་མངོན་པར་གསོལ་ཏོ། །རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་གི་སྐོན་བུ་ལྔ་བརྒྱས་ཀྱང་བཅོམ་ལྡན་འདས་ལ་མངོན་པར་གཏོར་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་གཉིས་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱ་ཐ་མ་ལ་ཏིང་ངེ་འཛིན་དཀོན་མཆོག་འདི་ལ་མོས་པར་བགྱི། ཡིད་ཆེས་པར་བགྱི། གཟུང་བར་བགྱི། བཅང་བར་བགྱི། བཀླག་པར་བགྱི། ཀུན་ཆུབ་པར་བགྱི། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བགྱིའོ། །ཆོས་སྨྲ་བ་མདོ་སྡེ་འདི་ལྟ་བུ་འཛིན་པའི་གང་ཟག་དེ་དག་ལའང་བདག་ཅག་གིས་གོས་དང ། ཟས་དང ། མལ་ཆ་དང ། ན་བའི་གསོས་སྨན་དང ། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་དང ། རིམ་གྲོ་བགྱི་བར་སྤྲོའོ། །སེམས་ཅན་རྣམས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡོངས་སུ་སྨིན་པར་བགྱིའོ། །སྟོང་པ་ཉིད་སྤངས་པར་མི་བགྱིའོ། །ཚིག་ལྷུར་བླངས་བར་མི་བགྱི་ཡི། ནན་ཏན་གྱིས་བསྒྲུབ་པར་བགྱིའོ། །བཅོམ་ལྡན་འདས། ལུས་དང ། སྲོག་ལའང་བལྟ་བར་མི་བགྱི་ན། སླད་རོལ་གྱི་དངོས་པོ་རྣམས་ལ་ལྟ་སྨོས་ཀྱང་ཅི་འཚལ། བཙུན་མོ་དམ་པ་དེ་གཉིས་འདི་ལྟ་བུར་རྗེས་སུ་སློབ་པ་ན། རྒྱལ་པོ་གཟུགས་ཅན་སྙིང་པོའི་བཙུན་མོའི་འཁོར་བུད་ 386b མེད་བརྒྱ་སྟོང་སྟན་ལས་ལངས་ནས་ཐལ་མོ་སྦྱར་ཏེ། གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་ནི་ཏིང་ངེ་འཛིན་འདི་ལ་རྗེས་སུ་ཡི་རང་ངོ ། ། རྗེས་སུ་ཡི་རངས་ནས་ཀྱང་ཚིག་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་ཡོངས་སུ་གཟུང་བར་སྤྲོའོ། །ཡུལ་མ་གངྒཱའི་དགེ་བསྙེན་མ་ཡུལ་མ་ག་དྷཱ་ན་འཁོད་པ་དྲུག་ཁྲི་ལས་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུའང་ཡང་དག་པར་ཞུགས་པ་དེ་དག་ནི་ཏིང་ངེ་འཛིན་འདི་ལ་རྗེས་སུ་ཡི་རང་ངོ ། །རྗེས་སུ་ཡི་རངས་ནས་ཀྱང་ཚིག་འདི་སྐད་ཅེས་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་གཟུང་བར་སྤྲོའོ་ཞེས་གསོལ་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ། གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་འཕྲོ་བ་ཁ་དོག་དུ་མ། ཁ་དོག་ཐ་དད་པ། ཁ་དོག་བརྒྱ་སྟོང་དང་ལྡན་པ་འདི་ལྟ་སྟེ། སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དང ། ལེ་བརྒན་དང ། ཤེལ་དང ། དངུལ་གྱི་ཁ་དོག་ལྟ་བུ་བྱུང་ངོ ། །དེ་དག་ཞལ་གྱི་སྒོ་ནས་བྱུང་ནས་ཀྱང་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྣང་བར་བྱས་ཏེ། བདུད་ཀྱི་གནས་ཐམས་ 387a ༄#། །ཅད་པ་བཀོད་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ཏེ། ཉི་མ་དང ། ཟླ་བའི་འོད་ཟིལ་དུ་བརླག་པར་བྱས་ནས། སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པ་དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་ཀྱི་ཚོར་བ་ཐམས་ཅད་ཞི་བར་བྱས་ཏེ། སླར་ལོག་ནས་བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་པར་གྱུར་ཏོ། །དེ་ནས་དཔལ་བཟང་དང ། བྱེ་བ་ལྡན་པའི་བུ་མོ་གསེར་མཆོག་སྣང་བ་གཉིས་སྟན་ལས་ལངས་ཏེ། གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས།་ཚིགས་སུ་བཅད་པའི་དབྱངས་ཀྱིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དེ་འཛུམ་པ་མཛད་པའི་དོན་ཞུས་པ། མི་མཆོག་ཡོན་ཏན་མངའ་བ་སྲིད་པ་གསུམ་ན་མཚུངས་མ་མཆིས། །ནམ་མཁའ་ཟླ་བ་འདྲ་བ་ཡོན་ཏན་བརྒྱ་རྣམས་ཤིན་ཏུ་རྒྱས། །རབ་ཏུ་བཞད་པ་ལེགས་པར་མཛེས་པ་མཆོག་ཏུ་སྙན་པའི་གསུང ། །སྟོབས་བཅུ་ཇི་སླད་འཛུམ་པ་མཛད་པ་འདི་ནི་བཀའ་སྩལ་གསོལ། །སེམས་ཅན་དམ་པ་ཟླ་བ་འདྲ་བའི་ཞལ་ནི་རབ་འཛུམ་འཇིག་རྟེན་མིག་སྦྱིན་པ། །ཤིན་ཏུ་མཛེས་ཤིང་མཆོག་ཏུ་དྲི་མེད་ཚངས་པའི་ 387b དབྱངས་དང་འཇམ་པའི་སྒྲ་དང་དབྱངས། །སེམས་ལ་སྣུམ་ཞིང་ལུས་ལ་སིམ་པ་བདེ་བས་སེམས་ནི་རབ་ཏུ་ཚིམ་མཛད་པ། །མི་ཡི་དམ་པ་སེང་གེའི་འཛུམ་མཛད་དེ་ཡི་རྒྱུ་ནི་འདྲེན་པ་ལུང་བསྟན་གསོལ། །འཁྲུགས་པ་མི་མངའ་བ་དང་མ་རྙོགས་མ་ཚང་མི་མངའ་གསུང ། །ཤིན་ཏུ་ལྡན་ཞིང་རབ་ཏུ་མཉམ་ལ་མཆོག་ཏུ་མཛེས་པར་སྙན། །ཕ་རོལ་སྤྱོད་པའི་ཚུལ་ནི་ཁྲག་ཁྲིག་བརྒྱ་དག་རྣམ་པར་འབྱེད། །ཅི་ཡི་སླད་དུ་ཡོན་ཏན་མངའ་བ་འཛུམ་མཛད་བཀའ་སྩལ་གསོལ། །གསུང་ནི་བརྒྱད་དང་ལྡན་ཞིང་ཡན་ལག་དྲུག་ཅུ་རྣམས་དང་ལྡན། །སྐད་ནི་བདུན་བརྒྱ་དག་དང་ཡི་གེ་བྱེ་བ་དྲུག་ཅུ་ལྡན། །སངས་རྒྱས་གསུང་གི་རིགས་པ་བྱེ་བ་ཁྲག་ཁྲིག་བཅུ་དང་བརྒྱད་ཅུ་སྟེ། །འཛུམ་མཛད་དོན་གྱི་གླིང་བཞི་དཔག་ཏུ་མ་མཆིས་བཀའ་སྩལ་གསོལ། ། རི་བོ་མཆོག་དང་མཚུངས་འདྲ་ཕ་རོལ་ཚོགས་ཀྱིས་མི་གཡོས་པ། །ཚུལ་བརྒྱ་རྣམ་པར་འབྱེད་ཅིང་ཡིད་གཉིས་རྣམ་པར་འཐོར་མཛད་པ། །སྲིད་པའི་སྡུག་བསྔལ་ཞི་བར་མཛད་པ་འགྲོ་ལ་བདེ་སྦྱིན་པ། །འདི་ལྟར་སྡུག་པ་འཛུམ་མཛད་སྤྱོད་པ་ཇི་བཞིན་དབྱེ་བར་གསོལ། །གསེར་གྱི་རི་ལྟར་དགའ་ཞིང་རིན་ཆེན་མཆོད་སྡོང་འདྲ་བའི་སྐུ། །ཞལ་རས་པདྨ་འདབ་མ་བརྒྱ་པ་རྒྱས་འདྲ་བལྟ་བའི་ངོས། །རི་དྭགས་དབང་པོའི་སྒྲ་སྒྲོག་སེང་གེའི་རྣམ་གནོན་སྟོབས་ལྡན་པ། །རབ་ཏུ་བཞད་པ་བཞད་པའི་དོན་གྱི་རིགས་པ་ལུང་བསྟན་གསོལ། །སྲིད་པ་གསུམ་ན་ 388a ༄#། །མཚུངས་པ་མ་མཆིས་དྲི་གསུམ་དྲི་མི་མངའ། །མཛེས་པར་སྤྱོད་པས་སྲིད་པ་བརྒྱ་དག་ཉེ་བར་ཞི་མཛད་དགྱེས། །ཁྱོད་ཀྱི་འཛུམ་པ་མཛད་པ་ཕྱོགས་བཅུ་དག་ཏུ་རྒྱ་ཆེར་གསལ། །བདུད་རྩི་མུན་བསེལ་བ་རྣམ་པར་དབྱེ་བ་མྱུར་དུ་གསུངས། །པི་ཝང་རྫ་རྔ་རྒྱུད་གཅིག་རྒྱུད་གསུམ་དུང་དང་གླིང་བུ་དང ། །མིའམ་ཅི་དང་ཀ་ལ་པིངྐ་དག་དང་ཁུ་བྱུག་དང ། །ངང་པ་ཁྲུང་ཁྲུང་དག་དང་རྔ་དང་རྫ་རྔ་ཕེག་རྡོབ་རྣམས། །དུས་གཅིག་སྦྱར་བ་གྱིས་ཀྱང་སངས་རྒྱས་གསུང་གི་བརྒྱ་ཆར་མི་འགྱུར་རོ། །ཕྱོགས་བཅུ་དག་ནས་ལྷགས་པར་གྱུར་པའི་འཁོར་ཡོངས་འདི་དག་ནི། །མང་འཛིན་བློ་གྲོས་མང་ཞིང་བློ་གྲོས་ངན་པར་ལྷུང་བ་སྟེ། །ཅི་ནས་འབྲས་བཅས་བརྟུལ་ཞུགས་གྲུབ་ནས་ཕྱོགས་ཕྱོགས་མཆི་འགྱུར་བར། །ཇི་ལྟར་འདི་དག་སྲེད་པའི་འཁྲི་ཤིང་བཙལ་བ་དེ་འདྲ་གསུངས། །བྱེ་བའི་ཞིང་ནས་ལྷགས་པ་འཁོར་གྱི་དམ་པ་མཐའ་ཡས་པ། །ཕྱོགས་བཅུའི་མི་མཆོག་དག་གིས་ཆོས་འདོད་པ་དག་རབ་བཀྱེ་པ། །དེ་དག་ཅི་ནས་དངོས་གྲུབ་ཐོབ་ནས་རྟ་སྟེ་འཆི་འགྱུར་བར། །དེ་དག་ལ་ནི་འཛུམ་པའི་གླེང་གཞི་ཆོས་ཆར་དབབ་ཏུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་བཙུན་མོ་དཔལ་བཟང་དང ། གསེར་མཆོག་སྣང་ལ་སླར་ཚིགས་སུ་བཅད་དེ་དཀའ་སྩལ་པ། དྲན་པ་བསྐལ་པ་དཔག་ཏུ་ 388b མེད་པ་གངྒཱའི་བྱེ་སྙེད་ན། །གང་ཚེ་བསོད་ནམས་འོད་ཟེར་ཞེས་བྱ་འཇིག་རྟེན་འདྲེན་པ་བྱུང ། །སྟོན་པ་དེ་ཡི་ཚེ་ལོ་བྱེ་བ་ཕྲག་ནི་བདུན་ཅུ་སྟེ། །ཆོས་ཀྱི་རྒྱལ་པོ་དེ་ཡི་ཉན་ཐོས་དགེ་འདུན་མཐའ་ཡས་གྱུར། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཤེས་རབ་ཁ་ལོ་སྒྱུར་བ་བྱུང ། །དེ་ཡི་ཆུང་མ་ཏོག་གི་རྒྱལ་པོ་དང་ཡང་གཉིས་པ་ནི། །འོད་འཕྲོ་ཞེས་བྱ་དངོས་པོ་ཀུན་ལ་མ་ཆགས་མངོན་པར་བྱུང། །ཆོས་འདོད་རབ་ཏུ་བྱུང་ནས་ལོ་ནི་བྱེ་བར་ཆོས་ཚུལ་བསྲུངས། །དེས་ནི་འདྲེན་པ་བྱེ་བ་དྲུག་ཅུ་དག་དང་གཞན་ཡང་ནི། །དཀྲིགས་ཕྲག་སུམ་ཆུའི་ཆོས་ཚུལ་མཐུན་པར་མཐའ་དུས་དེར་བསྲུངས་ཏེ། །མ་འོངས་འཇིག་རྟེན་མགོན་པོ་གངཱ་སུམ་ཅུའི་བྱེ་སྙེད་ཀྱི། །ཆོས་ཚུལ་ཉམས་པར་འགྱུར་ཚེ་མཐུན་པར་དེར་ནི་སྲུང་བར་འགྱུར། །ཚེ་རབས་དེ་དང་དེར་ནི་ཁྱེད་མཐུན་སེམས་ཅན་དག་གྱུར་པ། །རྒྱལ་པོ་འཁྲུགས་མེད་ཤེས་རབ་ཁ་ལོ་སྒྱུར་བའི་ཆུང་མར་འགྱུར། །ཆོས་བསྲུངས་པས་ན་ཕྱི་མའི་དུས་ན་བུད་མེད་དངོས་སྤངས་ཏེ། །བདེ་བ་ཅན་གྱི་དེ་བཞིན་གཤེགས་པ་མཐའ་ཡས་འོད་མཐོང་འགྱུར། །ཕྱི་བཞིན་འབྲང་བ་གཞན་ཡང་ཇི་སྙེད་དེ་དག་མཐུན་པར་ནི། །ཟད་འགྱུར་དུས་ན་བྱང་ཆུབ་བསྲུང་བར་བསམ་པ་ཐག་པས་ཞུགས། ། བདེ་བ་ཅན་དུ་པདྨ་འདབ་མ་རྒྱས་པར་འདུག་པ་ཡི། །རྒྱལ་བའི་སྲས་པོ་མཚན་རྣམས་སུམ་ཅུ་དག་གིས་བརྒྱན་པར་འགྱུར། །དེ་དག་དེར་དོང་ནས་ནི་གུས་པར་སྟོན་པ་མཆོད་ 389a ༄#། །བྱས་ནས། །བསྐལ་པ་བཀོད་པའི་རྒྱལ་པོ་ཞེས་བྱ་དགྲ་རྣམས་མེད་པ་ལ། །དེ་དག་ཐམས་ཅད་དེར་ནི་བྱང་ཆུབ་དམ་པ་འཚང་རྒྱར་འགྱུར། །ལྷ་མིའི་སྐྱེ་དགུ་དག་ཀྱང་ཆོས་སྒྲུབ་ཕྱིར་ནི་གནས་པར་འགྱུར། །ཞིང་དེ་ན་ནི་བདུད་ཀྱི་ལས་རྣམས་ཐམས་ཅད་ཡོངས་མེད་ཅིང ། །དེ་ཡི་དུས་ན་ཉན་ཐོས་རྣམས་ཀྱང་གྲག་པར་མི་འགྱུར་ཏེ། །ལས་སྐྱོན་མེད་ཅིང་ངན་སོང་མེད་ལ་སྲོག་ཆགས་མངལ་གནས་མེད། །དེར་ནི་རྟག་ཏུ་བྱང་ཆུབ་སེམས་དཔའ་མཐའ་ཡས་འདུ་བར་འགྱུར། །གང་ཞིག་རྒྱལ་བ་རྣམས་ཀྱི་བྱང་ཆུབ་བསྲུང་ཕྱིར་ལུས་བོར་ཏེ། །ཤེས་ཀྱི་ཁེ་འདོད་མེད་ཅིང་སྲོག་ལའང་ལྟ་བར་མི་འགྱུར་བ། །དེ་ནི་མྱུར་དུ་བྱང་ཆུབ་དམ་པ་འཚང་རྒྱ་འདིར་གནས་ནས། །བསམ་པ་ཇི་བཞིན་འདོད་པར་སངས་རྒྱས་ཞིང་རྣམས་ཀུན་ཏུ་འགྲོ་།དེ་ལྟ་བས་ན་འཐབ་མོ་ཆེན་པོའི་ཚེ་ཡང་ཕན་ཚུན་དུ། །མཐུན་བྱོས་སངས་རྒྱས་དགའ་སྐྱེད་གུས་བཅས་ཕྲག་དོག་མེད་པར་ནི། །ང་ཡི་བྱང་ཆུབ་སྲུངས་ཤིག་དབྱེ་འགྱུར་ཕྱི་མའི་དུས་ན་ཡང ། །གང་དག་རྙེད་ལ་བརྐམ་པ་དེ་དག་རྗེས་སུ་མ་སློབས་ཤིག་།གང་དོན་སངས་རྒྱས་ཆོས་འཚོལ་བ་ན་བསྐལ་པ་བྱེ་བར་ནི། །ང་ཡིས་ཆུང་མ་བུ་ཕོ་བུ་མོ་རྒྱལ་སྲིད་མགོ་མིག་བཏང ། །ང་ཡི་ཆོས་དེ་རིགས་པ་མི་ལྡན་དེ་དག་རྙེད་རྒྱུས་འཇིག་།ཤེས་ཀྱི་ཁེ་དང་རྙེད་ཕྱིར་ཕན་ཚུན་ཞེས་དང་བྱེད་པར་འགྱུར། །ཟང་འགྱུར་དུས་ 389b ན་བསམ་པ་ཐག་པས་བྱང་ཆུབ་བསྲུང་བའི་ཕྱིར། །སྲོག་ཆགས་བྱེ་བ་བརྒྱད་ཅུ་མཆི་མའི་ཤུགས་ཀྱིས་ཞུགས་པར་གྱུར། །སྟོང་གསུམ་གཡོས་ནས་ལྷ་ཡིས་མེ་ཏོག་ཆར་ཡང་རབ་ཏུ་ཕབ། །གང་དག་མདོ་འདིར་དགའ་བ་དེ་དག་རྙེད་པ་ལེགས་པར་རྙེད། །ཕྱོགས་བཅུའི་འདྲེན་པ་ཇི་སྙེད་པ་ལའང་དགའ་བར་གྱུར་པ་ཡིན། །ལྷ་རྣམས་ཀྱིས་ཀྱང་དེ་དག་བསྔགས་ཕྲེང་དམ་པ་བརྗོད་པར་འགྱུར། །གང་དག་ཕྱི་དུས་ཡེ་ཤེས་ཕྱག་རྒྱའི་མདོ་ཐོས་སྒོམ་བྱེད་པ། །དེ་དག་རྣམས་ལ་ལྷ་ཡང་མཆོད་བྱེད་གནོད་སྦྱིན་སྲུང་བར་བྱེད། །གང་ཞིག་སངས་རྒྱས་ཞིང་ནི་གངྒཱའི་བྱེ་མ་སྙེད་ཀྱི་རྣམས། །གསེར་བཀང་བསྐལ་པ་གངྒཱའི་བྱེ་སྙེད་འདྲེན་པ་ཕུལ་བ་ནི། །གང་ཞིག་ཡེ་ཤེས་ཕྱག་རྒྱའི་མདོ་སྡེ་འདི་ལ་བཟོད་གྱུར་ན། །འདི་ལ་གང་སྦྱོར་བྱེད་པའི་བསོད་ནམས་དེ་ཡི་གྲངས་མི་འགྲོ་།མི་འདོད་པ་ལ་ནན་གྱིས་བྱང་ཆུབ་སུ་ལའང་སྦྱིན་མི་བྱ། །སངས་རྒྱས་ཀྱི་ནི་རྨད་བྱུང་ཐོས་ནས་བྱང་ཆུབ་སེམས་བསྐྱེད་ཅིང ། །ཇི་ལྟར་མདོ་སྡེ་དམ་པ་འདི་ལས་རྗེས་སུ་བསྟན་བཤད་པ། །དེ་ལྟར་སྦྱོར་བ་རིང་པོར་མི་ཐོགས་འཇིག་རྟེན་མགོན་པོར་འགྱུར། །གང་ཞིག་སངས་རྒྱས་བྱང་ཆུབ་དམ་པ་རྒྱ་ཆེན་རེག་འདོད་པ། །དགོན་པར་གནས་ནས་གུས་དང་བཅས་པར་སོ་སོར་ཐར་བསྡམས་ཏེ། །སྡོམ་པ་གསུམ་གྱིས་སེམས་ཅན་ཀུན་ལ་མ་བུར་འདུ་ཤེས་ནས། །ཡང་དག་དགའ་བ་མདུན་བྱས་དཔའ་དང་སྟོན་པའི་འདུ་ཤེས་བསྐྱེད། 390a ༄#། །གང་ཞིག་ཡེ་ཤེས་ཕྱག་རྒྱའི་ཏིང་འཛིན་འདི་ནི་ཡི་གེར་བྲིས། །འཆང་ཞིང་སྟོན་ལ་ཀློག་ཅིང་གང་ཞིག་གཞན་ལ་རབ་འཆད་པ། །དེ་ཡི་བསོད་ནམས་ཕུང་པོ་དཔག་ཏུ་མེད་ཅིང་བསམ་མི་ལང ། །རྒྱལ་བའི་སྲས་པོ་བདེ་བ་ཅན་གྱི་འཇིག་རྟེན་ཁམས་སུ་འགྲོ་།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། སེམས་ཅན་གང་དག་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱ་ཐ་མ་ལ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ཡོངས་སུ་འཛིན་པར་འགྱུར་བ་དང ། ལེན་པར་འགྱུར་བ་དེ་དག་ཇི་སྙེད་ཅིག་འབྱུང་བར་འགྱུར། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ། ཕྱི་མའི་ཚེ་ཕྱི་མའི་དུས་ན་སྡུག་བསྔལ་བ། མཆོག་ཏུ་སྡུག་བསྔལ་བ། གཟུ་ལུམས་ཅན། མཆོག་ཏུ་གཟུ་ལུམས་ཅན། བཟོད་པར་དཀའ་བ། མོས་པར་དཀའ་བ། དགེ་བའི་རྩ་བ་རྣམ་པར་འཇིག་པར་བྱེད་པ་འབྱུང་བར་འགྱུར་རོ། ། བྱམས་པ། གལ་ཏེ་མ་འོངས་པའི་དུས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་འཇིག་པར་འགྱུར་བ་ཅི་འདྲ་བ་འབྱུང་བ། དེ་ཐམས་ཅད་ཁྱོད་ལ་བསྟན་ཀྱང་དེ་དག་།བྱམས་ 390b པ།་ཁྱོད་ལ་སྣང་བར་མི་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་ཐམས་ཅད་ལ་ཐུགས་བརྩེ་བར་དགོངས་ཏེ། བཅོམ་ལྡན་འདས། བཤད་དུ་གསོལ། བདེ་བར་གཤེགས་པ། བཤད་དུ་གསོལ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་གང་དག་ཡང་དག་པར་སློབ་པར་འཚལ་བར་འགྱུར་བ་དེ་དག་ནི་ཐོས་ནས་དེ་བཞིན་ཉིད་དུ་སློབ་པར་འགྱུར་ཞིང་དེ་བཞིན་ཉིད་དུ་བསླབས་ནས་ཀྱང་དེ་བཞིན་ཉིད་དུ་སྒྲུབ་པར་འགྱུར་ཏེ། ཇི་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དེ་ལྟར་སྒྲུབ་པར་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ། སེམས་ཅན་གང་དག་སྔོན་སངས་རྒྱས་བརྒྱ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དགེ་བའི་རྩ་བ་བསྐྱེད་པར་གྱུར་པ་དེ་དག་ནི་ཕྱི་མའི་ཚེ་ཕྱི་མའི་དུས་ན་བྱང་ཆུབ་ཀྱི་སེམས་ཉམས་པར་འགྱུར་ཏེ། ཤིན་ཏུ་རྒྱས་པ་ལའང་མི་མོས་ཤིང་སྤོང་བར་འགྱུར་རོ། །བྱམས་པ། སེམས་ཅན་གང་དག་སྔོན་གྱི་སངས་རྒྱས་སྟོང་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དགེ་བའི་རྩ་བའང་བསྐྱེད་པར་གྱུར་པ་དེ་དག་ནི་ཕྱི་མའི་ཚེ་ཕྱི་མའི་དུས་ན་བྱང་ཆུབ་ཀྱི་སེམས་སྐྱེ་ཡང་ཤིན་ཏུ་རྒྱས་པ་སྤོང་བར་འགྱུར་ 391a ༄#། །གྱི།་མོས་པར་མི་འགྱུར། །ཡི་གེར་འདྲི་བར་མི་འགྱུར། འཛིན་པར་མི་འགྱུར། འཆང་བར་མི་འགྱུར། ལུང་ནོད་པར་མི་འགྱུར། དད་པར་མི་འགྱུར་རོ། །བྱམས་པ།་སེམས་ཅན་གང་དག་སངས་རྒྱས་འབུམ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང ། དགེ་བའི་རྩ་བའང་བསྐྱེད་པར་གྱུར་པ་དེ་དག་ནི་ཕྱི་མའི་ཚེ་ཕྱི་མའི་དུས་ན་བྱང་ཆུབ་ཀྱི་སེམས་སྐྱེ་བར་འགྱུར། ཤིན་ཏུ་རྒྱས་པ་ལའང་མོས་པར་འགྱུར་ཞིང་མི་སྤོང་ཡང་ལུང་ནོད་པར་མི་འགྱུར། དོན་གོ་བར་མི་འགྱུར་རོ། །བྱམས་པ། སེམས་ཅན་གང་དག་སངས་རྒྱས་བྱེ་བ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང ། དགེ་བའི་རྩ་བའང་བསྐྱེད་པར་གྱུར་པ་དེ་དག་ནི་ཕྱི་མའི་ཚེ་ཕྱི་མའི་དུས་ན་བྱང་ཆུབ་ཀྱི་སེམས་སྐྱེ་བར་འགྱུར། ཤིན་ཏུ་རྒྱས་པའང་ཐོས་པར་འགྱུར། ཡི་གེར་འདྲི་བར་འགྱུར། འཆང་བར་འགྱུར། མོས་པར་འགྱུར། ལུང་ནོད་པར་འགྱུར། དོན་གོ་བར་འགྱུར་ཡང་བྱང་ཆུབ་ལ་བཟོད་པར་མི་འགྱུར་རོ། །ཏིང་ངེ་འཛིན་འདི་ཐོབ་པར་མི་འགྱུར། སྤོབས་པར་མི་འགྱུར་རོ། །བྱམས་པ། སེམས་ཅན་གང་དག་སངས་རྒྱས་བྱེ་བ་ཕྲག་བཅུ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དགེ་བའི་རྩ་བའང་བསྐྱེད་པར་གྱུར་པ་དེ་དག་ནི་ཕྱི་མའི་ཚེ་ཕྱི་མའི་དུས་ན་བྱང་ཆུབ་ཀྱི་སེམས་སྐྱེ་བར་འགྱུར། ཤིན་ཏུ་རྒྱས་པའང་ཐོབ་པར་འགྱུར། མོས་པར་འགྱུར་ལ། ཡི་གེར་འདྲི་བར་འགྱུར་ 391b འཛིན་པར་འགྱུར། ལུང་ནོད་པར་འགྱུར། བཟོད་པར་འགྱུར་ཡང་ཏིང་ངེ་འཛིན་འདི་ཐོབ་པར་མི་འགྱུར། སྤོབས་པར་མི་འགྱུར་རོ། །བྱམས་པ། སེམས་ཅན་གང་དག་སངས་རྒྱས་བྱེ་བ་ཕྲག་སུམ་ཅུ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དགེ་བའི་རྩ་བའང་བསྐྱེད་པར་གྱུར་པ་དེ་དག་ནི་ཕྱི་མའི་ཚེ་ཕྱི་མའི་དུས་ན་བྱང་ཆུབ་ཀྱི་སེམས་སྐྱེ་བར་འགྱུར། ཤིན་ཏུ་རྒྱས་པའང་ཐོས་པར་འགྱུར། མོས་པར་འགྱུར་ཞིང་སྤོང་བར་མི་འགྱུར་ལ། ཡིད་ཆེས་པར་འགྱུར། འདོན་པར་འགྱུར། ཡི་གེར་འདྲི་བར་འགྱུར། ཀློག་པར་འགྱུར། ཁ་ཏོན་བྱེད་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། འཛིན་པར་འགྱུར། ཀུན་འཛིན་པར་འགྱུར། དོན་ཡང་རྟོགས་པར་འགྱུར། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར། བསྒོམ་པར་འགྱུར། བྱང་ཆུབ་ལ་བཟོད་པའང་ཐོབ་པར་འགྱུར་ཡང་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ཐོབ་པར་མི་འགྱུར། སྤོབས་པར་མི་འགྱུར་རོ། ། བྱམས་པ། སེམས་ཅན་གང་དག་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དགེ་བའི་རྩ་བའང་བསྐྱེད་པར་གྱུར་པ་དེ་དག་དང ། སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་ལས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ཐོས་པར་གྱུར། བཟུང ། ཀུན་ཏུ་བཟུང་བར་གྱུར་པ་དེ་དག་ནི་ཕྱི་མའི་ཚེ་ཕྱི་མའི་དུས་ན་བྱང་ཆུབ་ཏུ་ 392a ༄#། །སེམས་བསྐྱེད་པར་འགྱུར། ཤིན་ཏུ་རྒྱས་པའང་ཐོས་པར་འགྱུར། མོས་པར་འགྱུར། ཡིད་ཆེས་པར་འགྱུར་ཞིང་སྤོང་བར་མི་འགྱུར་ལ། འདོན་པར་འགྱུར། དད་པར་འགྱུར། ཁ་ཏོན་བྱེད་པར་འགྱུར། ཡི་གེར་འདྲི་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། འཛིན་པར་འགྱུར། ཀུན་འཛིན་པར་འགྱུར། དོན་ཀྱང་རྟོགས་པར་འགྱུར། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར། སྒོམ་པར་འགྱུར། བྱང་ཆུབ་ལ་བཟོད་པའང་ཐོབ་པར་འགྱུར། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་འདིའང་ཐོབ་པར་འགྱུར། ཆོས་ཐམས་ཅད་དབྱེར་མེད་ཅིང་དམིགས་སུ་མེད་པས་སངས་རྒྱས་ཀྱི་བྱང་ཆུབ་སྟོན་པར་འགྱུར། བདུད་ཀྱི་ལས་ཀྱིས་མི་འཕྲོགས་པར་འགྱུར། ཆོས་ཀྱི་སྒྲིབ་པས་མི་འཕྲོགས་པར་འགྱུར་རོ། །དེ་དག་གིས་བསྐལ་པ་གྲངས་མེད་པར་གང་སྡིག་པའི་ལས་མངོན་པར་འདུས་བྱས་པར་གྱུར་པ་དེ་དག་གི་དེའང་ཕྱི་མའི་ཚེ་ཕྱི་མའི་དུས་ན་ཀླད་པ་ན་བ་ཙམ་གྱིས་ཐམས་ཅད་བྱང་བར་འགྱུར། སེམས་ཉམ་ང་བ་ཙམ་གྱིས་ཐམས་ཅད་བྱང་བར་འགྱུར། སྐུར་པ་བཏབ་པ་ཙམ་གྱིས་ཐམས་ཅད་བྱང་བར་འགྱུར། བརྙས་པ་ཙམ་གྱིས་ཐམས་ཅད་བྱང་བར་འགྱུར། ཐིང་སླད་བྱས་པ་ཙམ་གྱིས་ཐམས་ཅད་བྱང་བར་འགྱུར། ཅོ་དྲིས་བྱས་པ་ 392b ཙམ་གྱིས་ཐམས་ཅད་བྱང་བར་འགྱུར། རྙེད་པ་ཆུང་བས་ཐམས་ཅད་བྱང་བར་འགྱུར། སྐྱེ་བ་གཅིག་ཁོ་ནས་ཐམས་ཅད་བྱང་བར་འགྱུར་རོ། །བྱམས་པ། གང་དག་ཕྱི་མའི་ཚེ་ཕྱི་མའི་དུས་ན་བྱང་ཆུབ་ཀྱི་སེམས་ལ་སྒྱིད་ལུག་པར་མི་འགྱུར་ཞིང་ཡང་དག་པར་བླངས་པ་བསྟན་ལ། བསམ་པ་ཐག་པ་ནས་བྱང་ཆུབ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་སངས་རྒྱས་གྲངས་མེད་པ་མང་པོ་ལ་བསྙེན་བཀུར་བྱས་པ་ཡིན་ནོ། །བྱམས་པ། བྱང་ཆུབ་སེམས་དཔའ་དེ་དག་གིས་ངན་སོང་མྱོང་བར་འགྱུར་བའི་ལས་གང་འདུས་བྱས་པ་དེ་དག་གི་དེའང་ཕྱི་མའི་ཚེ་ཕྱི་མའི་དུས་ན་མདོག་ངན་པར་གྱུར་པ་ཙམ་གྱིས་བྱང་བར་འགྱུར། གདུལ་དཀའ་བ་ཙམ་གྱིས་བྱང་བར་འགྱུར། ནད་མང་བ་ཙམ་གྱིས་བྱང་བར་འགྱུར། གཟི་བརྗིད་ཆུང་བས་བྱང་བར་འགྱུར། དམའ་བའི་རིགས་སུ་སྐྱེས་པས་བྱང་བར་འགྱུར། མ་གྲགས་པའི་རིགས་སུ་སྐྱེས་པས་བྱང་བར་འགྱུར། ཁྱད་དུ་བསད་པའི་རིགས་སུ་སྐྱེས་པས་བྱང་བར་འགྱུར། དབུལ་པོའི་རིགས་སུ་སྐྱེས་པས་བྱང་པར་འགྱུར། མཐའ་འཁོབ་ཀྱི་སྐྱེ་བོའི་རིགས་སུ་སྐྱེས་པས་བྱང་བར་འགྱུར། ངན་པའི་རིགས་སུ་སྐྱེས་པས་བྱང་བར་འགྱུར། ཕོངས་པའི་རིགས་སུ་སྐྱེས་པས་བྱང་བར་འགྱུར། ལོག་པར་ལྟ་བའི་རིགས་སུ་སྐྱེས་པས་བྱང་བར་འགྱུར། བྲན་ཕོ་དང ། བྲན་མོ་དང ། ཀླ་ཀློའི་རིགས་སུ་སྐྱེས་པས་བྱང་བར་འགྱུར། 393a ༄#། །སེམས་ཅན་སྐལ་བ་མི་མཉམ་པ་དང་ཕྲད་པས་བྱང་བར་འགྱུར། འཕགས་པ་མ་ཡིན་པའི་སེམས་ཅན་དང་ཕྲད་པས་བྱང་བར་འགྱུར། སེམས་ལ་མྱ་ངན་མང་བས་བྱང་བར་འགྱུར། རྒྱལ་སྲིད་འཁྲུགས་པ་དང ། ཡུལ་འཁྲུགས་པ་དང ། ལྗོངས་འཁྲུགས་པ་དང ། གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་འཁྲུགས་པ་དང ། ཁྱིམ་འཁྲུགས་པ་དང ། སྡུག་པ་དང་བྲལ་བས་འཁྲུགས་པ་དང ། མུ་གེས་འཁྲུགས་པ་དང ། དགེ་བའི་བཤེས་གཉེན་མི་མཐོང་པ་དང ། རྒྱུན་དུ་ཆོས་མཉན་པ་མི་ཐོབ་པ་དང ། གོས་དང ། ཟས་དང ། མལ་ཆ་དང ། ན་བའི་གསོས་སྨན་དང ། ཡོ་བྱད་རྣམས་ཡུན་རིང་པོས་རྙེད་པ་དང ། ངན་པ་རྙེད་པ་དང ། ཆུང་ངུ་རྙེད་པ་དང ། སྐྱེ་བོ་ཕལ་པ་དགའ་བ་དང ། སྐྱེ་བོ་ཡ་རབས་ལ་མ་མོས་པ་དང ། དགེ་བའི་རྩ་བ་ལ་བརྩོན་པའི་བར་ཆད་འབྱུང་བ་དང ། རྟོག་པ་ཆུང་བ་དང ། བསམ་གཏན་ལ་སེམས་གཡེང་བ་དང ། སེམས་ཀྱི་གནས་མ་རྙེད་པ་དང ། བྱང་ཆུབ་ཀྱི་ཡན་ལག་རྣམས་མ་རྙེད་པ་དང ། ཆོས་ཀྱི་མཚམས་སྦྱར་བ་ཁོང་དུ་མ་ཆུད་པས་ཀྱང་ལས་ཀྱི་སྒྲིབ་པ་དེ་བྱང་བར་འགྱུར་རོ། །ཐ་ན་རྨི་ལམ་ན་སྡིག་པ་མཐོང་བ་རྨིས་པས་ཀྱང་ལས་ཀྱི་སྒྲིབ་པ་དེ་བྱང་བར་འགྱུར་རོ། །ལས་ཀྱི་སྒྲིབ་པ་དེས་ཉེན་པར་ 393b གྱུར་ན་ནི་བདུད་སྡིག་ཅན་གྱི་ཟིལ་གྱིས་ནོན་པར་འགྱུར་རོ། །དེ་དག་བདུད་སྡིག་ཅན་གྱིས་ཟིལ་གྱིས་ནོན་པར་གྱུར་ན་ནི་བདུད་ཀྱི་སྐྱོན་རྟོགས་པར་མི་འགྱུར་རོ། །དེ་དག་བདུད་ཀྱི་སྐྱོན་ཁོང་དུ་མ་ཆུད་པས་དེ་ལ་གང་དག་རྙེད་པ་དང་ལྡན་པ་དེ་དག་ནི་མ་རྙེད་པ་དག་ལ་བརྙས་སོ། །གང་དག་མཛེས་པར་གྱུར་པ་དེ་དག་ནི་མཛེས་པ་མ་ཡིན་པ་དག་ལ་བརྙས་སོ། །གང་དག་བལྟ་ན་སྡུག་པར་གྱུར་པ་དེ་དག་ནི་བལྟ་ན་མི་སྡུག་པ་དག་ལ་བརྙས་སོ། །གང་དག་མཐོང་ན་དགའ་བར་གྱུར་པ་དེ་དག་ནི་མཐོང་ན་དགའ་བ་མ་ཡིན་པ་དག་ལ་བརྙས་སོ། །གང་དག་མང་དུ་ཐོས་པར་གྱུར་པ་དེ་དག་ནི་མང་དུ་ཐོས་པ་མ་ཡིན་པ་དག་ལ་བརྙས་སོ། །གང་དག་སྤོབས་པ་དང་ལྡན་པར་གྱུར་པ་དེ་དག་ནི་སྤོབས་པ་དང་མི་ལྡན་པ་དག་ལ་བརྙས་སོ། །གང་དག་གཏོང་པ་ལ་མོས་པར་གྱུར་པ་དེ་དག་ནི་སེར་སྣ་ཅན་དག་ལ་བརྙས་སོ། །གང་དག་ཚུལ་ཁྲིམས་དང་ལྡན་པར་གྱུར་པ་དེ་དག་ནི་དང་ཚུལ་ངན་པ་ཅན་དག་ལ་བརྙས་སོ། །གང་དག་བཟོད་པ་ཙམ་རྙད་པར་གྱུར་པ་དེ་དག་ནི་གནོད་སེམས་ཅན་དག་ལ་བརྙས་སོ། །གང་དག་བརྩོན་འགྲུས་དང་ལྡན་པར་གྱུར་པ་དེ་དག་ནི་ལེ་ལོ་ཅན་དག་ལ་བརྙས་སོ། །གང་དག་བསམ་གཏན་ལ་བསམ་གཏན་བྱེད་པར་གྱུར་པ་དེ་དག་ནི་སེམས་རྣམ་པར་གཡེངས་པ་དག་ལ་བརྙས་སོ། །གང་དག་ཤེས་རབ་དང་ལྡན་པར་གྱུར་པ་དེ་དག་ནི་འཆལ་བའི་ཤེས་རབ་ཅན་ 394a ༄#། །དག་ལ་བརྙས་སོ། །གང་དག་ཐབས་ལ་མཁས་པར་གྱུར་པ་དེ་དག་ནི་ཐབས་ལ་མི་མཁས་པ་དག་ལ་བརྙས་སོ། །དེ་དག་ཆོས་ཡིད་དུ་འོང་བ་གང་དང་གང་རྙེད་པར་གྱུར་པ་དེའང་དེ་དག་ཉིད་ཀྱིས་གཞན་ལ་བརྙས་སོ། །བྱམས་པ། གང་དག་མཐུན་པར་གྱུར་ནས་ལན་གཅིག་སྟེ། དབྱེར་མེད་པས་སྔོན་སངས་རྒྱས་བརྒྱ་ལ་དགེ་བའི་རྩ་བ་བསྐྱེད་པར་གྱུར་པ་དེ་དག་ཀྱང་ཕྱི་མའི་ཚེ་ཕྱི་མའི་དུས་ན་དབྱེ་བར་འགྱུར་ན། དེ་ལས་གཞན་པའི་སེམས་ཅན་བསམ་པ་མ་ངེས་པ། དགེ་བའི་རྩ་བ་མ་བསྐྱེད་པ། བློ་རྒོད་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས། བྱམས་པ། དེ་ལྟར་ཕྱིས་འཇིག་རྟེན་མི་བཟད་པ་དག་འབྱུང་བར་འགྱུར་རོ། །བྱམས་པ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་གོ་ཆ་ཆེན་པོ་སྲ་བ་ཤིན་ཏུ་བགོ་བར་བྱ། ལྷག་པའི་བསམ་པས་བསྒྲུབ་པ་དང ། བཟོད་པའི་སྟོབས་དང་ལྡན་པར་བྱ། ཆོས་ཟབ་མོ་ལ་འཇུག་པའི་ཡེ་ཤེས་ལ་མཁས་པར་བྱ། དམིགས་པ་མེད་པའི་ལྟ་བ་ཅན་དུ་འགྱུར་བར་བྱ། སེམས་བརྟན་པར་བྱ། བརྩོན་འགྲུས་བརྟན་པར་བྱ། རྟུལ་བ་བརྟན་པ་དང ། སྦྱོར་བ་བརྟན་པར་བྱ། ཕྱི་མའི་ཚེ་ཕྱི་མའི་དུས་ན་དམ་པའི་ཆོས་ཡོངས་སུ་བླང་བ་དང ། དམ་པའི་ཆོས་གཟུང་བ་དང ། དམ་པའི་ཆོས་ཀུན་ཏུ་བསྲུང་བ་དང ། དམ་པའི་ཆོས་རིང་དུ་གནས་པར་བྱ་བ་ལ་སྤྲོ་བར་བྱ། བརྩོན་འགྲུས་བརྩམ་ 394b པར་བྱ། བརྩོན་པར་བྱ། གཞན་ཡང་གཟུད་པར་བྱའོ། །དེ་ནས་མཆོག་ཏུ་དགའ་བའི་རྒྱལ་པོ་དང ། འཇམ་དཔལ་ལ་སོགས་པ་སེམས་དཔའ་དཔེ་མེད་པ་དྲུག་ཅུ་དང ། བྱམས་པ་དང ། སེང་གེ་རབ་སྣང་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ཡོངས་སུ་གཟུང་བ་བསྟན་པ་འདི་ཐོས་ནས། ཕྱི་མའི་ཚེ་ཕྱི་མའི་དུས་དེ་ན་དམ་པའི་ཆོས་ཡོངས་སུ་གཟུང་བར་སྤྲོ་བར་འགྱུར་ཏེ། དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ལྷན་ཅིག་ཏུ་མཐུན་པར་གཡོ་དང ། སྒྱུ་ཐམས་ཅད་སྤངས་ཤིང ། ང་རྒྱལ་དང ། རྒྱགས་པ་དང ། དྲེགས་པ་ཐམས་ཅད་སྤངས་ལ་དགའ་བ་དང ། མི་དགའ་བ་དང ། སྲིད་པ་ཐམས་ཅད་བསལ་ཏེ། ཟབ་མོ་མི་དམིགས་པ་ལ་མོས་ཤིང་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་བྱང་ཆུབ་བསྐལ་པ་གྲངས་མ་མཆིས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བསྒྲུབས་པ་འདི་ཀུན་ཏུ་བསྲུང་བར་བགྱི། གཟུང་བར་བགྱི། ཡོངས་སུ་གཟུང་བར་བགྱི། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བགྱི་ཞིང ། བདག་ཅག་ལུས་དང་སྲོག་ལ་མི་བལྟ་བར་སངས་རྒྱས་ཀྱི་བྱང་ཆུབ་འདི་ཀུན་ཏུ་བསྲུང་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཆོག་ཏུ་དགའ་བའི་རྒྱལ་པོ་དང ། འཇམ་དཔལ་ལ་ 395a ༄#། །སོགས་པ་སེམས་དཔའ་དཔེ་མེད་པ་དྲུག་ཅུ་དང ། བྱམས་པ་དང ། སེང་གེར་བསྣང་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་རྗེས་སུ་བསྟན་པའི་ཕྱིར་ཆིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གཡོ་མེད་སྒྱུ་མེད་ང་མེད་ཐ་བ་མེད། །དྲན་ལྡན་བློ་གྲོས་ལྡན་ཞིང་གནས་མེད་གནས། །ཟབ་མོ་བཟོད་ལ་མི་གཡེང་ལེགས་གནས་ཏེ། །སྟོབས་བཅུ་ནོར་འདི་རབ་ཏུ་བསྲུང་བར་གྱིས། །སྒྱུ་མེད་གཅམ་མེད་འདོད་མེད་ང་མེད་དང ། །གཟུང་མེད་དགའ་དང་རྣམ་པར་འཛིན་བྲལ་དང ། །ནམ་མཁའི་ལམ་ལྟར་མཉམ་ཉིད་རབ་ལྡན་པར། །དེ་ལྟར་སྦྱོར་བའི་ཏིང་འཛིན་འདི་འཐོབ་བོ། །རྟག་ཏུ་བྱང་ཆུབ་འདུན་པ་བརྟན་པར་གྱིས། ། ཟབ་མོ་རྒྱལ་བ་དག་གི་ཚུལ་ཡང་བསྒོམས། །དགའ་བ་ཀུན་ལ་འདྲིས་ལ་མི་ལྟ་ན། །དེས་ནི་ཏིང་འཛིན་དཀོན་མཆོག་འདི་འཐོབ་བོ། །རྟག་ཏུ་དགའ་དང་མི་དགའ་སེམས་སྙོམས་ཤིང ། །སྐྱེས་བུ་མཆོག་ལ་སྟོན་པ་ལྟ་བུ་ཡི། །འདུ་ཤེས་སྐྱེད་ཅིང་དགའ་བྱ་རྟག་དགའ་བ། །དེས་ནི་མྱུར་དུ་ཏིང་འཛིན་འདི་རྟོགས་སོ། །སྣང་བ་ཟད་མི་ཤེས་པ་མཆོག་གི་གཏེར། །སྤོབས་པ་ཕྱག་རྒྱ་ཚུལ་ནི་བྱེ་ང་བརྒྱས། །ཉི་མའི་འོད་ཟེར་རབ་རིབ་སེལ་ལྟ་བུ། །ཡེ་ཤེས་འཇུག་པའི་ཚུལ་ནི་འདིར་བརྗོད་དོ། །ཉི་མ་ཟླ་ 395b བ་དང་ནི་སྐར་མ་དང ། །ཇི་ལྟར་ས་དང་གངས་ཀྱི་རི་བོ་དང ། །གླིང་བཞིའི་བདག་པོ་བརྒྱ་བྱིན་ཚངས་པ་དང ། །སྨན་པ་ལྟ་བུའི་མདོ་སྡེ་འདི་ཟུངས་ཤིག་།འདི་ནི་སེམས་དག་འདི་ནི་ལས་ཟད་བྱེད། །འདི་ནི་བདུད་རྩི་འདི་ནི་འདུད་བདུལ་བ། །འདི་ནི་ཕ་རོལ་སེམས་སྤྱོད་རྫུ་འཕྲུལ་མིག་།འདི་ནི་སེམས་ཅན་ཐམས་ཅད་རྟོགས་བྱེད་སྒྲ། །འདི་ནི་བསྐལ་པ་ཁྲག་ཁྲིག་དྲན་པར་བྱེད། །འདི་ནི་དྲི་བ་ཐམས་ཅད་མ་ལུས་ཟད། །སངས་རྒྱས་ཕྱག་རྒྱ་འདི་ནི་བདེ་གཤེགས་བསྟོད། །འདི་དང་ལྡན་པའི་ལག་ཏུ་བྱང་ཆུབ་གནས། །ཇི་ལྟར་སྟོང་ཉིད་རང་བཞིན་འདིར་གནས་པ། །དེ་ལྟར་དེ་ཡིས་སྟོང་ཉིད་འདི་རྟོགས་ཏེ། །རྟོག་དང་རྣམ་པར་རྟོག་པའི་སྤྲོས་པ་འདི། །གཉི་ག་ཡོངས་སུ་སྤངས་ན་ཆོས་འཛིན་ཡིན། །ང་ནི་མྱ་ངན་འདས་ཕྱི་ལ་ལ་ཞིག་།ཆོས་འདི་རྨི་ལམ་ལྟ་བུར་བལྟ་ཞེས་འཛེར། །གང་ཆོས་མ་བྱུང་སུས་ཀྱང་བྱས་མ་ཡིན། །རང་གི་ཤེས་པས་དེ་དག་དེ་ལ་རྟོག་།སྟོང་ཉིད་མ་སྐྱེས་སུས་ཀྱང་བྱས་མ་ཡིན། །མ་མཐོང་འོངས་པ་མ་ཡིན་འཕོ་མིན་ན། །དམིགས་གནས་བདག་ཅག་སྟོང་ཉིད་ལེགས་བསླབས་ཞེས། །འཛེར་བ་དེ་དག་ཆོས་ཀྱི་རྐུན་པོ་ཡིན། །གང་དག་ལས་ནི་ཆོས་འདི་ཐོས་ནས་སུ། །མཆི་མ་འབྱུང་ཞིང་བ་སྤུ་རབ་གཡོས་ནས། །དེ་ནི་བྱང་ཆུབ་ཕྱིར་མི་ལྡོག་ཅེས་འཛེར། །ཕྱི་ནས་བསྔགས་པ་མ་ཡིན་བརྒྱ་ 396a ༄#། །དག་སྨྲ། །མ་རངས་ཁྱིམ་དུ་ནོར་མང་ཟད་ནས་ནི། །བདེ་བའི་ཆེད་དུ་དེ་དག་རབ་འབྱུང་སྟེ། །བསྟན་པ་འདི་ལ་བདེ་བ་ཀུན་རྙེད་ནས། །ང་ཡི་སྲས་རྣམས་ལ་ནི་སྤང་བར་བྱེད། །བྱང་ཆུབ་དོན་གཉེར་ཁ་ཅིག་འདིར་རབ་འབྱུང ། །བྱང་ཆུབ་སྨྲ་སྟེ་བྱང་ཆུབ་གནས་མ་ཡིན། །རྒྱ་མཚོ་ཆུ་མཐའ་ཕྱི་མཐའ་རིང་བ་ལྟར། །འདིར་ཡང་མ་བསྡམས་བྱང་ཆུབ་དེ་བཞིན་ནོ། །རྙེད་དང་མཛའ་བོའི་ཁྱིམ་ལ་བསྟེན་པའི་ཕྱིར། །བདག་ཅག་ཡང་དག་རབ་ཏུ་བྱུང་བ་སྟེ། །སྤྱོད་ལམ་དང་ནི་དགོན་པས་རྣམ་དག་ཅིང ། །མཁན་པོ་དང་ནི་མཛའ་བོས་དག་ཅེས་འཛེར། །གང་དག་ང་ཡི་བསྟན་འདིར་རབ་བྱུང་ནས། །པདྨ་ཆུ་ལྟར་འཇིག་རྟེན་ཆོས་གནས་ཏེ། །ཚུལ་འདི་ཇི་བཞིན་མདོ་སྡེ་འདིར་བརྩོན་པ། །དེ་དག་ང་ཡི་བྱང་ཆུབ་ཡང་དག་སྲུང ། །མཆོག་ཏུ་དགའ་བའི་རྒྱལ་པོ་ཁྱོད་བསྟན་གྱི། །བློ་ངན་དེ་དག་ལྟ་བུར་བསླབ་མི་བྱ། །ནན་ཏན་གྱིས་ནི་སངས་རྒྱས་ཡོན་ཏན་ཐོབ། །དེ་ཕྱིར་རྟོག་པ་མེད་པར་རབ་ཏུ་སྦྱོར། །ཁྲག་ཁྲིག་ཞིང་གི་མི་རྣམས་ཇི་སྙེད་པས། །གངྒཱའི་བྱེ་སྙེད་བླངས་ནས་བཏབ་པ་དང་།དེ་ལ་བྱེ་སྙེད་ས་བོན་ཇི་ཙམ་པར། །འབྲས་བུ་རེ་རེ་བྱུང་བར་གྱུར་པ་ཡི། །དེ་ལྟའི་ཐབས་ཀྱིས་བྱེ་མ་རྒྱ་ཆེ་བ། །སྟོང་འགྱུར་དུ་ནི་ཡོངས་སུ་བསྒྱུར་བྱས་ནས། །ཇི་སྙེད་ཞིང་རྣམས་མཐའ་ཡས་རབ་འདས་ཤིང ། །གཅིག་ཅེས་བྱ་བར་མཚན་མ་ 396b བཞག་གྱུར་ལ། །དེ་ལྟའི་ཚུལ་གྱིས་སྔ་ན་ཡོད་པ་ཡི། །བྱེ་མ་དག་ནི་ཐམས་ཅད་ཟད་གྱུར་པ། །དེ་ཙམ་ཚད་ཀྱི་ཕྱོགས་བཅུ་ཇི་སྙེད་པ། །ཞིང་རྣམས་རྒྱལ་བ་རྣམས་ཀྱིས་ཡོངས་གང་ལ། །སངས་རྒྱས་རེ་རེའང་དེ་སྙེད་དབུར་གྱུར་ཏེ། །དབུ་ཀུན་ལ་ཡང་དེ་སྙེད་ལྗགས་གྱུར་ལ། །དེ་དག་བསྐལ་པ་གངྒཱའི་བྱེ་སྙེད་དུ། །མདོ་སྡེ་འདིར་གནས་དེ་ཡི་བསྔགས་བརྗོད་ཀྱང། །རི་རབ་ཡུངས་འབྲུ་ནམ་མཁའ་རྩཝ་ཙམ་དང ། །རྒྱ་མཚོ་ལས་ནི་ཐིགས་ཅིག་བླངས་པ་བཞིན། །དེ་ལྟར་དེ་ཡི་ཡོན་ཏན་བརྗོད་གྱུར་པ། །དེ་ཕྱིར་རྟོག་མེད་ཚུལ་དུ་རབ་ཏུ་སྦྱོར། །དེ་ནས་མཆོག་ཏུ་དགའ་བའི་རྒྱལ་པོ་དང ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་སེམས་དཔའ་དཔེ་མེད་དྲུག་ཅུ་དང ། བྱམས་པ་དང ། སེང་གེ་རབ་སྣང་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་ཆོས་ཞེས་བགྱི་བའི་ཆོས་དེ་ཆོས་གང་གི་ཚིག་བླ་དྭགས་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་མཆོག་ཏུ་དགའ་བའི་རྒྱལ་པོ་དང ། འཇམ་དཔལ་ལ་སོགས་པ་སེམས་དཔའ་དཔེ་མེད་དྲུག་ཅུ་དང ། བྱམས་པ་དང ། སེང་གེ་རབ་སྣང་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ 397a ༄#། །དག་།ཆོས་ཆོས་ཞེས་བྱ་བའི་ཆོས་དེ་ནི་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས། འགྱུར་བ་མ་མཆིས་ཤིང ། རྣམ་པར་རྟོག་པ་མ་མཆིས་པ་དེའང་གང་གི་ཚིག་བླ་དྭགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་།འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཞེས་བྱ་བ་དེ་ནི་དམིགས་པ་མེད་པའི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས། དམིགས་པ་མ་མཆིས་པ་དེ་ཡང་གང་གི་ཚིག་བླ་དྭགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་།དམིགས་པ་མེད་པ་ཞེས་བྱ་བ་ནི་མི་ཟད་པའི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས། མི་ཟད་པ་དེའང་གང་གི་ཚིག་བླ་དྭགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་།མི་ཟད་པ་ཞེས་བྱ་བ་དེ་ནི་མི་སྐྱེ་བའི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས། མི་སྐྱེ་བ་དེའང་གང་གི་ཚིག་བླ་དྭགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་།མི་སྐྱེ་བ་ཞེས་བྱ་བ་དེ་ནི་མི་འགོག་པའི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས་མི་འགོག་པ་དེའང་གང་གི་ཚིག་བླ་དྭགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་།མི་འགོག་པ་ཞེས་བྱ་བ་དེ་ནི་ 397b སྡུད་པ་མེད་པའི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས། སྡུད་པ་མ་མཆིས་པ་དེའང་གང་གི་ཚིག་བླ་དྭགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་།སྡུད་པ་མེད་པ་ཞེས་བྱ་བ་དེ་ནི་ཡོངས་སུ་གཟུང་བ་མེད་པའི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས། ཡོངས་སུ་གཟུང་བ་མ་མཆིས་པ་དེའང་གང་གི་ཚིག་བླ་དྭགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་།ཡོངས་སུ་གཟུང་བ་མེད་པ་ཞེས་བྱ་བ་དེ་ནི་གནས་མེད་པའི་ཚིག་བླ་དྭགས་སོ། །གསོལ་བ། བཅོམ་ལྡན་འདས། གནས་མ་མཆིས་པ་དེའང་གང་གི་ཚིག་བླ་དྭགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་།གནས་མེད་པ་ཞེས་བྱ་བ་དེ་ནི་འགྱུར་བ་མེད་པའི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས། འགྱུར་བ་མ་མཆིས་པ་དེའང་གང་གི་ཚིག་བླ་དྭགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་།འགྱུར་བ་མེད་པ་ཞེས་བྱ་བ་དེ་ནི་འདུས་མ་བྱས་ཀྱི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས། འདུས་མ་བགྱིས་པ་དེའང་གང་གི་ཚིག་བླ་དྭགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་།འདུས་མ་བྱས་ཞེས་བྱ་བ་དེ་ནི་གྲངས་དང་བྲལ་བའི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས། གྲངས་དང་ 398a ༄#། །བྲལ་བདེའང་གང་གི་ཚིག་བླ་དྭགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག། གྲངས་དང་བྲལ་བ་ཞེས་བྱ་བ་དེ་ནི་སེམས་མེད་པའི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས་སེམས་མ་མཆིས་པ་དེའང་གང་གི་ཚིག་བླ་དྭགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་།སེམས་མེད་པ་ཞེས་བྱ་བ་དེ་ནི་རྣམ་པར་རིག་པ་མེད་པའི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས། རྣམ་པར་རིག་པ་མ་མཆིས་པ་དེའང་གང་གི་ཚིག་བླ་དྭགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་།རྣམ་པར་རིག་པ་མེད་པ་ཞེས་བྱ་བ་དེ་ནི་འདུ་བ་མེད་པའི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས། འདུ་བ་མ་མཆིས་པ་དེའང་གང་གི་ཚིག་བླ་དྭགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་།འདུ་བ་མེད་པ་ཞེས་བྱ་བ་དེ་ནི་བྲལ་བ་མེད་པའི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས། བྲལ་བ་མ་མཆིས་པ་དེའང་གང་གི་ཚིག་བླ་དྭགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་།བྲལ་བ་མེད་པ་ཞེས་བྱ་བ་དེ་ནི་མཉམ་པ་ཉིད་ཀྱི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས། མཉམ་པ་ཉིད་དེའང་གང་གི་ཚིག་བླ་དྭགས་ལགས ། 398b བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་།མཉམ་པ་ཉིད་ཅེས་བྱ་བ་དེ་ནི་མི་མཉམ་པ་མེད་པའི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས། མི་མཉམ་པ་མ་མཆིས་ཞེས་བགྱི་བ་དེའང་གང་གི་ཚིག་བླ་དྭགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་།མི་མཉམ་པ་མེད་པ་ཞེས་བྱ་བ་དེ་ནི་གནས་པ་མེད་པའི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས། གནས་པ་མ་མཆིས་པ་ཞེས་བགྱི་བ་དེའང་གང་གི་ཚིག་བླ་དྭགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་།གནས་པ་མེད་པ་ཞེས་བྱ་བ་དེ་ནི་དངོས་པོ་མེད་པའི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས། དངོས་པོ་མ་མཆིས་པ་ཞེས་བགྱི་བ་དེའང་གང་གི་ཚིག་བླ་དྭགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་།དངོས་པོ་མེད་པ་ཞེས་བྱ་བ་དེ་ནི་ངོ་བོ་ཉིད་མེད་པའི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས། ངོ་བོ་ཉིད་མ་མཆིས་ཞེས་བགྱི་བ་དེའང་གང་གི་ཚིག་བླ་དྭགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག། ངོ་བོ་ཉིད་མེད་པ་ཞེས་བྱ་བ་དེ་ནི་ཀུན་གཞི་མེད་པའི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས་ཀུན་གཞི་མ་མཆིས་ཞེས་བགྱི་བ་དེའང་གང་གི་ཚིག་བླ་དྭགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་།ཀུན་གཞི་མེད་པ་ཞེས་བྱ་བ་དེ་ནི་མྱ་ངན་ལས་ 399a ༄#། །འདས་པའི་ཚིག་བླ་དྭགས་སོ། །དེ་ནས་མཆོག་ཏུ་དགའ་བའི་རྒྱལ་པོ་དང ། འཇམ་དཔལ་ལ་སོགས་པ་སེམས་དཔའ་དཔེ་མེད་དྲུག་ཅུ་དང ། བྱམས་པ་དང ། སེང་གེ་རབ་སྣང་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་ཆོས་དེ་དག་མཚན་ཉིད་དེ་ལྟ་བུ་ལགས་ན། བཅོམ་ལྡན་འདས། འདི་ལ་ཆོས་ནུབ་པར་གྱུར་པ་ནི་གང་ལགས། བདག་གིས་ནི་གང་བསྲུང་བར་བགྱི། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་མཆོག་ཏུ་དགའ་བའི་རྒྱལ་པོ་དང ། འཇམ་དཔལ་ལ་སོགས་པ་སེམས་དཔའ་དཔེ་མེད་དྲུག་ཅུ་དང ། བྱམས་པ་དང ། སེང་གེ་རབ་སྣང་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་།བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་ཆོས་ཆོས་སུ་འདུ་ཤེས་ཤིང་ཆོས་སུ་རྟོག་སྟེ། ཆོས་སྤྲོས་པར་བྱེད་དོ། །དེ་དག་ཆོས་སུ་བརྟགས། ཆོས་སུ་སྤྲོས་པས་གཉིས་སུ་སྟོན་ཏོ། །གང་དག་གཉིས་སུ་སྟོན་པ་དེ་དག་ཆོས་དང་འགལ་བར་ཞུགས་པ་ཡིན་མོད་ཀྱི། རིགས་ཀྱི་བུ། གང་དོན་དམ་པར་ན་འདི་ལ་ཆོས་སམ། ཆོས་དང་འགལ་བ་གང་ཡང་མི་དམིགས་སོ། །དེ་ནས་བཅོམ་ལྡན་ 399b འདས་ཀྱིས་དོན་དེ་དག་བཀའ་སྩལ་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཁ་ཅིག་བྱས་པ་དེ་ཉིད་འདུས་བྱས་ཏེ། །གཞན་ནི་འདུས་མ་བྱས་འཛེར་ཁ་ཅིག་གཞན། །ཆོས་ལ་དམིགས་པས་གཉི་གའང་རྣམ་རྟོག་སྟེ། །སྤྲོས་པ་དེ་ནི་དག་པ་མ་ཡིན་སྨྲ། །ཆོས་ནི་གང་གིས་མ་བྱས་བཤིག་པ་མེད། །མ་མཐོང་མ་ཤེས་སུ་དང་ཉེ་བའང་མིན། །ཡོངས་རྟོག་སྤྱོད་ཡུལ་མི་རིགས་ལྡན་དེ་དག་།དེ་དག་ཐམས་ཅད་སྟོང་ཞེས་ཚིག་ཏུ་སྨྲ། །གང་ཞིག་སྟོང་སེམས་དེ་ནི་རིགས་མིན་ཏེ། །འདི་ལྟར་དེ་ཡིས་སྐྱེ་མེད་བརྟགས་ཕྱིར་རོ། །རྣམ་རྟོག་ཐམས་ཅད་བདུད་ཀྱི་ཞགས་པ་སྟེ། །འགྱུར་མེད་ཆོས་ཀྱི་ཕྱག་རྒྱ་ཞེས་བྱའོ། །མེད་པའི་ཆོས་ལ་ཡོངས་སུ་རྟོག་པས་ན། །བྱིས་པ་གང་ཡིན་གཡོ་བ་དེ་ཡིས་བཅིངས། ། རྣམ་པར་རྟོག་པ་ཐམས་ཅད་བྲག་ཅ་འདྲ། །བྱིས་པ་དེ་དག་གཉིས་སུ་འཛིན་པས་རྟོག་།ཤེས་ལྡན་རྣམས་ཀྱིས་ཤེས་པ་གཞར་མི་རྙེད། །ཤེས་ལྡན་ལས་ཀྱང་ཤེས་པ་བྱུང་བ་མེད། །ཀུན་རྫོབ་དག་ལ་བརྟེན་ནས་འདི་བསྟན་ཏེ། །འདི་ལ་ཤེས་དང་ཤེས་ལྡན་མི་དམིགས་སོ། །གལ་ཏེ་ཆོས་ཀྱི་ངོ་བོ་འགའ་ཡོད་ན། །དེ་ནི་འཇིག་ཕྱིར་ཆད་པ་མྱ་ངན་འདའ། །གལ་ཏེ་ཆོས་རྣམས་གནས་པར་གྱུར་ན་ནི། །དེ་ཚེ་མྱ་ངན་འདས་ཀུན་རྟག་པར་འགྱུར། །བྱིས་པ་དག་གིས་སྤངས་དང་དེ་བཞིན་ཐོབ། །བྱིས་པས་མྱ་ངན་འདའ་བྱས་ 400a ༄#། །མཚན་ཉིད་མེད། །བདག་ཏུ་དམིགས་པ་དག་ནི་འདུས་བྱས་ཐོབ། །མཁས་པ་ཡོད་དང་མེད་པར་འདུ་ཤེས་མེད། །རིག་དང་མ་རིག་གཉི་ག་གཉིས་སུ་མེད། །ཐ་སྙད་ཙམ་སྟེ་དེ་ལ་སྙིང་པོ་མེད། །སྤྲོས་པ་མཚན་མ་སྤྱོད་ཡུལ་དེ་དག་ནི། །དངོས་པོ་གཞིག་ཕྱིར་མྱ་ངན་འདས་པ་སྨྲ། །སེམས་ཀྱིས་སེམས་ཀྱི་ངོ་བོ་ཉིད་མི་ཤེས།། ངོ་བོ་ཉིད་ཀྱིས་སེམས་ཀྱང་མི་ཤེས་ཏེ། །ཆོས་རྣམས་ཐམས་ཅད་རྨི་ལམ་ངོ་བོ་ཉིད། །དེ་ནི་གཉིས་སུ་བདེན་ཞེས་ཁ་ཅིག་སྨྲ། །སྐྱེ་བའི་ཆོས་དེ་བདེན་པ་མ་ཡིན་ཏེ། །འགོག་པ་ཡང་ནི་ཅུང་ཟད་བདེན་མ་ཡིན། །སངས་རྒྱས་ཐམས་ཅད་སྐྱེ་བའི་ཆོས་མིན་ཏེ། །དེ་ལྟའི་ཐབས་ཀྱིས་བདེན་པར་འགྱུར་བ་ཡིན། །སངས་རྒྱས་ཡེ་ཤེས་ཅུང་ཟད་མ་རྙེད་དེ། ། བསྟན་པའི་ཆོས་ཀྱང་ཅུང་ཟད་བསྟན་པ་མེད། །སུས་ཀྱང་སེམས་ཅན་གང་ཡང་བཀྲོལ་བ་མེད། །དེ་ལྟར་སངས་རྒྱས་མི་སྐྱེ་སངས་རྒྱས་སོ། །གལ་ཏེ་འདི་ནི་རང་བཞིན་མྱ་ངན་འདས། །རྒྱལ་བ་ཉན་ཐོས་བཅས་པ་དེ་ཉིད་འགྲོ། །ཐེར་ཟུག་ཆོས་ནི་མྱ་ངན་འདའ་མ་ཡིན། །སྤྲོས་པ་མེད་པ་ནམ་ཡང་མཁས་མི་འགྱུར། །གང་གིས་སེམས་ཅན་སེམས་ཅན་དོན་མི་མཐོང ། །དེ་ལྟར་འཇིག་རྟེན་ཀུན་རྫོབ་སེམས་ཅན་བསྟན། །སེམས་ཅན་ཡང་དག་ངོ་བོ་ཉིད་མཐོང་ན། །དེ་ནི་མྱ་ངན་འདའ་བ་གཞི་མེད་གནས། །གང་དག་འདི་ལ་ཕུང་ 400b པོ་བདེན་སྨྲ་དང ། །ཁ་ཅིག་སྲིད་འགོག་ལམ་ནི་བདེན་ཞེས་འཛེར། །སྐྱེ་བ་མེད་པ་བདེན་པ་གཅིག་ཡིན་ན། །དེ་ལ་ཁ་ཅིག་བདེན་པ་བཞི་ཞེས་འཛེར། །བྱང་ཆུབ་སྙིང་པོར་འདུག་ནས་བདེན་གཅིག་ཀྱང ། །གྲུབ་པར་མ་མཐོང་བཞི་ལྟ་ག་ལ་ཞིག་།དེ་ལྟར་བློ་གྲོས་ངན་མང་རབ་བྱུང་ནས། །ང་ཡི་བསྟན་པ་རྣམ་པར་འཇིག་པར་བྱེད། །དགེ་སྦྱོང་ཡོན་ཏན་འཚོལ་བར་འདོད་པ་དག་།ཏིང་འཛིན་འདི་ལ་རབ་ཏུ་སྦྱར་བའི་ཕྱིར། །མ་བསྡམས་རྣམས་དང་འདྲིས་པ་མེད་བྱས་ཏེ། །བསེ་རུ་ལྟ་བུར་དགོན་པར་གནས་པར་བྱ། །རྐང་གཉིས་དམ་པ་བྱེ་བ་བརྒྱད་ཅུ་ཡིས། །འདི་ལ་རབ་ཏུ་སྦྱོར་ལ་དགོངས་པ་མཛད། །གང་དག་བདེན་པ་མཐོང་བའི་ལྷ་མང་པོ། །དེ་དག་ཉིན་དང་མཚན་དུ་དེ་ལ་སྲུང ། །གང་དག་ཏིང་འཛིན་བལྟ་དཀའ་འདི་སྒོམ་ལ། །སངས་རྒྱས་ཀྱིས་ནི་དེ་ཡི་རྨི་ལམ་དུ། །སྣང་བ་གསལ་བ་མཐའ་ཡས་མི་ཟད་པ། །བསྒྲུབ་པ་འཇུག་པའི་སྒོར་འཇུག་སྦྱིན་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། །འཇམ་དཔལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཏིང་ངེ་འཛིན་འདི་ལ་བརྩོན་པར་བྱའོ། །བྱང་ཆུབ་སེམས་དཔའ་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་སྒྲུབ་པར་འདོད་པས་ཏིང་ངེ་འཛིན་འདི་ལ་བརྩོན་པར་ 401a ༄#། །བྱའོ། །བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐོབ་པར་འདོད་པས་ཏིང་ངེ་འཛིན་འདི་ལ་བརྩོན་པར་བྱའོ། །བྱང་ཆུབ་སེམས་དཔའ་སྟོབས་དང ། མི་འཇིགས་པ་དང ། བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་ཐོབ་པར་འདོད་པས་ཏིང་ངེ་འཛིན་འདི་ལ་བརྩོན་པར་བྱའོ། །བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་སྤྱན་དང ། རང་བྱུང་ཉིད་དང ། སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་དང ། ཚེ་ཕུན་སུམ་ཚོགས་པ་དང ། བཀོད་པ་ཕུན་སུམ་ཚོགས་པ་ཐོབ་པར་འདོད་པས་ཏིང་ངེ་འཛིན་འདི་ལ་བརྩོན་པར་བྱའོ། །བྱང་ཆུབ་སེམས་དཔའ་འཁོར་ཕུན་སུམ་ཚོགས་པ་དང ། གཟུགས་ཕུན་སུམ་ཚོགས་པ་དང ། བྱང་ཆུབ་སེམས་དཔའ་མཚན་ཕུན་སུམ་ཚོགས་པ་དང ། ཉན་ཐོས་ཕུན་སུམ་ཚོགས་པ་ཐོབ་པར་འདོད་པས་ཏིང་ངེ་འཛིན་འདི་ལ་བརྩོན་པར་བྱའོ། །བྱང་ཆུབ་སེམས་དཔའ་སྣང་བ་དང ། ཡེ་ཤེས་དང ། གཟུངས་དང ། སེམས་ཅན་གྱི་སྐད་ཀྱི་བརྡ་དང ། རིགས་པ་དང ། ཚུལ་དང ། སྒོ་ཐོབ་པར་འདོད་པས་ཏིང་ངེ་འཛིན་འདི་ལ་བརྩོན་པར་བྱའོ། །བྱང་ཆུབ་སེམས་དཔའ་ལམ་ལ་འཇུག་པ་དང ། འོད་ཕུན་སུམ་ཚོགས་པ་དང ། སོ་སོ་ཡང་དག་པར་རིག་པའི་སྟོབས་བསྐྱེད་པ་དང ། རྣམ་པར་གདོན་མི་ཟ་བའི་སྟོབས་བསྐྱེད་པ་ལ་མཁས་པ་ཐོབ་པར་འདོད་པས་ཏིང་ངེ་འཛིན་འདི་ལ་བརྩོན་པར་བྱའོ། །བྱང་ཆུབ་སེམས་ 401b དཔའ་སྤོབས་པ་ཕུན་སུམ་ཚོགས་པ་དང ། ལྟ་བ་ཕྱིན་ཅི་མ་ལོག་པ་དང ། མཉམ་པ་ཉིད་རྟོགས་པར་ཁོང་དུ་ཆུད་པར་འདོད་པས་ཏིང་ངེ་འཛིན་འདི་ལ་བརྩོན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ལ་བརྩོན་པ་ནི་ཡོན་ཏན་གྱི་ཕན་ཡོན་འདི་ཐམས་ཅད་འཐོབ་བོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཡོན་ཏན་གྱི་ཕན་ཡོན་དང་ལྡན་པ་ནི་སངས་རྒྱས་ཞེས་བྱའོ། །འདྲེན་པ་ཞེས་བྱའོ། །རྣམ་པར་འདྲེན་པ་ཞེས་བྱའོ། །ཡོངས་སུ་འདྲེན་པ་ཞེས་བྱའོ། །སྟོན་པ་ཞེས་བྱའོ། །ཐམས་ཅད་མཁྱེན་པ་ཞེས་བྱའོ། །རྒྱལ་བ་ཞེས་བྱའོ། །འཇིག་རྟེན་གྱི་མགོན་པོ་ཞེས་བྱའོ། །རང་བྱུང་ཞེས་བྱའོ། །དེ་བཞིན་གཤེགས་པ་ཞེས་བྱའོ། །ཇི་ལྟར་སྨྲ་བ་དེ་བཞིན་བྱེད་པ་ཞེས་བྱའོ། །མཉམ་པ་མེད་པ་དང ། མི་མཉམ་པ་དང་མཉམ་པ་དང ། མཚུངས་པ་མེད་པ་ཞེས་བྱའོ། །མཆོག་ཏུ་སྨྲ་བ། ཡང་དག་པར་སྨྲ་བ། བདེ་བ་སྨྲ་བ། དུས་སུ་སྨྲ་བ་ཞེས་བྱའོ། །འདུལ་བ་སྨྲ་བ་ཞེས་བྱའོ། །བླ་ན་མེད་པ་ཞེས་བྱའོ། །མིའི་དམ་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། ངེས་ཏིང་ངེ་འཛིན་འདི་ལ་གནས་ནས་བཅོམ་ལྡན་འདས་མར་མེ་མཛད་དེ་བཞིན་གཤེགས་པ་མཐོང་མ་ཐག་ཏུ་བྱང་ཆུབ་ཐོབ་བོ། །འཇམ་དཔལ་གྱིས་གསོལ་པ། གལ་ཏེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་གཟིགས་མ་ཐག་ཏུ་བྱང་ཆུབ་བརྙེས་ནས། བཅོམ་ལྡན་ 402a ༄#། །འདས། ཅིའི་སླད་དུ་སླར་བསྐལ་པ་གྲངས་མ་མཆིས་པར་འཁོར་བ་ན་འཁོར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། སངས་རྒྱས་ཀྱི་བྱ་བ་བྱེད་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང ། སྔོན་གྱི་སྨོན་ལམ་ཕུན་སུམ་ཚོགས་པ་ཐོབ་པར་བྱ་བའི་ཕྱིར་བསྐལ་པ་གྲངས་མེད་པར་འཁོར་བ་ན་འཁོར་མོད་ཀྱི། འོན་ཀྱང ། འཇམ་དཔལ། དེར་ངས་བྱང་ཆུབ་དང ། དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདས་པ་བཟུང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འདི་དང་ལྡན་པ་འདྲེན་པར་འགྱུར་ཏེ་བློ་གྲོས་མཐའ་ཡས་བློ་གྲོས་མཆོག་།ཕྱོགས་བཅུའི་སངས་རྒྱས་བྱེ་བ་ཕྲག་བརྒྱ་མང་པོ་དག་གིས་དགོངས་པར་འགྱུར། །མདོ་སྡེ་བརྒྱ་ཡི་ཚུལ་དག་ཤིན་ཏུ་རབ་འབྱེད་བསམ་ཡས་དཔག་མེད་དེ། །མདོ་སྡེ་འདི་ལ་རབ་ཏུ་སྦྱོར་བ་མི་ཟད་གཟུངས་འཐོབ་རྙེད་པར་འགྱུར།། འདི་ནི་ཡེ་ཤེས་ཏིང་འཛིན་རྣམ་པར་གདོན་མི་ཟ་བ་སྐད་ཀུན་སྒོ། །རབ་ཏུ་རྟོགས་དང་རྣམ་པར་གྲོལ་དང་ཆགས་མེད་འཛིན་པ་ཐམས་ཅད་ཞི། །མི་སྐྱེ་བ་དང་འགོག་དང་གཞི་མེད་མྱ་ངན་འདས་དང་རིམས་ནད་མེད། །སྟོབས་དང་མཚན་དང་དཔེ་བྱད་བཟང་དང་རྒྱལ་བའི་ཡོན་ཏན་ཀུན་སྒྲུབ་པ། །དབྱངས་ཀྱི་ཡན་ལག་ཀུན་དང་སྣ་ཚོགས་ 402b མཐའ་ཡས་སྐད་རྣམས་ཡོངས་སུ་སྦྱོང ། །རྗེས་སུ་རྟོགས་དང་ཚིམ་པ་དང་ནི་སྦྱོང་དང་འཛིན་པ་ཐམས་ཅད་བྲལ། །ཤིན་ཏུ་རྣམ་པར་ཤེས་དང་གདོན་མི་ཟ་མཆོག་ཉོན་མོངས་ཐམས་ཅད་ཟད། །མདོ་སྡེ་འདི་ལ་རབ་ཏུ་སྦྱོར་བ་བྱང་ཆུབ་དྲུང་དུ་སོང་བ་ཡིན། །རྩེ་གཅིག་ཡིད་ཀྱིས་མངོན་སུམ་དུ་ན་འདི་ལ་ཚུལ་བཞིན་རབ་སྦྱར་ལ། །གཉིད་དང་ལེ་ལོ་མ་བྱེད་ཤེས་ཀྱི་ཁེ་བདེ་མངོན་པར་དགའ་མ་བྱེད། །རྟག་ཏུ་ཚུལ་ཁྲིམས་གཉེན་དང་ཕྲག་དོག་མེད་དང་བྱམས་པའི་ཡིད་དུ་བྱོས། །དགའ་བའི་ངང་ཚུལ་གུས་དང་བཅས་པས་ཏིང་འཛིན་མཆོག་འདི་རྙེད་པར་འགྱུར། །མཉམ་སེམས་ཤིན་ཏུ་བསྡམས་པ་དྲང་པོ་རྟག་ཏུ་རྣམ་པར་དགའ་བ་དང ། །གནས་མེད་འདྲིས་མེད་ཤེས་ཀྱི་ཁེ་དང་བདེ་ལ་པདྨ་ཆུ་བཞིན་བྱོས། །ཇི་ལྟར་བྱ་བཞིན་ང་མེད་མོས་པ་བརྟན་ཞིང་སྲེད་དང་གཡོ་མེད་པ། །དེ་ནི་ཕྱི་མའི་དུས་ན་གཟུངས་མཆོག་རྒྱལ་པོ་འདི་ནི་འཐོབ་པར་འགྱུར། །སྟོང་གསུམ་དག་ནི་རབ་ཏུ་གཡོས་ནས་ལྷ་བརྒྱ་སིལ་སྙན་དཀྲོལ་བར་བྱེད། །ནམ་མཁའ་ལས་ནི་བྱུག་པ་གོས་དང་ཕྱེ་མ་དག་དང་རྒྱལ་མཚན་བརྒྱ། །མཛེས་ཕྲེང་མགུལ་རྒྱན་རྣ་ཆ་ཟླ་གམ་དུང་དང་རྐང་གདུབ་དོ་ཤལ་བརྒྱ། །ནོར་བུ་མུ་ཏིག་དཔུང་རྒྱན་གཙུག་རྒྱན་སོར་གདུབ་སྣ་ཚོགས་འཐོབ་བར་བྱེད། །ལྷ་དང་ལྷ་ཡི་བུ་མོ་ཀླུ་དང་དྲི་ཟ་འདབ་བཟང་ཚོགས་མང་པོ། །ནམ་མཁའ་ 403a ༄#། །ལྡིང་དང་ལྷ་མིན་དབང་པོ་དགེ་བསྙེན་དགེ་སློང་བརྒྱ་མང་དང ། །དེ་བཞིན་དགེ་སློང་མ་དང་དགེ་བསྙེན་མ་ནི་མང་པོ་དགའ་འགྱུར་ལངས། །རང་གི་གོས་དག་དང་ནི་རྒྱན་རྣམས་ཕུལ་ནས་བྱང་ཆུབ་སེམས་བསྐྱེད་དོ། །ཆོས་འདི་ཤིན་ཏུ་བསྟན་ཚེ་སེམས་ཅན་མང་པོ་བྱང་ཆུབ་ཞུགས་པ་དང ། །ཁ་ཅིག་ཕྱིར་མི་ལྡོག་པར་གྱུར་པ་བསྟན་ཅིང་ཚད་གཟུང་ནུས་མ་ཡིན། །དགྲ་བཅོམ་ཉིད་དུ་བཏུལ་བར་གྱུར་བ་མཐའ་ཡས་གངྒཱའི་བྱེ་མ་སྙེད། །འདྲེན་པ་བལྟ་ཕྱིར་ཞིང་ནི་བརྒྱ་ནས་ལྷགས་པ་དེ་དག་དགའ་ནས་དོང་།། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། སེམས་ཅན་གྲངས་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། །བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་བརྒྱད་ཅུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་ཅུ་དང ། འབུམ་ཕྲག་གསུམ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ཐོབ་བོ། །དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་དཔག་ཏུ་མེད་པ་དང ། སེམས་ཅན་ཚད་མེད་པ་དག་གིས་ནི་དགྲ་བཅོམ་པ་ཉིད་ཐོབ་བོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་ 403b དེ་དག་ཐམས་ཅད་ཀྱིས་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ཐོབ་བོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཉན་ཐོས་ཆེན་པོ་དེ་དག་དང།་མཆོག་ཏུ་དགའ་བའི་རྒྱལ་པོ་དང ། འཇམ་དཔལ་ལ་སོགས་པ་སེམས་དཔའ་དཔེ་མེད་དྲུག་ཅུ་དང ། བྱམས་པ་དང ། སེང་གེ་རབ་སྣང་དང ། སྣང་བྱེད་ལ་ཐུག་པའི་བར་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང ། རྒྱལ་པོའི་བཙུན་མོ་དཔལ་བཟང་དང ། གསེར་མཆོག་སྣང་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛིན་མི་ཏྲ་དང ། མུ་ནི་ཝརྨ་དང ། དཱ་ན་ཤཱི་ལ་དང ། ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།།་ |