rKTs


H129

(e-text produced by ACIP)

see text in transliteration
1b
༄##། །རྒྱ་གར་སྐད་དུ། ཨཱརྱ་སརྦ་དྷརྨ་སཝ་བྷཱ་བ་ས་མ་ཏཱ་བི་པཉྩི་ཏ་ས་མཱ་དྷི་རཱ་ཛ་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
2a
༄#། །ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་འབུམ་དུ་ཚང་བའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ། །བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱད་ཅུ་དང་ཡང་ཐབས་གཅིག་སྟེ། ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ། མངོན་པར་ཤེས་པས་མངོན་པར་ཤེས་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ནས་འདུས་པ། གཟུངས་དང་
2b
མདོ་སྡེ་རྟོགས་པར་ཁོང་དུ་ཆུད་པ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ཚིམ་པར་བྱེད་པ། མངོན་པར་ཤེས་པ་ཆེན་པོའི་ཡེ་ཤེས་བརྗོད་པ་ལ་མཁས་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པ་ཐམས་ཅད་རྣམ་པར་གཞག་པ་ཤེས་པ་ལ་མཁས་པ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་ཏེ་རབ་ཏུ་བཀུར་བ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་གྱིས་འགྲོ་བ་ལ་མཁས་པ། བདུད་ཐམས་ཅད་སྐྲག་པར་བྱ་བའི་ཤེས་པ་ལ་མཁས་པ། ཆོས་ཐམས་ཅད་ཇི་ལྟར་བ་བཞིན་དུ་ཤེས་པ་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་ལ་མཁས་པ། སངས་རྒྱས་
3a
༄#། །ཐམས་ཅད་ལ་མཆོད་པའི་ལས་ཡང་དག་པར་སྒྲུབ་པ་ཤེས་པ་ལ་མཁས་པ། འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱིས་མི་གོས་པ། ལུས་དང་ངག་དང་སེམས་ཡང་དག་པར་བརྒྱན་པ། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོའི་གོ་ཆ་བགོས་པ། བསྐལ་པ་གྲངས་མེད་པར་ཡིད་མི་སྐྱོ་བར་བརྩོན་འགྲུས་ཆེ་བ། སེང་གེའི་སྒྲ་ཆེན་པོ་སྒྲོག་པ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ། ཕྱིར་མི་ལྡོག་པའི་ཕྱག་རྒྱས་བཏབ་པ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་དབང་བསྐུར་བ་ཐོབ་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷུན་པོ་དང ། རབ་ཏུ་ལྷུན་པོ་དང ། ལྷུན་པོའི་རྩེ་མོ་འཛིན་དང ། ལྷུན་པོ་མར་མེའི་རྒྱལ་པོ་དང ། ལྷུན་པོ་བརྩེགས་པ་དང ། ལྷུན་པོའི་རྒྱལ་མཚན་དང ། ལྷུན་པོའི་
3b
རྒྱལ་པོ་དང ། ལྷུན་པོའི་རྩེ་མོ་ཀུན་གཡོ་བར་བྱེད་པའི་རྒྱལ་པོ་དང ། ལྷུན་པོའི་དབྱངས་དང ། སྤྲིན་གྱི་རྒྱལ་པོ་དང ། རྔ་དབྱངས་དང ། རིན་པོ་ཆེའི་འབྱུང་གནས་དང ། རིན་པོ་ཆེའི་ཏོག་དང།་རིན་པོ་ཆེའི་རྩེ་མོ་དང ། རིན་པོ་ཆེ་འབྱུང་བ་དང ། རིན་པོ་ཆེ་སྣང་བ་དང ། རིན་པོ་ཆེའི་འཁར་བ་དང ། ལག་ན་ཕྱག་རྒྱ་རིན་པོ་ཆེ་དང ། རིན་པོ་ཆེའི་བཀོད་པ་དང ། རིན་པོ་ཆེའི་དྲ་བ་དང ། རིན་པོ་ཆེའི་འོད་དང ། རིན་པོ་ཆེའི་གླིང་དང ། དགའ་བར་བྱེད་པ་དང ། ཆོས་བཀོད་པ་དང ། བཀོད་པའི་རྒྱལ་པོ་དང ། མཚན་གྱིས་ཀུན་ཏུ་བརྒྱན་པ་དང ། དབྱངས་བཀོད་པ་དང ། དབྱངས་རྣམ་པར་དག་པའི་འོད་དང ། རིན་པོ་ཆེ་བརྩེགས་པ་དང ། ཉི་མ་མེའི་འོད་འཕྲོ་ཅན་དང ། སྐར་མ་ལ་དགའ་བ་དང ། ཟླ་བའི་འོད་ཟེར་དང ། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་སྐོར་བ་དང ། གསེར་བཟང་པོ་རྣམ་པར་དག་པའི་འོད་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་མི་འཇིགས་སྦྱིན་ཞེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་མི་ཕམ་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང ། འཇམ་དཔལ་ལ་སོགས་པ་སེམས་དཔའ་དཔེ་མེད་པ་དྲུག་ཅུ་དང ། བཟང་སྐྱོང་ལ་སོགས་པ་སྐྱེས་བུ་དམ་པ་བཅུ་དྲུག་དང ། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་
4a
༄#། །བུ་རྣམས་དང ། ཚངས་པ་ལ་སོགས་པ་ཚང་རིས་ཀྱི་ལྷའི་བུ་རྣམས་ཀྱི་བར་དུ་དེ་བཞིན་དུ་སྦྱར་ཏེ། དེ་མ་ཡིན་པ་གཞན་ཡང་དབང་ཆེ་བ་དང ། དབང་ཆེ་བར་གྲགས་པའི་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང་མི་མ་ཡིན་པ་རྒྱ་ཆེ་ཞིང་རླབས་ཆེ་བ་དག་དང་ཐབས་གཅིག་གོ་།བཅོམ་ལྡན་འདས་ལ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆེད་པར་བྱས། རྗེད་པར་བྱས། གསོལ་བར་བྱས་ཏེ།་འཁོར་བཞི་དང་ལྷར་བཅས་པའི་འཇིག་རྟེན་གྱིས་ཀྱང་ཕྱག་བྱ་བ། མཆོད་པར་བྱ་བ། བཀུར་སྟིར་བྱ་བ། བླ་མར་བྱ་བ། རི་མོར་བྱ་བ། རྗེད་པར་བྱ་བ། གསོལ་བར་བྱ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་སྟེ། ཚངས་པར་སྤྱོད་པ། ཐོག་པར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཡང་དག་པར་རབ་ཏུ་སྟོན་ཏོ། །དེའི་ཚེ་འཁོར་ཚོགས་པ་དེ་ཉིད་དུ་ཟླ་འོད་གཞོན་ནུར་གྱུར་པ་ཞེས་བྱ་བ་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། སྐྱེ་བ་དྲན་པ། སྤོབས་པ་ཐོབ་པ།
4b
ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། སྙིང་རྗེ་ཆེན་པོ་ལ་བརྩོན་པ་ཞིག་འདུག་ཏེ་འདུག་པར་གྱུར་ཏོ། །དེ་ནས་ཟླ་འོད་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོངས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན་བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གཞོན་ནུ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང ། དྲི་བ་དྲིས་པ་དེ་དང་དེ་ཉིད་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །གཞོན་ནུ། ང་ནི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། ཆོས་ཐམས་ཅད་ལ་སྟོབས་དང་མི་འཇིགས་པས་ཁྱུ་མཆོག་ཏུ་གྱུར་པ། རྗེས་སུ་ཐོབ་པ། སྒྲིབ་པ་མེད་པའི་རྣམ་པར་ཐར་པའི་ཡེ་ཤེས་དང་ལྡན་པ་སྟེ། གཞོན་ནུ། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་དེ་བཞིན་གཤེགས་པ་ལ་མི་
5a
༄#། །མཁྱེན་པའམ། མི་གཟིགས་པའམ། མི་གསན་པའམ། ཐུགས་སུ་མ་ཆུད་པའམ། མངོན་སུམ་དུ་མ་མཛད་པའམ། མངོན་པར་རྫོགས་པར་སངས་མ་རྒྱས་པ་ཅིའང་མེད་དེ། གཞོན་ནུ། དེ་བཞིན་གཤེགས་པ་ལ་དྲི་བ་དང་ཡོངས་སུ་དྲི་བའི་ཕྱིར་ཁྱོད་ལ་རྟག་ཏུ་སྐབས་ཕྱེ་ཡི། དྲི་བ་དྲིས་པ་དེ་དང་དེ་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བ་དང ། ཟླ་འོད་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། འཇིག་རྟེན་མགོན་པོ་རྫོགས་སངས་རྒྱས། །འོད་མཛད་ཇི་ལྟར་སྤྱད་པ་ཡིས། །བསམ་གྱིས་མི་ཁྱབ་ཡེ་ཤེས་འཐོབ། །ཕན་མཛད་ལུང་ཡང་བསྟན་དུ་གསོལ། ། མི་ཡི་ཁྱུ་མཆོག་མི་དང་ལྷས་མཆོད་པ། །མི་དབང་བདེན་གསུངས་ཇི་ལྟར་སྤྱད་པ་ཡིས། །ཐེག་མཆོག་དམ་པ་གཞལ་མེད་ཐོབ་པར་འགྱུར། །མགོན་པོ་གསུང་མཆོག་ཞུས་པ་ལུང་བསྟན་གསོལ། །བདག་ལ་གཡོ་ནི་མ་མཆིས་ཏེ། །ལྷག་པའི་བསམ་པ་ཞུ་བ་ལགས། །སྐྱེས་བུ་དམ་པ་མ་གཏོགས་པར། །བདག་གི་དབང་ནི་གཞན་མ་མཆིས། །འདུན་དང་སྨོན་ལམ་རྒྱ་ཆེ་བདག་ལ་མཆིས། །བདག་གི་སྤྱོད་པ་ཤཱཀྱ་སེང་གེས་མཁྱེན། །བདག་ནི་ཚིག་ལ་གཙོར་འཛིན་མ་ལགས་ཀྱི། །
5b
མི་དབང་སྒྲུབ་པ་བདག་ལ་མྱུར་དུ་གསུངས། །སངས་རྒྱས་ཐེག་པར་གཅེས་སྤྲས་བགྱིད། །ཡོངས་སུ་སྡུད་པའི་ཆོས་རྣམས་གང ། །ཆོས་རྣམས་ཀུན་གྱི་མཐར་ཕྱིན་པ། །དཔའ་བོ་ཆེན་པོ་ལུང་བསྟན་གསོལ། །ཅི་ནས་མིས་བསྟེན་ཤེས་རབ་རྣོར་འགྱུར་ཞིང ། །མི་བཟད་འཇིགས་དང་བྲལ་ཏེ་མི་སྐྲག་པས། །ཚུལ་ཁྲིམས་ཕུང་པོ་གཏོང་བར་མི་བགྱིད་ཅིང ། ། རྒྱགས་དང་ཞེ་སྡང་གཏི་མུག་ཆགས་བྲ་ལྟེ། །ཉེས་པ་ཀུན་ཞི་སྤྱད་པ་སྤྱོད་པ་ཡི། །ཕན་པར་བགྱིད་པའི་ཆོས་རྣམས་བདག་ལ་གསུངས། །ཇི་ལྟར་ཚུལ་ཁྲིམས་མི་གཏོང་ཞིང ། ། ཇི་ལྟར་བསམ་གཏན་འདོར་མི་འགྱུར། །དགོན་པ་ལ་ནི་ཇི་ལྟར་བསྟེན། །ཤེས་རབ་དག་གིས་ཇི་ལྟར་འཕེལ། །ཇི་ལྟར་སྟོབས་བཅུའི་བསྟན་པ་རྒྱ་ཆེ་ལ། །ཚུལ་ཁྲིམས་སྲུང་ཞིང་མངོན་དགའ་རྙེད་པར་འགྱུར། །ཇི་ལྟར་ཚུལ་ཁྲིམས་ཕུང་པོ་སྐྱོན་མེད་འགྱུར། །ཇི་ལྟར་འདུས་བྱས་རང་བཞིན་འཇལ་བར་འགྱུར། །ཇི་ལྟར་ལུས་དང་ངག་གིས་ཀྱང ། མཁས་པ་རྣམ་པར་དག་པར་འགྱུར། །ཀུན་ནས་ཉོན་མོངས་མེད་སེམས་ཀྱིས། །སངས་རྒྱས་ཡེ་ཤེས་འཚོལ་བར་འགྱུར། །ལུས་ཀྱི་ལས་ནི་ཇི་ལྟར་རྣམ་དག་འགྱུར། ། ཚིག་གི་སྐྱོན་ནི་ཇི་ལྟར་སྤངས་པར་འགྱུར། །ཇི་ལྟར་སེམས་ལ་ཉོན་མོངས་མེད་འགྱུར་བ། །སྐྱེས་མཆོག་ཞུས་པ་བདག་ལ་ལུང་བསྟན་གསོལ། །དེ་སྐད་ཅེས་གསོལ་
6a
༄#། །པ་དང ། བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཅིག་དང་ལྡན་ན་ཡོན་ཏན་འདི་དག་ཐོབ་པར་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཆོས་གཅིག་པོ་གང་ཞེ་ན། གཞོན་ནུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཡིན། ཕན་པའི་སེམས་དང ། ཁོང་ཁྲོ་བ་མེད་པའི་སེམས་དང ། མི་མཉམ་པ་མེད་པའི་སེམས་ཡིན་ཏེ། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཅིག་པོ་འདི་དང་ལྡན་ན་ཡོན་ཏན་འདི་དག་ཐོབ་པར་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཟླ་འོད་གཞོན་ནུར་གྱུར་པ་ལ་ཚིགས་སུ་བཅད་དེ་གསུངས་པ། ཆོས་གཅིག་ཡང་དག་བླངས་ནས་ནི། །བྱང་ཆུབ་སེམས་དཔའ་གང་གནས་པ། །ཡོན་ཏན་འདི་དག་ངེས་ཐོབ་སྟེ། ། མྱུར་དུ་བྱང་ཆུབ་འཚང་ཡང་རྒྱ། །དེ་ཡི་སེམས་ནི་གང་ལའང་ཞེ་མི་སྡང ། །ཞེ་སྡང་མེད་སེམས་བྱང་ཆུབ་སེམས་དཔའ་གང ། །ཐ་བ་མི་སྐྱེད་ཞེ་སྡང་མེད་པ་དག་།ཁྱད་
6b
པར་ཇི་སྐད་བརྗོད་པ་ཐོབ་པར་འགྱུར། །མཉམ་པའི་སེམས་ལ་བསྟེན་པ་ཡིས། །རྣམ་པར་སྨིན་པ་མཉམ་པར་འགྱུར། །རྐང་པའི་མཐིལ་ཡང་མཉམ་པ་དང ། །ཆོ་ག་སྤྱོད་ཡུལ་མཉམ་པར་འགྱུར། །མཉམ་ཞིང་མི་མཉམ་མ་ཡིན་སེམས་བསྒོམས་ནས། །ཐ་བའི་སྐྱོན་བྲལ་ནེམ་ནུར་རབ་སྤངས་ན། །དེ་ཡི་རྐང་ལག་མཐིལ་ཡང་མཉམ་འགྱུར་ཏེ། ། མཆོག་ཏུ་འོད་གསལ་དག་ཅིང་བལྟ་ན་སྡུག་།བྱང་ཆུབ་སེམས་དཔའ་ཕྱོགས་བཅུར་ལྷང་ངེར་སྣང ། །སངས་རྒྱས་ཞིང་དུ་དཔལ་དང་འོད་ཀྱིས་ཁྱབ། །ནམ་དེས་ཞི་བའི་ས་ནི་ཐོབ་པའི་ཚེ། །སངས་རྒྱས་མཁྱེན་ལ་སེམས་ཅན་མང་པོ་འགོད། །གཞོན་ནུ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་སྙོམས་པ་དང ། ཕན་པར་སེམས་པ་དང ། སེམས་ཁོང་ཁྲོ་བ་མེད་པ་དང ། སེམས་མི་མཉམ་པ་མེད་པ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །གཞོན་ནུ། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། འདི་ལྟ་སྟེ། ལུས་ཀྱི་སྡོམ་པ་དང ། ངག་གི་སྡོམ་པ་དང ། ཡིད་ཀྱི་སྡོམ་པ་དང ། ལས་ཡོངས་སུ་དག་པ་དང ། དམིགས་པ་ལས་ཡང་དག་པར་འདའ་བ་དང ། ཕུང་པོ་ཡོངས་སུ་ཤེས་པ་དང ། ཁམས་མཉམ་པ་ཉིད་
7a
༄#། །དང ། སྐྱེ་མཆེད་སེལ་བ་དང ། སྲེད་པ་སྤོང་བ་དང ། མི་སྐྱེ་བ་མངོན་སུམ་དུ་བྱེད་པ་ལ་འཇུག་པ་དང ། རྒྱུ་གསལ་བར་བྱེད་པ་དང ། ལས་ཀྱི་འབྲས་བུ་ཆུད་མི་གསོན་པ་དང ། ཆོས་མཐོང་བ་དང ། ལམ་སྒོམ་པ་དང ། དེ་བཞིན་གཤེགས་པ་ལ་བརྟེན་པ་དང ། ཤེས་རབ་རྣོ་བ་དང ། བདེན་པའི་རྗེས་སུ་འཇུག་པ་དང ། ཆོས་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ལ་འཇུག་པ་ཤེས་པ་དང ། ཡི་གེ་དང་ཚིག་རབ་ཏུ་དབྱེ་བ་ཤེས་པ་དང ། དངོས་པོ་རྣམས་ལས་ཡང་དག་པར་འདའ་བ་དང ། སྒྲ་ཡོངས་སུ་ཤེས་པ་དང ། དགའ་བ་རབ་ཏུ་ཐོབ་པ་དང ། ཆོས་ཀྱི་དགའ་བ་རྗེས་སུ་མྱོང་བ་དང ། དྲང་བ་དང ། མཉེན་པ་དང ། ཤུགས་དྲང་བ་དང ། གྱ་གྱུ་མེད་པ་དང ། ཁྲོ་གཉེར་དང་བྲལ་བ་དང ། དེས་པ་དང ། ངང་ཚུལ་དགེ་བ་དང ། བྱམས་པར་འཛིན་པ་དང ། འཇམ་པ་དང ། བཞིན་འཛུམ་པ་དང ། གསོང་པོར་སྨྲ་བ་དང ། ལེགས་པར་འོངས་སོ། །ཚུར་ཤོག་ཅེས་སྨྲས་པ་དང ། ལེ་ལོ་མེད་པ་དང ། བླ་མ་ལ་གུས་པ་དང ། བླ་མ་ལ་སྲི་ཞུ་ཆེ་བ་དང ། སྐྱེ་བས་ཆོག་ཤེས་པ་དང ། ཆོས་དཀར་པོས་མི་ངོམས་པ་དང ། འཚོ་བ་རྣམ་པར་དག་པ་དང ། དགོན་པ་ལ་གནས་པ་མི་གཏོང་བ་དང ། ས་རྣམ་པར་བཞག་པ་ཤེས་པ་དང ། དྲན་པ་ཆུད་མི་གཟོན་པ་དང ། ཕུང་པོ་ལ་མཁས་
7b
པ་དང ། ཁམས་ལ་མཁས་པ་དང ། སྐྱེ་མཆེད་ལ་མཁས་པ་དང ། མངོན་པར་ཤེས་པ་མངོན་སུམ་དུ་བྱ་བ་ལ་འཇུག་པ་དང ། ཉོན་མོངས་པ་སེལ་བ་དང ། བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་འཇོམས་པ་དང ། ཁྱད་པར་དུ་འགྲོ་བ་དང ། བསྒོམ་པའི་རྒྱུ་མཐུན་པ་དང ། ཉེས་པ་ལས་དབྱུང་བ་ལ་མཁས་པ་དང ། ཀུན་ནས་ལྡང་བ་གནོན་པ་དང།་བག་ལ་ཉལ་སྤོང་བ་དང ། སྲིད་པ་ལས་ཡང་དག་པར་འདའ་བ་དང ། སྐྱེ་བ་དྲན་པ་དང ། ལས་ཀྱི་རྣམ་པར་སྨིན་པ་ལ་ནེམ་ནུར་མེད་པ་དང ། ཆོས་སེམས་པ་དང ། ཐོས་པ་འཚོལ་བ་དང ། ཡེ་ཤེས་རྣོ་བ་དང ། ཡེ་ཤེས་ལ་སྲེད་པ་དང ། ཡེ་ཤེས་རྗེས་སུ་རྟོགས་པ་དང ། ཅང་ཤེས་ཀྱི་ས་དང ། སེམས་རི་ལྟ་བུ་དང ། མི་སྒུལ་བ་དང ། མི་གཡོ་བ་དང།་ཕྱིར་མི་ལྡོག་པའི་ས་རྣམ་པར་གཞག་པ་ཤེས་པ་དང ། དགེ་བའི་ཆོས་ཀྱི་རྒྱུ་མཐུན་པ་དང ། སྡིག་པའི་ཆོས་ལ་སྨོད་པ་དང ། ཉོན་མོངས་པ་རྣམས་ཀྱི་རྒྱུ་བ་མེད་པ་དང ། བསླབ་པ་ཡོངས་སུ་མི་གཏོང་བ་དང ། ཏིང་ངེ་འཛིན་རྣམ་པར་འཇོག་པ་དང ། སེམས་ཅན་རྣམས་ཀྱི་བསམ་པ་ཤེས་པ་དང ། སྐྱེ་བའི་ཁྱད་པར་ཤེས་པ་དང ། མཉམ་པ་ཉིད་ཤེས་པ་དང ། ཚིག་གི་མཚམས་སྦྱོར་བ་ཤས་པ་དང ། ཁྱིམ་ན་གནས་པ་ཡོངས་སུ་གཏོང་བ་དང ། ཁམས་གསུམ་ལ་མངོན་པར་མི་དགའ་བ་དང ། སེམས་ཞུམ་པ་མེད་པ་
8a
༄#། །དང།་ཆོས་ལ་མངོན་པར་ཞེན་པ་མེད་པ་དང ། དམ་པའི་ཆོས་ཡོངས་སུ་འཛིན་པ་དང ། ཆོས་སྲུང་བ་དང ། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང།་འདུལ་བ་ལ་མཁས་པ་དང ། རྩོད་པའི་གཞི་ཞི་བར་བྱེད་པ་དང ། འགྱེད་པ་མེད་པ་དང ། རྩོད་པ་མེད་པ་དང ། བཟོད་པའི་ས་དང ། བཟོད་པ་ཡང་དག་པར་འཛིན་པ་དང།་འགྲོ་བ་མཉམ་པ་དང ། ཆོས་རབ་ཏུ་དབྱེ་བ་ལ་མཁས་པ་དང ། ཆོས་གཏན་ལ་དབབ་པ་ལ་མཁས་པ་དང ། ཆོས་ཀྱི་ཆིག་རབ་ཏུ་དབྱེ་བ་ཤེས་པ་དང ། ཆོས་ཀྱི་ཚིག་ངེས་པར་དགོད་པ་ལ་མཁས་པ་དང ། སྔོན་གྱི་མཐའ་ཤེས་པ་དང ། ཕྱི་མའི་མཐའ་ཤེས་པ་དང ། ད་ལྟར་བྱུང་བ་ཤེས་པ་དང ། དུས་གསུམ་མཉམ་པ་ཉིད་ཤེས་པ་དང།་འཁོར་གསུམ་ཡོངས་སུ་དག་པ་ཤེས་པ་དང ། ལུས་གནས་པ་ཤེས་པ་དང ། སེམས་གནས་པ་ཤེས་པ་དང ། སྤྱོད་ལམ་སྲུང་བ་དང ། སྤྱོད་ལམ་མི་འཁྲུགས་པ་དང།་སྤྱོད་ལམ་མི་འཆོས་པ་དང ། སྤྱོད་ལམ་མཛེས་པ་དང ། དོན་དང་དོན་མ་ཡིན་པ་ལ་མཁས་ཤིང་ཤེས་པ་དང ། རིགས་པར་སྨྲ་བ་དང ། འཇིག་རྟེན་ཤེས་པ་དང།་ལྷུག་པར་གཏོང་བ་དང ། ལག་བརྐྱང་པ་དང ། སེམས་ཀྱིས་འཛིན་པ་མེད་པ་དང ། ངོ་ཚ་ཤེས་པ་དང ། ཁྲེལ་ཡོད་པ་དང ། མི་དགེ་བའི་སེམས་ལ་སྨོད་པ་
8b
དང།་སྦྱངས་པའི་ཡོན་ཏན་མི་གཏོང་བ་དང ། ཆོ་ག་ཡང་དག་པར་འཛིན་པ་དང ། དགའ་བར་སྤྱོད་པ་དང ། བླ་མ་ལ་ལྡང་ཞིང་སྟན་འདིང་བ་དང ། ང་རྒྱལ་ཚར་གཅོད་པ་དང ། སེམས་ཡང་དག་པར་རབ་ཏུ་འཛིན་པ་དང ། སེམས་སྐྱེ་བ་ཤེས་པ་དང ། དོན་རྟོགས་པར་ཤེས་པ་དང ། ཡེ་ཤེས་རྗེས་སུ་རྟོགས་པ་དང ། མི་ཤེས་པ་མེད་པར་གྱུར་པ་དང ། སེམས་ལ་འཇུག་པ་ཤེས་པ་དང ། སེམས་ཀྱི་རང་བཞིན་རྗེས་སུ་རྟོགས་པ་ཤེས་པ་དང ། སྒྲུབ་པ་དང་ངེས་པར་སྒྲུབ་པ་ལ་མཁས་པའི་ཤེས་པ་དང ། སྒྲ་སྐད་ཐམས་ཅད་ཤེས་པ་དང ། ངེས་པའི་ཚིག་རྣམ་པར་གཞག་པ་ཤེས་པ་དང ། དོན་གཏན་ལ་དབབ་པར་ཤེས་པ་དང ། གནོད་པ་རྣམ་པར་སྤོང་བ་དང ། སྐྱེས་བུ་དམ་པ་དང་འགྲོགས་པ་དང ། སྐྱེས་བུ་ངན་པ་རྣམ་པར་སྤོང་བ་དང ། བསམ་གཏན་རྣམས་སྒྲུབ་ཅིང་དེ་ལ་རོ་མྱོང་བར་མི་བྱེད་པ་དང ། མངོན་པར་ཤེས་པས་རྣམ་པར་འཕྲུལ་བ་དང ། མིང་དང་བརྡ་དང་གདགས་པའི་ངོ་བོ་ཉིད་ལ་འཇུག་པ་ཤེས་པ་དང ། བཏགས་པ་ཡང་དག་པར་འཇོམས་པ་དང ། འདུ་བྱེད་རྣམས་ལ་སྐྱོ་བ་དང ། བཀུར་སྟི་མི་འདོད་པ་དང ། བཀུར་སྟི་མེད་པ་ལ་བཏང་སྙོམས་སུ་བྱེད་པ་དང ། རྙེད་པ་ལ་དོན་དུ་མི་གཉེར་བ་དང ། རྙེད་པ་མེད་པ་ལ་ཞུམ་པ་མེད་པ་དང ། སྙན་པ་མི་འདོད་པ་དང ། མི་སྙན་པ་ལ་ཁོང་ཁྲོ་བ་མེད་པ་དང ། བསྟོད་པ་ལ་དགའ་བ་མེད་པ་
9a
༄#། །དང ། སྨད་པ་ལ་མི་དགའ་བ་མེད་པ་དང ། བདེ་བ་ལ་མངོན་པར་མ་ཆགས་པ་དང ། སྡུག་བསྔལ་ལ་ཡིད་འབྱུང་བར་མི་བྱེད་པ་དང ། འདུ་བྱེད་རྣམས་ལེན་པར་མི་བྱེད་པ་དང ། བསྔགས་པ་ཡང་དག་པ་ལ་མ་ཆགས་པ་དང ། བསྔགས་པ་ཡང་དག་པ་མ་ཡིན་པ་ལ་མི་མཇེད་པ་དང ། ཁྱིམ་པ་དང་རབ་ཏུ་བྱུང་བ་དག་དང་མི་བསྟེན་པ་དང ། སྤྱོད་ཡུལ་མ་ཡིན་པ་རྣམ་པར་སྤོང་བ་དང ། སྤྱོད་ཡུལ་དུ་རྒྱུ་བ་དང ། སྤྱོད་པ་ཕུན་སུམ་ཚོགས་པ་དང ། སྤྱོད་པ་མ་ཡིན་པ་རྣམ་པར་སྤོང་བ་དང ། རིགས་སུན་པར་མི་བྱེད་པ་དང ། བསྟན་པ་སྲུང་བ་དང ། སྨྲ་བ་ཉུང་ཞིང་མཉན་པ་དང ། དལ་གྱིས་སྨྲ་བ་དང ། ཚིག་གི་ལན་གླན་པ་ལ་མཁས་པ་དང ། ཕྱིར་རྒོལ་བ་ཚར་གཅོད་པ་དང ། དུས་སུ་འགྲོ་བར་བྱེད་པ་དང ། སོ་སོའི་སྐྱེ་བོ་ལ་ཡིད་མི་རྟོན་པ་དང ། སྡུག་བསྔལ་བ་རྣམས་ལ་ཁྱད་དུ་གསོད་པར་མི་བྱེད་ཅིང་དེ་དག་ལ་ནོར་སྦྱིན་པ་དང ། དབུལ་པོ་རྣམས་ལ་བརྙས་པར་མི་བྱེད་པ་དང ། ཚུལ་ཁྲིམས་འཆལ་པ་ལ་སྙིང་རྗེ་བ་དང ། ཕན་པའི་དངོས་པོ་དང་སྙིང་བརྩེ་བའི་བློ་དང་ཆོས་ཀྱིས་ཕན་འདོགས་པ་དང ། ཟང་ཟིང་ཡོངས་སུ་གཏོང་བ་དང ། མི་གསོག་པར་གནས་པ་དང ། ཚུལ་ཁྲིམས་ལ་བསྟོད་ཅིང་འཆལ་པའི་ཚུལ་ཁྲིམས་ལ་སྨོད་པ་དང ། ཚུལ་ཁྲིམས་དང་ལྡན་པ་ལ་གཡོ་
9b
མེད་པར་བསྟེན་པ་དང ། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང ། ལྷག་པའི་བསམ་པས་གཉེར་བ་དང ། ཇི་སྐད་སྨྲས་པ་བཞིན་བྱེད་པ་དང ། རྒྱུན་མི་ཆད་པར་སྦྱོར་བ་དང ། གུས་པར་བྱས་ཏེ་དགའ་བ་མྱོང་བར་བྱེད་པ་དང ། དཔེ་ཤེས་པ་དང ། སྔོན་བྱུང་བ་ལ་མཁས་པ་དང ། དགེ་བའི་རྩ་བ་སྔོན་དུ་འགྲོ་བ་དང ། ཐབས་ལ་མཁས་པ་དང ། མཚན་མ་སྤོང་བ་དང ། འདུ་ཤེས་ཟློག་པ་དང ། དངོས་པོ་རྣམས་ཡོངས་སུ་ཤེས་པ་དང ། མདོ་སྡེ་མངོན་པར་སྒྲུབ་པ་དང ། འདུལ་བ་ལ་མཁས་པ་དང ། བདེན་པ་གཏན་ལ་འབེབས་པ་དང།་རྣམ་པར་གྲོལ་བ་མངོན་སུམ་དུ་བྱ་བ་ལ་འཇུག་པ་དང ། ཚིག་མགོ་ཅིག་ཏུ་སྨྲ་བ་དང ། ཇི་ལྟ་བ་བཞིན་དུ་ཤེས་ཤིང་མཐོང་བ་མི་གཏོང་བ་དང ། ནེམ་ནུར་མེད་པའི་ཚིག་དང ། སྟོང་པ་ཉིད་ལ་བརྟེན་པ་དང ། མཚན་མ་མེད་པ་ལ་བརྟེན་པ་དང ། སྨོན་པ་མེད་པའི་ངོ་བོ་ཉིད་རྟོགས་པར་བྱེད་པ་དང ། མི་འཇིགས་པ་ཐོབ་པ་དང ། ཡེ་ཤེས་ཀྱིས་སྣང་བར་བྱེད་པ་དང ། ཚུལ་ཁྲིམས་དམ་པ་དང ། སྙོམས་པར་འཇུག་པ་ལ་གཞོལ་བ་དང ། གཅིག་པུར་དགའ་བ་དང ། བདག་ཤེས་པ་དང ། ཤེས་ཀྱི་ཁེ་ཉུང་དུས་ཆོག་ཤེས་པ་དང ། སེམས་ལ་རྙོག་པ་མེད་པ་དང ། ལྟ་བར་གྱུར་པ་རྣམ་པར་སྤོང་བ་དང ། གཟུངས་ཐོབ་པ་དང ། ཡེ་ཤེས་ལ་འཇུག་པ་དང ། གནས་དང་གནས་མ་ཡིན་པ་
10a
༄#། །དང།་འཇུག་པ་དང་སྒྲུབ་པ་ཤེས་པ་དང ། གཏན་ཚིགས་དང ། རིགས་པ་དང ། ཚུལ་དང ། སྒོ་དང ། རྒྱུ་དང ། ལམ་དང ། ནན་ཏན་དང ། སྒྲུབ་པ་དང ། ཕྲིན་དང ། གདམས་པ་དང ། བསྟན་པ་ལ་སྤྱོད་པ་དང ། རྗེས་སུ་མཐུན་པའི་བཟོད་པ་དང ། བཟོད་པའི་ས་དང ། མི་བཟོད་པ་དང་བྲལ་བ་དང ། ཡེ་ཤེས་ཀྱིས་དང།་མི་ཤེས་པ་སྤོང་བ་དང ། ཤེས་པ་ལ་གནས་པ་དང ། རྣལ་འབྱོར་སྤྱོད་པའི་ས་དང ། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་དང ། སྐྱེས་བུ་དམ་པ་ལ་བརྟེན་པ་དང ། སྐྱེས་བུ་དམ་པ་མ་ཡིན་པ་སྤོང་བ་དང ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྟོགས་ཤིང་ཁོང་དུ་ཆུད་པར་ཤེས་པ་དང ། དེ་བཞིན་གཤེགས་པས་གསུངས་པའི་སངས་རྒྱས་ཀྱི་ས་དང ། མཁས་པ་རྣམས་ཀྱིས་རྗེས་སུ་ཡི་རང་བ་དང ། བྱིས་པ་རྣམས་ཀྱིས་སྤངས་པ་དང ། ཉན་ཐོས་རྣམས་ཀྱིས་ཤེས་པར་དཀའ་བ་དང ། རང་སངས་རྒྱས་རྣམས་ཀྱིས་མི་ཤེས་པ་དང ། མུ་སྟེགས་ཅན་གྱིས་མ་ཡིན་པ་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་གཟུང་བ་དང ། སྟོབས་བཅུ་དག་གིས་རྗེས་སུ་རྟོགས་པ་དང་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང ། ཚངས་པས་ཕྱག་བྱ་བ་དང ། བརྒྱ་བྱིན་རྣམས་ཀྱིས་སྔོན་དུ་འགྲོ་བར་བྱ་བ་དང ། ཀླུ་རྣམས་ཀྱིས་ཕྱག་བྱ་བ་དང ། གནོད་སྦྱིན་རྣམས་
10b
ཀྱིས་རྗེས་སུ་ཡི་རང་བར་བྱ་བ་དང ། མིའམ་ཅི་རྣམས་ཀྱིས་བསྟོད་པར་བྱ་བ་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བསྔགས་པར་བྱ་བ་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒོམ་པར་བྱ་བ་དང ། མཁས་པ་རྣམས་ཀྱིས་ཀུན་ཆུབ་པར་བྱ་བ་དང ། བླ་ན་མེད་པའི་ནོར་དུ་གྱུར་པ་དང ། ཟང་ཟིང་མེད་པའི་སྦྱིན་པ་དང ། ནད་པ་རྣམས་ཀྱི་སྨན་དུ་གྱུར་པ་དང།་ཡེ་ཤེས་ཀྱི་མཛོད་དུ་གྱུར་པ་དང ། སྤོབས་པ་མི་ཟད་པ་དང ། མདོ་སྡེ་རྣམས་ཀྱི་ཚུལ་དུ་གྱུར་པ་དང ། དཔའ་བོ་དག་གི་གཡུལ་དུ་གྱུར་པ་དང ། ཁམས་གསུམ་ཡོངས་སུ་ཤེས་པ་དང ། ཕ་རོལ་ཏུ་འགྲོ་བ་དག་ལ་གཟིངས་ལྟ་བུ་དང ། ཆུ་བོའི་ནང་དུ་ཞུགས་པ་དག་ལ་གྲུ་ལྟ་བུ་དང ། གྲགས་པ་འདོད་པ་དག་གི་གྲགས་པ་དང ། སངས་རྒྱས་རྣམས་ཀྱིས་བསྟོད་པ་དང ། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྔགས་པ་དང ། སྟོབས་བཅུ་རྣམས་ཀྱིས་བསྟོད་པ་དང ། བྱང་ཆུབ་སེམས་དཔའ་དག་གི་ཡོན་ཏན་དང ། སྙིང་རྗེ་ཅན་དག་གི་བཏང་སྙོམས་དང ། ཉེས་པ་ཞི་བར་འདོད་པ་དག་གི་བྱམས་པ་དང ། ཐེག་པ་ཆེན་པོ་དག་གི་དབུགས་འབྱིན་པ་དང ། སེང་གེའི་སྒྲ་སྒྲོགས་པ་རྣམས་ཀྱི་ནན་ཏན་དང ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ལམ་དང ། ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་དང ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་གྲུབ་པ་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེད་མོས་
11a
༄#། །ཚལ་དུ་གྱུར་པ་དང ། བདུད་ཀྱི་སྡེ་རྣམས་སྐྲག་པར་བྱེད་པ་དང ། བདེ་བར་འགྲོ་བ་རྣམས་ཀྱི་རིག་པ་དང ། དོན་སྒྲུབ་པ་རྣམས་ཀྱི་དོན་དང ། དགྲའི་ནང་དུ་སོང་བ་དག་གི་སྐྱབས་དང ། ཕྱིར་རྒོལ་བ་རྣམས་ཆོས་དང་མཐུན་པས་ཚར་གཅོད་པ་དང ། མི་འཇིགས་པ་རྣམས་ཀྱི་བདེན་པའི་རྣམ་པ་དང ། སྟོབས་རྣམས་ཡང་དག་པར་འཚོལ་བ་དང ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་སྔ་ལྟས་སུ་གྱུར་པ་དང ། ཆོས་ཀྱི་སྐུའི་རྒྱན་དང་སྤྱོད་པ་རྣམས་ཀྱི་རྒྱུ་མཐུན་པ་དང ། སངས་རྒྱས་ཀྱི་སྲས་རྣམས་ཀྱི་རྒྱན་དང ། ཐར་པ་འདོད་པ་རྣམས་ཀྱི་དགའ་བ་དང ། སྲས་ཐུ་བོ་རྣམས་ཀྱི་དགའ་བ་དང ། སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པ་དང ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ས་མ་ཡིན་པ་དང ། སེམས་རྣམ་པར་དག་པ་དང ། ལུས་ཡོངས་སུ་དག་པ་དང ། རྣམ་པར་ཐར་པའི་སྒོ་རྣམས་ཡོངས་སུ་རྫོགས་པ་དང ། སངས་རྒྱས་ཀྱི་ཡེ་ཤེས་ཀུན་ནས་ཉོན་མོངས་པ་མེད་པ་དང ། འདོད་ཆགས་འབྱུང་བ་མེད་པ་དང ། ཞེ་སྡང་དང་བྲལ་བ་དང ། གཏི་མུག་གི་ས་མ་ཡིན་པ་དང ། ཡེ་ཤེས་འབྱུང་བ་དང ། རིག་པ་སྐྱེ་བ་དང ། མ་རིག་པ་སྤོང་བ་དང ། རྣམ་པར་གྲོལ་བ་སྙིང་པོར་བྱེད་པ་རྣམས་ཀྱི་ཚིམ་པ་དང ། ཏིང་ངེ་འཛིན་སྙིང་པོར་བྱེད་པ་རྣམས་ཀྱི་དགའ་བ་དང ། ལྟ་
11b
འདོད་པ་རྣམས་ཀྱི་མིག་ཏུ་གྱུར་པ་དང ། རྣམ་པར་འཕྲུལ་བར་འདོད་པ་རྣམས་ཀྱི་མངོན་པར་ཤེས་པ་དང ། མངོན་པར་སྒྲུབ་པར་འདོད་པ་རྣམས་ཀྱི་རྫུ་འཕྲུལ་དང ། ཐོས་པ་དོན་དུ་གཉེར་བ་རྣམས་ཀྱི་གཟུངས་དང ། དྲན་པ་མི་བརྗེད་པ་དང ། སངས་རྒྱས་རྣམས་ཀྱི་བྱིན་གྱིས་བརླབས་དང ། འདྲེན་པ་རྣམས་ཀྱི་ཐབས་མཁས་པ་དང ། མི་བརྩོན་པ་རྣམས་ཀྱི་ཕྲ་བ་དང ། ཤེས་པར་དཀའ་བ་དང ། མ་གྲོལ་བ་དག་གིས་མི་ཤེས་པ་དང ། ཡི་གེ་རྣམས་ལྡོག་པ་དང ། སྒྲ་ཤེས་པར་དཀའ་བ་དང ། རྟོགས་པ་རྣམས་ཀྱིས་ཀུན་ཤེས་པ་དང ། དེས་པ་རྣམས་ཀྱིས་ཤེས་པ་དང ། འདོད་པ་ཆུང་བ་རྣམས་ཀྱིས་རབ་ཏུ་རྟོགས་པ་དང ། བརྩོན་འགྲུས་བརྩམས་པ་རྣམས་ཀྱིས་གཟུང་བ་དང ། དྲན་པ་དང་ལྡན་པ་རྣམས་ཀྱིས་བཅངས་པ་དང ། སྡུག་བསྔལ་ཟད་པ་དང ། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང ། སྲིད་པའི་འགྲོ་བ་དང ། སྐྱེ་བའི་གནས་ཐམས་ཅད་གཅིག་ཏུ་ངེས་པར་བསྟན་པ་སྟེ། གཞོན་ནུ།་འདི་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ཅེས་བྱའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་བསྟན་པ་འདི་བཅོམ་ལྡན་འདས་ཀྱིས་བཤད་པ་ན་ལྷ་དང་མིའི་སྐྱེ་དགུ་སྔོན་ཡོངས་སུ་སྦྱང་བ་བྱས་པ་ཁྲག་ཁྲིག་ཕྲག་བརྒྱད་ཅུས་མི་སྐྱེ་བའི་ཆོས་ལ་བཟོད་པ་
12a
༄#། །ཐོབ་པར་གྱུར་ཏོ། །ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་དྲུག་གིས་རྗེས་སུ་མཐུན་པའི་བཟོད་པ་ཐོབ་བར་གྱུར་ཏོ། །ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་གསུམ་གྱིས་སྒྲའི་རྗེས་སུ་འབྲང་བའི་བཟོད་པ་ཐོབ་པར་གྱུར་ཏོ། །དགེ་སློང་སྟོང་དུ་ཚང་བ་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །ལྷ་དང་མིའི་སྐྱེ་དགུ་ལས་སྲོག་ཆགས་སྟོང་ཕྲག་དྲུག་ཅུས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ་།དགེ་སློང་མ་བརྒྱད་ཁྲི་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། དགེ་བསྙེན་ལྔ་བརྒྱས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བར་གྱུར་ཏོ། །དགེ་བསྙེན་མ་དྲུག་སྟོང་གིས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའང་རྣམ་པ་དྲུག་ཏུ་གཡོས། །རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། ལྡེག། རབ་ཏུ་ལྡེག་།ཀུན་ཏུ་རབ་ཏུ་ལྡེག། འཁྲུགས། རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ། འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་ཏེ། ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ། ནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོ། བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོ། ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོ།
12b
མཐའ་དམའ་ན་དབུས་མཐོ། དབུས་དམའ་ན་མཐའ་མཐོ་སྟེ། ཚད་མེད་པའི་སྣང་བ་འཇིག་རྟེན་དུ་བྱུང་ནས་འཇིག་རྟེན་གྱི་བར་མུན་ནག་སྨག་ཏུ་གྱུར་པ་གང་ཡིན་པ་དེ་དག་ཀྱང་སྣང་བ་དེས་གསལ་བར་གྱུར་ཏོ། །སེམས་ཅན་གང་དག་དེར་སྐྱེས་པ་དེ་དག་གཅིག་གིས་གཅིག་ཤེས་པར་གྱུར་ཏེ། འདི་སྐད་དུ། ཀྱེ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་པར་གྱུར་ཏོ། ཞེས་འཛེར་ཏེ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོའི་བར་དུའང་དེ་བཞིན་ནོ། །གླེང་གཞིའི་ལེའུ་སྟེ། དང་པོའོ།། །།དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། ངས་དྲན་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ཏེ། ཏིང་ངེ་འཛིན་འདི་འདོད་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱ་རྒོད་ཀྱི་ཕུང་པོའི་རི་འདི་ཉིད་ལ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲངས་མེད་དཔག་ཏུ་མེད་པ་རྣམས་ལ་ངས་རིན་པོ་ཆེ་ཐམས་ཅད་དང ། མེ་ཏོག་དང ། སྤོས་དང།་དྲི་དང ། ཕྲེང་བ་དང ། བྱུག་བ་དང ། ཕྱེ་མ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། སིལ་སྙན་དང ། ཕེབ་རྡོབ་པ་དང ། རྣམ་པར་རྒྱལ་བའི་བ་དན་དང །
13a
༄#། །རིན་པོ་ཆེའི་གཙུག་ལག་ཁང་རྣམ་པ་སྣ་ཚོགས་རྣམ་པར་བཀྲམ་\?\་བྱེ་བ་ཁྲག་ཁྲིག་བླ་མ་བརྒྱ་སྟོང་དུ་མའི་བཀོད་པ་ཐམས་ཅད་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས། རྗེད་པར་བྱས། གསོལ་བར་བྱས་ཏེ། གཞོན་ནུ། ངས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་རྒྱས་པར་ཐོས་ཏེ། གཟུང་ངོ ། །བྲིས་སོ། །བཅངས་སོ། །བཀླགས་སོ། །རབ་ཏུ་སྟོན་ཏོ། །ཉོན་མོངས་པ་མེད་པའི་སྒོམ་པས་བསྒོམས་སོ། །མང་དུ་བྱས་ཤིང་གཞན་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། །གཞོན་ནུ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་ཐ་མ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སཱ་ལའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཞིག་བྱུང་སྟེ། གཞོན་ནུ། དེ་བཞིན་གཤེགས་པ་སཱ་ལའི་དབང་པོའི་རྒྱལ་པོ་དེའི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་བརྒྱ་སྟོང་གི་དགེ་འདུན་བྱུང་སྟེ། དེ་དག་གི་ཚེའི་ཚད་ནི་ལོ་འབུམ་ཕྲག་བདུན་ཅུ་རྩ་དྲུག་ཏུ་གྱུར་ཏོ། །གཞོན་ནུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སཱ་ལའི་དབང་པོའི་རྒྱལ་པོ་དེ་ལ་ངས་ལོ་བྱེ་བ་སྟོང་ཕྲག་བཅོ་བརྒྱད་དུ་མཆོད་པ་དང་རིམ་གྲོ་བྱས་ཏེ། ལྷའི་
13b
ཙནྡན་དང་རིན་པོ་ཆེའི་གཙུག་ལག་ཁང་བྱེ་བ་བྱས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སཱ་ལའི་དབང་པོའི་རྒྱལ་པོ་དེའི་ཚེའི་ཚད་ནི་ལོ་བྱེ་བ་སྟོང་ཕྲག་བདུན་ཅུ་རྩ་དྲུག་ཏུ་གྱུར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སཱ་ལའི་དབང་པོའི་རྒྱལ་པོ་དེའི་དྲུང་དུ་ང་རབ་ཏུ་བྱུང་ནས་ལོ་བྱེ་བ་སྟོང་ཕྲག་བཅུ་བཞིར་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་མཉན་ཅིང་བཟུང་སྟེ་བྲིས་སོ། །བཅངས་སོ། །བཀླགས་སོ། །རབ་ཏུ་བཏོན་ཏོ། །ཉོན་མོངས་པ་མེད་པའི་སྒོམ་པས་བསྒོམས་སོ། །མང་དུ་བྱས་ཤིང་གཞན་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་ཏིང་ངེ་འཛིན་འདི་འདོད་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ན་ཁྱོད་ཀྱིས་ཀྱང་ང་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང ། རིམ་གྲོ་དང ། གཡོག་བྱ་བ་ལ་བརྩོན་པར་བྱའོ། ། གཞོན་ནུ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང ། རིམ་གྲོ་དང ། གཡོག་བྱས་པའི་རྒྱུ་
14a
༄#། །མཐུན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྙེད་པར་དཀའ་བ་མ་ཡིན་ན་ཏིང་ངེ་འཛིན་འདི་ལྟ་ཅི་སྨོས། གཞོན་ནུ། དེ་ལྟ་བས་ན་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང ། རིམ་གྲོ་དང ། གཡོག་བྱ་བ་ལ་རྟག་ཏུ་ཡིད་ཡོངས་སུ་མི་སྐྱོ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཟླ་འོད་གཞོན་ནུར་གྱུར་པ་ལ་སྔོན་བྱུང་བའི་ལེའུ་འདི་ཉིད་རྒྱས་པར་ཚིགས་སུ་བཅད་པའི་དབྱངས་ཀྱིས་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། །དྲན་པ་སྟོབས་བཅུ་བྱེ་བ་དྲུག་ཅུ་དག་།སྔོན་ཚེ་བྱ་རྒོད་ཕུང་པོའི་རི་ལ་བཞུགས། །ང་སྔོན་བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། །ཏིང་འཛིན་ཞི་བའི་མཆོག་འདི་བཤད་བྱས་ཏེ། །དེ་དག་གི་ཡང་ཐ་མ་ནི། །འཇིག་རྟེན་མགོན་པོ་འོད་བྱེད་པ། །སཱ་ལའི་དབང་རྒྱལ་ཞེས་བྱ་སྟེ། །དེ་ལ་ང་ཡིས་ཡོངས་སུ་དྲིས། །ང་ཡང་རྒྱལ་རིགས་ཉིད་གྱུར་ཏེ། །རྒྱལ་པོས་བདག་གཙོ་བོ་ཡིན། །ང་ཡི་བུ་ཡང་ལྔ་བརྒྱ་སྟེ། །དེ་དག་ལས་ནི་མི་ཉུང་བྱུང ། །སངས་རྒྱས་དེ་ཡི་གཙུག་ལག་ཁང ། །ཙནྡན་ཁྱད་པར་ཅན་རྣམས་དང ། །ཁ་ཅིག་རིན་ཆེན་བརྩེགས་པ་ཡི། །བྱེ་བ་སྙེད་ནི་ངས་བྱས་ཏེ། །སྐྱེ་བོ་མང་པོ་དགའ་ཞིང་ཡིད་འོང་བ། །འཇིགས་པའི་བླ་མ་ཞེས་བྱ་རྒྱལ་པོར་གྱུར། །སངས་རྒྱས་ལ་ནི་མཆོད་པ་དམ་པ་དག་།ལོ་སྟོང་བྱེ་བ་བཅོ་བརྒྱད་བར་དུ་བྱས། །རྣམ་པར་
14b
འདྲེན་པ་སཱ་ལའི་དབང་པོ་རྒྱལ། །རྐང་གཉིས་གཙོ་བོ་རྒྱལ་བ་མ་སྨད་པ། །དེ་ཡི་དུས་ན་དེ་ཡི་ཚེ་ཚད་ནི། །ལོ་བྱེ་སྟོང་ཕྲག་བདུན་ཅུ་དྲུག་ཏུ་གྱུར། །ཉན་ཐོས་མཚུངས་པ་ཁྲག་ཁྲིག་བརྒྱད་ཅུ་སྟེ། །གསུམ་རིག་མངོན་ཤེས་དྲུག་ལྡན་དབང་པོ་ཐུལ། །ཟག་པ་ཟད་ཅིང་ཐ་མའི་ལུས་འཛིན་པ། །དེ་ཚེ་མི་མཆོག་གི་ནི་དགེ་འདུན་བྱུང ། །ལྷར་བཅས་འཇིག་རྟེན་དག་ལ་ཕན་པའི་ཕྱིར། །དེ་ཚེ་ཏིང་འཛིན་འདི་ནི་བདག་འདོད་པས། །རྒྱལ་བ་རྐང་གཉིས་གཙོ་བོ་དེ་དག་ལ། །མཆོད་པ་རྣམ་པ་མང་པོ་ངས་བྱས་ཏེ། །རྒྱལ་བ་སཱ་ལའི་དབང་རྒྱལ་དྲུང་དུ་ཡང ། །ང་ནི་བཙུན་མོ་སྲས་བཅས་རབ་ཏུ་བྱུང ། །ལོ་ཡང་བྱེ་བ་སྟོང་ཕྲག་བཅུ་བཞིར་ནི། །ཏིང་ངེ་འཛིན་འདི་ངས་ཀྱང་ཡོངས་དྲིས་ཏེ། །ཚིགས་བཅད་ཁྲག་ཁྲིག་སྟོང་ཕྲག་བརྒྱད་ཅུ་དང ། །གཞན་ཡང་དཀྲིགས་ཕྲག་བྱེ་བ་བརྒྱ་རྣམས་ནི། །ཏིང་འཛིན་འདི་ཉིད་ཀྱི་ནི་ལེའུ་གཅིག་པོ། །ངས་ནི་བདེ་བར་གཤེགས་པ་དེ་ལས་བླངས། །ཏིང་འཛིན་དམ་པ་འདི་ནི་འདོད་པའི་ཕྱིར། །མགོ་དང་རྐང་ལག་ཆུང་མ་དེ་བཞིན་བུ། །རིན་ཆེན་མང་པོ་དེ་བཞིན་བཟའ་བཅའ་རྣམས། །སྔོན་ཆད་ངས་ནི་མ་བཏང་ཅུང་ཟད་མེད། །སངས་རྒྱས་དག་ནི་བྱེ་བ་ཕྲག་སྟོང་དང ། །དེ་ལས་ལྷག་པར་གངྒཱའི་བྱེ་མ་སྙེད། །གང་དག་བྱ་རྒོད་ཕུང་པོ་འདིར་བཞུགས་ནས། །ཏིང་འཛིན་ཞི་མཆོག་འདི་སྟོན་ངས་དྲན་ཏེ། །དེ་ཀུན་མཚན་ཀྱང་ཤཱཀྱ་ཁྱུ་མཆོག་ཡིན། །ཀུན་
15a
༄#། །གྱི་སྲས་ཀྱང་སྒྲ་གཅན་ཟིན་ཅེས་བྱ། །ཞབས་འབྲིང་བ་ཡི་མིང་ཡང་ཀུན་དགའ་བོ། །སེར་སྐྱའི་གྲོང་ནས་ཐམས་ཅད་རབ་ཏུ་བྱུང ། །འཕྲུལ་མཆོག་ཤཱ་རིའི་བུ་དང་པང་ནས་སྐྱེས། །སྐྱོབ་པ་ཀུན་ཀྱང་མཚན་ནི་མཐུན་པར་གྱུར། །དེ་ཚེ་འཇིག་རྟེན་ཁམས་ཀྱང་མིང་འདྲ་སྟེ། །ཐམས་ཅད་ཀྱང་ནི་སྙིགས་མའི་དུས་སུ་བྱུང ། །བྱང་ཆུབ་སྤྱད་པ་འདི་ནི་སྤྱོད་པའི་ཚེ། །མི་དབང་དེ་ཀུན་ང་ཡིས་བཀུར་སྟི་བྱས། །ཏིང་འཛིན་འདི་ནི་ཡོངས་སུ་འཚོལ་བའི་ཚེ། །རྒྱལ་ལ་མཆོད་པ་མ་བྱས་ཅི་ཡང་མེད། །ནན་ཏན་གྱིས་ནི་ཏིང་འཛིན་འདི་རྙེད་དེ། །ནན་ཏན་དག་ཀྱང་རྣམ་པ་མང་དུ་གསུངས། །ཡོན་ཏན་ཀུན་ལ་རབ་ཏུ་གནས་པ་དག་།དེ་ལ་ཏིང་འཛིན་འདི་ནི་རྙེད་མི་དཀའ། །བྲོ་བ་དག་ལ་མ་ཞེན་མི་བསྐམ་ཞིང ། ། ཁྱིམ་རྣམས་ལ་ཡང་མ་ཆགས་ཕྲག་དོག་མེད། །བྱམས་ལ་གནས་ཤིང་ཁྲོ་བ་མེད་པ་གང ། །དེ་ལ་ཏིང་འཛིན་འདི་ནི་རྙེད་མི་དཀའ། །རྙེད་དང་བཀུར་སྟི་དག་ཀྱང་མི་འདོད་ཅིང ། ། འཚོ་བ་གཙང་ཞིང་ཅི་ཡང་མི་འཆང་བ། །ཚུལ་ཁྲིམས་རྣམ་པར་དག་ཅིང་འཇིགས་མེད་པ། །དེ་ལ་ཏིང་འཛིན་འདི་ནི་རྙེད་མི་དཀའ། །གཡེལ་བ་མེད་ཅིང་བརྩོན་འགྲུས་བརྩམས་པ་དང། །དགོན་པར་གནས་ཤིང་སྦྱངས་ལ་གནས་གྱུར་དང ། །བདག་མེད་བཟོད་པ་ལ་ཡང་རབ་གནས་པ། །དེ་ལ་ཏིང་འཛིན་འདི་ནི་རྙེད་མི་དཀའ། །རྒོད་པ་མེད་ཅིང་ཤིན་ཏུ་དུལ་
15b
པའི་སེམས། །སྤྱོད་དང་སྤྱོད་ལམ་དག་ལ་རབ་ཏུ་གནས། །གཏོང་ལ་མོས་ཤིང་སེར་སྣ་མེད་པ་དག། དེ་ལ་ཏིང་འཛིན་འདི་ནི་རྙེད་མི་དཀའ། །ཏིང་འཛིན་ཞི་བ་འདི་ནི་གང་འཛིན་པ། ། དེ་པ་དཔེ་བྱད་བཟང་དང་མཚན་རྣམས་དང ། །འདྲེན་པས་སངས་རྒྱས་ཆོས་ནི་བཅོ་བརྒྱད་དང ། །སྟོབས་དང་མི་འཇིགས་གང་བརྗོད་རྙེད་མི་དཀའ། །སངས་རྒྱས་སྤྱན་གྱིས་གཟིགས་པའི་སེམས་ཅན་གང ། །དེ་དག་དུས་གཅིག་སངས་རྒྱས་ཉིད་གྱུར་ལ། །དེ་རྣམས་རེ་རེའི་ཚེ་ཡི་ཚད་ཀྱང་ནི། །བསྐལ་པ་བྱེ་བ་སྟོང་ཕྲག་བསམ་མི་ཁྱབ། །དེ་དག་རེ་རེ་ལ་ཡང་མགོ་བོ་ནི། །རྒྱ་མཚོ་ཀུན་གྱི་བྱེ་མ་དེ་སྙེད་ཡོད། །མགོ་བོ་ཇི་སྙེད་ཡོད་པ་ཐམས་ཅད་ལ། །དེ་སྙེད་ལྕེ་ཡང་མགོ་བོ་ཀུན་ལ་ཡོད། །དེ་དག་ཀུན་གྱིས་ཏིང་འཛིན་འདི་ལས་གང ། །ཚིགས་བཅད་འཛིན་འདིའི་ཕན་ཡོན་བརྗོད་ཀྱང་ནི། །ཅུང་ཟད་ཡོངས་སུ་བརྗོད་པར་མི་འགྱུར་ན། །གང་གིས་བསླབས་ཤིང་གཟུང་བ་ཅི་ཞིག་སྨོས། །ཏིང་འཛིན་བལྟ་དཀའ་ཞི་བ་གང་འཛིན་པ། །སྦྱངས་པའི་ཡོན་ཏན་བླངས་ཤིང་སྤྱོད་པ་དག་།དེ་ལ་ལྷ་དང་ལྷ་མིན་གནོད་སྦྱིན་སྨོན། །རྒྱལ་པོ་དག་ཀྱང་ཕྱིན་བཞིན་འབྲང་བར་བྱེད། །ཏིང་འཛིན་ཞི་བ་རྙེད་དཀའ་གང་འཛིན་པ། །རྒྱལ་བ་དག་གིས་ཡོངས་སུ་གཟུང་བར་འགྱུར། །ལྷ་དང་ཀླུ་རྣམས་རྟག་ཏུ་རྗེས་སུ་འབྲང ། །ཕས་ཀྱི་རྒོལ་བས་དེ་ཡི་གཟི་མི་བཟོད། །ཏིང་འཛིན་ཞི་བ་འདི་ནི་གང་
16a
༄#། །འཛིན་པ། །དེ་ཡི་སྤོབས་པ་དག་ནི་མཐའ་ཡས་འགྱུར། །མདོ་སྡེ་དག་ནི་སྟོང་རྣམས་རབ་སྟོན་ཀྱང ། །དེ་ལ་ནམ་ཡང་རྒྱུན་ནི་ཆད་མི་འགྱུར། །གང་རྣམས་མི་ཟད་ཆེན་པོའི་ཕྱི་དུས་ན། །ཏིང་ངེ་འཛིན་འདི་ཐོས་ནས་འཛིན་པ་རྣམས། །སངས་རྒྱས་འདྲེན་པ་སྣང་བ་དཔག་མེད་དང ། །བདེ་ལྡན་འཇིག་རྟེན་ཁམས་ཀྱང་མཐོང་བར་འགྱུར། །ཕན་ཡོན་འདི་དག་རབ་ཏུ་བསྟན་མཛད་ནས། །ཡོངས་སུ་མྱ་ངན་འདས་ཕྱི་མའི་ཚེ། །ཏིང་འཛིན་རྣམ་པར་དག་པ་འདི་གཟུང་ཞེས། །རང་བྱུང་སྟོན་པ་བདག་ཉིད་གསོལ་བ་འདེབས། ། ཡོངས་སུ་མྱ་ངན་གང་འདས་སངས་རྒྱས་དང ། །གང་རྣམས་མ་བྱོན་ད་ལྟར་བྱུང་བ་ཡི། །རྒྱལ་བ་ཐམས་ཅད་ཏིང་འཛིན་འདི་བསླབས་ནས། །བྱང་ཆུབ་རྡུལ་བྲལ་འདུས་མ་བྱས་པ་རྟོགས། །ས་ལའི་དབང་པོའི་རྒྱལ་པོའི་ལེའུ་སྟེ། གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་བརྗོད་པ་ཡང་དག་པར་བསྟན་པ་དང ། དོན་དང་འབྲུ་ཡོངས་སུ་མི་ཟད་པར་བྱ་བ་དང ། བདག་གི་ཚིག་ཐམས་ཅད་སངས་རྒྱས་ཀྱིས་ཡོངས་སུ་གཟུང་ཞིང་འབྱུང་བར་འདོད་ན་
16b
གཞོན་ནུ།་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཏིང་ངེ་འཛིན་འདི་གཟུང་བར་བྱ། ཀུན་ཆུབ་པར་བྱ། བཅད་བར་བྱ། བཀླག་པར་བྱ། རབ་ཏུ་གདོན་པར་བྱ། ལུང་མནོད་པར་བྱ། ཁ་ཏོན་དུ་བྱ། ཉོན་མོངས་པ་མེད་པའི་སྒོམ་པས་བསྒོམས་པར་བྱ། མང་དུ་བྱ། གཞན་དག་ལའང་རྒྱ་ཆེར་རབ་ཏུ་བསྟན་པར་བྱའོ། །གཞོན་ནུ།་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པ་གང་ཡིན་ཞེ་ན། གཞོན་ནུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགོན་པ་ན་འདུག་ཀྱང་རུང ། ཤིང་དྲུང་ན་འདུག་ཀྱང་རུང ། བླ་གབ་མེད་པ་ན་འདུག་ཀྱང་རུང ། ཁྱིམ་སྟོང་བ་ན་འདུག་ཀྱང་རུང་འདི་ལ་ཡང་དག་པར་སློབ་སྟེ། འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ། དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ། བཟོད་པས་བརྒྱན་པ། བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི། དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ། མཚན་གྱི་མེ་ཏོག་རྒྱས་པ། སྤྱོད་ཡུལ་རན་པར་མཐུན་པ། མཐོང་ན་མི་མཐུན་པ་མེད་པ། དད་
17a
༄#། །པས་མོས་པ་རྣམས་ལ་མངོན་པར་དགའ་བ། ཤེས་རབ་ཟིལ་གྱིས་མི་ནོན་པ། སྟོབས་རྣམས་ལ་རྫི་བ་མེད་པ། སེམས་ཅན་ཐམས་ཅད་ཀྱི་སྟོན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ། ལས་དང་པོ་པ་རྣམས་ཀྱི་དེད་དཔོན། ཡེ་ཤེས་དཔག་ཏུ་མེད་པ། སྤོབས་པ་བསམ་གྱིས་མི་ཁྱབ་པ། གསུང་རྣམ་པར་དག་པ། དབྱངས་སྙན་པ། སྐུ་བྱད་བལྟ་བས་ཆོག་མི་ཤེས་པ། སྐུ་མཚུངས་པ་མེད་པ། འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་དང་མ་འདྲེས་པ། ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ། ཁམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་རྣམས་བསྡམས་པ། མདུད་པ་རྣམས་ཤིན་ཏུ་བཅད་པ། ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ། སྲིད་པ་ལས་ཡོངས་སུ་གྲོལ་བ། ཆུ་བོ་ལས་བརྒལ་བ། ཡེ་ཤེས་ཡོངས་སུ་རྫོགས་པ། འདས་པ་དང་མ་བྱོན་པ་དང་ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ལ་གནས་པ། མྱ་ངན་ལས་འདས་པ་ལ་མི་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ། སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ། གཞོན་ནུ། འདི་དག་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་
17b
ཆེན་པོས་སངས་རྒྱས་ཀྱི་ཡོན་ཏན་དང ། བསྔགས་པ་འདི་དག་དང་ལྡན་ཞིང་ཏིང་ངེ་འཛིན་འདི་ལ་བརྟེན་ནས་སྤོབས་པ་རྒྱུན་མི་ཆད་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་དང་བསྔགས་པ་ཡང་དག་པར་བསྟན་ན་དོན་དང་འབྲུ་ཡོངས་སུ་ཟད་པར་མི་འགྱུར་ཏེ། དེའི་ཚིག་ཐམས་ཅད་ཀྱང་སངས་རྒྱས་ཀྱིས་ཡོངས་སུ་གཟུང་བར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར་ཟླ་འོད་གཞོན་ནུར་གྱུར་པ་ལ་རྒྱས་པར་ཚིགས་སུ་བཅད་པའི་དབྱངས་ཀྱིས་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་དོ། །བསྐལ་པ་སྟོང་ཕྲག་མང་པོར་རབ་བཤད་ཀྱང ། །རྒྱལ་བའི་བསྔགས་པ་ཐམས་ཅད་བརྗོད་མི་སླ། །ཏིང་འཛིན་ཞི་མཆོག་འདི་ནི་འཚོལ་བའི་ཕྱིར། །རྒྱལ་བས་དེ་ལྟའི་ཡོན་ཏན་ཡང་དག་བསྒྲུབས། །ངས་ནི་ཏིང་འཛིན་ཞི་མཆོག་འདི་འཚོལ་བས། །སྔོན་ཚེ་ཞུམ་པ་མེད་པའི་ཡིད་ཀྱིས་སུ། །བུ་མོ་གཟུགས་བཟང་ཤིན་ཏུ་བལྟ་ན་སྡུག་།ལེགས་པར་ལུས་བརྒྱན་ཡིད་དུ་འོང་བ་བྱིན། །ངས་ནི་ཏིང་འཛིན་ཞི་མཆོག་འདི་འཚོལ་བས། །སྔོན་ཚེ་ཞུམ་པ་མེད་པའི་ཡིད་ཀྱིས་སུ། །དེ་བཞིན་བྲན་ཕོ་བྲན་མོ་ནོར་དང་འབྲུ། །དེ་བཞིན་ནོར་བུ་མུ་ཏིག་གསེར་དངུལ་བྱིན། །ངས་ནི་ཏིང་འཛིན་ཞི་མཆོག་འདི་འཚོལ་བས། །ནོར་བུ་རིན་ཆེན་སྣ་ཚོགས་མུ་ཏིག་ཕྲེང ། །གོས་དང་གདུ་བུ་གསེར་སྐུད་མཛེས་
18a
༄#། །པ་དག་།སྔོན་ཚེ་འདྲེན་པ་རྣམས་ལ་ངས་བཏང་བྱས། །བསྐལ་པ་བྱེ་བ་མཐའ་ཡས་དཔག་མེད་པར། །དྲི་མཆོག་དྲི་ལྡན་དབྱར་གྱི་མེ་ཏོག་དག་།རབ་ཏུ་བླ་ན་མེད་པའི་སེམས་བསྐྱེད་ནས། །རྒྱལ་བའི་མཚོད་རྟེན་དག་ལ་ང་ཡིས་ཕུལ། །འཁོར་གྱི་ནང་དུ་རི་མོ་བསྐྱེད་ནས་ཀྱང ། །དེ་བཞིན་ཆོས་ཀྱི་སྦྱིན་པ་ངས་བྱིན་ཏེ། །ཆོས་ཀྱི་སྦྱིན་པ་བྱིན་པས་ང་གྲགས་སྙམ། །ང་ལན་མ་ཡང་དེ་འདྲའི་སེམས་མ་སྐྱེས། །སྡུག་པའི་མཆོག་བྱིན་བདག་ཉིད་སྤྱད་པར་ནི། །དེ་སྙམ་ཆགས་པ་ང་ལ་ཡོང་མ་བྱུང ། །སྦྱིན་པའི་ཆོས་ནི་མང་དུ་ངས་བྱིན་ཏེ། །རྟག་ཏུ་སངས་རྒྱས་ཡེ་ཤེས་ངས་ཐོབ་སྙམ། །སྦྱངས་པའི་ཡོན་ཏན་དག་ཀྱང་ངས་སྔོན་བསྒྲུབས། །ནགས་མཆོག་སྒྲ་ཉུང་རྟག་ཏུ་གནས་བྱས་ཏེ། ཐམས་ཅད་དུས་སུ་སྙིང་རྗེ་མང་བར་གྱུར། །རྟག་ཏུ་སངས་རྒྱས་ཡེ་ཤེས་ངས་ཐོབ་སྙམ། །བྱམས་ཤིང་འཇམ་ལ་སྒེག་པའི་ངང་ཚུལ་ཅན། །ཐོས་པ་འཛིན་ཅིང་བཞིན་འཛུམ་ཚིག་ཀྱང་འཇམ། ། ཤིན་ཏུ་ཚིག་སྙན་མང་པོ་ཀུན་ཀྱང་དགའ། །ང་ལ་སྐྱེ་བོ་ཀུན་ལྟ་ངོམས་མི་འགྱུར། །སེར་སྣ་ཅན་དུ་སྐད་ཅིག་མ་གྱུར་ཏེ། །སྲིད་པ་མང་པོར་ནམ་ཡང་སེར་སྣ་མེད། །རྟག་ཏུ་བསོད་སྙོམས་དག་ལ་ང་དགའ་སྟེ། །མགྲོན་དུ་བོས་པ་ཐམས་ཅད་མ་ལུས་སྤངས། །འདི་ལས་རྩ་བཞི་ཚིགས་བཅད་གཅིག་བཟུང་ན། །མང་དུ་ཐོས་ཤིང་ཐོས་པ་འཛིན་པར་
18b
འགྱུར། །དེས་ནི་ང་ལ་བླ་ན་མེད་པ་ཡི། །དད་པའི་མཆོག་བསྐྱེད་རྟག་ཏུ་བཀུར་སྟི་བྱས། །ངས་ནི་ཏིང་འཛིན་ཞི་མཆོག་འདི་འཚོལ་ཕྱིར། །རྣམ་པར་འདྲེན་ལ་མཆོད་པ་མང་པོ་བྱས། །སྦྱིན་པ་རྣམ་པ་མང་པོ་མཐའ་ཡས་བྱིན། །དེ་བཞིན་ཚུལ་ཁྲིམས་དག་ཀྱང་ཡུན་རིང་བསྲུངས། །འཇིག་རྟེན་ཁམས་ཡངས་སྣ་ཚོགས་མཐའ་ཡས་པ། །ནོར་བུ་རིན་ཆེན་བཀང་སྟེ་སྦྱིན་བྱིན་པས། ། ཏིང་འཛིན་འདི་ལས་ཚིགས་བཅད་གཅིག་བཟུང་ན། །དེ་བས་བསོད་ནམས་འདི་ནི་རྒྱ་ཆེར་འཕགས། །བསྐལ་པ་མཐའ་ཡས་དཔག་མེད་མང་པོར་ཡང ། །མེ་ཏོག་མང་པོ་ཇི་སྙེད་ཡོད་པ་དང། །དེ་བཞིན་སྤོས་རྣམས་ཡིད་འོང་རྒྱ་ཆེ་བ། །བསོད་ནམས་འདོད་ཕྱིར་རྒྱལ་བ་མཆོད་པ་དང ། །བསྐལ་པ་མཐའ་ཡས་དཔག་མེད་མང་པོར་ནི། །སིལ་སྙན་མང་པོ་ཇི་སྙེད་ཡོད་པ་དང། །དེ་བཞིན་མན་བས་སྩལ་ཞལ་ཟས་ན་བཟའ་ཡིས། །བསོད་ནམས་འདོད་ཕྱིར་རྒྱལ་བ་མཆོད་པ་བས། །རང་བྱུང་རྒྱལ་བ་ཆོས་རྗེར་བདག་གྱུར་ཅེས། །མི་གང་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །མཉམ་པར་གཞག་པས་ཚིགས་བཅད་གཅིག་བཟུང་ན། །དེ་བས་བསོད་ནམས་འདི་ནི་རྒྱ་ཆེར་འཕགས། །གངྒཱའི་བྱེ་མ་མང་པོ་ཇི་སྙེད་པ། །བསྐལ་པ་དེ་སྙེད་དུ་ཡང་ཕན་ཡོན་རྣམས། །བརྗོད་ཀྱང་ཡོངས་སུ་ཟད་པར་མི་ནུས་ཏེ། །ཏིང་འཛིན་འདི་བཟུང་བསོད་ནམས་ཤིན་ཏུ་ཆེ། །དེ་ཕྱིར་སངས་རྒྱས་ཕན་ཡོན་དག། ཤིན་ཏུ་བཟང་པོ་འདི་ཐོས་ནས། །སངས་
19a
༄#། །རྒྱས་བསྔགས་པའི་ཏིང་འཛིན་འདི། །མྱུར་དུ་ལུང་ཡང་མནོད་པར་གྱིས། །སངས་རྒྱས་བྱེ་བ་བདུན་ཅུ་གསུམ། །སྔོན་གྱི་སྐྱེ་བར་བཀུར་སྟི་བྱས། །སངས་རྒྱས་དེ་དག་ཐམས་ཅད་ཀྱིས། །མདོ་སྡེ་འདི་ནི་རབ་ཏུ་བཤད། །མདོ་སྡེ་འདི་ཡི་མིང་ཡང་ནི། །སྙིང་རྗེ་ཆེན་པོར་འཇུག་ཅེས་བྱ། །འདི་ལ་མང་དུ་ཐོས་བསླབས་ན། །སངས་རྒྱས་ཆོས་ནི་རྙེད་མི་དཀའ། །འཇིག་རྟེན་འདྲེན་པ་མྱ་ངན་འདས། །ཕྱི་མའི་དུས་ན་དགེ་སློང་ནི། །སྡོམ་པ་མེད་པ་མང་པོ་དག་།མང་དུ་ཐོས་པ་མི་འདོད་འབྱུང ། །ཚུལ་ཁྲིམས་སྔགས་པ་རྗོད་བྱེད་ལ། །ཚུལ་ཁྲིམས་དོན་དུ་གཉེར་བ་མེད། །ཏིང་འཛིན་བསྔགས་བརྗོད་བྱེད་ལ། །ཏིང་འཛིན་དོན་དུ་གཉེར་བ་མེད། །ཤེས་རབ་བསྔགས་པ་རྗོད་བྱེད་ལ། །ཤེས་རབ་དོན་དུ་གཉེར་བ་མེད། །རྣམ་གྲོལ་བསྔགས་པ་རྗོད་བྱེད་ལ། །རྣམ་གྲོལ་དོན་དུ་གཉེར་བ་མེད། །ཇི་ལྟར་སྐྱེས་བུ་ལ་ལ་དག་།ཙནྡན་དག་ནི་འདི་འདྲ་སྟེ། །སྤོས་ཀྱི་རྣམ་པ་ཡིད་འོང་ཞེས། །ཙནྡན་དག་གི་ཡོན་ཏན་བརྗོད། །དེ་ནས་མི་གཞན་ལ་ལ་ཡིས། །དེ་ལྟར་བསྔགས་པ་བརྗོད་པ་ཡི། །ཙནྡན་ཅུང་ཟད་སྲེལ་ཏམ་ཞེས། །སྐྱེས་བུ་ལ་ལས་དེ་དྲིས་ན། །སྐྱེས་བུ་དེ་ལ་སླར་སྨྲས་པ། །གང་གིས་འཚོ་བར་བྱེད་བ་ཡི། །སྤོས་ཀྱི་བསྔགས་པ་ང་བརྗོད་པ། །སྤོས་དེ་ང་ལ་མེད་ཅེས་སྨྲ། །དེ་བཞིན་རྣལ་འབྱོར་མི་བརྩོན་པ། །ཚུལ་ཁྲིམས་བསྔགས་པས་འཚོ་བ་
19b
དག། ཕྱི་མའི་དུས་ལ་འབྱུང་འགྱུར་ཏེ། །དེ་དག་ལ་ནི་ཚུལ་ཁྲིམས་མེད། །དེ་བཞིན་རྣལ་འབྱོར་མི་བརྩོན་པ། །ཏིང་འཛིན་བསྔགས་པས་འཚོ་བ་དག་།ཕྱི་མའི་དུས་ལ་འབྱུང་འགྱུར་ཏེ། །དེ་དག་ལ་ནི་ཏིང་འཛིན་མེད། །དེ་བཞིན་རྣལ་འབྱོར་མི་བརྩོན་པ། །ཤེས་རབ་བསྔགས་པས་འཚོ་བ་དག་།ཕྱི་མའི་དུས་ལ་འབྱུང་འགྱུར་ཏེ། །དེ་དག་ལ་ནི་ཤེས་རབ་མེད། །དེ་བཞིན་རྣལ་འབྱོར་མི་བརྩོན་པ། །རྣམ་གྲོལ་བསྔགས་པས་འཚོ་བ་དང ། ཕྱི་མའི་དུས་ལ་འབྱུང་འགྱུར་ཏེ། །དེ་དག་ལ་ནི་རྣམ་གྲོལ་མེད། །ཇི་ལྟར་སྐྱེས་བུ་དབུལ་པོ་ལ་ལ་ཞིག་།སྐྱེ་བོ་མང་པོས་ཡོངས་སུ་བརྙས་གྱུར་ལ། །དེ་ཡིས་ཕྱིས་གདོད་ནོར་གྱི་གཏེར་རྙེད་ནས། །ནོར་ཡོད་རིག་པས་སྐྱེ་བོ་རི་མོར་བྱེད། །དེ་བཞིན་ཏིང་འཛིན་འདི་ནི་མ་ཐོབ་ན། ། བྱང་ཆུབ་སེམས་དཔའ་དེ་ཡང་ལྷ་མི་དང ། །གྲུལ་བུམ་སྲིན་པོ་མང་པོས་མི་བཀུར་ཏེ། །ཇི་ལྟར་སྐྱེས་བུ་དབུལ་པོ་ནོར་མེད་བཞིན། །མཁས་པས་གཞལ་དུ་མེད་པའི་ཆོས་ཀྱི་གཏེར།། ས་འདི་ནམ་ཞིག་རབ་ཏུ་ཐོབ་གྱུར་ན། །ལྷ་དང་མི་དག་དེ་ལ་རེ་བ་སྐྱེད། །དེས་ཀྱང་སྐྱེ་དགུ་བླ་མེད་ནོར་རྣམས་བྱིན། །དེ་ཕྱིར་རྒྱལ་བ་དག་གིས་བརྗོད་པ་ཡི། །ཕན་ཡོན་དམ་པ་བཟང་པོ་འདི་ཐོས་ནས། །ཤེས་ཀྱི་ཁེ་དང་བདེ་རྙེད་ཀུན་སྤངས་ཏེ། །ཏིང་འཛིན་ཞི་མཆོག་འདི་ནི་ལུང་ནོད་གྱིས། །སངས་རྒྱས་སུ་དག་ཕྱོགས་སུ་མྱ་ངན་འདས། །གང་དག་ད་ལྟར་བྱུང་
20a
༄#། །བྱུང་དང་མ་འོངས་པ། །དེ་དག་ཐམས་ཅད་ཏིང་འཛིན་འདི་བསླབས་ནས། །བྱང་ཆུབ་བསམ་ཡས་མཚུངས་མེད་རྣམ་སངས་རྒྱས། །ཟླ་འོད་གཞོན་ནུར་གྱུར་པ་སེམས་དགའ་ནས། །སངས་རྒྱས་སྤྱན་སྔར་འདུག་སྟེ་ཚིགས་སྨྲས་པ། །སྐྱེས་བུ་དམ་པ་མྱ་ངན་ཡོངས་འདས་ནས། །མ་རུངས་དུས་ན་བདག་གིས་མདོ་འདི་གཟུང ། །བདག་གི་ལུས་དང་སྲོག་ཀྱང་ཡོངས་བཏང་སྟེ། །འཇིག་རྟེན་སྐྱེད་པ་ཅི་མཆིས་ཀུན་བཏང་ལ། །བདག་གིས་འཇིགས་པ་ཆེན་པོའི་དུས་དེར་ཡང ། །ཏིང་འཛིན་ཞི་མཆོག་འདི་ནི་གཟུང་བར་བགྱི། །སེམས་ཅན་མང་ལ་སྙིང་རྗེ་ཆེར་བསྐྱེད་དེ། །སེམས་ཅན་སྡུག་བསྔལ་མགོན་མེད་མཐོང་ནས་ཀྱང ། །དེ་དག་ལ་ནི་བྱམས་པ་ཉེར་སྦྱར་ཞིང ། །ཏིང་འཛིན་ཞི་མཆོག་འདི་ནི་གཟུང་བར་བགྱི།། དེ་ཡི་ཚེ་ན་ཏིང་འཛིན་འཛིན་པ་དག་།ལྔ་བརྒྱ་ལས་ནི་མི་ཉུང་དེར་བྱུང་སྟེ། །མདོ་སྡེ་མཆོག་འདི་རྒྱ་ཆེར་གཟུང་བ་ལ། །དེ་དག་སྔོན་དུ་འདྲེན་པ་གཞོན་ནུ་ཡིན། །སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པར་བསྔགས་པའི་ལེའུ་སྟེ། གསུམ་པའོ།། །།འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ། བམ་པོ་གཉིས་པ། དེ་ནས་ཟླ་འོད་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་
20b
ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ། ཁྱོད་ལ་དེ་བཞིན་གཤེགས་པས་རྟག་ཏུ་སྐབས་ཕྱེའི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག། དེ་སྐད་ཅེས་བཀའ་སྩལ་ཏེ་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བ་དང ། བཅོམ་ལྡན་འདས་ལ་ཟླ་འོད་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཏིང་ངེ་འཛིན། ཏིང་ངེ་འཛིན་ཅེས་བགྱི་བ་དེ་ཆོས་གང་གི་ཚིག་བླ་དགས་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ། ཏིང་ངེ་འཛིན། ཏིང་ངེ་འཛིན་ཅེས་བྱ་བ་ནི་འདི་ལྟ་སྟེ། སེམས་ངེས་པར་རྟོགས་པ་དང ། བསྐྱེ་བ་མེད་པ་དང ། མཚམས་སྦྱོར་བ་མེད་པ་དང ། མཚམས་སྦྱོར་བ་ཤེས་པ་དང ། ཁུར་བོར་བ་དང ། དེ་བཞིན་གཤེགས་པའི་ཡེ་ཤེས་དང ། སངས་རྒྱས་ཀྱི་ཁྱུ་མཆོག་ཏུ་གྱུར་པ་དང ། འདོད་ཆགས་གསོ་བ་དང ། ཞེ་སྡང་ཉེ་
21a
༄#། །བར་ཞི་བ་དང ། གཏི་མུག་བསལ་བ་དང ། རིགས་པར་རྣལ་འབྱོར་དུ་བྱེད་པ་དང ། མི་རིགས་པ་རྣམ་པར་སྤོང་བ་དང ། དགེ་བའི་ཆོས་ལ་འདུན་པ་དང་འཁོར་བ་ལས་ཐར་བར་འདོད་པ་དང ། ལྷག་པའི་བསམ་པས་སྒྲུབ་པ་དང ། མི་ཉལ་བ་ལ་བརྟེན་པ་དང ། སྤོང་བ་མི་གཏོང་བ་དང ། ཆོས་དཀར་བོ་རྣམས་ཡོངས་སུ་སྲུང་བ་དང་སྐྱེ་བ་རྣམས་ལ་ཡིད་མི་རྟོན་པ་དང ། ལས་རྣམས་ལ་མངོན་པར་འདུ་མི་བྱེད་པ་དང ། ནང་གི་སྐྱེ་མཆེད་རྣམས་ཡིད་ལ་མི་བྱེད་པ་དང ། ཕྱིའི་སྐྱེ་མཆེད་རྣམས་ལ་ཀུན་ཏུ་མི་སྤྱོད་པ་དང།་བདག་ལ་མི་བསྟོད་པ་དང ། གཞན་ལ་མི་སྨོད་པ་དང ། ཁྱིམ་ལ་ཆགས་པ་མེད་པ་དང ། སོ་སོའི་སྐྱེ་བོ་ལ་ཡིད་མི་རྟོན་པ་དང ། ཚུལ་ཁྲིམས་ཀྱི་རྒྱུ་མཐུན་པ་དང ། བསྙེན་པར་དཀའ་བ་དང ། གཟི་ཆེན་པོ་དང ། བདག་ཤེས་པ་དང ། མི་རྒོད་པ་དང ། སྤྱོད་ལམ་ཕུན་སུམ་ཚོགས་པར་གནས་པ་དང ། གནོད་སེམས་མེད་པ་དང ། མི་རྩུབ་པ་དང ། གཞན་ལ་མི་གནོད་པ་དང ། བཤེས་གཉེན་རྣམས་ལ་རྗེས་སུ་སྲུང་བ་དང ། གསང་བའི་སྔགས་ཀུན་སྲུང་བ་དང ། ཚུལ་ཁྲིམས་དང་ལྡན་པ་ལ་རྣམ་པར་མི་འཚེ་ཞིང་གནོད་པ་མེད་པ་དང ། འཇམ་པོར་སྨྲ་བ་དང ། ཁམས་གསུམ་ཐམས་ཅད་ལ་མི་གནས་པ་དང ། ཆོས་ཐམས་ཅད་ལ་སྟོང་པ་ཉིད་ཀྱི་རྗེས་སུ་མཐུན་པའི་བཟོད་པ་དང ། ཐམས་
21b
ཅད་མཁྱེན་པའི་ཡེ་ཤེས་ལ་ཤིན་ཏུ་འདུན་པ་ནི། གཞོན་ནུ། ཏིང་ངེ་འཛིན་ཅེས་བྱ་སྟེ། གཞོན་ནུ། གང་དེ་ལྟ་བུའི་ཆོས་དེ་དག་ལ་སྒྲུབ་པར་བྱེད་ཀྱི་ལོག་པར་སྒྲུབ་པར་མི་བྱེད་པ་འདི་ནི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་ཉིད་སྟོན་ཅིང་དེའི་ཚེ་ཟླ་འོད་གཞོན་ནུར་གྱུར་པ་ལ་རྒྱས་པར་ཚིགས་སུ་བཅད་པའི་དབྱངས་ཀྱིས་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། །ངས་ནི་བདུད་རྩིའི་སྒོ་ཡང་རབ་ཏུ་ཕྱེ། །ཆོས་ཀྱི་རང་བཞིན་ཅི་འདྲ་དེ་བཞིན་བཤད། སྐྱེ་བ་དག་ཀྱང་ཅི་འདྲ་ངས་བསྟན་ཏེ། །མྱ་ངན་འདས་པ་ཕན་ཡོན་བཅས་པ་བཤད། །སྡིག་པའི་གྲོགས་པོ་རྟག་ཏུ་རྣམ་པར་སྤང ། །དགེ་བའི་བཤེས་གཉེན་ལ་ཡང་བསྙེན་པར་བྱ། ། འདུ་བ་སྤངས་ཏེ་ནགས་ཁྲོད་གནས་བཅའ་ཞིང ། །བྱམས་པའི་སེམས་ནི་རྟག་ཏུ་བསྒོམ་པར་བྱ། །ཚུལ་ཁྲིམས་དག་བརྟག་ཏུ་བསྲུང་བྱས་ཏེ། །སྦྱངས་ལ་དགའ་བའང་རྟག་ཏུ་ཐོབ་པར་བྱ། །གཏོང་བ་དང་ནི་ཤེས་རབ་བསྙེན་བྱས་ན། །ཏིང་འཛིན་འདི་ནི་རྙེད་པར་དཀའ་མི་འགྱུར། །ཉན་ཐོས་མང་པོ་ཡི་ནི་ས་མིན་པ། །ཞི་བའི་ས་འདི་དག་ཀྱང་ཐོས་ནས་ནི། །བདེ་བར་གཤེགས་པའི་ཆོས་ལ་མངོན་སུམ་གྱུར། །སངས་རྒྱས་ཡོན་ཏན་བསམ་ཡས་ཐོབ་པར་འགྱུར། །སྐྱེས་བུ་བློ་ལྡན་སྣོད་འགྱུར་མཐོང་ནས་ཀྱང ། །དེ་དག་བྱང་ཆུབ་
22a
༄#། །སེམས་ལ་ཡང་དག་ཆུད། །བླ་མེད་ཡེ་ཤེས་ལ་ནི་རབ་བཀོད་ན། །ཏིང་འཛིན་རྒྱལ་པོ་འདི་ནི་རྙེད་མི་དཀའ། །ཡོངས་སུ་འཚོལ་དང་ཀུན་ཏུ་ལོངས་སྤྱོད་དང ། ཁ་ཟས་རྒྱུ་མཐུན་དག་ནི་གང་གི་ཕྱིར། །ཕྲག་དོག་སྐྱེས་པ་དེ་ལ་རབ་ཏུ་རྟོགས། །ཏིང་འཛིན་འདི་ནི་རྙེད་པར་ཡོང་མི་དཀའ། །ཏིང་འཛིན་རྒྱལ་པོ་སྟོང་པ་འདི་སྒོམ་པ། །ཚུལ་ཁྲིམས་དག་པའི་མགོ་ལ་དེ་འདུག་སྟེ། །ཆོས་རྣམས་རང་བཞིན་རྟག་ཏུ་མཉམ་བཞག་ན། །བྱིས་པ་མི་རིགས་བརྩོན་པས་མི་ཤེས་སོ། །སུ་དག་ཏིང་འཛིན་ཞི་བ་འདི་འདོད་པ། །དེ་ལ་ནམ་ཡང་འཇིགས་པའི་བློ་མི་འབྱུང ། །རབ་ཏུ་ཞི་བའི་ས་འདི་བསྟེན་ནས་ནི། །མི་མཆོག་རྣམས་ཀྱང་རྟག་ཏུ་མཐོང་པར་འགྱུར། །དེ་བཞིན་གཤེགས་པའི་སྐུ་བྱད་གང་དྲན་པ།། དེ་ནི་ཡིད་ཞི་དབང་པོ་ཞི་བར་འགྱུར། །སེམས་ལ་འཁྲུལ་མེད་རྟག་ཏུ་མཉམ་པར་བཞག་།ཐོས་དང་ཤེས་པ་དག་ནི་རྒྱ་མཚོ་བཞིན། །ཏིང་འཛིན་འདི་ལ་རབ་ཏུ་གནས་ནས་ནི། ། བྱང་ཆུབ་སེམས་དཔའ་འཆགས་སར་སུ་འཆགས་པ། །དེས་ནི་སངས་རྒྱས་བྱེ་བ་ཕྲག་སྟོང་དང ། །དེ་བས་ལྷག་པར་གངྒཱའི་བྱེ་སྙེད་མཐོང ། །སུ་དག་སངས་རྒྱས་ཆོས་ལ་ཚད་འཛིན་པ། །མི་དེའི་སེམས་ནི་ཤིན་ཏུ་མྱོས་པར་འགྱུར། །ཚད་ལས་འདས་པ་ལ་ནི་ཚད་གཟུང་མེད། །འདྲེན་པ་ཡོན་ཏན་ཐམས་ཅད་བསམ་མི་ཁྱབ། །ཕྱོགས་བཅུ་དག་ན་
22b
སེམས་ཅན་སུ་ཡང་ནི། །འཇིག་རྟེན་མགོན་དང་མཉམ་མེད་སུ་ཞིག་ལྷག་།ཐམས་ཅད་མཁྱེན་པའི་ཡོན་ཏན་ཀུན་ལྡན་པ། །སངས་རྒྱས་ཡེ་ཤེས་འདོད་ཅིང་ཐོབ་པར་གྱིས། །སྐུ་ལུས་དག་ནི་གསེར་གྱི་མདོག་འདྲ་བས། །འཇིག་རྟེན་མགོན་པོ་ཀུན་ནས་རབ་ཏུ་མཛེས། །དམིགས་པ་འདི་ལ་གང་གི་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་ནི་མཉམ་བཞག་ཡིན། །མཁས་པས་འདུས་བྱས་འདུས་མ་བྱས་རིག་སྟེ། །མཚན་མའི་འདུ་ཤེས་དག་ནི་རྣམ་བཤིག་ནས། །མཚན་མ་མེད་པ་ལ་ནི་དེ་གནས་ན། །ཆོས་རྣམས་ཐམས་ཅད་སྟོང་པར་རབ་ཏུ་ཤེས། ། གང་དག་ཆོས་ཀྱི་སྐུ་ལ་གནས་གྱུར་པ། །དེ་ནི་དངོས་པོ་ཐམས་ཅད་དངོས་མེད་ཤེས། །དེ་ཡིས་དངོས་པོའི་འདུ་ཤེས་རྣམ་བཤིག་ནས། །རྒྱལ་བའི་དབང་པོ་གཟུགས་ཀྱི་སྐུར་མི་ལྟ།། ཁྱོད་ལ་བསྒོ་ཞིང་ཁོང་དུ་ཆུད་པར་བྱ། །ཇི་ལྟར་མི་དག་མང་དུ་རྟོག་བྱེད་པ། །དེ་ལ་གནས་པའི་རྟོག་པ་དེ་དག་གིས། །དེ་བཞིན་དུ་ནི་དེ་ལ་སེམས་གཞོལ་འགྱུར། །དེ་བཞིན་རྒྱལ་བ་ཡི་ནི་སྐུ་བྱད་དང ། །ཡེ་ཤེས་དཔག་ཏུ་མེད་པར་ཐུབ་དབང་དྲན། །རྟག་པར་རྗེས་སུ་དྲན་པ་བསྒོམ་བྱས་ན། །དེ་ལ་སེམས་གཞོལ་རབ་ཏུ་འབབ་པར་འགྱུར། །དེ་ནི་འཆག་འདུག་འགྲེང་ཞིང་གནས་པའི་ཚེ། །སྐྱེས་བུ་དམ་པའི་ཡེ་ཤེས་རབ་ཏུ་འདོད། །འཇིག་རྟེན་རྒྱལ་བ་བླ་མེད་བདག་འགྱུར་བར། །འདོད་པས་བྱང་ཆུབ་ཏུ་ཡང་སྨོན་ལམ་འདེབས། །དེས་ནི་སངས་
23a
༄#། །རྒྱས་ཤེས་ཤིང་སངས་རྒྱས་མཐོང ། །སངས་རྒྱས་ཆོས་ཉིད་ལ་ཡང་སོ་སོར་རྟོག་།ཏིང་འཛིན་འདི་ལ་རབ་ཏུ་གནས་བྱས་ནས། །མཐུ་ཆེན་སངས་རྒྱས་ལ་ནི་ཕྱག་ཀྱང་འཚལ། །ལུས་དང་ངག་དང་ཡིད་རབ་དང་བ་ཡིས། །རྟག་ཏུ་སངས་རྒྱས་དག་གི་བསྔགས་པ་བརྗོད། །དེ་ལྟར་དེས་ནི་སེམས་ཀྱི་རྒྱུད་བསྒོམས་པས། །ཉིན་མཚན་དུ་ཡང་འཇིག་རྟེན་མགོན་པོ་མཐོང ། །ནམ་ཞིག་དེ་ནི་ན་ཞིང་མི་བདེ་ནས། །ཤི་ལ་ཐུག་པའི་སྡུག་བསྔལ་ཚོར་བྱུང་ན། །སངས་རྒྱས་ལ་ནི་དྲན་པ་མི་ཉམས་ཏེ། །སྡུག་བསྔལ་ཚོར་བས་འཕྲོགས་པར་ཡོང་མི་འགྱུར། །དེ་ལྟར་དེ་དག་ཡེ་ཤེས་རྣམ་བརྟགས་པས། །འོངས་དང་མ་འོངས་ཆོས་རྣམས་སྟོང་པར་ཤེས། །དེ་འདྲའི་ཆོས་ཀྱི་ཚུལ་ལ་དེ་གནས་པ། །སྤྱོད་པ་ཡོངས་སུ་སྤྱོད་པས་སེམས་མི་སྐྱོ། །དེ་ཕྱིར་ཕན་ཡོན་འདི་དག་ཐོས་ནས་ནི། །མཚུངས་མེད་བྱང་ཆུབ་ལ་ཡང་མོས་པ་སྐྱེད། །བདེ་གཤེགས་དམ་པ་མཐོང་བ་རྙེད་དཀའ་ཡིས། ། ཕྱི་མའི་དུས་ན་འགྱོད་པ་སྐྱེས་ས་རེ། །ངས་ནི་རབ་ཏུ་བཟང་བའི་ཆོས་བཤད་ཀྱང ། །ཁྱེད་ཀྱིས་ཐོས་ནས་ཡང་དག་མ་སྤྱད་ན། །ནད་པ་སྨན་གྱི་རྐྱལ་པ་ཐོགས་པ་དག་།བདག་གི་ནད་ནི་གསོ་བར་མི་ནུས་བཞིན། །དེ་ཕྱིར་མཁས་པ་ཤིན་ཏུ་རྟོགས་པ་དག་།རྟག་ཏུ་ཏིང་འཛིན་འདི་ནི་འདོད་པ་ཡིས། །ཚུལ་ཁྲིམས་ཐོས་པ་གཏོང་བ་བསྙེན་བྱས་ན། །ཏིང་
23b
འཛིན་འདི་ནི་རྙེད་པར་ཡོང་མི་དཀའ། །ཏིང་ངེ་འཛིན་གྱི་ལེའུ་སྟེ། བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་ངེ་འཛིན་འདི་འདོད་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་མགོ་དང་གོས་ལ་མེ་འབར་བ་ལྟ་བུའི་སེམས་ཀྱིས་ཕ་དང ། མ་དང ། བུ་དང ། བུ་མོ་དང ། ཉེ་དུ་དང ། སྣག་གི་གཉེན་མཚམས་དང ། གཉེན་དང ། རྩ་ལག་དང ། ཆུང་མ་ལ་སོགས་པ་མེ་བཞིན་དུ་སྤངས་ལ་རྒྱལ་སྲིད་ཀྱི་བདེ་བ་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་བོར་ཏེ། དགོན་པ་ལ་མངོན་དུ་ཕྱོགས་ཤིང་ཁྱིམ་གྱི་གནས་ནས་མངོན་པར་འབྱུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ། དགོན་པ་ལ་མངོན་དུ་ཕྱོགས་ཤིང་ཁྱིམ་གྱི་གནས་ནས་མངོན་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྙེད་པར་དཀའ་བ་མ་ཡིན་ན་ཏིང་ངེ་འཛིན་འདི་ལྟ་ཅི་སྨོས་ཏེ། གཞོན་ནུ། དེ་ལྟ་བས་ན་བུ་དང ། མཛའ་བོ་དང ། ཉེ་དུ་དང ། སྣག་གི་གཉེན་མཚམས་དང ། གཉེན་དང ། རྩ་ལག་དང ། ཆུང་མ་ལ་སོགས་པ་མེ་བཞིན་དུ་སྤངས་ལ་རྒྱལ་སྲིད་ཀྱི་བདེ་བ་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་བོར་ཏེ།
24a
༄#། །དགོན་པ་ལ་མངོན་དུ་ཕྱོགས་ཤིང ། ཁྱིམ་གྱི་གནས་ནས་མངོན་པར་འབྱུང་བར་བྱའོ་ཞེས་གཞོན་ནུ་ཁྱོད་ཀྱིས་དེ་ལྟར་རྟག་ཏུ་བསླབ་པར་བྱའོ། །གཞོན་ནུ།་དེ་ལྟ་བས་ན་རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། གཞོན་ནུ། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་བ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ་རྒྱ་ཆེ་བ། དཔག་ཏུ་མེད་པ། བསམ་གྱིས་མི་ཁྱབ་པ་གཞལ་དུ་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་བ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ ། །གཞོན་ནུ། དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་དེའི་ཉན་ཐོས་འདུས་པ་དང་པོ་ནི་ཐམས་ཅད་ཀྱང་དགྲ་བཅོམ་པ་ཤ་སྟག་བྱེ་བ་ཕྲག་བརྒྱད་ཅུ་བྱུང་ངོ ། །ཉན་ཐོས་འདུས་པ་གཉིས་པ་ནི་དགྲ་བཅོམ་པ་བྱེ་བ་ཕྲག་བདུན་ཅུ་བྱུང་ངོ ། །འདུས་པ་གསུམ་པ་ནི་དགྲ་བཅོམ་པ་བྱེ་བ་ཕྲག་དྲུག་ཅུ་བྱུང་ངོ ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་པའི་
24b
ཆོས་ཡོངས་སུ་འཛིན་པ་ཡང་དཔག་ཏུ་མེད་པ་དག་བྱུང་ངོ ། །གཞོན་ནུ། དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་དེའི་ཚེའི་ཚད་ནི་ལོ་བཞི་ཁྲིར་གྱུར་ཏོ། །ཛམྦུའི་གླིང་འདིའང་འབྱོར་བ་རྒྱས་པ། བདེ་བ། ལོ་ལེགས་པ། ཉམས་དགའ་བ། སྐྱེ་བོ་དང་མི་མང་པོས་གང་བར་གྱུར་ཏོ། །ཛམྦུའི་གླིང་འདི་ན་རྒྱལ་པོ་སྟོབས་བརྟན་དང ། སྟོབས་ཆེན་ཞེས་བྱ་བ་གཉིས་ཡོད་དེ། དེ་ལ་གཅིག་ནི་ཛམྦུའི་གླིང་འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ། ཉམས་དགའ་བ། སྐྱེ་བོ་དང་མི་མང་པོས་གང་བའི་ཕྱེད་ལ་དབང་ངོ ། །ཅིག་ཤོས་ཀྱང་དེའི་ཕྱེད་ལ་དབང་ངོ ། །གཞོན་ནུ།་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་དེ་རྒྱལ་པོ་སྟོབས་ཆེན་གྱི་རྣམ་པར་རྒྱལ་བའི་སར་བྱུང་སྟེ། གཞོན་ནུ། དེ་ལྟར་རྒྱལ་པོ་སྟོབས་ཆེན་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་དེ་བྱང་ཆུབ་སེམས་དཔའི་དགེ་འདུན་དང་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ན་བཟའ་དང ། བསོད་སྙོམས་དང ། སྙུན་གསོས་ཀྱི་སྨན་དང།་ཡོ་བྱད་པ་རྟགས་པ་ཀུན་ཏུ་སྤྱད་པར་རུང་བ། ཁ་ན་མ་ཐོ་བ་མེད་པ་ལ་ལོ་བརྒྱ་སྟོང་ཚང་བར་སྤྱན་དྲངས་སོ། །གཞོན་ནུ། དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་
25a
༄#། །པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་དེ་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ།་རྙེད་པ་དང ། བཀུར་སྟི་དང ། གྲགས་པ་ཆེ་བར་གྱུར་ཏོ། །བྲམ་ཟེ་དང ། ཁྱིམ་བདག་དད་པ་དག་གིས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་རྙེད་པ་དང་བཀུར་སྟི་ཆེར་བྱས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་ལ་བྲམ་ཟེ་དང་ཁྱིམ་བདག་དེ་དག་གིས་ཀྱང་འདི་ལྟ་སྟེ། རྒྱལ་པོ་སྟོབས་ཆེན་གྱི་རྗེས་སུ་སློབ་ཅིང་འཇིག་རྟེན་གྱི་ཟང་ཟིང་གི་མཆོད་པས་རྙེད་པ་དང་བཀུར་སྟི་བྱ་བའི་ཕྱིར་བརྩོན་པར་གྱུར་ཏོ། །གཞོན་ནུ། དེ་ལྟ་བས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་འདི་སྙམ་དུ་གྱུར་ཏེ། ཀྱེ་མའོ། །སེམས་ཅན་འདི་དག་ནི་ཚུལ་ཁྲིམས་དང་གསོ་སྦྱོང་ཡང་དག་པར་བླང་བ་དང ། དེ་བཞིན་གཤེགས་པ་རྣམས་ཀྱི་དྲུང་དུ་ཉེ་བར་འགྲོ་བ་དང ། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱ་བ་དང ། ཚངས་པར་སྤྱོད་པ་ལ་གནས་པ་དང ། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་
25b
གི་དངོས་པོར་འགྱུར་བ་ལས་ཡོངས་སུ་ཉམས་པར་གྱུར་ཏེ། སེམས་ཅན་འདི་དག་ནི་དེའི་འོག་ཏུ་བདེ་བ་ལ་ལྷུར་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེའི་འོག་ཏུ་བདེ་བ་ནི་འདི་ལྟ་སྟེ། འཇིག་རྟེན་གྱི་ཟང་ཟིང་གི་མཆོད་པ་ནི་འདི་ཡིན་ཏེ། སེམས་ཅན་འདི་དག་ནི་འདི་ལྟ་སྟེ། མཐོ་རིས་ཀྱི་འཇིག་རྟེན་ལ་དམིགས་ཤིང་ཚེ་འདི་ལྷུར་བྱེད་པ། ཚེ་ཕྱི་མ་ལྷུར་མི་བྱེད་པ་སྟེ།་དགེ་བའི་རྩ་བ་ཤིན་ཏུ་མཐར་གཏུགས་པའི་ཕྱིར་ནི་མ་ཡིན་ནོ། །གཞོན་ནུ། དེ་ལ་དགེ་བའི་རྩ་བ་ཤིན་ཏུ་མཐར་གཏུགས་པ་གང་ཞེ་ན། འདི་ལྟ་སྟེ། ཤིན་ཏུ་རྣམ་པར་དག་པ་དང ། ཚངས་པར་སྤྱོད་པ་ལ་ཤིན་ཏུ་གནས་པ་དང ། ཤིན་ཏུ་མཐར་ཕྱིན་པ་དང ། ཤིན་ཏུ་མཐར་གཏུགས་པའོ། །ངས་སེམས་ཅན་དེ་དག་ལ་ཅི་ནས་ཀྱང་བླ་ན་མེད་པའི་ཆོས་ཀྱི་མཆོད་པ་དང ། ཆོས་ཀྱི་ནན་ཏན་གྱིས་དེ་བཞིན་གཤེགས་པ་ལ་མཆོད་པར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་བཤད་པར་བྱའོ་སྙམ་མོ། །གཞོན་ནུ། དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་གྱིས་དེའི་ཚེ་རྒྱལ་པོ་སྟོབས་ཆེན་དང ། བྲམ་ཟེ་དང ། ཁྱིམ་བདག་དེ་དག་སྐྱོ་བར་བྱ་བར་དགོངས་པས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སྦྱིན་པ་རབ་བྱིན་གཅིག་ལ་གཅིག་བསྟེན་པ། །དེ་དག་ཕན་ཚུན་རི་མོར་བྱེད་མི་འགྱུར། །མཁས་པ་བག་ཆགས་རབ་ཏུ་སྤངས་པ་ཡི། །སངས་རྒྱས་
26a
༄#། །དག་གིས་བསྟེན་པ་དེ་མི་བསྔགས། །གང་དག་སྲོག་ཆགས་ཕན་ཕྱིར་ཆོས་སྟོན་པ། །དེ་འདྲའི་མི་དེས་ཤིན་ཏུ་བསྟེན་པ་ཡིན། །དེ་དག་གཅིག་ལ་གཅིག་ཀྱང་མི་ཕྱེད་མཛའ། །བྱེ་བ་སྙེད་ཀྱི་བདུད་ཀྱིས་དབྱེ་མི་ནུས། །འཇིག་རྟེན་ཟང་ཟིང་དག་གིས་བསྟེན་པའི་མི། །དེ་དག་ཚེ་འདིའི་དོན་དུ་ཀུན་འགྱུར་གྱི། །ཟང་ཟིང་མེད་པའི་ཆོས་ལ་བརྟེན་པ་ནི། ། མི་དག་གི་ཡང་རབ་ཏུ་དོན་ཆེར་འགྱུར། །ཟང་ཟིང་མེད་པའི་སེམས་ནི་ཉེར་བཞག་སྟེ། །ཟང་ཟིང་མེད་པའི་ཆོས་རྣམས་རབ་བཤད་ལ། །གང་དག་ཟང་ཟིང་མེད་པའི་དགའ་ལྡན་པ། ། དེ་འདྲ་དེ་དག་མྱུར་དུ་སངས་རྒྱས་འགྱུར། །འདོད་པ་དག་ལ་རབ་ཏུ་བརྟེན་བྱེད་ཅིང ། །བུ་དང་ཆུང་མ་ལ་ཡང་སྲིད་བསྐྱེད་ནས། །ཁྱིམ་གནས་སྨད་པ་ཉིད་ལ་བརྟེན་བྱེད་ན། །བླ་མེད་བྱང་ཆུབ་མཆོག་དེས་ཡོང་མི་ཐོབ། །སུ་དག་མེ་མུར་བཞིན་དུ་འདོད་སྤོང་ཞིང ། །བུ་དང་ཆུང་མ་ལ་ཡང་སྲེད་སྤོངས་ནས། །སྐྲག་ཅིང་དངངས་པས་ཁྱིམ་ནས་མངོན་བྱུང་བ། །དེ་དག་བྱང་ཆུབ་མཆོག་འདི་རྙེད་མི་དཀའ། །གང་དག་ཁྱིམ་གྱི་དབུས་ན་འདུག་བཞིན་དུ། །བྱང་ཆུབ་དམ་པ་མཆོག་འདི་ཐོབ་པ་ནི། །དེ་འདྲའི་སངས་རྒྱས་གང་ཡང་སྔོན་མ་བྱུང ། །མ་བྱོན་པ་དང་ད་ལྟར་བཞུགས་པའང་མེད། །རྒྱལ་སྲིད་མཆིལ་མ་བཞིན་དུ་རབ་སྤོངས་ལ། །དབེན་པ་འདོད་པས་དགོན་པར་གནས་པར་གྱིས། །ཉོན་མོངས་རབ་སྤངས་བདུད་ཀྱང་རྣམ་བཅོམ་
26b
ན། །བྱང་ཆུབ་རྡུལ་མེད་འདུས་མ་བྱས་བརྟོགས། །སངས་རྒྱས་དཔའ་བོ་གངྒཱའི་བྱེ་མ་སྙེད། །བསྐལ་པ་བྱེ་མང་རིམ་གྲོ་སུས་བྱས་པས། །གང་ཞིག་ཡོངས་སུ་སྐྱོ་བའི་ཡིད་ཀྱིས་ནི། །ཁྱིམ་ནས་མངོན་པར་བྱུང་ན་འདི་མཆོག་འགྱུར། །ཇི་ལྟར་རབ་ཏུ་བྱུང་ནས་ཆོས་སྤྱོད་པ། །དེ་ལྟར་ཟས་དང་སྐོམ་དང་ཆོས་གོས་དང ། །མེ་ཏོག་དང་ནི་སྤོས་དང་བྱུག་པ་ཡིས། །མི་མཆོག་རྒྱལ་བ་རིམ་གྲོ་བྱས་མ་ཡིན། །སུ་དག་བྱང་ཆུབ་ཏུ་ཡང་འདོད་མོས་ཤིང ། །སེམས་ཅན་དོན་ཕྱིར་འདུས་བྱས་ཡོངས་སྐྱོ་ནས། །དགོན་པར་བལྟས་ཏེ་གོམ་པ་བདུན་བོར་ན། །དེ་བས་བསོད་ནམས་འདི་ནི་ཁྱད་པར་འཕགས། །དེ་ནས། གཞོན་ནུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་གྱིས་ཁྱིམ་ནས་མངོན་པར་འབྱུང་བ་དང་ལྡན་པའི་གཏམ་བརྗོད་པ་དེ་ལྟ་བུ་རྒྱལ་པོ་སྟོབས་ཆེན་གྱིས་ཐོས་སོ། །ཐོས་ནས་ཀྱང་ཇི་ལྟར་བདག་གིས་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་ཤེས་པ་ལྟར་ན་བཅོམ་ལྡན་འདས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བསྔགས་པ་མི་བརྗོད་ཀྱི་བཅོམ་ལྡན་འདས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་མཐར་གཏུགས་པའི་བསྔགས་པ་བརྗོད་དེ། བཅོམ་ལྡན་འདས་ཀྱིས་ཤིན་ཏུ་རྣམ་པར་དག་པ་དང ། ཚངས་པར་སྤྱོད་པ་ལ་ཤིན་ཏུ་གནས་པ་དང ། ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་བསྔགས་སོ་ཞེས་བསམས་ནས་དེ་འདི་སྙམ་
27a
༄#། །དུ་ཁྱིམ་ན་གནས་པས་བླ་ན་མེད་པའི་ཆོས་ཀྱི་ནན་ཏན་སྒྲུབ་པའམ། དོན་རྗེས་སུ་ཐོབ་པར་འགྱུར་བ་འདི་ནི་སླ་བ་མ་ཡིན་ཏེ། བླ་ན་མེད་པའི་ཆོས་ཀྱི་ནན་ཏན་ལས་བདག་ཡོངས་སུ་ཉམས་པར་འགྱུར་གྱི། བདག་ནི་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་དུར་སྨྲིག་བགོས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ་སྙམ་མོ། །གཞོན་ནུ། དེ་ནས་རྒྱལ་པོ་སྟོབས་ཆེན་བྲམ་ཟེ་དང་ཁྱིམ་བདག་བརྒྱད་ཁྲིས་བསྐོར་ཅིང་མདུན་དུ་བདར་ཏེ། དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།དེ་ནས། གཞོན་ནུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་རྒྱལ་པོ་སྟོབས་ཆེན་གྱི་ལྷག་པའི་བསམ་པ་མཁྱེན་ནས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་བཤད་དོ། །དེ་ནས་གཞོན་ནུ་རྒྱལ་པོ་སྟོབས་ཆེན་ཏིང་ངེ་འཛིན་འདི་ཐོས་ནས་དགའ་བ་དང ། མགུ་བ་དང ། རངས་པ་དང ། རབ་ཏུ་མོས་པ་དང ། ཡིད་བདེ་བ་སྐྱེས་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་ཡང་དག་
27b
བར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་གྱུར་ཏོ། །དེ་དེ་ལྟར་རབ་ཏུ་བྱུང་ནས་ཏིང་ངེ་འཛིན་འདི་བཟུང་སྟེ་བཟུང་ཞིང་ཀུན་ཆུབ་པར་བྱས། བཅངས་ཤིང་བཀླགས་ནས་བསྒོམ་པའི་རྣལ་འབྱོར་ལ་རྗེས་སུ་བརྩོན་པར་གནས་པར་གྱུར་ཏོ། །དེ་དགེ་བའི་རྩ་བ་དེ་ཉིད་ཀྱིས་བསྐལ་པ་བྱེ་བ་ཕྲག་བཅུའི་བར་དུ་ནམ་ཡང་ངན་འགྲོ་ལོག་པར་ལྟུང་བར་མ་སོང་སྟེ། སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་ལ་བསྙེན་བཀུར་བྱས་ཤིང་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལས་ཀྱང་ཏིང་ངེ་འཛིན་འདི་ཐོས་སོ། །སངས་རྒྱས་དེ་དག་ལས་ཐོས་ནས་དེས་བཟུང་སྟེ། ཀུན་ཆུབ་པར་བྱས། བཅངས་ཤིང་བཀླགས་ནས་བསྒོམ་པའི་རྣལ་འབྱོར་ལ་རྗེས་སུ་བརྩོན་པར་གནས་སོ། །དེ་དེའི་འོག་ཏུ་དགེ་བའི་རྩ་བ་དེ་ཉིད་ཀྱིས་བསྐལ་བ་བྱེ་བ་ཕྲག་བཅུ་འདས་པ་དང ། བསྐལ་པ་འབུམ་ཚང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་དཔའ་བ་ཞེས་བྱ་བར་གྱུར་ནས་དེས་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཏེ། ཕྱིས་སངས་རྒྱས་ཀྱི་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདས་བར་གྱུར་ཏོ། །གཞོན་ནུ། དེ་ནས་སྲོག་ཆགས་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྒྱལ་པོ་སྟོབས་ཆེན་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དབྱངས་བྱིན་གྱི་དྲུང་
28a
༄#། །དུ་འོངས་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཏིང་ངེ་འཛིན་འདི་ཐོས་ནས་དགའ་མགུ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་དུར་སྨྲིག་བགོས་ནས་ཡང་དག་པར་དད་པས་ཁྱིམ་ནས་ཁྱི་མ་མེད་པར་རབ་ཏུ་བྱུང་བར་གྱུར་ཏོ། །དེ་ལྟར་དེ་དག་ཀྱང་རབ་ཏུ་བྱུང་ནས་ཏིང་ངེ་འཛིན་འདི་བཟུང་སྟེ། ཀུན་ཆུབ་བར་བྱས། བཅངས་ཤིང་བཀླགས་ནས་སྒོམ་པའི་རྣལ་འབྱོར་ལ་རྗེས་སུ་བརྩོན་པར་གནས་སོ། །དགེ་བའི་རྩ་བ་དེ་ཉིད་ཀྱིས་དེ་དག་བསྐལ་པ་བྱེ་བ་ཕྲག་ཉི་ཤུའི་བར་དུ་ནམ་ཡང་ངན་འགྲོ་ལོག་པར་ལྷུང་བར་མ་སོང་སྟེ། བསྐལ་བ་ཐམས་ཅད་ལའང་སངས་རྒྱས་བྱེ་བ་རྣམས་མཉེས་པར་བྱས་ནས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལས་ཏིང་ངེ་འཛིན་འདི་ཐོས་ནས་ཏིང་ངེ་འཛིན་འདི་བཟུང་སྟེ། ཀུན་ཆུབ་པར་བྱས། བཅངས་ཤིང་བཀླགས་ནས་སྒོམ་པའི་རྣལ་འབྱོར་ལ་རྗེས་སུ་བརྩོན་པར་གནས་ཏེ། སྔོན་གྱི་དགེ་བའི་རྩ་བ་དེ་ཉིད་ཀྱིས་བསྐལ་པ་བྱེ་བ་ཕྲག་ཉི་ཤུ་འདས་པ་དང ། དེའི་འོག་ཏུ་བསྐལ་པ་འབུམ་ཚང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་དཔའ་བརྟན་ཞེས་བྱ་བ་ཤ་སྟག་འཇིག་རྟེན་དུ་བྱུང་སྟེ། དེ་དག་གིས་ཀྱང་སེམས་ཅན་དཔག་ཏུ་མེད་
28b
བ་ཡོངས་སུ་སྨིན་པར་བྱས་ཤིང ། དེ་དག་གི་དོན་བྱས་ནས་དེའི་འོག་ཏུ་སངས་རྒྱས་ཀྱ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །གཞོན་ནུ། དེ་ལྟ་བས་ན་རྣམ་གྲངས་འདི་ཉིད་ཀྱིས་འདི་ལྟར་ཏིང་ངེ་འཛིན་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཅེས་སྤྲས་བྱེད་པ་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པ་སྡུད་པ་ཡིན་བར་རིག་པར་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་བ་ལ་སྔོན་བྱུང་བའི་ལེའུ་འདི་ཉིད་རྒྱས་པར་ཚིགས་སུ་བཅད་པའི་དབྱངས་ཀྱིས་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། །ངས་དྲན་བསམ་གྱིས་མི་ཁྱབ་བསྐལ་བ་ན། །འདས་པའི་དུས་ན་མི་ཡི་གཙོ་བོ་ནི། །དྲང་སྲོང་ཆེན་པོ་འཇིག་རྟེན་དོན་མཛད་བྱུང ། །དེ་ཡི་མཚན་ནི་དབྱངས་ཀྱི་བྱིན་ཞེས་བྱ། །བྱེ་བྲག་བརྒྱད་ཅུར་ཡོངས་སུ་ཚང་བ་ཡི། །དེ་ཡི་ཉན་ཐོས་འཁོར་མང་དང་པོ་བྱུང ། །གཉིས་པ་བྱེ་བ་བདུན་ཅུར་ཚང་བ་བྱུང ། །གསུམ་པ་དགྲ་བཅོམ་བྱེ་བ་དྲུག་ཅུ་ཡོད། །ཀུན་ཀྱང་ཟག་པ་ཟད་ཅིང་ཉོན་མོངས་མེད། །ཐམས་ཅད་རྫུ་འཕྲུལ་སྟོབས་ཀྱིས་ཕ་རོལ་ཕྱིན། །ཚེ་ཚད་ལོ་ནི་སྟོང་ཕྲག་བཞི་བཅུ་སྟེ། །ཞིང་ཡང་ཡོངས་སུ་དག་ཅིང་མཛེས་པར་གྱུར། །སྐྱོབ་པའི་བྱང་ཆུབ་སེམས་དཔའ་གང་བྱུང་བ། །དཔག་མེད་དེ་དག་གཞན་ཕན་དབང་བསྐུར་ཐོབ། །དབང་དང་ས་ལ་རབ་ཏུ་གནས་པ་སྟེ། །ཤིང་མཆོག་དྲུང་དུ་བྱང་ཆུབ་འཚང་རྒྱར་ཉེ། །ཛམྦུའི་གླིང་འདིར་
29a
༄#། །རྒྱལ་པོ་བྱུང་བ་ནི། །སྟོབས་བརྟན་དང་ནི་སྟོབས་ཆེན་ཞེས་བྱ་བ། །གཅིག་ནི་དེ་ཡི་ཕྱེད་དབང་རྒྱལ་པོ་བྱེད། །ཅིག་ཤོས་ཕྱེད་ལ་དབང་བའི་རྒྱལ་པོར་གྱུར། ། རྒྱལ་པོ་སྟོབས་ཆེན་རྣམ་པར་རྒྱལ་བའི་སར། །ལྷ་དང་མིས་མཆོད་སངས་རྒྱས་བྱུང་བར་གྱུར། །བདེ་བར་གཤེགས་ལ་རྒྱལ་པོ་དད་རྙེད་ནས། །ལོ་གྲངས་སྟོང་དུ་ཚང་བར་བསྙེན་བཀུར་བྱས། །སེམས་ཅན་གཞན་མང་དེ་ཡི་རྗེས་སློབ་པས། །དེ་བཞིན་གཤེགས་པ་ལ་ཡང་བཀུར་སྟི་བྱེད། །འཇིག་རྟེན་ཟང་ཞིང་གིས་ཏེ་ཆོས་ཀྱིས་མིན། །ཉན་ཐོས་བཅས་པ་རྙེད་པ་མང་བར་གྱུར། །སྐྱེས་བུ་དམ་པའི་སེམས་ནི་འདི་སྙམ་སྟེ། །ཅི་ནས་འདི་ཀུན་འདོད་པ་རབ་སྤངས་ནས། །ང་ཡི་བསྟན་པ་འདི་ལ་རབ་འབྱུང་བར། །ཆོས་འདོད་འདི་དག་ལ་ནི་ཆོས་བསྟན་སྙམ། །བདེ་བར་གཤེགས་པའི་སྦྱངས་ཆོས་བསླབ་པ་དང ། །ཁྱིམ་གནས་ཉེས་པ་སྡུག་བསྔལ་མཐའ་ཡས་དང ། །ཆོས་ལ་སྒྲུབ་པ་ཆོས་ཀྱི་མཆོད་ཡིན་ཞེས། །མི་མཆོག་དེས་ནི་ཚིགས་སུ་བཅད་པ་གསུངས། །ས་བདག་རྒྱལ་པོས་ཚིགས་བཅད་དེ་ཐོས་ནས། །མི་དབང་གཅིག་པུ་དབེན་སོང་བསམས་པ་ནི། །ཁྱིམ་ན་གནས་བཞིན་དུ་ཡང་ཐམས་ཅད་ཀྱིས། །ཆོས་ཀྱི་མཆོད་མཆོག་བྱ་བར་མི་ནུས་སྙམ། །མཆིལ་མ་བཞིན་དུ་རྒྱལ་སྲིད་དེས་བཏང་སྟེ། །སྲོག་ཆགས་སྟོང་ཕྲག་བརྒྱད་ཅུར་བཅས་པ་དག །
29b
རྒྱལ་བ་དེ་ཡི་དྲུང་དུ་ཉེར་འོངས་ཏེ། །ཞབས་ལ་ཕྱག་བཙལ་ནས་ནི་སྤྱན་སྔར་འདུས། །རྒྱལ་བས་དེ་དག་གི་ཡང་བསམ་མཁྱེན་ནས། །ཏིང་འཛིན་ཞི་བ་བལྟ་དཀའ་འདི་བཤད་དེ། དེ་དག་དགའ་ཞིང་རབ་མོས་བདེ་བས་ཚིམ། །མགུ་ཞིང་རངས་པས་དེ་ཚེ་རབ་ཏུ་བྱུང ། །དེ་དག་རབ་བྱུང་ཏིང་འཛིན་འདི་བཟུང་སྟེ། །བཅངས་ཤིང་བཀླགས་ཏེ་ཡོངས་སུ་ཆུབ་བྱས་ནས། །བསྐལ་པ་བྱེ་བ་ཉི་ཤུ་ཚང་བར་ནི། །ནམ་ཡང་ངན་འགྲོ་ལོག་ལྟུང་སོང་མ་གྱུར། །དེ་དག་ཐམས་ཅད་དགེ་བའི་རྩ་བ་དེས། །སངས་རྒྱས་བྱེ་བ་ཕྲག་སྟོང་ལེགས་པར་མཐོང ། །རྒྱལ་བ་དེ་དག་ཀུན་གྱི་བསྟན་པ་ལ། །དེ་དག་རབ་བྱུང་ཏིང་འཛིན་འདི་ལ་བསྒོམ། །དེ་དག་ཕྱི་མའི་དུས་ལ་སངས་རྒྱས་གྱུར། །མཐའ་ཡས་བརྩོན་པ་མིང་ནི་དཔའ་བརྟན་ཡིན། །སྲོག་ཆགས་བྱེ་བ་མང་པོའི་དོན་བྱས་ཏེ། །ཕྱི་མའི་དུས་ལ་མི་བཞིན་མྱ་ངན་འདས། །སྔོན་ཚེ་རྒྱལ་པོ་སྟོབས་ཆེན་བྱུང་བ་ནི། །སངས་རྒྱས་ཡེ་ཤེས་དཔའ་བ་འཇིག་རྟེན་བྱུང ། །དེ་ཚེ་སྲོག་ཆགས་བྱེ་སྟོང་མང་པོ་རྣམས།། བྱང་ཆུབ་བཀོད་ནས་ཕྱི་དུས་མྱ་ངན་འདས། །དེ་ཕྱིར་སངས་རྒྱས་དག་གིས་བརྗོད་པ་ཡི། །མདོ་འདི་ཕྱི་དུས་ཐོས་ནས་གཟུང་བར་གྱིས། །འདི་ལྟ་བུ་ཡི་ཆོས་མཛོད་འདི་བཟུང་ན། །མི་ཡི་གཙོ་བོར་མྱུར་དུ་འགྲུབ་པར་འགྱུར། །དབྱངས་བྱིན་གྱི་ལེའུ་སྟེ། ལྔ་བའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་
30a
༄#། །ནུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འདོད་ཅིང ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཏིང་ངེ་འཛིན་འདི་ཡོངས་སུ་སྦྱང་བར་བྱའོ། །གཞོན་ནུ། དེ་ལ་ཏིང་ངེ་འཛིན་ཡོངས་སུ་སྦྱང་པ་གང་ཞེ་ན། གཞོན་ནུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྙིང་རྗེ་ཆེན་པོ་ལ་ཞུགས་པའི་སེམས་ཀྱིས་དེ་བཞིན་གཤེགས་པ་བཞུགས་པའམ། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ་འདི་ལྟ་སྟེ། ཆོས་གོས་དང།་བསོད་སྙོམས་དང ། མལ་ཆ་དང ། ན་བའི་གསོས་སྨན་དང ། ཡོ་བྱད་རྣམས་དང ། མེ་ཏོག་དང ། བདུག་པ་དང ། སྦོས་དང ། ཕྲེང་བ་དང ། བྱུག་པ་དང ། ཕྱེ་མ་དང ། ན་བཟའ་དང ། གདུགས་དང ། རྒྱལ་མཚན་དང ། རྣམ་པར་རྒྱལ་བའི་བ་དན་རྣམས་དང ། རོལ་མོ་དང ། སིལ་སྙན་རྣམས་ཀྱིས་མཆོད་པར་བྱ་བ་ལ་བརྩོན་པ་ཡིན་ཏེ། དགེ་བའི་རྩ་བ་དེའང་ཏིང་ངེ་འཛིན་ཐོབ་པར་ཡོངས་སུ་བསྔོའོ། །དེ་ཆོས་གང་ལའང་རེ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་མཆོད་པར་མི་བྱེད་དེ། འདོད་པ་ལ་རེ་བ་མ་ཡིན། ལོངས་སྤྱོད་ལ་རེ་བ་མ་ཡིན། མཐོ་རིས་ལ་རེ་བ་མ་ཡིན། འཁོར་ལ་རེ་བ་མ་ཡིན་གྱི་དེ་ནི་ཆོས་ལ་སེམས་པ་ཡིན་ནོ། །དེ་འདོད་ན་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུར་ཡང་མི་དམིགས་ན་དེ་
30b
གཟུགས་ཀྱི་སྐུར་ལྟ་ག་ལ་ཞིག་དམིགས་པར་འགྱུར། །གཞོན་ནུ། དེ་ལྟ་བས་ན་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དེ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་མི་མཐོང་བ་དང ། བདག་ཉིད་མི་དམིགས་པ་དང ། ལས་ཀྱི་རྣམ་པར་སྨིན་པ་ལ་མི་རེ་བའོ། །གཞོན་ནུ། འཁོར་གསུམ་ཡོངས་སུ་དག་པའི་མཆོད་པ་འདིས་དེ་བཞིན་གཤེགས་པ་ལ་མཆོད་ན་ཏིང་ངེ་འཛིན་འདི་རབ་ཏུ་ཐོབ་ཅིང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་ཏིང་ངེ་འཛིན་ཡོངས་སུ་སྦྱང་བ་བསྟན་པ་འདི་རྒྱས་བར་ཚིགས་སུ་བཅད་པའི་དབྱངས་ཀྱིས་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། །ཡེ་ཤེས་མཐའ་ཡས་པ་ལ་སྤོས་ཕུལ་པས། །སྐྱེས་བུ་རྣམས་ཀྱི་དྲིའང་མཐའ་ཡས་འགྱུར། །བསྐལ་པ་བྱེ་བར་ངན་འགྲོར་དེ་མི་འགྲོ། དེ་དག་དྲི་བསུང་ང་བར་ཡོང་མི་འགྱུར། །དེ་དག་བསྐལ་པ་བྱེ་བར་སྤྱད་སྤྱོད་ཅིང། །སངས་རྒྱས་བྱེ་བ་སྟོང་ལ་མཆོད་བྱས་ནས། །དེ་དག་ཡེ་ཤེས་སྤོས་ཀྱིས་མངོན་འཕགས་ཏེ། །སངས་རྒྱས་ཚུལ་ཁྲིམས་དྲི་མཆོག་ལྡན་པར་འགྱུར། །གལ་ཏེ་སེམས་ཅན་གང་དག་\?\་བྱིན་དང ། །དེ་བཞིན་གང་ལ་སྦྱིན་བར་བྱ་བ་དང ། །སེམས་འདིས་སྦྱིན་པར་བྱེད་པ་མེད་ཤེས་ན། །དེ་ནི་དེ་ཡི་མཐུན་བཟོད་ཆུང་དུ་ཡིན། །བཟང་པ་ཆེན་པོ་བསྟེན་པ་དེ་ལ་ནི། །
31a
༄#། །བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། །མི་ཡིས་ཁམ་ཚད་ཙམ་དུ་བཅད་གཏུབས་ཀྱང ། །དེ་ཡི་སེམས་ནི་ལྡོག་པར་ཡོང་མི་འགྱུར། །ཅི་ཡི་ཕྱིར་ན་བཟོད་པའི་མིང་དུ་གདགས། །ཇི་ལྟར་རྗེས་སུ་མཐུན་པ་ཞེས་ཀྱང་བྱ། །གང་གི་རྒྱུས་ནི་ཕྱིར་མི་ལྡོག་ཅེས་བྱ། །ཇི་ལྟར་བྱང་ཆུབ་སེམས་དཔའ་ཞེས་ཀྱང་བརྗོད། །རང་བཞིན་བདག་མེད་ཆོས་ལ་དེ་བཟོད་དེ། །བདག་མེད་འདུ་ཤེས་པ་ལ་ཉོན་མོངས་མེད། །ཆོས་རྣམས་ཐམས་ཅད་ནམ་མཁའ་ཇི་བཞིན་ཤེས། །དེ་ཕྱིར་དེ་ལ་བཟོད་པའི་མིང་དུ་བཏགས། །རྒྱལ་བ་ཀུན་གྱི་རྗེས་སུ་མཐུན་སློབ་ཅིང ། །མཁས་པ་དེ་ནི་ཆོས་མིན་མི་སྤྱོད་དེ། །སངས་རྒྱས་ཆོས་ལ་ཐེ་ཚོམ་མི་སྐྱེད་པ། །དེ་ནི་རྗེས་སུ་མཐུན་པའི་བཟོད་པ་ཡིན། །དེ་ལྟར་སྤྱོད་པ་དག་ལ་འཇིག་རྟེན་ན།། ཇི་སྙེད་བདུད་ཡོང་སངས་རྒྱས་གཟུགས་བསྒྱུར་ནས། །བྱང་ཆུབ་རྙེད་དཀས་ཉན་ཐོས་གྱིས་ཤིག་ཅེས། །ཚིག་ཏུ་སྨྲ་ཡང་མི་འཛིན་ལྡོག་མི་འགྱུར། །སེམས་ཅན་མི་མཐུན་ལྟ་ལས་རྟོགས་བྱེད་ཅིང ། །མི་འཆི་ཐོབ་པའི་ལམ་ནི་འདིའོ་ཞེས། །ལོག་པའི་ལམ་སྤངས་ལམ་ལ་འཇོག་པར་བྱེད། །དེ་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །རྗེས་སུ་མཐུན་བཟོད་ལམ་ལ་གནས་པ་དང ། །བདག་མེད་ཤེས་པས་སད་པར་བྱས་པ་ལ། །སྨི་མ་མ་ན་ཡང་མི་དང་གང་ཟག་དང ། །སྲོག་དང་སེམས་ཅན་ཡོད་པར་ཡོང་མི་འཛིན། །བདུད་རྣམས་བྱེ་བ་གངྒཱའི་
31b
བྱེ་མ་སྙེད། །སངས་རྒྱས་གཟུགས་བསྒྱུར་དེ་དག་དྲུང་འོངས་ཏེ། །ལུས་ཀྱི་ནང་ན་སྲོག་མེད་གྱུར་ན་ནི། །ཁྱེད་ཅག་སངས་རྒྱས་འགྲུབ་པ་མིན་ཞེས་སྨྲ། །ཡེ་ཤེས་ཀྱིས་ནི་ཕུང་པོ་སྟོང་པར་ཤེས།། ཤེས་ནས་ཉོན་མོངས་རྣམས་དང་ང་མི་འགྲོགས། །ཐ་སྙད་ཙམ་གྱིས་རྣམ་པར་སྤྱོད་བྱེད་ཅིང ། །འཇིག་རྟེན་འདི་ན་མྱ་ངན་འདས་པར་གནས། །ཇི་ལྟར་སྐྱེས་བུ་དག་གི་བུ་སྐྱེས་ནས། །འདི་ཡི་མིང་ནི་འདི་ཞེས་མིང་བཏགས་པ། །ཕྱོགས་རྣམས་སུའང་དེ་ཡི་མིང་མི་རྙེད། །མིང་དེ་གང་ནས་ཀྱང་ནི་འོངས་པ་མེད། །དེ་བཞིན་བྱང་ཆུབ་སེམས་དབར་མིང་བཏགས་ཏེ། །བྱང་ཆུབ་སེམས་དཔའ་འདི་ཞེས་ཡོངས་བཙལ་ཀྱང ། །ཕྱོགས་རྣམས་ན་ཡང་དེ་ཡི་མིང་མི་རྙེད། །དེ་ལྟར་གང་ཤེས་བྱང་ཆུབ་སེམས་དཔའ་ཡིན། །རྒྱ་མཚོའི་དབུས་ནས་ཇི་སྟེ་མེ་འབར་ཡང ། །བྱང་ཆུབ་སེམས་དཔའ་འཇིག་ཚོགས་ལྟ་བ་མེད། །འདི་ལྟར་བྱང་ཆུབ་སེམས་བསྐྱེད་ཚུན་ཆད་ནི། །དེ་ལ་སྲོག་ཏུ་ལྟ་བར་འགྱུར་བ་མེད། །འདི་ལ་གང་ཡང་སྐྱེས་ཤིང་ཤི་མེད་དེ། །མིང་དང་ཤེད་སྐྱེས་སེམས་ཅན་བྱུང་བ་མེད། །ཆོས་རྣམས་རང་བཞིན་སྟོང་པ་སྒྱུ་མ་བཞིན། །མུ་སྟེགས་ཅན་གྱིས་རྣམ་པར་རིག་མི་ནུས། །ཁ་ཟས་དག་ལ་ཤིན་ཏུ་བཀྲམ་པ་དང ། །ལྷུང་བཟེད་གོས་ལ་ཆགས་ཤིང་ཞེན་མེད་དང ། །འཕྱར་བ་རྣམས་དང་ཁེངས་པ་དག་གིས་ཀྱང ། །སངས་རྒྱས་བྱང་ཆུབ་འདི་ནི་ཤེས་མི་ནུས། །གཉིད་དང་རྨུགས་པས་ནོན་པས་ལེ་ལོ་ཅན། །ང་རྒྱལ་
32a
༄#། །ཅན་དང་ཁྲེལ་མེད་འགྱིད་བ་དང ། །སུ་དག་སངས་རྒྱས་ལ་ནི་དད་མེད་པ། །དེ་དག་བྱང་ཆུབ་དམ་པ་ཤེས་མི་ནུས། །ཚུལ་ཉམས་པ་ཡི་སོ་སོའི་སྐྱེ་བོ་དང ། ། གང་དག་ཆོས་ལ་དད་པ་མེད་པ་དང ། །ཚངས་པ་མཚུངས་སྤྱོད་དག་ལ་རི་མོ་མེད། །དེ་དག་བྱང་ཆུབ་འདི་ནི་རྟོགས་མི་ནུས། །ཚུལ་མཉམས་ཤིང་ཁྲེལ་ཡོད་ངོ་ཚ་ཤེས། །ཆོས་དང་སངས་རྒྱས་དག་ལ་གང་དགའ་ཞིང ། །ཚངས་པ་མཚུངས་སྤྱོད་དག་ལ་རབ་ཏུ་གུས། །དེ་དག་བྱང་ཆུབ་དམ་པ་མཆོག་ཐོབ་འགྱུར། །གང་དག་སྦྱོད་ཡུལ་དྲན་པ་ཉེ་བར་བཞག་།བདེ་ཞིང་དགའ་བའི་མལ་དུ་ཞུགས་པ་དང ། །ཟས་སུ་བསམ་གཏན་སྐོམ་དུ་ཏིང་ངེ་འཛིན། །དེ་དག་གིས་ཀྱང་བྱང་ཆུབ་མཆོག་རབ་ཐོབ། །བདག་མེད་པ་ཡི་འདུ་ཤེས་ཉིན་པར་གནས། ། འཆག་སར་སྟོང་པ་དང་ནི་རྗེས་སུ་དྲན། །བྱང་ཆུབ་ཡན་ལག་མེ་ཏོག་ཡིད་འོང་བསུང ། །བརྩོན་པ་དེ་དག་བྱང་ཆུབ་དམ་པ་ཐོབ། །བྱང་ཆུབ་སེམས་དཔའ་མཁས་པའི་སྤྱོད་པ་དག ། སྐྱེ་བོ་གཞན་རྣམས་དང་ནི་ཉན་ཐོས་དང ། །རང་སངས་རྒྱས་ཀྱིས་ཡང་མ་ཡིན་ན། །དེ་ལ་རྟོགས་པར་སུ་ཞིག་འདུན་མི་སྐྱེད། །གལ་ཏེ་བསྐལ་བྱེ་གངྒཱའི་བྱེ་མ་སྙེད། །དེ་སྲིད་དུ་ནི་ཚེ་ཡི་ཚད་གྱུར་ནས། །ངས་ནི་སངས་རྒྱས་ཀྱི་ཡང་ཡེ་ཤེས་ཀྱི། །སྤུ་གཅིག་བསྔགས་པ་བརྗོད་ཀྱང་མཐར་མི་ཕྱིན། །དེ་ཕྱིར་ཟིལ་གྱིས་མི་ནོན་རྒྱལ་བ་ཡིས། །བཤད་པའི་ཕན་ཡོན་
32b
འདི་དག་ཐོས་ནས་ནི། །ཏིང་འཛིན་འདི་ནི་མྱུར་དུ་ལུང་མནོད་ཀྱི། །བྱང་ཆུབ་མཆོག་ནི་རྙེད་པར་དཀའ་མི་འགྱུར། །ཏིང་ངེ་འཛིན་ཡོངས་སུ་སྦྱང་བ་བྱ་བའི་ལེའུ་སྟེ། དྲུག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འདོད་ཅིང ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བཟོད་པ་གསུམ་གྱི་ཡེ་ཤེས་ལ་མཁས་པར་བྱའོ། །དེས་བཟོད་པ་དང་པོ་རབ་ཏུ་ཤེས་པར་བྱ། བཟོད་པ་གཉིས་པ་རབ་ཏུ་ཤེས་པར་བྱ། བཟོད་པ་གསུམ་པ་རབ་ཏུ་ཤེས་པར་བྱ་སྟེ། བཟོད་པ་གསུམ་གྱི་ཁྱད་པར་ལ་མཁས་པར་བྱའོ། །བཟོད་པ་གསུམ་གྱི་ཡེ་ཤེས་ཀྱི་ཁྱད་པར་ལ་མཁས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ། འདི་ལྟར་ན་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་གསུམ་གྱི་ཁྱད་པར་ལ་མཁས་པར་གྱུར་ཅིང་བཟོད་པ་གསུམ་གྱི་ཡེ་ཤེས་ཀྱི་ཁྱད་པར་ལ་མཁས་པར་གྱུར་པ་དེའི་ཚེ། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མྱུར་དུ་ཏིང་ངེ་འཛིན་འདི་ཐོབ་ཅིང ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །གཞོན་ནུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་
33a
༄#། །རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བཟོད་པ་གསུམ་ལ་འཇུག་པའི་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བྱའོ། །བཟུང་ནས་ཀྱང་གཞན་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྟེ། དེ་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་སྙིང་བརྩེ་བ་དང ། སྐྱེ་བོ་ཕལ་པོ་ཆེ་དང་ལྷ་དང་མི་རྣམས་ཀྱི་དོན་དང ། ཕན་པ་དང་བདེ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཟོད་པ་གསུམ་ལ་འཇུག་པའི་ཆོས་ཀྱི་རྣམ་གྲངས་འདི་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཡང་དག་པར་རབ་ཏུ་བསྟན་ཏོ། །སུ་དག་དང་ཡང་རྩོད་པར་མི་བྱེད་ཅིང ། །དོན་མེད་ལྡན་པའི་ཚིག་རྣམས་མི་སྨྲ་སྟེ། །དོན་དང་ཆོས་ལ་རྟག་པར་རབ་ཏུ་གནས། །འདི་དག་བཟོད་པ་དང་པོར་བཤད་པ་ཡིན། །ཆོས་རྣམས་ཐམས་ཅད་སྒྱུ་མ་འདྲར་ཤེས་ཏེ། །དེ་ནི་མཚན་མའི་སྤྱོད་ཡུལ་ལྡན་མ་ཡིན། །ཡེ་ཤེས་འཕེལ་བའི་ས་ལས་མི་ཉམས་ཏེ། །འདི་དག་བཟོད་པ་དང་པོའི་ཁྱད་པར་རོ། །མདོ་སྡེའི་ཚུལ་ཀུན་ལ་ཡང་དེ་མཁས་ཤིང ། །ལེགས་པར་སྨྲས་ལ་མཁས་པ་ཤིན་ཏུ་མོས། །བདེ་གཤེགས་མཁྱེན་ལ་མཐའ་ཡས་ཡེ་ཤེས་ཅན། །འདི་དག་བཟོད་པ་དང་པོའི་ཁྱད་པར་རོ། །ལེགས་པར་བཤད་པའི་ཆོས་ནི་གང་ཐོས་ཀྱང ། །སངས་རྒྱས་དག་གིས་བཤད་པར་ཐེ་ཚོམ་མེད། །རྒྱལ་
33b
བ་ཀུན་གྱི་ཆོས་ལ་དེ་མོས་ཏེ། །འདི་དག་བཟོད་པ་དང་པོའི་ཁྱད་པར་རོ། །སྟོང་པ་བདེ་བར་གཤེགས་པས་བཤད་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །འཇིག་རྟེན་འདི་ན་མུ་སྟེགས་མང་ཡོད་པ། །དེ་དག་ལ་ཡང་དེ་ནི་ཡིད་མི་ཁྲོ། །དེ་དག་ལ་ནི་སྙིང་རྗེ་ཉེ་བར་འཇོག ། འདི་དག་བཟོད་པ་དང་པོའི་ཁྱད་པར་རོ། །དེ་ལ་གཟུངས་རྣམས་ཡོངས་སུ་སྣང་བར་འགྱུར། །སྣང་བ་དེ་ལ་ནམ་ཡང་ཐེ་ཚོམ་མེད། །བདེན་པའི་རྗེས་སུ་འབྲང་བའི་ཚིག་སྨྲས་ཏེ། །འདི་དག་བཟོད་པ་དང་པོའི་ཁྱད་པར་རོ། །རླུང་དང་ཆུ་དང་མེ་དང་ས་རྣམས་ཀྱི། །ཁམས་བཞི་པོ་ནི་རྣམ་པ་གཞན་འགྱུར་ཡང ། །སངས་རྒྱས་བྱང་ཆུབ་ལས་ནི་དེ་མི་ལྡོག་།འདི་དག་བཟོད་པ་དང་པོའི་ཁྱད་པར་རོ། །འཇིག་རྟེན་བཟོ་གནས་མང་པོ་ཅི་ཡོད་པ། །ཐམས་ཅད་བྱང་ཆུབ་སེམས་དཔའ་དེས་བསླབས་ཏེ། །བདག་ལས་ལྷག་པ་སུ་ཡང་མི་མཐོང་བ། །འདི་དག་བཟོད་པ་དང་པོའི་ཁྱད་པར་རོ། །ཞི་གནས་སྟོབས་ཀྱིས་བསྐྱོད་པ་མེད་གྱུར་ཅིང ། །ལྷག་མཐོང་གིས་ནི་རི་བོ་ལྟ་བུར་གྱུར། །སེམས་ཅན་ཀུན་གྱིས་འཁྲུགས་པར་མི་ནུས་ཏེ། །དེ་ནི་བཟོད་པ་གཉིས་སུ་བཤད་པ་ཡིན། །མཉམ་པར་བཞག་བཞིན་དུ་ནི་ལྡང་ཞིང་སྨྲ། །མཉམ་པར་བཞག་པས་འདུག་ཅིང་འཆག་པར་བྱེད། །མཁས་པ་ཏིང་ངེ་འཛིན་གྱི་ཕ་རོལ་ཕྱིན། །འདི་དག་བཟོད་པ་
34a
༄#། །གཉིས་པའི་ཁྱད་པར་རོ། །མཉམ་པར་བཞག་པས་མངོན་ཤེས་ལྔ་ཐོབ་སྟེ། །ཆོས་རྣམས་སྟོན་ཅིང་ཞིང་ནི་བརྒྱར་ཡང་འགྲོ། དེ་ནི་རྫུ་འཕྲུལ་སྟོབས་ལས་མི་ཉམས་ཏེ། །འདི་དག་བཟོད་པ་གཉིས་པའི་ཁྱད་པར་རོ། །དེ་ནི་དེ་འདྲའི་ཏིང་འཛིན་ཞི་བ་བསྟན། །མཉམ་པར་བཞག་པ་དེ་ཡི་སེམས་ཀྱི་ཚོད། །འཛིན་ནུས་པ་ཡི་སེམས་ཅན་གང་ཡང་མེད། །འདི་དག་བཟོད་པ་གཉིས་པའི་ཁྱད་པར་རོ། །འཇིག་རྟེན་འདི་ན་གང་ཡོད་སེམས་ཅན་ཀུན། །དེ་དག་སངས་རྒྱས་མཁྱེན་པས་ཆོས་སྟོན་སྟོན་ཀྱང ། །བཤད་པ་ཐམས་ཅད་དེ་བཞིན་འཛིན་ནུས་ཏེ། །འདི་དག་བཟོད་པ་གཉིས་པའི་ཁྱད་པར་རོ། །ཤར་དང་ལྷོ་དང་ནུབ་དང་བྱང་ཕྱོགས་དང ། །སྟེང་དང་འོག་དང་དེ་བཞིན་ཕྱོགས་མཚམས་ནི། །ཐམས་ཅད་ན་ཡང་འཇིག་རྟེན་མགོན་པོ་མཐོང ། །དེ་ནི་བཟོད་པ་གསུམ་པར་བསྟན་པ་ཡིན། །གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་སུ། །འཕྲུལ་པ་བསམ་གྱིས་མི་ཁྱབ་སྤྲུལ་ནས་ནི། །སྲོག་ཆགས་བྱེ་བ་མང་ལ་ཆོས་སྟོན་ཏེ། །འདི་དག་བཟོད་པ་གསུམ་པའི་ཁྱད་པར་རོ། །སངས་རྒྱས་ཞིང་འདིའི་ཛམྦུའི་གླིང་ཀུན་ན། །བྱང་ཆུབ་སེམས་དཔའ་དེ་ནི་སྣང་བར་འགྱུར། །འཇིག་རྟེན་ལྷ་དང་ལྷ་མིན་བཅས་པར་གྲགས། །འདི་དག་བཟོད་པ་གསུམ་པའི་ཁྱད་པར་རོ། །སངས་རྒྱས་སྤྱོད་ཡུལ་དེ་བཞིན་ཆོ་ག་དང ། །བདེ་བར་གཤེགས་པའི་སྤྱོད་ལམ་ཅི་འདྲ་བ། །ཀུན་ལ་
34b
བྱང་ཆུབ་སེམས་དཔའ་དེས་བསླབས་སྟེ། །འདི་དག་བཟོད་པ་གསུམ་པའི་ཁྱད་པར་རོ། །འཇིག་རྟེན་ཁམས་འདི་སེམས་ཅན་ཅི་ཡོད་པས། །བྱང་ཆུབ་སེམས་དཔའི་བསྔགས་པ་བརྗོད་གྱུར་ལ། །དེ་ལ་ཡིད་ནི་རྗེས་སུ་དགར་བྱེད་ན། །སངས་རྒྱས་ཡེ་ཤེས་ལ་ནི་བསླབས་མ་ཡིན། །འཇིག་རྟེན་ཁམས་འདིའི་སེམས་ཅན་སུ་ཡོད་པས། །བྱང་ཆུབ་སེམས་དཔའ་ལ་ནི་མི་སྙན་བརྗོད། །དེ་དག་ལ་ནི་ཡིད་ཀྱིས་ཁྲོ་བྱེད་ན། །ད་དུང་སངས་རྒྱས་ཡེ་ཤེས་དེས་མ་བསླབས། །ནོར་རྙེད་པས་ནི་ཡིད་བདེར་མི་འགྱུར་ཏེ། །ནོར་རྣམས་མ་རྙེད་ན་ཡང་མི་དགའ་མེད། །རི་དང་འདྲ་བའི་སེམས་ལ་རྟག་ཏུ་གནས། །འདི་དག་བཟོད་པ་གསུམ་པའི་ཁྱད་པར་རོ། །སྒྲ་ཡི་རྗེས་འགྲོ་བཟོད་པ་འདི་བསྟན་ཏེ། །བསམ་པ་སྒོམ་པ་རྗེས་སུ་མཐུན་པ་དང ། །ཐོས་པ་ལས་བྱུང་དེ་ནི་སྐྱེ་བ་མེད། །འདི་ལ་གང་བསླབས་དེ་ནི་བྱང་ཆུབ་ལམ། །བཟོད་པ་བླ་ན་མེད་པ་གསུམ་པོ་འདི། །བྱང་ཆུབ་སེམས་དཔས་ནམ་ཞིག་ཐོབ་གྱུར་ན། །མི་མཆོག་བདེ་བར་གཤེགས་པ་དེས་མཐོང་སྟེ། །རྡུལ་མེད་བྱང་ཆུབ་ཏུའང་དེ་ལུང་སྟོན། །དེ་ནས་ལུང་བསྟན་པ་ནི་དེ་ཐོབ་ནས། །ས་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས། །ཞིང་རྣམས་འོད་ཀྱིས་ཤིན་ཏུ་གསལ་བར་གྱུར། །ལྷ་རྣམས་བྱ་བ་མེ་ཏོག་ཆར་པ་འབེབས། །དེ་ལ་ལུང་བསྟན་དེ་ཡང་ཐོས་ནས་ནི། །སེམས་ཅན་བྱེ་བ་ཁྲག་ཁྲིག་བསམ་ཡས་ཀྱང ། །བདག་ཅག་མཆོད་རྟེན་རྒྱལ་བར་འགྱུར་སྙམ་སྟེ། །བྱང་
35a
༄#། །ཆུབ་དམ་པ་མཆོག་ལ་སེམས་བསྐྱེད་འགྱུར། །ནམ་ཞིག་བླ་མེད་བཟོད་པ་གསུམ་པོ་འདི། །བྱང་ཆུབ་སེམས་དཔས་ཐོབ་པར་གྱུར་པ་ན། །དེ་ནི་མི་སྐྱེ་འཆི་བར་མི་འགྱུར་ཏེ། །དེ་ལ་འཆི་འཕོ་མེད་ཅིང་སྐྱེ་བའང་མེད། །ནམ་ཞིག་བླ་མེད་བཟོད་པ་གསུམ་པོ་འདི། །རྫོགས་པའི་བྱང་ཆུབ་སེམས་དཔས་ཐོབ་གྱུར་ན། །སྐྱེ་བ་དང་ནི་འཆི་བའང་མི་མཐོང་སྟེ། །ཆོས་རྣམས་ཐམས་ཅད་ཆོས་ཉིད་གནས་པར་མཐོང ། །འདི་ལྟར་མི་བདེན་པར་ནི་དེས་རིག་སྟེ། །ཆོས་རྣམས་སྒྱུ་མ་ལྟ་བུར་རང་བཞིན་སྟོང ། །སྟོང་པ་དག་ཀྱང་མི་མཐོང་འཆི་བའང་མེད། །ཆོས་འདི་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང ། །ནམ་ཞིག་ལ་ལས་དེ་ལ་གུས་བྱས་ཤིང ། །རིམ་གྲོ་བཀུར་སྟི་མཆོད་པ་བྱས་ན་ཡང ། །དེ་ལ་ཡིད་ནི་དགའ་བར་མི་བྱེད་དེ། །ཆོས་རྣམས་རང་བཞིན་སྟོང་པར་དེ་ཡིས་ཤེས། །སེམས་ཅན་དག་གིས་སྦྱོས་བསྡིགས་བརྡེགས་ན་ཡང ། །དེ་དག་ལ་ནི་ང་རྒྱལ་ཁྲོ་མི་སྲིད། །དེ་དག་སེམས་ཅན་ཐར་བར་བྱ་བའི་ཕྱིར། །དེ་དག་ལ་ནི་བྱམས་པ་བརྟན་པར་སྐྱེད། །རྡོ་དང་དབྱུག་པ་དག་གིས་བརྡེགས་བཙོགས་ཀྱང ། །མཁས་པ་དེ་ལ་ཁྲོ་བར་མི་བྱེད་དེ། །བདག་མེད་བཟོད་ལ་རབ་ཏུ་གནས་པ་ལ། །ང་རྒྱལ་དང་ནི་ཁྲོ་བའི་ཐ་བ་མེད། །འདི་ལྟར་དེས་ནི་མི་བདེན་ཉིད་དུ་ཤེས། །སྒྱུ་མ་ལྟ་བུར་ཆོས་རྣམས་རང་བཞིན་སྟོང ། །ཆོས་ཚུལ་དེ་འདྲ་བ་ལ་དེ་གནས་ན། །
35b
ལྷར་བཅས་འཇིག་རྟེན་དག་ན་ཤིན་ཏུ་བཀུར། །ནམ་ཞིག་སེམས་ཅན་དག་ནི་མཚོན་ཐོགས་ནས། །དེ་ཡི་ལུས་དང་ཡན་ལག་མང་གཏུབས་ཀྱང ། །དེ་དག་ལ་ནི་ཡིད་ཀྱིས་ཁྲོ་བ་མེད། །སྙིང་རྗེ་བྱམས་པ་ལས་ཀྱང་ཉམས་མི་འགྱུར། །དེ་དག་ལུས་དང་ཡན་ལག་གཅོད་པའི་ཚེ། །དེ་ནི་དེ་ལ་འདི་ལྟར་སེམས་བསྐྱེད་དེ། །འདི་དག་བྱང་ཆུབ་མཆོག་ལ་མ་བཀོད་པར། །དེ་སྲིད་ཞི་བར་མྱ་ངན་ང་མི་འདའ། །དེ་འདྲའི་བཟོད་སྟོབས་བླ་ན་མེད་པ་ལ། །བདག་མེད་བཟོད་པ་མཉམ་ཉིད་གནས་པ་ཡི། །བྱང་ཆུབ་སེམས་དཔའ་གྲགས་པ་ཆེན་པོ་ཡིས། །བསྐལ་པར་བྱེ་བར་རྟག་ཏུ་ཤིན་ཏུ་བསྒོམས། །དེ་ལས་ལྷག་པར་གངྒཱའི་བྱེ་སྙེད་དུ། །ཇི་ཙམ་སངས་རྒྱས་མཁྱེན་པས་དོན་མི་བྱེད། །དེ་སྲིད་བྱང་ཆུབ་རེག་པ་མ་ཡིན་ན། །དེ་བཞིན་གཤེགས་པའི་ཡེ་ཤེས་ཅི་ཞིག་སྨོས། །གྲགས་པ་ཆེན་པོ་བརྗོད་པ་མཐའ་ཡས་པ། །བདག་མེད་བཟོད་ལ་རབ་ཏུ་གནས་པ་ཡི། །བསྐལ་པ་བསམ་གྱིས་མི་ཁྱབ་བརྒྱར་བརྗོད་ཀྱང ། །དེ་ཡི་བསྔགས་པ་ཟད་པར་སླ་པ་མིན། །དེ་ཕྱིར་བྱང་ཆུབ་མཆོག་རབ་བླ་ན་མེད། །ཡེ་ཤེས་ཕུང་པོ་འཚང་རྒྱར་སུ་འདོད་པ། །དེ་ནི་རྒྱལ་བས་བསྔགས་པའི་བཟོད་པ་སྒོམས། །བྱང་ཆུབ་དམ་པ་རྙེད་པར་དཀའ་མི་འགྱུར། །བཟོད་པ་ལ་འཇུག་པའི་ལེའུ་སྟེ། བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་
36a
༄#། །བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འདོད་ཅིང ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཡེ་ཤེས་ལ་མཁས་པར་བྱའོ། །གཞོན་ནུ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཡེ་ཤེས་ལ་མཁས་པ་ཡིན་ཞེ་ན། གཞོན་ནུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་དངོས་པོ་མེད་པ།་ངོ་བོ་ཉིད་མེད་པ། མཚན་མ་མེད་པ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། ཡི་གེ་མེད་པ། སྟོང་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་རྣམ་པར་དག་པ་ཡིན་པར་རབ་ཏུ་ཤེས་པར་བྱའོ། །གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནམ་ཆོས་ཐམས་ཅད་དངོས་པོ་མེད་པ། ངོ་བོ་ཉིད་མེད་པ། མཚན་མ་མེད་པ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། ཡི་གེ་མེད་པ། སྟོང་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་རྣམ་པར་དག་པ་ཡིན་པར་རབ་ཏུ་ཤེས་པར་གྱུར་པ་དེའི་ཚེ། གཞོན་ནུ།་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཡེ་ཤེས་ལ་མཁས་པ་ཞེས་བྱའོ། །གཞོན་
36b
ནུ།་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཡེ་ཤེས་ལ་མཁས་པ་དེ་ནི་གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དང ། ཆོས་ཐམས་ཅད་ལ་འདོད་ཆགས་པར་མི་བྱེད། ཞེ་སྡང་བར་མི་བྱེད། གཏི་མུག་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ཞིང ། ཆོས་དེ་མི་དམིགས་ཏེ། གང་འདོད་ཆགས་པ་དང ། གང་ལ་འདོད་ཆགས་པ་དང ། གང་གིས་འདོད་ཆགས་པ་དང ། གང་ཞེ་སྡང་བ་དང ། གང་ལ་ཞེ་སྡང་བ་དང ། གང་གིས་ཞེ་སྡང་བ་དང ། གང་གཏི་མུག་པ་དང ། གང་ལ་གཏི་མུག་པ་དང ། གང་གིས་གཏི་མུག་པར་འགྱུར་བའི་ཆོས་དེ་དེས་ཡང་དག་པར་རྗེས་སུ་མི་མཐོང་ཞིང་མི་དམིགས་སོ། །ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་མ་དམིགས་ན་ཁམས་གསུམ་ཐམས་ཅད་ལ་མ་ཆགས་པར་འགྱུར་ཏེ། མྱུར་དུ་ཏིང་ངེ་འཛིན་འདི་ཐོབ་བོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཆོས་རྣམས་ཐམས་ཅད་དངོས་པོ་མེད་པ་སྟེ། །ཐམས་ཅད་མཚན་མ་མེད་ཅིང་མཚན་ཉིད་མེད། །སྐྱེས་པ་མེད་ཅིང་འགགས་པ་མེད་པར་ཡང ། །དེ་ལྟར་ཆོས་རྣམས་ཤིན་ཏུ་རིག་པར་གྱིས། །ཐམས་ཅད་དངོས་པོ་མེད་ཅིང་ཡི་གེ་མེད། །སྟོང་པ་ཞི་བ་གཟོད་ནས་དྲི་མ་མེད། །དེ་ལྟར་ཆོས་རྣམས་
37a
༄#། །གང་གིས་ཤེས་པ་ནི། །གཞོན་ནུ་དེ་ནི་སངས་རྒྱས་ཞེས་ཀྱང་བརྗོད། །དེ་ཕྱིར་རང་བཞིན་མཉམ་ཉིད་རྣམས་སྤྲོས་པ། །ངོ་བོ་ཉིད་ཀྱིས་ཆོས་ཀུན་རང་བཞིན་མེད། །བདེ་བར་གཤེགས་པའི་ཡུམ་འདི་སུ་འདོད་པ། །རྒྱལ་བ་རྣམས་ཀྱི་ཡུམ་འདི་ཐོབ་པར་འགྱུར། །གཞོན་ནུ། དེ་ལྟ་བས་ན་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། གཞོན་ནུ། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ། རྒྱ་ཆེ་བ། གཞལ་དུ་མེད་པ། བསམ་གྱིས་མི་ཁྱབ་པ། ཚད་མེད་པར་གྱུར་པ། དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དངོས་པོ་མེད་པ་ལས་བྱུང་བ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ ། །གཞོན་ནུ།་འདི་ཇི་སྙམ་དུ་སེམས། ཅིའི་ཕྱིར་དེ་བཞིན་གཤེགས་པ་དེ་དངོས་པོ་མེད་པ་ལས་བྱུང་བ་ཞེས་བྱ་ཞེ་ན། གཞོན་ནུ། དེ་བཞིན་གཤེགས་པ་དེ་སྐྱེས་མ་ཐག་ཏུ་སྟེང་གི་ནམ་མཁའ་ལ་ཏ་ལ་བདུན་ཙམ་དུ་འཕགས་ནས་གོམ་པ་བདུན་པོར་ཏེ་ཚིག་འདི་སྐད་གསུང་ངོ ། །ཆོས་ཐམས་ཅད་དངོས་པོ་མེད་པ་ལས་བྱུང་བའོ། །ཆོས་ཐམས་ཅད་
37b
དངོས་པོ་མེད་པ་ལས་བྱུང་བའོ་ཞེས་གསུངས་ཏེ། གཞོན་ནུ། སྒྲ་དེའི་དབྱངས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གོ་བར་བྱས་སོ། །དེ་ནས་སའི་ལྷ་ནས་བཟུང་སྟེ་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་བསྒྲགས་ཤིང་དབྱངས་ཀྱིས་རྗེས་སུ་གོ་བར་བྱས་ཏེ། ཨེ་མ། དེ་བཞིན་གཤེགས་པ་འདི་སྐྱེས་མ་ཐག་ཏུ་སྟེང་གི་ནམ་མཁའ་ལ་ཏ་ལ་བདུན་སྲིད་དུ་འཕགས་ནས་གོམ་པ་བདུན་བོར་ཏེ། དངོས་པོ་མེད་པའི་སྒྲ་འབྱིན་པ་ལས་ན་དངོས་པོ་མེད་པ་ལས་བྱུང་བ་ཞེས་བྱ་བར་འགྱུར་རོ་ཞེས་མཚན་དངོས་པོ་མེད་པ་ལས་བྱུང་བ། དངོས་པོ་མེད་པ་ལས་བྱུང་བའོ་ཞེས་བཏགས་སོ། །བཅོམ་ལྡན་འདས་དེ་བྱང་ཆུབ་ཐོབ་པ་ན་ཤིང་ཐམས་ཅད་ཀྱི་ལོ་མ་དང ། རྩ་བ་དང ། ཤིང་གེལ་བ་དང ། ནགས་ཚལ་ཐམས་ཅད་དང ། རིའི་རྩེ་མོ་ཐམས་ཅད་ལས་ཀྱང་དངོས་པོ་མེད་པ་ལས་བྱུང་བའོ་ཞེས་སྒྲ་བྱུང་ངོ ། །འཇིག་རྟེན་གྱི་ཁམས་དེ་ན་སྒྲར་བཏགས་པ་ཇི་སྙེད་ཡོད་པ་ཐམས་ཅད་ལས་དངོས་པོ་མེད་པ་ལས་བྱུང་བའོ་ཞེས་རྣམ་པར་རིག་པར་བྱེད་པའི་སྒྲ་བྱུང་ངོ ། །གཞོན་ནུ། དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དངོས་པོ་མེད་པ་ལས་བྱུང་བ་དེའི་གསུང་རབ་ལ་རྒྱལ་བུ་གཞོན་ནུ་སྙིང་རྗེ་ཆེན་པོ་སེམས་ཞེས་བྱ་བ་གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ་ཞིག་བྱུང་ངོ ། །གཞོན་ནུ། དེ་ནས་རྒྱལ་བུ་གཞོན་ནུ་སྙིང་རྗེ་ཆེན་པོ་སེམས་
38a
༄#། །དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དངོས་པོ་མེད་པ་ལས་བྱུང་བ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དངོས་པོ་མེད་པ་ལས་བྱུང་བས་རྒྱལ་བུ་གཞོན་ནུ་སྙིང་རྗེ་ཆེན་པོ་སེམས་ཀྱི་ལྷག་པའི་བསམ་པ་མཁྱེན་ནས་ཏིང་ངེ་འཛིན་འདི་བཤད་དོ། །དེ་ཏིང་ངེ་འཛིན་འདི་ཐོས་ནས་རབ་ཏུ་དད་དེ། སེམས་རབ་ཏུ་དད་པས་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་དུར་སྨྲིག་གྱོན་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། ། དེ་རབ་ཏུ་བྱུང་ནས་ཏིང་ངེ་འཛིན་འདི་བཟུང་སྟེ། བཟུང་ཞིང་བཅངས་བཀླགས་ཀུན་ཆུབ་པར་བྱས་ནས་བསྒོམ་པའི་རྣལ་འབྱོར་ལ་རྗེས་སུ་བརྩོན་པར་གནས་ཏེ། དེ་དགེ་བའི་རྩ་བ་དེས་བསྐལ་པ་བྱེ་བ་ཕྲག་ཉི་ཤུར་ནམ་ཡང་ངན་འགྲོ་ལོག་པར་ལྟུང་བར་མ་སོང་ངོ ། །སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་མཉེས་པར་བྱས་ཏེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལས་ཀྱང་ཏིང་ངེ་འཛིན་འདི་མཉན་ཏོ། །སངས་རྒྱས་དེ་དག་ཐམས་ཅད་ལས་མཉན་ནས་ཀྱང་བཟུང་ངོ ། །ཀུན་ཆུབ་པར་བྱས་སོ། །བཅངས་སོ། །བཀླགས་སོ། །བཏོན་ཏོ། །ཉོན་མོངས་
38b
པ་མེད་པར་བསྒོམས་ཤིང་མང་དུ་བྱས་ཏེ། བསྒོམ་པའི་རྣལ་འབྱོར་ལ་རྗེས་སུ་བརྩོན་པར་གནས་སོ། །དེ་དགེ་བའི་རྩ་བ་དེས་བསྐལ་པ་ཉི་ཤུ་འདས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ལེགས་པར་བསམས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེས་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་ཡོངས་སུ་སྨིན་པར་བྱས། སེམས་ཅན་ཚད་མེད་པའི་དོན་བྱས་ནས་དེའི་འོག་ཏུ་ཤིང་ཟད་པའི་མེ་ལྟར་ཡོངས་སུ་མྱ་ངན་ལས་འདས་སོ། །གཞོན་ནུ། དེ་ལྟ་བས་ན་རྣམ་གྲངས་འདིས་ཀྱང་འདི་ལྟར་ཏིང་ངེ་འཛིན་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཅེས་སྤྲས་བྱེད་པ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་པར་རིག་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཟླ་འོད་གཞོན་ནུར་གྱུར་པ་ལ་སྔོན་བྱུང་བའི་ལེའུ་འདི་ཉིད་རྒྱས་པར་ཚིགས་སུ་བཅད་པའི་དབྱངས་ཀྱིས་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། །སྔོན་འདས་དུས་ཀྱི་བསྐལ་པ་བསམ་ཡས་ན། །མི་ཡི་གཙོ་བོ་བྱུང་བ་ངས་དྲན་ཏེ། །དྲང་སྲོང་ཆེན་པོ་གཟིངས་ཀྱིས་དོན་མཛད་པ། །དེ་མིང་དངོས་པོ་མེད་ལས་བྱུང་ཞེས་བྱ། །སྐྱེས་མ་ཐག་ཏུ་མཁའ་ལ་རབ་འདུག་ནས། ། ཆོས་རྣམས་ཐམས་ཅད་དངོས་པོ་མེད་པར་བསྟན། །དེ་ཚེ་དེ་དང་མཐུན་པར་མཚན་བཏགས་ཏེ། །སྒྲས་ནི་འཇིག་རྟེན་ཀུན་ཏུ་གྲགས་པར་བྱས། །ལྷ་རྣམས་ཐམས་ཅད་རབ་ཏུ་སྒྲ་འབྱིན་པ།
39a
༄#། །དངོས་པོ་མེད་ཅེས་བྱ་བའི་རྒྱལ་བར་འགྱུར། །སྐྱེས་མ་ཐག་ཏུ་གོམ་པ་བདུན་བོར་ཏེ། །རྒྱལ་བས་ཆོས་རྣམས་དངོས་པོ་མེད་པར་བཤད། །ཐུབ་པ་ཆོས་རྣམས་ཐམས་ཅད་སྟོན་པ་ཡི། །སངས་རྒྱས་ཆོས་ཀྱི་རྒྱལ་པོར་ནམ་འགྱུར་ཚེ། །རྩི་ཤིང་གེལ་བ་རི་དང་བྲག་རྣམས་ལས། །ཆོས་རྣམས་དངོས་པོ་མེད་ཅེས་སྒྲ་ཡང་འབྱུང ། །འཇིག་རྟེན་དེ་ན་ཇི་སྙེད་སྒྲ་ཡོད་པ། །ཐམས་ཅད་དངོས་མེད་ཅིའང་མེད་པ་ཞེས། །དེ་ལྟ་བུར་ནི་འཇིག་རྟེན་འདྲེན་པ་ཡི། །སྒྲ་དབྱངས་རྣམ་པ་ཤིན་ཏུ་བྱུང་བར་གྱུར། །དེ་ཡི་དུས་ན་རྒྱལ་པོའི་བུ་སྐྱེས་པ།། མིང་ནི་རྟག་ཏུ་སྙིང་རྗེ་སེམས་ཞེས་བྱ། །ཤིན་ཏུ་གཟུགས་བཟང་བལྟ་ན་སྡུག་པ་ཞིག་།རྒྱལ་བ་དེ་ཡི་དྲུང་དུ་ཉེར་འོངས་ཏེ། །ཐུབ་པ་ཁྱུ་མཆོག་ཞབས་ལ་ཕྱག་བཙལ་ནས། །རི་མོར་བཅས་པས་བསྐོར་བར་བྱས་ནས་ནི། །རྡུལ་བྲལ་བླ་ན་མེད་པའི་ཆོས་མཉན་ཕྱིར། །རབ་ཏུ་དང་བའི་སེམས་ཀྱིས་དེར་འདུག་གོ་།རྒྱལ་བ་དཔའ་བོ་དེས་ནི་བསམ་མཁྱེན་ནས། ། ཏིང་འཛིན་འདི་ནི་རབ་ཏུ་བཤད་པ་མཛད། །དེས་ནི་རྡུལ་བྲལ་ཏིང་འཛིན་འདི་ཐོས་ནས། །རྒྱལ་མཆོག་བསྟན་ལ་མྱུར་བར་རབ་ཏུ་བྱུང ། །རབ་ཏུ་དེ་བྱུང་ཏིང་འཛིན་འདི་ཡང་ནི། ། བཟུང་ཞིང་བཀླགས་ཏེ་ཡོངས་སུ་ཆུབ་བྱས་པས། །བསྐལ་པ་བྱེ་བ་ཉི་ཤུ་ཚང་བར་ནི། །ལོག་པར་ལྟུང་བའི་སར་ཡང་ཡོང་མ་སོང ། །དེ་ནི་དགེ་བར་བྱས་པའི་ལས་དེ་ཡིས། །
39b
སངས་རྒྱས་བྱེ་ཕྲག་ཉི་ཤུ་མཉེས་པར་བྱས། །རྒྱལ་བ་དེ་དག་ཀུན་གྱི་དྲུང་དུ་ཡང ། །ཏིང་འཛིན་ཞི་མཆོག་འདི་ནི་གོམས་པར་བྱས། །དེ་ཕྱིས་འཇིག་རྟེན་དུ་ཡང་སངས་རྒྱས་གྱུར། །མིང་ནི་དོན་ལེགས་བསམས་ཞེས་རྟག་ཏུ་བརྗོད། །སེམས་ཅན་བྱེ་བ་མང་པོའི་དོན་བྱས་ནས། །ཕྱི་མའི་དུས་ལ་མེ་བཞིན་མྱ་ངན་འདས། །དངོས་པོ་མེད་པ་ལས་བྱུང་བའི་ལེའུ་སྟེ། བརྒྱད་པའོ།། །།འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ། བམ་པོ་གསུམ་པ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཇི་ལྟར་ན་བདག་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ཞིང ། སེམས་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོ་ལས་བསྒྲལ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། ཀུན་ཆུབ་པར་བྱ། བཀླག་པར་བྱ། རབ་ཏུ་གདོན་པར་བྱ། ལུང་ནོད་ཅིང་ཁ་ཏོན་དུ་བྱ། ཉོན་མོངས་པ་མེད་པར་སྒོམ་པས་བསྒོམ་པར་བྱ། མང་དུ་བྱ། གཞན་ལའང་
40a
༄#། །རྒྱ་ཆེར་རབ་ཏུ་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སྐྱེད་པ་སྟེ། འདི་ལས་དེ་བཞིན་གཤེགས་པ་དང ། ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་བྱུང་ངོ ། །གཞོན་ནུ། དེ་ལྟ་བས་ན་ཁྱོད་ཀྱིས་ཀྱང་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པ། དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པ། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་གཟུང་བར་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དེ་ཕྱིར་བྱང་ཆུབ་ཏུ་ནི་འཚང་རྒྱ་ཞིང ། །སྲིད་པའི་མཚོ་ལས་སེམས་ཅན་སྒྲོལ་འདོད་པས། །སངས་རྒྱས་བསྔགས་པའི་མདོ་སྡེ་འདི་ཟུངས་ཤིག་།བྱང་ཆུབ་དམ་པ་རྙེད་པར་དཀའ་མི་འགྱུར། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུ་\?\་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འདོད་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་ཟབ་མོ་བཟོད་པ་ལ་མཁས་པར་བྱའོ། །གཞོན་ནུ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
40b
ཆོས་ཟབ་མོ་བཟོད་པ་ལ་མཁས་པ་ཡིན་ཞེ་ན། གཞོན་ནུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རབ་ཏུ་ཤེས་པར་བྱའོ། །ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང ། སྨིག་རྒྱུ་ལྟ་བུ་དང ། བྲག་ཅ་ལྟ་བུ་དང ། མིག་ཡོར་ལྟ་བུ་དང ། ཆུ་ཟླ་ལྟ་བུ་དང ། སྤྲུལ་པ་ལྟ་བུ་དང ། གཟུགས་བརྙན་ལྟ་བུ་དང ། ནམ་མཁའ་ལྟ་བུར་རབ་ཏུ་ཤེས་པར་བྱའོ། །གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནམ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཡོངས་སུ་ཤེས་ཤིང ། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང ། སྨིག་རྒྱུ་ལྟ་བུ་དང ། བྲག་ཅ་ལྟ་བུ་དང ། མིག་ཡོར་ལྟ་བུ་དང ། ཆུ་ཟླ་ལྟ་བུ་དང ། སྤྲུལ་པ་ལྟ་བུ་དང ། གཟུགས་བརྙན་ལྟ་བུ་དང ། ནམ་མཁའ་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་དེའི་ཚེ། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ཆོས་ཟབ་མོ་བཟོད་པ་ལ་མཁས་པ་ཞེས་བྱའོ། །ཆོས་ཟབ་མོ་བཟོད་པ་དང་ལྡན་པ་དེ་འདོད་ཆགས་པར་འགྱུར་བའི་ཆོས་ལ་མི་ཆགས། ཞེ་སྡང་བར་འགྱུར་བའི་ཆོས་ལ་མི་སྡང ། གཏི་མུག་པར་འགྱུར་བའི་ཆོས་ལ་མི་རྨོངས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང ། ཆོས་དེ་མི་དམིགས་ཏེ། གང་འདོད་ཆགས་པ་དང ། གང་ལ་འདོད་ཆགས་པ་དང ། གང་གིས་འདོད་ཆགས་པ་དང ། གང་ཞེ་སྡང་བ་དང ། གང་ལ་ཞེ་སྡང་བ་
41a
༄#། །དང།་གང་གིས་ཞེ་སྡང་བ་དང ། གང་གཏི་མུག་པ་དང ། གང་ལ་གཏི་མུག་པ་དང ། གང་གིས་གཏི་མུག་པར་འགྱུར་བའི་ཆོས་དེ་དེས་ཡང་དག་པར་རྗེས་སུ་མི་མཐོང་ཞིང་ཆོས་དེ་མི་དམིགས་སོ། །ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་མི་དམིགས་པས་འདོད་ཆགས་པ་མེད་པ། ཞེ་སྡང་བ་མེད་པ། གཏི་མུག་པ་མེད་པ། སེམས་ཕྱིན་ཅི་མ་ལོག་པ། མཉམ་པར་བཞག་པ་ཞེས་བྱའོ། །སྤྲོས་པ་མེད་པ་ཞེས་བྱའོ། །བརྒལ་བ་ཕོ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །སྐམ་ལ་ཕྱིན་པ་ཞེས་བྱའོ། །བདེ་བར་སོན་པ་ཞེས་བྱའོ། །མི་འཇིགས་པ་ཐོབ་པ་ཞེས་བྱའོ། །ཚུལ་ཁྲིམས་ཅན་ཞེས་བྱའོ། །ཡེ་ཤེས་ཅན་ཞེས་བྱའོ། །ཤེས་རབ་ཅན་ཞེས་བྱའོ། །བསོད་ནམས་ཅན་ཞེས་བྱའོ། །རྫུ་འཕྲུལ་ཅན་ཞེས་བྱའོ། །དྲན་པ་ཅན་ཞེས་བྱའོ། །བློ་གྲོས་ཅན་ཞེས་བྱའོ། །རྟོགས་པ་ཅན་ཞེས་བྱའོ། །ངོ་ཚ་ཤེས་པ་དང་ལྡན་པ་ཞེས་བྱའོ། །བརྟན་པ་དང་ལྡན་པ་ཞེས་བྱའོ། །སྤྱོད་པ་དང་ལྡན་པ་ཞེས་བྱའོ། །སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པ་དང་ལྡན་པ་ཞེས་བྱའོ། །ཉོན་མོངས་པ་མེད་པ་ཞེས་བྱའོ། །ཅིའང་མེད་པ་ཞེས་བྱའོ། །དགྲ་བཅོམ་པ་ཞེས་བྱའོ། །ཟག་པ་ཟད་པ་ཞེས་བྱའོ། །ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་
41b
བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོང་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པའི་དགེ་སྦྱོང་ཞེས་བྱའོ། །བྲམ་ཟེ་ཞེས་བྱའོ། །ཁྲུས་བྱས་པ་ཞེས་བྱའོ། །ཕ་རོལ་ཏུ་སོང་བ་ཞེས་བྱའོ། །རིག་པར་བྱེད་པ་ཞེས་བྱའོ། །གཙང་སྦྲ་ཅན་ཞེས་བྱའོ། །སངས་རྒྱས་ཀྱི་སྲས་ཞེས་བྱའོ། །ཤཱཀྱའི་སྲས་ཞེས་བྱའོ། །ཚེར་མ་དཀྲུགས་པ་ཞེས་བྱའོ། །ཁྲིམས་མ་དྲལ་བ་ཞེས་བྱའོ། །འོབས་དྲལ་བ་ཞེས་བྱའོ།། འོབས་ལས་བརྒལ་བ་ཞེས་བྱའོ། །ཟུག་རྡུ་ཕྱུང་བ་ཞེས་བྱའོ། །ནད་མེད་པ་ཞེས་བྱའོ། །དགེ་སློང་ཞེས་བྱའོ། །ཀུན་ནས་དཀྲིས་པ་མེད་པ་ཞེས་བྱའོ། །སྐྱེས་བུ་ཞེས་བྱའོ། །སྐྱེས་བུ་དམ་པ་ཞེས་བྱའོ། །སྐྱེས་བུ་མཆོག་ཅེས་བྱའོ། །སྐྱེས་བུ་ཆེན་པོ་ཞེས་བྱའོ། །སྐྱེས་བུ་སེང་གེ་ཞེས་བྱའོ། །སྐྱེས་བུ་གླང་པོ་ཆེ་ཞེས་བྱའོ། །སྐྱེས་བུ་ཅང་ཤེས་པ་ཞེས་བྱའོ། །སྐྱེས་བུ་ལྕིད་ཁྱེར་བ་ཞེས་བྱའོ། །སྐྱེས་བུ་དཔའ་པོ་ཞེས་བྱའོ། །སྐྱེས་བུ་རྩལ་པོ་ཆེ་ཞེས་བྱའོ། །སྐྱེས་བུ་མེ་ཏོག་ཅེས་བྱའོ། །སྐྱེས་བུ་པདྨ་ཞེས་བྱའོ། །སྐྱེས་བུ་པདྨ་དཀར་པོ་ཞེས་བྱའོ། །སྐྱེས་བུ་འདུལ་བ་ཞེས་བྱའོ། །སྐྱེས་བུ་ཟླ་བ་ཞེས་བྱའོ། །སྐྱེས་བུ་ཕལ་པ་མ་ཡིན་པ་ཞེས་བྱའོ། །མི་གོས་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཟབ་མོ་བཟོད་པ་ལ་འཇུག་པའི་ཆོས་ཀྱི་རྣམ་གྲངས་
42a
༄#། །འདི་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ནམ་ཞིག་འཇིག་རྟེན་ཁམས་འདི་འབྱུང་བ་དང ། །འཇིག་རྟེན་ཐམས་ཅད་ནམ་མཁར་གྱུར་པའི་ཚེ། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །འཇིག་རྟེན་འདི་ན་ཇི་སྙེད་ཅི་ཡོང་པ། །ཆུ་ཡི་ཕུང་པོ་འདི་ནི་འོག་ཏུ་འགྲོ་།འོག་ཏུ་ཅི་འདྲར་སྟེང་དུའང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལས། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང ། །ཐོག་མ་ག་ལས་བྱུང་བར་ཤེས་པར་བྱ། །དེ་བཞིན་ཆོས་རྣམས་ཐམས་ཅད་ཤེས་པར་གྱིས། །དེ་བཞིན་གཤེགས་པ་མྱ་ངན་འདས་པ་དག་།ཇི་ལྟར་ཡིད་ལ་བྱས་བཞིན་གཟུགས་བརྙན་སྣང། །སྔོན་མཐའ་ཇི་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་དབུ་བ་མང་པོ་རྡོས་པ་དག་།ཆུ་བོས་ཁྱེར་བ་སྐྱེས་བུས་ངེས་མཐོང་སྟེ། །དེ་ལ་བརྟགས་ན་སྙིང་པོ་ཡོང་མི་སྣང ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆར་པའི་ཐིགས་ཆེན་བབ་པ་ན། །ཆུ་ཡི་ཆུ་བུར་དག་ནི་ཐ་དད་འབྱུང ། ། བྱུང་ནས་ཞིག་སྟེ་ཆུ་ཡི་ཆུ་བུར་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྤྲིང་ཡིག་གྲོང་གཞན་བསྐུར་པ་ལས། །དགེ་དང་མི་དགེའི་བྱ་བ་སོ་སོར་འབྱུང་།།
42b
སྒྲ་ལས་སྤྲིང་ཡིག་ཏུ་ཡང་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་མི་དག་ཆང་གིས་མྱོས་ནས་ནི། །ས་འདི་ཀུན་ཏུ་འཁོར་སྙམ་བྱེད་མོད་ཀྱི། །ས་འདི་འགུལ་ཞིང་གཡོས་པའང་མེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །མེ་ལོང་ངོས་དང་འབྲུ་མར་སྣོད་རྣམས་ལ། །བུད་མེད་ཁ་བཞིན་རྒྱན་པས་བལྟས་པ་ན། །བྱིས་པ་དེ་ནི་དེ་ལ་ཆགས་བསྐྱེད་ནས། །འདོད་པ་འཚོལ་བའི་ཕྱིར་ཡང་ཤིན་ཏུ་རྒྱུག་།བཞིན་ནི་དེར་ཡང་འཕོས་པ་མ་ཡིན་ཏེ། །གཟུགས་བརྙན་ལ་ནི་ནམ་ཡང་བཞིན་མི་རྙེད། །རྨོངས་པ་དེ་དག་འདོད་ཆགས་སྐྱེས་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་དང ། །སྒྱུ་མ་ཇི་བཞིན་རྨི་ལམ་ཇི་ལྟ་བུར། །མཚན་མ་སྒོམ་པ་ངོ་བོ་ཉིད་ཀྱིས་སྟོང ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ནམ་མཁའ་དང་བར་ཟླ་ཤར་བ། །དེ་ཡི་གཟུགས་བརྙན་དང་བའི་མཚོར་སྣང་སྟེ། །ཟླ་བ་ཆུ་ཡི་ནང་དུ་འཕོས་པ་མེད། །ཆོས་ཀུན་མཚན་ཉིད་དེ་འདྲར་ཤེས་པར་གྱིས། །ཇི་ལྟར་མི་དག་ནགས་རིའི་ཁྲོད་འདུག་ནས། །གླུ་ལེན་སྨྲ་དང་རྒོད་དང་དུ་བ་ལས། །བྲག་ཅ་ཐོས་ཀྱང་སྣང་བ་མེད་པ་ལྟར་ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །གླུ་དང་རོལ་མོ་དེ་བཞིན་དུ་བ་ཡང ། །དེ་ལ་བརྟེན་ནས་བྲག་ཅ་འབྱུང་མོད་ཀྱི། །སྒྲ་ལ་དབྱངས་དེ་ནམ་ཡང་ཡོད་མ་ཡིན། །ཆོས་རྣམས་
43a
༄#། །ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་རྨི་ལམ་ན་ཡང་འདོད་བསྟེན་པ། །སྐྱེས་བུ་སད་པར་གྱུར་ནས་མི་མཐོང་སྟེ། །བྱིས་པ་ཤིན་ཏུ་འདོད་ལ་ཆགས་ཤིང་ཞེ་ན། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོའི་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་ལྟར་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ནས། །བྱུང་ནས་དགའ་ཞིང་ཤི་ནས་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག་།དང་ཞིང་རྙོག་པ་མེད་པའི་ཆུ་ནང་སྣང ། །ཆུ་ཟླ་སྟོང་པ་གསོག་སྟེ་གཟུང་དུ་མེད། ། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་ན། །སྐྱེས་བུ་སྐོམ་པས་གདུངས་ཤིང་འགྲོ་བ་ཡིས། །སྨིག་རྒྱུ་དག་ལ་ཆུ་ཡི་ཕུང་པོར་མཐོང་།། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྨིག་རྒྱུ་ལ་ཡང་ཆུ་ནི་ཡོང་མེད་ན། །སེམས་ཅན་རྨོངས་པ་དེ་ལ་འཐུང་འདོད་དེ། །མི་བདེན་ཆུ་ནི་འཐུང་བར་ཡོང་མི་ནུས། ། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་ལ། །སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤགས་ཀྱང ། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་
43b
མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་སེམས་ཀྱང་ཚད་མ་མིན། །དབང་པོ་འདི་དག་གལ་ཏེ་ཚད་ཡིན་ན། ། འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །འདི་ལྟར་དབང་པོ་འདི་དག་ཚད་མིན་ཞིང ། །ངོ་བོ་ཉིད་ཀྱིས་བེམས་པོ་ལུང་མ་བསྟན། །དེ་ཕྱིར་མྱ་ངན་འདའ་བའི་ལམ་འདོད་པ། །དེས་ནི་འཕགས་པའི་ལམ་གྱིས་བྱ་བ་བྱོས། །ལུས་ལ་སྔོན་གྱི་ཐ་མ་རབ་བརྟགས་ན། །དེ་ལ་ལུས་མེད་ལུས་སུ་འདུ་ཤེས་མེད། །གང་ལ་ལུས་མེད་ལུས་སུ་ཤེས་མེད་པ། །དེ་ནི་འདུས་མ་བྱས་ཀྱི་རིགས་ཞེས་བྱ། །མྱ་ངན་འདས་པའི་ཆོས་ལ་ཆོས་མེད་དེ། །གང་ཕྱིར་འདི་མེད་ནམ་ཡང་ཡོད་མི་འགྱུར། །རྟོག་ཅན་དག་གི་ཡོད་དང་མེད་ཅེས་བྱ། །དེ་ལྟར་སྤྱོད་པ་སྡུག་བསྔལ་ཞི་མི་འགྱུར། །ཡོད་དང་མེད་ཅེས་བྱ་བ་གཉི་ག་མཐའ། །གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ཏེ། །དེ་ཕྱིར་གཉིས་ཀའི་མཐའ་ནི་རྣམ་སྤངས་ནས། །མཁས་པ་དབུས་ལའང་གནས་པར་ཡོང་མི་བྱེད། །ཡོད་དང་མེད་ཅེས་བྱ་བ་རྩོད་པ་སྟེ། །གཙང་དང་མི་གཙང་འདི་ཡང་རྩོད་པ་ཡིན། །རྩོད་པར་གྱུར་པ་སྡུག་བསྔལ་ཞི་མི་འགྱུར། །རྩོད་པ་མེད་པར་གྱུར་པ་སྡུག་བསྔལ་འགག་།དྲན་པ་ཉེ་བར་གཞག་པའི་གཏམ་བྱས་ཏེ། །བྱིས་པ་བདག་ཉིད་ལུས་ལ་མངོན་སུམ་སྙེམས། །ལུས་ལ་མངོན་སུམ་གྱུར་པ་རློམ་སེམས་མེད། །དེ་ནི་རློམ་སེམས་མང་པོ་ཐམས་
44a
༄#། །ཅད་སྤངས། །བསམ་གཏན་བཞི་དག་གི་ཡང་གཏམ་བྱས་ནས། །བྱིས་པ་བདག་ཉིད་བསམ་གཏན་སྤྱོད་ཡུལ་སྨྲ། །བསམ་གཏན་ཉོན་མོངས་མེད་ཅིང་རློམ་སེམས་མེད། །ཤེས་པས་རྟོགས་ནས་དྲེགས་པ་རབ་ཏུ་སྤོངས། །བདེན་པ་བཞི་ཡི་གཏམ་རྣམས་བྱས་ནས་ཀྱང ། །བྱིས་པ་བདག་ཉིད་བདེན་པ་མཐོང་ཞེས་ཟེར། །བདེན་པ་མཐོང་ལ་རློམ་སེམས་གང་ཡང་མེད། །རློམ་སེམས་མེད་པ་བདེན་པ་རྒྱལ་བས་གསུངས། །ཚུལ་ཁྲིམས་སྲུང་ཞིང་དེ་ཡིས་སྙེམས་མི་བྱ། །ཆོས་རྣམས་མཉན་ཞིང་དེས་ནི་མི་སྙེམས་ཏེ། ། གང་དག་ཤེས་རབ་ཆུང་ངུ་དེ་སྙེམས་པ། །རྩ་བ་དེ་ལས་དེ་ཡི་སྡུག་བསྔལ་འཕེལ། །འཇིག་རྟེན་འདྲེན་པ་ཐམས་ཅད་མཁྱེན་པ་ཡིས། །དྲེགས་པ་སྡུག་བསྔལ་རྩ་བ་ཡིན་པར་བསྟན། །རྒྱགས་པས་དྲེགས་པ་སྡུག་བསྔལ་རབ་ཏུ་འཕེལ། །རློམ་སེམས་མེད་པ་སྡུག་བསྔལ་འགག་པར་འགྱུར། །ཇི་སྙེད་ཆོས་མང་ཡོངས་སུ་ཆུབ་བྱས་ནས། །ཐོས་པས་རྒྱགས་ཤིང་ཚུལ་ཁྲིམས་མི་སྲུང་ན། །ཚུལ་ཁྲིམས་འཆལ་པས་ངན་འགྲོར་དེ་འགྲོ་ལ། །ཐོས་པ་མང་པོས་དེ་ལ་སྐྱོབ་མི་ནུས། །གལ་ཏེ་ཚུལ་ཁྲིམས་གྲགས་པས་དེ་རྒྱགས་ཤིང ། །མང་དུ་ཐོས་ལ་བརྩོན་པར་མི་བྱེད་ན། །ཚུལ་ཁྲིམས་འབྲས་བུ་མ་ལུས་ཟད་ནས་ནི། །ཕྱིར་ཡང་སྡུག་བསྔལ་རབ་ཏུ་མྱོང་བར་འགྱུར། །འཇིག་རྟེན་དག་ན་ཏིང་འཛིན་སྒོམ་བྱེད་ཀྱང ། །དེ་
44b
ནི་བདག་ཏུ་འདུ་ཤེས་གཞིག་མི་བྱེད། །དེ་ཡི་ཉོན་མོངས་ཕྱིར་ཡང་རབ་ཏུ་ལྡང ། །ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་འདིར་བསྒོམས་བཞིན། །གལ་ཏེ་བདག་མེད་ཆོས་ལ་རབ་རྟོག་ཅིང ། །དེ་དག་བརྟགས་ནས་གལ་ཏེ་སྒོམ་བྱེད་ན། །འབྲས་བུ་མྱ་ངན་འདས་ཐོབ་རྒྱུ་དེ་ཡིན། །རྒྱུ་གཞན་དེ་དག་ཞི་བར་འགྱུར་མི་སྲིད། །མི་ཞིག་ཆོམ་རྐུན་མང་པོས་རབ་གཙེས་ནས། །འཚོ་བར་འདོད་པས་བྲོས་ཤིང་འགྲོར་བརྩལ་ན། །དེ་ཡི་རྐང་པ་འགྲོ་ཞིང་རྒྱུག་མ་ཉུས། །ཆོས་རྐུན་དག་གིས་དེ་བཟུང་བཅོམ་པ་ལྟར། །དེ་བཞིན་ཚུལ་ཁྲིམས་ཉམས་པ་རྨོངས་པའི་མི། །འདུས་བྱས་དག་ལས་འབྲོས་པར་འདོད་མོད་ཀྱི། །ཚུལ་ཁྲིམས་ཉམས་པས་དེ་ཡང་འབྲོས་མི་ནུས། །ན་རྒ་འཆི་བ་དག་གིས་ཤིན་ཏུ་བཅོམ། །ཇི་ལྟར་མི་རྒོད་སྟོང་ཕྲག་མང་པོ་དག། རྣམ་པ་དུ་མའི་སྒོ་ནས་སྡིགས་བྱེད་པའོ། །དེ་བཞིན་ཉོན་མོངས་སྒོ་རྣམས་དུ་མ་ནས། །མི་རྒོད་བཞིན་དུ་དགེ་བའི་ཕྱོགས་རྣམས་འཇོམས། །གང་གིས་ཕུང་པོ་བདག་མེད་རབ་བརྟགས་ཏེ། །སྤྱོས་ཤིང་བརྒྱད་ཀྱང་ཞུམ་པར་མི་འགྱུར་བ། །ཉོན་མོངས་བདུད་ཀྱི་དབང་དུ་དེ་མི་འགྲོ། སྟོང་པ་ཤེས་པ་དེ་ལ་འཁྲུག་པ་མེད། །འགྲོ་མང་ཕུང་པོ་སྟོང་པར་སྟོན་མོད་ཀྱི། །ཇི་ལྟར་བདག་མེད་དེ་དག་མི་ཤེས་ཏེ། །མི་ཤེས་དེ་དག་གཞན་གྱིས་བརྒལ་ན་ཡང ། །ཁྲོ་བའི་ཟིལ་གྱིས་ནོན་ཅིང་ཚིག་རྩུབ་སྨྲ། །མི་དག་ན་ཞིང་ལུས་ནི་སྡུག་བསྔལ་ཏེ། །ལོ་གྲངས་
45a
༄#། །མང་པོར་རེས་འགའ་མ་ཐར་བ། །དེ་ནི་ཡུན་རིང་ནད་ཀྱིས་ཉོན་མོངས་པས། །ནད་རྣམས་གསོ་བའི་ཕྱིར་ཡང་སྨན་པ་བཙལ། །ཡང་དང་ཡང་ནི་དེ་ཡིས་བཙལ་བ་དང ། །སྨན་པ་མཁས་ཤིང་རིག་པ་དེས་རྙེད་དེ། །དེས་ཀྱང་སྙིང་རྗེ་ཆེ་བར་བཞག་ནས་ནི། །སྨན་འདི་བཏང་བར་གྱིས་ཤིག་སྨྲས་པ་དང ། །སྨན་མང་བཟང་ཞིང་ཕངས་པ་དེས་བླངས་ནས། །ན་བ་འཚོ་བར་འགྱུར་བའི་སྨན་མི་འཐུང ། །སྨན་པས་མ་ལན་སྨན་གྱིས་མ་ཉེས་ཏེ། །ནད་པ་དེ་ཉིད་ཀྱིས་ནི་ཉེས་པ་ཡིན། །དེ་བཞིན་བསྟན་པ་འདི་ལ་རབ་བྱུང་སྟེ། །སྟོབས་དང་བསམ་གཏན་དབང་པོ་ཀུན་རིག་ནས། །སྒོམ་པ་ལ་ནི་མངོན་པར་བརྩོན་མི་བྱེད། །རིགས་པར་མི་བརྩོན་ག་ལ་མྱ་ངན་འདའ། །རྟག་ཏུ་ཆོས་ཀུན་རང་བཞིན་སྟོང་པ་སྟེ། །རྒྱལ་བའི་སྲས་རྣམས་དངོས་པོ་རྣམ་པར་འཇིག་།སྲིད་པ་ཐམས་ཅད་ཡོང་ཡེ་སྟོང་པ་སྟེ། །ཉི་ཚེའི་སྟོང་པ་མུ་སྟེགས་ཅན་དག་གི་།མཁས་པ་བྱིས་པ་དག་དང་རྩོད་མི་བྱེད། །བྱིས་པ་དག་ནི་རི་མོར་བྱས་ནས་སྤོངས། །ཞེ་སྡང་སེམས་ཀྱིས་བདག་གི་དྲུང་འོང་ཞེས། །བྱིས་པའི་ཆོས་ལ་བརྟེན་པར་ཡོང་མི་བྱེད། །བྱིས་པ་དག་གི་རང་བཞིན་རྒྱུད་རིག་ནས། །མཁས་པ་བྱིས་པ་དག་དང་མི་འགྲོགས་ཏེ། །ཇི་སྲིད་དུ་ནི་བྱིས་པ་ལེགས་བསྙེན་ཀྱང ། །དེ་དག་ཕྱིར་ཡང་དགྲ་དང་འདྲ་བར་འགྱུར། །མཁས་པ་བྱིས་པ་དག་ལ་
45b
ཡིད་མི་རྟོན། །མཁས་དང་བྱིས་པའི་རང་བཞིན་ཆོས་ཉིད་ནི། །བྱིས་པའི་རང་བཞིན་ངང་ཚུལ་ཐ་དད་དེ། །སོ་སོའི་སྐྱེ་བོ་ལ་ནི་མཛའ་བ་མེད། །ཆོས་དང་ལྡན་པའི་ཚིག་ཏུ་སྨྲས་ན་ཡང ། །ཡིད་མི་ཆེས་དང་ཞེ་སྡང་ཁྲོ་བ་དག་།མངོན་པར་སྟོན་པ་འདི་ནི་བྱིས་པའི་ཆོས། །དོན་འདི་རྣམ་པར་རིག་པས་ཡིད་མི་རྟོན། །བྱིས་པ་དང་ནི་བྱིས་པར་མཐུན་འབྱོར་པ། །ཇི་ལྟར་མི་གཙང་བ་དང་མི་གཙང་བཞིན། །མཁས་པ་དག་ནི་མཁས་པའི་སྐྱེ་བོ་དང ། །མཐུན་ཞིང་འབྱོར་པ་མར་དང་ཉིང་ཁུ་བཞིན། །འཁོར་བའི་ཉེས་ལ་སོ་སོར་མ་བརྟགས་ཏེ། །ལས་ཀྱི་རྣམ་པར་སྨིན་ལ་མི་འཇུག་ཅིང། །སངས་རྒྱས་རྣམས་ཀྱི་ཚིག་ལ་མ་དད་པས། །བྱིས་པ་དེ་དག་བཅད་ཅིང་གཏུབ་པར་འགྱུར། །མི་ཐོབ་རབ་ཏུ་རྙེད་དཀའ་ཐོབ་ནས་ནི། །བཟོ་ཡི་གནས་དག་ལ་ནི་མཁས་མ་གྱུར། །དབུལ་པོར་གྱུར་ཅིང་ནོར་ཡང་ཡོང་མེད་དེ། །དེ་ནས་འཚོ་བ་མེད་པས་རབ་ཏུ་འབྱུང ། །སངས་རྒྱས་བསྟན་འདིར་དེ་དག་རབ་བྱུང་ནས། །ལྷུང་བཟེད་ཆོས་གོས་དག་ལ་ཆགས་པར་འགྱུར། །དེ་དག་སྡིག་པའི་གྲོགས་པོས་ཡོངས་ཟིན་པས། །བདེ་བར་གཤེགས་པའི་བསླབ་པ་མི་སྤྱོད་དེ། །དེ་དག་བདག་གི་ཚུལ་ཁྲིམས་མ་མཐོང་བས། །བྱིས་པ་དག་ནི་སེམས་གནས་མི་རྙེད་ཅིང ། །ཉིན་མཚན་རྣལ་འབྱོར་ལ་ཡང་མི་བརྩོན་པས། །དེ་དག་སྡིག་པའི་ལམ་ལ་སྨོད་མི་བྱེད། །ལུས་དང་སེམས་ནི་ཤིན་ཏུ་མི་སྡོམ་པ། །དེ་ནི་ཚིག་ཏུ་མི་སྨྲ་ཅི་ཡང་མེད། །སུ་ཡིས་ཉེས་པ་ཅི་བྱས་
46a
༄#། །བརྒལ་ལོ་ཞེས། །རྟག་ཏུ་གཞན་གྱི་ཉེས་པ་འཚོལ་ཞིང་རྟོག་།བྱིས་པ་དག་ནི་ཟས་ལ་ཆགས་གྱུར་ནས། །ཟས་ལ་ཚོད་རིག་པར་ནི་མི་བྱེད་དེ། །སངས་རྒྱས་བསོད་ནམས་ཀྱིས་ནི་ཟས་རྙེད་ཀྱང ། །དེ་ལ་བྱིས་པ་བྱས་པ་གཟོ་མི་འགྱུར། །དེ་དག་ཁ་ཟས་རོ་ཞིམ་བསོད་པ་དག་།རྙེད་ནས་རྣལ་འབྱོར་མི་བརྩོན་ཟ་ཞིང་འཐུང ། །དེ་དག་ལ་ནི་ཟས་དེ་གདུག་པར་འགྱུར། །བལ་གླང་ཕྲུ་གུས་རྩ་བ་མ་བཀྲུས་བཞིན། །མཁས་ཤིང་རྟོགས་པ་བློ་གྲོས་ལྡན་པ་ནི། །ཁ་ཟས་བཟང་པོ་གཙང་མ་ཟ་མོད་ཀྱི། །དེ་དག་ལ་ནི་ཆགས་པར་མི་འགྱུར་ཏེ། །མ་ཆགས་བཞིན་དུ་ཟ་ཞིང་རྣལ་འབྱོར་བརྩོན། །མཁས་ཤིང་རྟོགས་པ་བློ་གྲོས་ལྡན་པ་དག་།བྱིས་པ་གང་ནས་ལེགས་པར་འོངས་ཞེས་སྨྲ། །དེ་བཞིན་སྙན་པའི་ཚིག་གིས་ཉེར་བསྡུས་ནས། །དེ་དག་ལ་ནི་སྙིང་རྗེ་ཉེ་བར་འཇོག་།བྱིས་པ་ལ་ནི་གང་ཕན་སྙིང་བརྩེ་བ། །དེ་ལ་གནོད་པ་བྱུང་ན་བྱིས་པ་དགའ། །དེ་ལྟའི་ཉེས་ཕྱིར་བྱིས་པ་རྣམ་སྤངས་ཏེ། །རི་དྭགས་བཞིན་དུ་གཅིག་པུ་དགོན་པར་གནས། །མཁས་པས་འདི་འདྲའི་ཉེས་པ་རིག་ནས་ནི། །ཤེས་རབ་དམན་བསྟེན་བདག་ནི་མཐོ་རིས་ཉམས། །བྱང་ཆུབ་ཐོབ་པར་ག་ལ་འགྱུར་སྙམ་སྟེ། །བྱིས་པ་རྣམས་དང་ནམ་ཡང་ཡོང་མི་བསྟེན། །བྱམས་པ་ལ་ནི་མཁས་པ་གནས་པར་འགྱུར། །སྙིང་རྗེ་དག་ལ་གནས་ཤིང་དགའ་སྤྱོད་དང ། །སྲིད་པ་ཀུན་ལ་རྟག་
46b
ཏུ་བཏང་སྙོམས་པ། །ཏིང་ངེ་འཛིན་བསྒོམས་བྱང་ཆུབ་རེག་པར་འགྱུར། །མྱ་ངན་མེད་ཞི་བྱང་ཆུབ་ངེས་རྟོགས་ཤིང ། །སེམས་ཅན་ན་རྒས་གཟིར་བར་རིག་ནས་ནི། །དེ་ལ་སྙིང་རྗེ་རབ་ཏུ་ཉེར་བཞག་སྟེ། །དོན་དམ་ལྡན་པའི་གཏམ་རྣམས་སྟོན་པར་བྱེད། །རྒྱལ་བའི་ཆོས་ཉིད་བརྗོད་དུ་མེད་པ་དང ། །བདེ་བར་གཤེགས་པའི་བདེན་པ་སུས་ཤེས་པ། །དེ་དག་འདི་ལྟ་བུ་ཡི་ཆོས་ཐོས་ནས། །འཕགས་པ་ཟང་ཟིང་མེད་པའི་བཟོད་པ་ཐོབ། །ཆོས་ཟབ་མོ་ལ་བཟོད་པའི་ལེའུ་སྟེ། དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་ནན་ཏན་སྙིང་པོར་བྱའོ་ཞེས་གཞོན་ནུ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནན་ཏན་སྙིང་པོར་བྱེད་པ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྙེད་པར་དཀའ་བ་མ་ཡིན་ན་ཏིང་ངེ་འཛིན་འདི་ལྟ་ཅི་སྨོས། དེ་ནས་ཟླ་འོད་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ལྟར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་གདམས་པ་དང ། རྗེས་སུ་
47a
༄#། །བསྟན་པ་འདི་ལེགས་པར་བསྟན་ཅིང་ལེགས་པར་བཀོད་པ་དང ། བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་བསྟན་ཏེ། ལེགས་པར་བཤད་པ་དང ། ལེགས་པར་བཀོད་པ་བཅོམ་ལྡན་འདས་ངོ་མཚར་ཏོ། །བཅོམ་ལྡན་འདས། འདི་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སའང་མ་ལགས་ན་མུ་སྟེགས་ཅན་གཞན་གྱི་ལྟ་ཅི་སྨོས། བཅོམ་ལྡན་འདས། བདག་ཀྱང་ནན་ཏན་སྙིང་པོར་བགྱིས་ཏེ་ལུས་དང་སྲོག་ལའང་མི་ལྟ་བར་བགྱིས་ལ་དེ་བཞིན་གཤེགས་པའི་རྗེས་སུ་སློབ་བོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། བདག་ནི་དེ་བཞིན་གཤེགས་པའི་རྗེས་སུ་སློབ་པར་འཚལ་ལོ། །བཅོམ་ལྡན་འདས། བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་ལོ། །བཅོམ་ལྡན་འདས། བདག་ནི་བདུད་སྡིག་ཅན་ཤིན་ཏུ་གཞིག་པར་འཚལ་ལོ། །བཅོམ་ལྡན་འདས། བདག་ནི་སེམས་ཅན་ཐམས་ཅད་འཇིགས་པ་ཐམས་ཅད་དང་སྡུག་བསྔལ་ཐམས་ཅད་ལས་བསྒྲལ་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པ་བདག་གི་སྤྱི་བོ་ལ་བཞག་པར་གསོལ། དེ་ལ་འདི་སྐད་ཅེས་བྱ་སྟེ། ནམ་མཁའ་འདྲ་ཞིང་རྡུལ་བྲལ་གཟུགས་བཟང་འཆང ། །ཤེས་རབ་སྲས་པོ་ལུས་དང་མཚན་མི་མངའ། །ཡོན་ཏན་རྒྱ་མཚོ་རབ་ཟབ་
47b
ཐུགས་རྗེ་ཅན། །མཚུངས་མེད་ཕྱག་ནི་བདག་གི་སྤྱི་བོར་ཞོག་།དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པ་དགེ་བའི་རྩ་བ་དུ་མ་ལས་བྱུང་བ། མཚན་སྣ་ཚོགས་ཀྱིས་ཤིན་ཏུ་བརྒྱན་པ། ལྷའི་གསེར་གྱི་ཁ་དོག་ལྟ་བུ་ཟླ་འོད་གཞོན་ནུར་གྱུར་པའི་སྤྱི་བོར་བཞག་གོ་།བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པའི་སྤྱི་བོར་ཕྱག་གཡས་པ་བཞག་མ་ཐག་ཏུ་སྐད་ཅིག་དེ་ཉིད་ལ་ཟླ་འོད་གཞོན་ནུར་གྱུར་པ་ལ་དཔའ་བར་འགྲོ་བ་དང ། ནམ་མཁའ་མཛོད་དང ། རྡོ་རྗེ་ལྟ་བུ་དང ། ཡིད་ལྟར་མགྱོགས་པ་དང ། གཟུགས་ཐམས་ཅད་སྟོན་པ་དང ། སྒྲིབ་པ་མེད་པའི་མཐའ་དང ། དེ་བཞིན་གཤེགས་པ་ཐམས་ཅད་སྟོན་པ་དང ། སྟོང་པ་ཉིད་ཐམས་ཅད་ཀྱི་དབང་བསྐུར་བ་ཐོབ་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་ཏིང་ངེ་འཛིན་གྱི་སྒོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་མངོན་དུ་གྱུར་ཏོ། །གཟུངས་དང་རྣམ་པར་ཐར་པའི་སྒོ་དུ་མ་མངོན་དུ་གྱུར་ཏོ། །དགའ་བ་དང་བདེ་བ་གང་དེ་འཕགས་པས་བརྗོད་པ། ལྷ་ཡུལ་པ་རྒྱ་ཆེ་ཞིང་དཔེ་མེད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་རིག་པ་རབ་ཏུ་ཐོབ་བོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དྲ་བས་མཛེས་འབྲེལ་བུམ་པ་ལྕགས་ཀྱུའི་མཚན་མངའ་ཞིང ། །དཔལ་བེའུ་འཁོར་ལོ་རྒྱལ་མཚན་བ་དན་ཉ་རིས་མངའ། །བསྐལ་པ་བྱེ་
48a
༄#། །མང་རིན་ཆེན་གཏོང་ལ་ཞུགས་པའི་ཕྱག་།བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུའི་སྤྱི་བོར་བཞག་།དེ་ནས་ལྷ་ཡུལ་པ་རྒྱ་ཆེ་ཞིང་དཔེ་མེད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་རིག་པའི་དགའ་བ་དང ། བདེ་བ་དང་ལྡན་པར་གྱུར་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ཚུལ་དང་མཐུན་པའི་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་དོ། །བླ་མེད་མི་འཇིགས་སྦྱིན་པ་ཁྱོད་ལ་ཕྱག་འཚལ་ལོ། །གཞན་ཕན་སེམས་ཅན་གཉེན་རྩ་ཁྱོད་ལ་ཕྱག་འཚལ་ལོ། །སྟོབས་བཅུ་བདེན་པའི་རྩལ་མངའ་ཁྱོད་ལ་ཕྱག་འཚལ་ལོ། །བདེ་གཤེགས་མི་མཉམ་མཉམ་པ་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཤིན་ཏུ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །དཔའ་བོ་དགྲ་བཞི་རྣམ་པར་བཏུལ་ལ་ཕྱག་འཚལ་ལོ། །བརྩོན་པ་དམ་པའི་དོན་རྣམས་མཁྱེན་ལ་ཕྱག་འཚལ་ལོ། །ཆོས་ཀྱི་སྐུ་མཆོག་མངའ་བའི་ལྷ་ལ་ཕྱག་འཚལ་ལོ། །སྙིང་རྗེ་བྱམས་འོད་རྒྱལ་བའི་ཉི་མ་མུན་སེལ་བ། །ཤེས་རབ་ཤིན་ཏུ་ཡངས་པའི་ནམ་མཁའི་དཀྱིལ་དུ་ཤར། །དོན་དམ་ཤིན་ཏུ་ཟབ་པའི་ཆོས་རྣམས་སྟོན་མཛད་པ། །ལྷ་ཁྱོད་ལ་
48b
ནི་རྟག་ཏུ་བདག་ཀྱང་སྐྱབས་སུ་མཆི། །དེ་ནས་ཟླ་འོད་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ལ་ཐུགས་བརྩེ་བའི་སླད་དུ་བྱང་ཆུབ་སེམས་དཔའི་དགེ་འདུན་དང་དགེ་སློང་གི་དགེ་འདུན་དང་བཅས་པ་སང་བདག་གི་སྡུམ་པར་བཤོས་གསོལ་བར་ཐུགས་ལ་གནང་བར་མཛད་དུ་གསོལ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བདག་གི་སྡུམ་པར་གཙང་མའི་བཤོས་གསོལ་བར། །མི་དབང་སྲས་དང་བཅས་ལ་གསོལ་བ་འདེབས། །ཐུབ་པའི་དབང་པོ་བདག་ལ་ཐུགས་བརྩེའི་ཕྱིར། །མགོན་པོ་ལྷ་ཡི་གཙོ་བོས་གནང་བར་མཛོད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་ཕྱིར།་བྱང་ཆུབ་སེམས་དཔའི་དགེ་འདུན་དང ། ཉན་ཐོས་ཀྱི་དགེ་འདུན་དང་ཐབས་གཅིག་ཏུ་ཟླ་འོད་གཞོན་ནུར་གྱུར་པའི་ཁྱིམ་དུ་སང་བཤོས་གསོལ་བར་ཅང་མི་གསུང་བར་གྱུར་པས་གནང་ངོ ། །དེ་ནས་ཟླ་འོད་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་པས་གནང་བར་རིག་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ ། །དེ་ནས་ཟླ་འོད་
49a
༄#། །གཞོན་ནུར་གྱུར་པ་བྱ་རྒོད་ཀྱི་ཕུང་པོའི་རི་ལས་བབས་ནས་དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོའི་བར་དུ་དེའི་བར་གྱི་ལམ་ཐམས་ཅད་ལེགས་པར་བརྒྱན་ཏེ། འདི་ལྟར་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་ལམ་ཡངས་ཤིང་ཆེ་ལ། རྩཝ་དང ། སྡོང་དུམ་དང ། ཚེར་མ་དང ། རྡོ་དང ། གྱོ་མོ་དང ། གསེག་མ་མེད་པར་བསལ་ཏེ། བྱེ་མ་གཙང་མས་བདལ་ནས། ཀ་ཙ་ལིནྡི་ཀ་ལྟར་འཇམ་ཞིང་རེག་ན་བདེ་བ། དབྱངས་དགའ་བར་བྱས་ཏེ། ལྷའི་མེ་ཏོག་ཨུཏྤ་ལ་དང ། པདྨ་དང ། ཀུ་མུ་ད་དང ། པདྨ་དཀར་པོ་དང ། དྲི་མཆོག་དང ། ་ཏི་མུཀྟ་ཀ་དང ། མ་ལི་ཀ་དང ། ཙམྤ་ཀ་དང ། སྐྱ་ནར་དང ། ཀུནད་དང ། ཏི་ལ་ཀ་དང ། ཀེ་ས་ར་དང ། མྱ་ངན་འཚང་ལ་སོགས་པ་དུས་ཐམས་ཅད་ཀྱི་མེ་ཏོག་བཟང་པོས་ནི་ཀུན་ཏུ་ཁེབས་པར་བྱས། །གདུགས་དང ། རྒྱལ་མཚན་དང ། བ་དན་དང ། རྣམ་པར་རྒྱལ་བའི་བ་དན་དང ། རིན་པོ་ཆེའི་རྟ་བབས་དང ། བླ་རེ་ནི་བྲེས། རིན་པོ་ཆེའི་བདུག་སྤོས་ཀྱི་སྣོད་སྣ་ཚོགས་ནི་ངོས་ལ་དབྱངས། རིན་པོ་ཆེའི་བདུག་སྤོས་ཀྱི་སྣོད་དེ་དག་ཐམས་ཅད་ནས་ནི་ཨ་ག་རུ་ནག་པོས་གང་བའི་དུ་བ་འཐུལ། ཕྱོགས་ཕྱོགས་སུ་ནི་བྲོ་མཁན་དང ། གར་མཁན་ལྷའི་གླུ་གར་དང ། རོལ་མོ་ཤིན་ཏུ་འབྱོར་ཅིང་ལེགས་པར་བསླབས་པ་རྣམས་བཀོད།
49b
སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་ཤིན་ཏུ་བརྒྱན་པ་དང ། འཁར་རྔ་དང ། ཀུ་ཎ་བ་དང ། པི་ཝང་རྒྱུད་གཅིག་པ་དང ། པི་ཝང་དང ། གླིང་བུ་དང ། རྫ་རྔ་དང ། རྔ་མུ་ཀུཎྜ་དང།་རྫ་རྔ་ཆེན་པོ་ཐོགས་པ་རྣམས་བཀོད། ལམ་གྱི་ངོས་གཉིས་སུ་ཤིང་ཏ་ལ་མཐོན་པོ་ལྷའི་རིན་པོ་ཆེ་སྣ་ཚོགས་དང་ཛམྦུ་ཆུ་བོའི་གསེར་ལས་བྱས་པའི་དྲིལ་བུ་གཡེར་ཀའི་དྲ་བ་བྲེས་ཤིང་སྒྲ་འཁྲོལ་བས་བརྒྱན་པ་རྣམས་དང ། རིན་པོ་ཆེ་སྣ་ཚོགས་ཀྱི་མཁའ་རྟེན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང ། རིན་པོ་ཆེ་སྣ་བདུན་གྱི་ཤིང་སྣ་ཚོགས་ཁྲུན་དང་སྦོམས་སུ་ལྡན་པ་སྣ་ཚོགས་དང ། དུས་ཐམས་ཅད་ཀྱི་ལོ་མ་དང ། མེ་ཏོག་དང ། འབྲས་བུ་ཕུན་སུམ་ཚོགས་པ་དག་བཙུགས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལམ་ནི་སྣ་ཚོགས་ཤིན་ཏུ་ལེགས་པར་བརྒྱན། །བླ་རེས་དང་ནི་གདུགས་དང་བ་དན་སྒྲེང ། །སིལ་སྙན་དག་གི་སྒྲ་དག་རབ་ཏུ་འབྱིན། །གླུ་སྒྲ་ཡིད་དུ་འོང་བའང་དེ་བཞིན་ཏེ། །བུད་མེད་མང་པོ་བྲོ་རྡུང་གར་བྱེད་དང ། ། གོས་བཟང་ཁྲག་ཁྲིག་རྣམ་མང་སྣ་ཚོགས་དང ། །མེ་ཏོག་ཕྲེང་བ་བཟང་ཞིང་མཛེས་པ་ཡིས། །ལམ་མཆོག་ཡངས་པ་དེ་ནི་རབ་ཏུ་བརྒྱན། །གྲོང་མཆོག་གཙང་མ་འདིར་ནི་ཐུགས་རྗེ་ཅན། །སངས་རྒྱས་ཐུབ་པའི་ཟླ་བ་གཤེགས་སོ་ཞེས། །ཟླ་འོད་གཞོན་ནུས་དད་པ་རབ་བསྐྱེད་ནས། །རྒྱ་ཆེ་ཡངས་པའི་ལམ་ནི་ཤིན་ཏུ་བརྒྱན། །ལྷ་རྫས་ཀྱི་ནི་བྱེ་མ་གཙང་མ་
50a
༄#། །བདལ། །རབ་ཏུ་ཡིད་འོང་མེ་ཏོག་མཆོག་རྣམས་བཀྲམ། །རིན་ཆེན་རྟ་བབས་དག་ཀྱང་ལེགས་པར་བཙུགས། །ལམ་ནི་ལྷ་ཡི་གྲོང་ཁྱེར་བཞིན་དུ་མཛེས། །ཟླ་འོད་གཞོན་ནུ་ཤིན་ཏུ་ཡིད་དགའ་བས། །དེ་ལྟར་ལམ་རྣམས་སྣ་ཚོགས་ལེགས་བརྒྱན་ཏེ། །ལྷ་དང་ལྷ་མིན་ཀླུ་ཡིས་དེ་མཐོང་ནས། །ངོ་མཚར་གྱུར་ཅིང་ཨ་ལ་ལ་ཞེས་སྨྲ། །ལམ་གྱི་གཡས་གཡོན་ཛམྦུའི་ཆུ་གསེར་གྱི། །ཏ་ལ་མཐོ་ཞིང་བཟང་ལ་ཟླུམ་པ་དག་།རིན་ཆེན་དྲིལ་བུའི་དྲ་བས་གཡོགས་ཤིང་དཀྲིས། །སྒྲ་འཁྲོལ་རྣམ་པ་དུ་མ་མང་པོ་བཙུགས། །དེ་བཞིན་རིན་ཆེན་སྡོང་པོ་ཁྲག་ཁྲིག་ནི། །དུས་ཀུན་གྱི་ཡང་མེ་ཏོག་རྒྱས་པ་བཙུགས། །དེ་ཡིས་ཡངས་པའི་ལམ་བརྒྱན་མཛེས་གྱུར་པ། །མཐོ་རིས་ན་ནི་དགའ་བའི་ཚལ་བུ་བཞིན། །རིན་པོ་ཆེ་ལས་བྱས་པའི་མཁའ་རྟེན་ནི། །དྲ་བའི་ཆུན་པོ་འོད་འབར་ཤིན་ཏུ་མཛེས། །དཔེ་མེད་མཐོང་ཞིང་ཆེ་ལ་རྒྱས་པ་དག་།ལམ་གྱི་གཡས་གཡོན་འགྲམ་དུ་བཙུགས་ཤིང་བཀོད། ། སངས་རྒྱས་འཇིག་རྟེན་གསུམ་དབང་གང་ནས་ནི། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་གཤེགས་པ་ཡི། །ལམ་ཆེན་དེ་ནི་དེ་དག་རབ་བརྒྱན་པས། །རྣམ་པ་ཐམས་ཅད་དུ་ཡང་མཛེས་པར་གྱུར། །གཡས་གཡོན་སུ་ནི་རིན་ཆེན་པོག་ཕོར་དཔྱངས། །དེ་དག་ཨ་ག་རུ་ཡང་ནག་པོས་བཀང ། །པོག་ཕོར་ཀུན་ནས་དུ་བ་སྤྲིན་བཞིན་འཁྲིགས། །ལྷ་ཡི་དྲི་ཞིམ་རྣམ་པ་སྣ་
50b
ཚོགས་འབྱུང ། །ཇི་སྲིད་གྲོང་ཁྱེར་ཆུ་དྲོན་སྒོ་བར་དང ། །རི་རྒྱལ་བྱ་རྒོད་ཕུང་པོ་ཇི་སྲིད་པར། །ཟླ་འོད་གཞོན་ནུར་གྱུར་པས་རྒྱལ་བའི་ཕྱིར། །ལྷ་རྫས་དཔེ་མེད་ཡངས་པས་བརྒྱན་པ་བྱས། །དེ་ནས་ཟླ་འོད་གཞོན་ནུར་གྱུར་པས་ལམ་དེ་རིན་པོ་ཆེ་བཀོད་པ་རྣམ་པ་སྣ་ཚོགས་དུ་མས་བརྒྱན་པ་བྱས་ནས། །ཟླ་འོད་གཞོན་ནུར་གྱུར་པ་བྱ་རྒོད་ཀྱི་ཕུང་པོའི་རི་ལས་བབས་ཏེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་གང་ན་བ་དང ། རང་གི་ལྷའི་ཁྱིམ་མཐོ་ཞིང་ཆེ་ལ་ཡངས་པ་གང་ན་ཡོད་པ་དེར་སོང་སྟེ་ཕྱིན་ནས་རང་གི་ཁྱིམ་དུ་ཞུགས་སོ། །ཞུགས་ནས་བཟའ་བ་དང ། བཅའ་བ་དང ། མྱང་བ་མང་ཞིང་བཟང་བ་གཡོར་བཅུག་སྟེ། ཞལ་ཟས་རོ་སྣ་བརྒྱ་པ་སྦྱར་ནས་དེའི་མཚན་མོ་འདས་པ་དང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ཆག་ཆག་ལེགས་པར་བཏབ། བྱི་དོར་ལེགས་པར་བྱས་ནས་མེ་ཏོག་སིལ་མ་ནི་བཀྲམ། བདུག་སྤོས་ཀྱིས་ནི་བདུགས། བླ་རེ་ནི་བྲེས། དར་གྱི་ལྡ་ལྡི་དང་ཆུན་པོ་ནི་དབྱངས། གདུགས་དང་རྒྱལ་མཚན་དང་བ་དན་ནི་བསྒྲེང་སྟེ། དེ་ལྟར་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་ལམ་སྲང་དང་གྲོང་བར་དུ་བཅས་པ་རྡོ་དང་གྱོ་མོ་དང་གསེག་མ་མེད་པར་བྱས། མེ་ཏོག་སྣ་ཚོགས་ནི་བཀྲམ། ཙནྡན་གྱི་ཕྱེ་མས་ནི་གཏོར། སྐར་ཁུང་དང ། རྟ་བབས་དང ། སྒོ་ཁང་དང ། པ་གམ་དང ། སྐར་ཁུང་དྲ་བ་རིས་དང ། ཟླ་བ་ཁམ་པ་ལྟ་བུས་ནི་བརྒྱན་ཅིང་ཙནྡན་གྱིས་བྱུག་པ་བྱས་ཏེ། དེ་ལྟར་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་
51a
༄#། །ཆེན་པོ་དཔག་ཏུ་མེད་པའི་བཀོད་པས་རབ་ཏུ་བརྒྱན་ནས། རང་གི་ཁྱིམ་ཡང་རྒྱན་སྣ་ཚོགས་པ་རྣམ་པ་དུ་མས་བརྒྱན་ཏེ། རིན་པོ་ཆེའི་ཕྲེང་བ་རྣམ་པ་དུ་མ་ནི་རབ་ཏུ་དབྱངས། དགའ་ལྡན་གྱི་རིས་ཀྱི་ལྷའི་གོས་ཀྱིས་ནི་བརྒྱན་ཅིང་ཉེ་འཁོར་ཡང་མཛེས་པར་བྱས། ཕྲེང་བ་དང་ལྡ་ལྡི་རྣམ་པ་ཐ་དད་པ་དུ་མས་ནི་བརྒྱན་པ་བྱེད་དུ་བཅུག། རིན་པོ་ཆེའི་སྟན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ནི་འདིང་དུ་བཅུག་སྟེ། བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་དེའི་དབུས་སུ་བཅོམ་ལྡན་འདས་ཀྱི་ལྷ་རྫས་ཀྱི་སེང་གེའི་ཁྲི་ལྷའི་དང་མིའི་ལས་འདས་པ་བཤམས་སོ། །རིན་པོ་ཆེའི་སྣ་ཚོགས་ཀྱི་བོག་ཕོར་ནི་ཕྱོགས་བཞིར་དབྱངས་ཏེ། དེ་དག་ནས་ཨ་ག་རུ་འབའ་ཞིག་གི་དུ་བ་འཐུལ་བར་བྱས་སོ། །ཟླ་འོད་གཞོན་ནུར་གྱུར་པས་ཁྱིམ་མཆོག་དེའང་འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱིས་ཡོངས་སུ་ལོངས་སྤྱད་པའི་ཕྱིར་ལྷའི་གླུ་གར་དང་སིལ་སྙན་ནི་བསྒྲགས། གདུགས་དང ། རྒྱལ་མཚན་དང།་བ་དན་ནི་སྒྲེང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང་མི་མ་ཡིན་པ་བརྒྱ་སྟོང་གིས་ནི་གང་ཞིང་རྣམ་པར་བལྟས། རིན་པོ་ཆེའི་མེ་ཏོག་སྣ་ཚོགས་རྣམ་པ་དུ་མས་ནི་གང་བར་བྱས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཟླ་འོད་ཀྱིས་ནི་ཁྱིམ་མཆོག་
51b
ཡངས་པ་ཡང ། །རྒྱ་ཆེར་ཐམས་ཅད་ཤིན་ཏུ་བརྒྱན་པར་བྱས། །གང་ལ་འཇིག་རྟེན་སྒྲོན་མ་བཞུགས་པ་ཡི། །ལྷ་རྫས་སེང་གེའི་ཁྲི་ནི་དབུས་སུ་བཙུགས། །འཇིག་རྟེན་སྒྲོན་མཛད་རྒྱལ་པའི་གཙོ་བོ་ཡི། །དགེ་འདུན་དག་ནི་གང་ལ་འདུག་འགྱུར་པ། །རིན་ཆེན་ཤིན་ཏུ་རྣམ་པར་བཀྲ་བའི་སྟན། །བྱེ་བ་སྟོང་ཕྲག་མཐའ་ཡས་ལགས་པར་བཏིང ། །རིན་ཆེན་སྣ་ཚོགས་ཀུན་གྱི་བདུག་སྤོས་སྣོད། ། ག་རུ་ཡིས་ཤིན་ཏུ་གང་བྱས་ཏེ། །ཕྱོགས་རྣམས་ཐམས་ཅད་དུའང་རྣམ་པར་དབྱངས། །དེ་དག་ནས་ནི་ཡིད་འོང་དྲི་རྣམས་འཐུལ། །ཟླ་འོད་ཀྱིས་ནི་སྟོབས་བཅུ་གཤེགས་པའི་ཕྱིར། །རིན་ཆེན་མེ་ཏོག་མཛེས་པ་སྣ་ཚོགས་དང ། །མེ་ཏོག་དྲི་མཆོག་བཟང་པོ་རྣམ་མང་གིས། །ཁྱིམ་གྱི་ས་གཞི་བཟང་པོ་ཀུན་ཏུ་བཀྲམ། །གར་བྱེད་གླུ་ལེན་སིལ་སྙན་སྒྲ་དག་གིས། །ཁྱིམ་མཆོག་ཐམས་ཅད་ཀུན་ཏུ་སྒྲ་ཡིས་གང ། །གདུགས་དང་བ་དན་དག་ཀྱང་ཤིན་ཏུ་སྒྲེང ། །ཁྱིམ་ཀུན་ལམ་མེར་མཛེས་པ་ལྷ་ཡི་བཞིན། །ཟླ་འོད་གཞོན་ནུའི་ཁྱིམ་མཆོག་ཆེན་པོ་ཡང ། །སྐྱེས་བུ་ན་ཆུང་ཚོགས་ཀྱིས་བརྒྱན་གྱུར་ཅིང ། །ཀླུ་དང་གནོད་སྦྱིན་ལྷ་མིན་མང་པོས་གང ། །བརྒྱ་ཕྲག་མང་པོའི་ལྷ་ཡིས་རྣམ་པར་བལྟས། །དེ་ནས་ཟླ་འོད་གཞོན་ནུར་གྱུར་པས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའང་བརྒྱན། བདག་གི་ཁྱིམ་ཡང་ལེགས་པར་བརྒྱན་ནས་དེའི་མཚན་མོ་འདས་པ་དང ། ནང་པར་སྔ་རབས་ཀྱི་དུས་ཀྱི་ཚེ་སིལ་སྙན་སྣ་ཚོགས་
52a
༄#། །བརྒྱ་དག་ནི་རབ་ཏུ་དཀྲོལ། གདུགས་དང ། རྒྱལ་མཚན་དང ། བ་དན་བྱེ་བ་དུ་མ་ནི་སྒྲེང་སྟེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་ཐམས་ཅད་ཀྱང་ལྷའི་མེ་ཏོག་མནྦ་རས་སྙིམ་པ་བཀང་སྟེ། དེ་དག་ལས་ལ་ནི་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟ་སྟེ། སྤྱན་རས་གཟིགས་དབང་ཕྱུག་དང ། མཐུ་ཆེན་ཐོབ་དང ། སྤོས་ཀྱི་གླང་པོ་ཆེ་དང ། རིན་པོ་ཆེའི་ཏོག་དང ། མངོན་པར་འབྱུང་དཀའ་དང ། འཇམ་དཔལ་གཞོན་ནུར་གྱུར་པ་དང ། དཔའ་བོའི་སྡེ་དང ། ལག་བཟང་དང ། རིན་ཆེན་མེ་ཏོག་དང ། མཐོང་བ་དོན་ཡོད་དང ། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། རྟ་དང་བ་ལང་དུ་མ་ཤིན་ཏུ་བརྒྱན་ཅིང་མ་ཞོན་པར་ཁྲིད་པ་མང་པོ་དང་འདྲེས་པ། གཞན་ཡང་ཡུལ་གྱི་མི་དཔག་ཏུ་མེད་པའི་ཚོགས་དང ། བདག་ཉིད་ཀྱང་ལྷའི་མེ་ཏོག་མནད་རས་སྙིམ་པ་བཀང་སྟེ་བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་དང ། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང ། བྱང་ཆུབ་སེམས་དཔའི་ཆོ་འཕྲུལ་ཆེན་པོ་དང ། བྱང་ཆུབ་སེམས་དཔའི་ཨ་ལ་ལ་ཞེས་ལྷའི་ག་ཞའི་སྒྲ་ཡིད་དུ་འཐད་ཅིང ། ཡིད་དུ་འོང་བ། ཡིད་འཕྲོག་པ་དག་སྒྲོག་ཅིང ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་ཆུ་དྲོན་གྱི་སྒོ་ནས་ཕྱིར་བྱུང་སྟེ།
52b
རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ལྷའི་མེ་ཏོག་མནད་ར་བས་སྙིམ་པ་གང་བས་བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། སོ་སོའི་སྙིམ་པ་ན་མེ་ཏོག་མནད་ར་བ་ཡོད་པ་དེས་བཅོམ་ལྡན་འདས་ལ་མངོན་པར་གཏོར་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཟླ་འོད་གཞོན་ནུར་གྱུར་པ་ཕྱོགས་གཅིག་ཏུ་འདུག་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་གདུགས་ཚོད་ལ་བབ་པ ། བཅོམ་ལྡན་འདས། བཤོས་གཙང་སྦྱར་ལགས་ཏེ། ད་དེའི་དུས་ལ་བབ་པར་བཅོམ་ལྡན་འདས་ཀྱིས་མཁྱེན་ན། བྱང་ཆུབ་སེམས་དཔའི་དགེ་འདུན་དང ། དགེ་སློང་གི་དགེ་འདུན་དུ་བཅས་པ་དང ། དབང་ཆེ་བ་དང ། དབང་ཆེ་བར་གྲགས་པ་རྒྱ་ཆེ་ཞིང་རླབས་ཆེ་བའི་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། དྲང་སྲོང་དང ། ནམ་མཁའ་
53a
༄#། །ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། གྲུལ་བུམ་དང ། ཡི་དྭགས་དང ། སྲུལ་པོ་དང ། མི་དང ། མི་མ་ཡིན་པ་དག་དང་ཡང་ཐབས་གཅིག་ཏུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་གཤེགས་ཤིང་བདག་གི་སྡུམ་པར་ཡང་གདུགས་ཚོད་གསོལ་བའི་དུས་ལ་བབ་བོ། །བདེ་བར་གཤེགས་པ། གདུགས་ཚོད་ལ་བབ་བོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བདག་གིས་གྲོང་ཁྱེར་མཆོག་ཀུན་ལེགས་པར་བརྒྱན། །མགོན་པོ་བདག་གི་སྡུམ་པའང་དེ་བཞིན་ཏེ། །ལྷ་ཡི་ཞལ་ཟས་རོ་བརྒྱ་བཤམས་ཤིང་སྦྱར། །གདུགས་ཚོད་བབ་ཀྱི་བདེ་གཤེགས་བཞེངས་སུ་གསོལ། །དྲང་སྲོང་མཆོག་གིས་ཕྱག་བགྱིས་སྟོབས་བཅུ་ཡོན་ཏན་འཆང ། །སྲས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་གྲོང་དུ་གཤེགས། སྣང་བྱེད་ཉི་མ་མུན་པའི་ཚོགས་སེལ་བཞེངས་སུ་གསོལ། །བཅོམ་ལྡན་བདག་གི་སྡུམ་པར་བཤོས་གསོལ་གདུགས་ཚོད་བབ། །སྲས་དང་ཐབས་གཅིག་བདག་གི་སྡུམ་པར་གཤེགས་སུ་གསོལ། །འགྲོ་བ་མང་པོའི་ཚོགས་ཀྱི་དོན་ཀྱང་བགྱིས་པར་འགྱུར། །ཇི་ལྟར་མར་མེ་མཛད་ཀྱིས་ཁྱོད་ལ་ལུང་བསྟན་པ། །དེ་བཞིན་བདག་ཀྱང་འཇིག་རྟེན་མངོན་སུམ་ལུང་སྟོན་ཅིག་།བདག་འདིར་ལུང་བསྟན་འཇིག་རྟེན་ཐོས་ནས་ནི། །སེམས་ཀྱང་མཆོག་ཏུ་རྒྱ་ཆེར་རབ་བསྐྱེད་དེ། །འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་འགྱུར། །འདི་
53b
ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །བདག་ལ་རྗེས་སུ་ཕན་མཛོད་སྡུམ་པར་གཤེགས། །ཇི་ལྟར་བདག་གི་སྡུམ་པར་ཁྱོད་གཤེགས་པ། །དེ་བཞིན་བྱང་ཆུབ་ཤིང་དབང་དྲུང་བདག་མཆི། །བྱང་ཆུབ་ཤིང་དབང་དེ་དྲུང་བདག་མཆིས་ནས། །མི་གཡོ་མི་འགུལ་བར་ནི་གནས་བཅས་ཏེ། །བྱམས་པས་སྡེར་བཅས་བདུད་རྣམས་ཕམ་བགྱིས་ནས། །ཁྱོད་ཀྱིས་བརྙེས་བཞིན་བྱང་ཆུབ་ཐོབ་པར་བགྱི། །དེ་ནས་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པའི་གསོལ་བ་མཁྱེན་ནས། ཟླ་འོད་གཞོན་ནུར་གྱུར་པ་ལ་ཚིགས་སུ་བཅད་པས་སླར་བཀའ་སྩལ་པ། ལོངས་ཤིག་ཟླ་འོད་རྒྱལ་བའི་སྲས། །ལོངས་ཤིག་སྦྱིན་དགའ་སེམས་ཅན་མཆོག་།ལོངས་ཤིག་སྙིང་རྗེ་ཚུལ་ཁྲིམས་བརྟན། །ཟན་ལ་དེང་ནི་ཁྱིམ་དུ་འདོང ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་གསུངས་ནས་སྔར་གདན་ལས་བཞེངས་ཏེ། ཤམ་ཐབས་གསོལ། ཆོས་གོས་དང་ལྷུང་བཟེད་བསྣམས་ནས་དགེ་སློང་འབུམ་དུ་ཚང་བའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་མང་པོས་བསྐོར་ཅིང་མདུན་དུ་བདར་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། དྲང་སྲོང་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། གྲུལ་བུམ་དང ། ཡི་དྭགས་
54a
༄#། །དང ། སྲུལ་པོ་དང ། མི་དང་མི་མ་ཡིན་པ་བརྒྱ་སྟོང་དུ་མས་མཆོད་ཅིང་མངོན་པར་བསྟོད་ནས། སངས་རྒྱས་ཀྱི་མཐུ་ཆེན་པོ་དང ། སངས་རྒྱས་ཀྱི་རྫུ་འཕྲུལ་ཆེན་པོ་དང ། སངས་རྒྱས་ཀྱི་ཆོ་འཕྲུལ་ཆེན་པོ་དང ། སངས་རྒྱས་ཀྱི་སྤྱོད་ལམ་གྱིས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ནི་རབ་ཏུ་གཏོང ། སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ནི་རབ་ཏུ་དཀྲོལ། གདུགས་དང ། རྒྱལ་མཚན་དང ། བ་དན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ནི་མངོན་པར་སྒྲེང ། གཟུགས་དང་ཁ་དོག་རགས་པ་དུ་མ་རྣམ་པ་སྣ་ཚོགས་ཀྱི་ངང་པ་དང ། ཁྲུང་ཁྲུང་དང ། ངུར་པ་དང ། བཞད་དང ། ཙ་ཀོ་ར་དང ། རྨ་བྱ་དང ། ཙ་ཤ་དང ། རི་སྐེགས་དང ། ཁུ་བྱུག་དང ། ཀ་ལ་པིངྐ་དང ། ཀུ་ན་ལ་ལ་སོགས་པ་བྱའི་ཁྱུ་མང་པོ་བུམ་སྒྲ་སྙན་ཅིང་འཇམ་ལ་ཡིད་དུ་འོང་བ་རྣམ་པ་དུ་མ་འབྱིན་པས་ནི་བར་སྣང་ལ་ལྷ་བཞིན་དུ་སོ་སོའི་ང་རོས་རོལ་མོའི་སྒྲ་དབྱངས་འབྱིན། ལྷའི་རིན་པོ་ཆེ་སྣ་ཚོགས་ཀྱི་བདུག་སྤོས་ཀྱི་སྣོད་ཡངས་ཤིང་ཆེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཐམས་ཅད་ཀྱང་བཻ་ཌཱུརྱ་དང ། ནད་རྙིལ་དང ། ཤེལ་དང ། སྤུག་གི་ཡུ་བ་ཅན་དག་གནོད་སྦྱིན་གྱི་དབང་པོ་གཟུགས་བཟང་དང ། དབང་པོའི་ཏོག་དང ། རང་རོད་ཅན་དང ། བ་ཀུ་ལ་དང ། ལྡས་རྩེན་དང ། ཤཱཀྱ་འཕེལ་ལ་སོགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དག་གི་ལག་པ་གཉིས་ན་གཏུན་
54b
འཛིན་པ་བཞིན་དུ་ཐོགས་ཏེ། སྤོས་སྤྲུལ་གྱི་སྙིང་པོ་དང ། གོ་ཤིར་ཥ་དང ། མྲྀ་ཎ་ལ་དང ། ཧ་རི་དང ། མ་ལ་ཡ་དང ། ཙནྡན་དམར་པོ་དང ། ་ག་རུ་ལ་སོགས་པས་བཀང་བའི་དུ་བ་ནི་འཐུལ། ཕྱོགས་སོ་སོ་ནས་ལྷགས་པའི་རྒྱལ་པོ་དབང་ཆེ་བ། དབང་ཆེ་བར་གྲགས་པ་རྣམས་རྟ་དང་བ་གླང་རྒྱན་གྱིས་ཤིན་ཏུ་བརྒྱན་ཅིང་མ་ཞོན་པར་ཁྲིད་པའི་ཚོགས་སུ་མ་དང ། ཤིང་རྟ་དང ། དཔུང་བུ་ཆུང་གིས་ཡོངས་སུ་བསྐོར་ཅིང་ཕྲེང་བ་དང ། ལྡ་ལྡི་མང་པོ་དང ། རིན་པོ་ཆེའི་ཕྲེང་བ་ལག་ན་ཐོགས་ཤིང་སྔོན་ལོགས་ནས་རྐང་གིས་འགྲོའོ། །རྟ་དང་གླང་པོ་ཆེ་ལེགས་པར་བརྒྱན་པ་མ་ཞོན་པར་ཁྲིད་པ་དག་ཀྱང ། རང་གི་སྟབས་ཀྱིས་མངོན་པར་འགྲོ་ཞིང་སྐད་ཡིད་དུ་འོང་ལ་སྙན་པ་འབྱིན་ཏོ། །ཚངས་པའང་བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་ནས་མཆོད་པ་དང་རིམ་གྲོ་བསྙེན་བཀུར་བྱེད་ཅིང་འགྲོའོ། །གཡོན་ཕྱོགས་ནས་ནི་ལྷའི་དབང་པོ་བརྒྱ་བྱིན་ལྷའི་བུ་དབང་ཆེ་བ། དབང་ཆེ་བར་གྲགས་པ། རྒྱ་ཆེ་ཞིང་རླབས་ཆེ་བ། བགྲང་བ་ལས་འདས་པ་རྣམས་ལྷའི་ཅོད་པན་བཟང་པོ་དང ། གདུ་བུ་རྒྱན་ཅན་དང ། རྣ་ཆ་དང ། གདུ་བུ་དང ། མེ་ཏོག་རྣ་རྒྱན་དང ། རིན་པོ་ཆེའི་ཙོང་ཙོང་དང ། མེ་ཏོག་གི་ཕྲེང་བས་ལུས་བརྒྱན་ཅིང།་གཟུགས་མངོན་པར་སྣང་བས་ལྷའི་མེ་ཏོག་མནྡཱ་ར་དང ། མདོག་མཛེས་དང ། ཀོ་བི་དཱ་ར་དང ། སྠཱ་ལ་ཀ་དང ། ཀུ་ར་བ་ཀ་དང ། ཙམྤ་ཀ་དང ། དོང་ཀའི་མེ་ཏོག་དང ། མྱ་ངན་
55a
༄#། །འཚང་དང ། སྐྱ་སྣར་དང ། ་ཏི་མུགྟ་ཀ་དང ། ུཏྤ་ལ་དང ། བ་ཀུ་ལ་དང ། མལླི་ཀ་དང ། ཀུནད་དང ། ཀེ་ས་ར་དང ། པདྨ་དང ། ཀུ་མུ་ད་དང ། པདྨ་དཀར་པོ་དང ། དྲི་མཆོག་དང ། རིན་པོ་ཆེའི་ཕྲེང་བ་དང ། རིན་པོ་ཆེའི་ཨ་ག་རུ་དང ། ཤིང་རིན་པོ་ཆེའི་འབྲས་བུ་ཅན་དག་ལག་ན་ཐོགས་ཤིང་སིལ་སྙན་སྣ་ཚོགས་བརྒྱ་སྟོང་ནི་ཤིན་ཏུ་དཀྲོལ། གོས་བྱེ་བ་ནི་གཡོབ་ཅིང་ཨ་ལ་ཞེས་ག་ཞའི་སྒྲ་དག་ནི་འབྱིན། མེ་ཏོག་གི་ཆར་ཆེན་པོ་ནི་རབ་ཏུ་འབེབས་ཤིང ། བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་ནམ་མཁའི་ངོས་ཐམས་ཅད་བར་མཚམས་མེད་པར་གང་བར་འཁོད་དེ། མེ་ཏོག་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། ཕྱེ་མ་དང ། རིན་པོ་ཆེའི་ཆར་རབ་ཏུ་འབེབས་ཤིང ། བཅོམ་ལྡན་འདས་ཆུ་དྲོན་ཡོད་པའི་སྒོ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་གདུགས་ཚོད་ལ་གཤེགས་སོ། །དེའི་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །སངས་རྒྱས་དེ་བཞིན་གཤེགས་པས་དུས་མཁྱེན་ནས། །དཔའ་བོ་ཡོན་ཏན་ཀུན་གྱིས་རབ་བརྒྱན་པ། །ཞིང་རྣམས་བསམ་གྱིས་མི་ཁྱབ་སྣང་མཛད་ཅིང ། །བཅོམ་ལྡན་མི་ཡི་སེང་གེ་གཤེགས་པར་གྱུར། །སྤྱན་རས་གཟིགས་དང་མཐུ་ཆེན་དོན་ཡོད་དང ། །སྤོས་ཀྱི་བལ་གླང་རིན་ཆེན་ལག་བཟང་དང ། །རིན་ཆེན་ཏོག་དང་འབྱུང་དཀའ་དཔའ་བོ་དང ། །དེ་དང་གཞན་
55b
དག་རྒྱལ་བའི་ཞབས་འབྲིང་བྱེད། །གཡས་ཕྱོགས་ན་ནི་མི་ཕམ་འདུག་གྱུར་ཏེ། །དེ་མིང་བྱམས་པ་ཡོན་ཏན་མཐའ་ཡས་ཕྱུག ། བར་དུ་མ་ཆོད་སངས་རྒྱས་འགྱུར་བ་སྟེ། །བསོད་ནམས་ཡེ་ཤེས་ཚོགས་ཀྱང་རབ་ཏུ་རྫོགས། །བྱམས་དང་བཏང་སྙོམས་དགའ་བས་ལུས་བསྒོམས་ཤིང ། །ཆོས་ཀྱི་བདག་ཉིད་ཆེན་པོ་སྙིང་རྗེས་བསྐྱེད། །ཡོན་ཏན་མཐའ་ཡས་ཐུབ་དབང་ཡོན་ཏན་སེམས། །བདེ་གཤེགས་ཐུགས་རྗེ་ཅན་གྱི་ཞབས་འབྲིང་བྱེད། །དེ་ཡི་རྗེས་ལ་བསྐལ་པ་བཟང་པོ་ཡི། །བློ་གྲོས་ཆེན་པོ་ལྡན་པ་ཇི་སྙེད་པའི། །སངས་རྒྱས་སྟོང་དུ་བཞིས་མ་ཚང་བ་དག་།དེ་དག་གིས་ཀྱང་བྱམས་པ་མདུན་དུ་བདར། །གང་སྔོན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་འདིར། །བསྐལ་པ་དག་ལ་རྒྱལ་བ་མཐའ་ཡས་མཆོད། །ཟླ་བ་མཛེས་པའི་འོད་འདྲ་ལྷ་ཡི་ལུས། །ཟླ་འོད་དཔའ་བོ་ཡང་ནི་མདུན་ན་འདུག་།སྙིང་རྗེ་མཆོག་གི་གཡོན་ཕྱོགས་འདུག་པ་ནི། །འཇམ་དཔལ་བྱེ་བ་བརྒྱ་ཕྲག་མང་པོ་དང ། །དཔའ་བོ་རྫུ་འཕྲུལ་སྟོབས་ཀྱིས་མངོན་འཕགས་པ། །བརྒྱ་ཕྲག་མཐའ་ཡས་ཞིང་དུ་འགྲོ་བའོ། །དེ་ཡི་འོག་ཏུ་ཉན་ཐོས་དགེ་འདུན་ཏེ། །ཤཱ་རིའི་བུ་འོག་མཽངྒལ་ནག་པོ་དང ། །འོད་སྲུང་རབ་འབྱོར་དགའ་བོ་ཀ་པི་ན། ། བཟང་ལྡན་རྒྱལ་པོ་དེ་བཞིན་ཀཽཎྜི་ནྱ། །ཀུན་དགའ་དེ་བཞིན་གནས་བརྟན་སྒྲ་གཅན་ཟིན། །ལེགས་འོངས་ཀྲོན་ཙི་གང་པོ་འཆར་བ་པོ། །ནམ་གྲུ་གསུས་ཆེན་ཉེ་འཁོར་མ་འགགས་
56a
༄#། །པ། །རལ་པ་ཅན་ནི་སྟོང་དུ་ཚང་བ་དག་།ཉན་ཐོས་དགེ་འདུན་འོག་ཏུ་ཐམས་ཅད་ཀྱང ། །དཀའ་ཐུབ་དྲག་མཆོག་རིག་བྱེད་ཆོ་ག་ཤེས། །དམོད་པ་འདོར་དང་ཕན་འདོགས་ནུས་པ་ཡི། །དྲང་སྲོང་དུལ་བ་ཐལ་སྦྱར་འདུད་པ་བྱེད། །ཞི་བའི་ཡིད་དང་དུལ་བའི་ཡིད་རྣམས་ཀྱིས། །སངས་རྒྱས་འཇིག་རྟེན་སྒྲོན་མ་མདུན་བདར་ཏེ། །ཐུགས་རྗེར་ལྡན་པའི་མི་ཡི་སེང་གེ་གཤེགས། །སེམས་ཅན་སྟོང་རྣམས་རབ་ཏུ་ཐར་བར་མཛད། །སྟོན་ཟླ་ཐ་ཆུང་ཟླ་བ་ཉ་བ་ལྟར། །སྐར་ཚོགས་དབང་པོ་ཡོངས་སུ་དག་པ་བཞིན། །ཚངས་པ་སྟོང་ཕྲག་དག་ནི་བརྒྱ་མང་གིས། །མཚུངས་པ་མེད་པའི་སྟོན་པ་ཡོངས་སུ་བསྐོར། །གྲོང་ཁྱེར་གྱི་ནི་སྒོ་སྟེང་ཞབས་བཞག་ཚེ། །ནགས་ཚལ་སྟུག་པོར་བཅས་པའི་ས་ཡང་གཡོས། །ལྷ་དང་ལྷ་མིན་ལྟོ་འཕྱེའི་ཚོགས་རྣམས་ཀྱང ། །མེ་ཏོག་བཟང་པོ་དྲི་མཆོག་འཐོར་བར་བྱེད། །དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་གཡས་པ་འཁོར་ལོ་རིན་པོ་ཆེས་བརྒྱན་པ། དགེ་བའི་རྩ་བ་དཔག་ཏུ་མེད་པ་བསགས་པ་སྒོའི་ཐེམ་པ་ལ་བཞག་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། ལྡེག་།རབ་ཏུ་ལྡེག། ཀུན་ཏུ་རབ་ཏུ་ལྡེག་།འཁྲུགས། རབ་ཏུ་འཁྲུགས། ཀུན་ཏུ་རབ་
56b
ཏུ་འཁྲུགས། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ། འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་ཏེ། ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ། ནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོ། བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོ། ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོ། མཐའ་དམའ་ན་དབུས་མཐོ། དབུས་དམའ་ན་མཐའ་མཐོ་བར་གྱུར་ནས་འཇིག་རྟེན་དུ་སྣང་བ་ཆེན་པོའང་བྱུང་བར་གྱུར་ཏོ། །ངོ་མཚར་དང་རྨད་དུ་བྱུང་བའི་ཆོ་འཕྲུལ་གྲངས་མེད་དཔག་ཏུ་མེད་པ་གཞན་དག་ཀྱང་སྣང་ངོ་།། །།འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ། བམ་པོ་བཞི་པ། དེའི་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །གྲོང་ཁྱེར་མཆོག་དེར་འདྲེན་པ་གཤེགས་པ་ན། །སྒོ་ཡི་ཐེམ་པ་ལ་ནི་ཞབས་མཆོག་བཞག་པའི་ཚེ། །དེ་ཡི་དཔལ་གྱིས་ས་འདི་རབ་ཏུ་གཡོས། །གྲོང་ཁྱེར་མཆོག་འདིའི་སེམས་ཅན་རབ་ཏུ་དགའ། །མི་གང་བཀྲེས་ཤིང་སྐོམ་པར་གྱུར་པ་དག། དེ་ཚེ་དེ་དག་བཀྲེས་པ་མེད་པར་གྱུར། །རྒྱལ་བས་སྒོ་ཡི་ཐེམ་སྟེང་ཞབས་བཞག་ཚེ། །བཀྲེས་ཤིང་སྐོམ་པ་དག་དང་བྲལ་བར་གྱུར། །རྒྱལ་བས་སྒོ་ཡི་ཐེམ་སྟེང་ཞབས་བཞག་ཚེ། །དམུས་ལོང་གྱུར་པའི་མི་གང་ཅི་ཡོད་དང ། །རྣ་བས་མི་ཐོས་མགོན་མེད་བསོད་ནམས་ཆུང ། །དེ་དག་ཐམས་ཅད་མིག་དང་རྣ་བ་ཐོབ། །རྒྱལ་བས་སྒོ་ཡི་ཐེམ་སྟེང་ཞབས་བཞག་ཚེ།
57a
༄#། །གཤིན་རྗེའི་ཡུལ་གྱི་ཡི་དྭགས་གང་ཡོད་པ། །ཤིན་ཏུ་སྡུག་བསྔལ་ངར་སྣབས་མཆིལ་མ་ཟ། །ཐམས་ཅད་འོད་ཀྱིས་རེག་པས་བདེ་བར་གྱུར། །རྒྱལ་བས་སྒོ་ཡི་ཐེམ་སྟེང་ཞབས་བཞག་ཚེ། །བྲག་གི་རྩེ་དང་རི་ཡི་རྩེ་མོ་དང ། །ཤིང་མཆོག་སཱ་ལ་དང་ནི་དོང་ཀ་རྣམས། །ཐམས་ཅད་སངས་རྒྱས་བཞུགས་པའི་ཕྱོགས་སུ་འདུད། །རྒྱལ་བས་སྒོ་ཡི་ཐེམ་སྟེང་ཞབས་བཞག་ཚེ། །རྒྱ་མཚོ་མཐར་ཐུག་གྲོང་དང་གྲོང་ཁྱེར་རྣམས། །ས་ཀུན་རྣམ་པ་དྲུག་ཏུ་རབ་ཏུ་གཡོས། །འདིར་ནི་གང་ལའང་གནོད་པར་གྱུར་པ་མེད། །ལྷ་དང་མི་དང་གྲུལ་བུམ་སྲིན་པོ་དང ། །སྐྱེས་བུ་གནས་པ་དགའ་མགུ་སེམས་རངས་ཏེ། །བྱང་ཆུབ་དམ་པ་མཆོག་ལ་དད་བསྐྱེད་ནས། །འཇིག་རྟེན་རྣམ་པར་འདྲེན་པའི་གདུགས་ཀྱང་འཛིན། །རྒྱལ་བས་སྒོ་ཡི་ཐེམ་སྟེང་ཞབས་བཞག་ཚེ། །སིལ་སྙན་སྟོང་དག་མ་བརྡུངས་སྒྲ་འབྱིན་ཏེ། །ཤིན་ཏུ་ཡིད་འོང་རོལ་མོའི་དབྱངས་ཐོས་པས། །དེ་ཚེ་སེམས་ཅན་ཐམས་ཅད་རབ་ཏུ་དགའ། །སྡོང་པོ་སྟོང་ཕྲག་བརྒྱ་དག་འདུད་པར་གྱུར། །དེ་ཚེ་མེ་ཏོག་ཀུན་ཀྱང་རབ་ཏུ་རྒྱས། །བར་སྣང་ལས་ནི་ལྷ་རྣམས་བརྒྱ་སྟོང་དག་།རྒྱལ་བ་ལ་ཡང་མི་མིན་མཆོད་པ་བྱེད། ། རྒྱལ་བས་སྒོ་ཡི་ཐེམ་སྟེང་ཞབས་བཞག་ཚེ། །གླང་པོ་བརྒྱ་དག་སེམས་དགའ་སྒྲ་འབྱིན་ཏེ། །རྟ་དང་བ་གླང་རྒྱལ་པོ་ལུས་ཀྱང་སྟོད། །རི་དྭགས་རྒྱལ་པོ་སེང་གེ་སྒྲ་འབྱིན་བྱེད། །ས་
57b
དབང་རྒྱལ་པོ་གང་སུ་ཇི་སྙེད་ཅིག་།ཕྱོགས་དང་ཕྱོགས་མཚམས་དག་ནས་ལྷགས་པ་རྣམས། །རྒྱལ་བའི་དཔལ་གཟི་དེ་འདྲ་མཐོང་ནས་ནི། །རབ་ཏུ་སེམས་དགའ་ས་ལ་འདུག་ཅིང་འདུད། ། ཁ་ཅིག་འཇིག་རྟེན་མགོན་ལ་མངོན་པར་བསྟོད། །ཁ་ཅིག་རྒྱལ་ལ་མེ་ཏོག་ཆར་འབེབས་ཤིང ། །ཁ་ཅིག་སོར་བཅུ་ཐལ་མོ་སྦྱར་ནས་སུ། །ེ་མ་རྒྱལ་བ་ཐུགས་རྗེ་ཅན་ཞེས་སྨྲ། །ཁ་ཅིག་མུ་ཏིག་དོ་ཤལ་བཟང་པོ་དང ། །སྣ་ཚོགས་རྒྱན་མང་དགའ་སྐྱེད་འཐོར་བར་བྱེད། །བྱང་ཆུབ་སེམས་མཆོག་དཔེ་མེད་བསྐྱེད་ནས་སུ། །ཁ་ཅིག་ན་བཟའ་རིན་ཆེན་འཐོར་བར་བྱེད། །ཁ་ཅིག་གསེར་གྱི་དྲ་བ་བཟང་པོ་འཐོར། །ཁ་ཅིག་མེ་ཏོག་རྒྱལ་བཟང་འཐོར་བར་བྱེད། །ལ་ལ་གསེར་གྱི་རྒྱན་ནི་དམ་པ་འཐོར། །ཁ་ཅིག་དེ་བཞིན་གདུ་བུ་འཐོར་བར་བྱེད། །ལ་ལ་གདུ་བུ་བཟང་པོ་དེ་འཐོར་ཏེ། །ཁ་ཅིག་རིན་ཆེན་སྤྲས་པའི་དཔུང་རྒྱན་འཐོར། །ཁ་ཅིག་བདག་ཅག་སངས་རྒྱས་གྱུར་ཅིག་ཅེས། །སེམས་བསྐྱེད་གོས་ཕྲན་བཟང་པོ་འཐོར་བར་བྱེད། །འཇིག་རྟེན་མགོན་པོ་སྒོ་ན་བཞུགས་པའི་ཚེ། །མི་དག་ཁ་ཅིག་གསེར་གྱི་ཙོང་ཙོང་འཐོར། །སེམས་དད་གཙུག་གི་ནོར་བུ་མཆོག་ཀྱང་འཐོར། །ལ་ལ་རིན་ཆེན་དྲ་བ་འཐོར་བར་བྱེད། །སེམས་ཅན་ཤིན་ཏུ་མི་བཟད་སྡུག་བསྔལ་ཞིང ། །གཙེ་བ་རྣམ་མང་ཟུག་རྔུས་ཟུག་པ་ཡང ། །འདྲེན་པ་སྐྱེས་བུ་གཙོ་བོའི་དཔལ་གྱིས་ནི། །ཐམས་ཅད་བདེ་བ་དང་ཡང་ལྡན་པར་གྱུར། །ཁུ་
58a
༄#། །བྱུག་དང་ནི་རི་སྐེགས་རྨ་བྱ་དང ། །དེ་བཞིན་ཁྲུང་ཁྲུང་དང་ནི་མཚོ་བྱ་དང ། །བྱ་མང་ཀུན་ནི་ནམ་མཁར་འདུག་ནས་སུ། །ཤིན་ཏུ་ཡིད་འོང་མཆོག་གི་སྒྲ་ཡང་འབྱིན། །དེ་ཚེ་བྱ་ཚོགས་མང་པོ་རབ་དགའ་བས། །འཇམ་ཞིང་ཡིད་དུ་འོང་བའི་སྒྲ་ཕྱུང་སྟེ། །གང་གིས་སྙན་པའི་སྒྲ་སྐད་དེ་ཐོས་པ། །དེ་དག་འདོད་ཆགས་ཞེ་སྡང་གཏི་མུག་ཞི། ། སེམས་ཅན་བྱེ་བས་དགའ་བའི་སྒྲ་ཐོས་ནས། །ཐམས་ཅད་རྗེས་སུ་མཐུན་པའི་བཟོད་ཐོབ་སྟེ། །མ་འོངས་དུས་ན་རྒྱལ་བར་ཁྱེད་འགྱུར་ཞེས། །དེ་དག་ཀུན་ལ་བདེ་གཤེགས་ལུང་ཡང་སྟོན། །དེ་ཡི་དུས་ན་ཉོན་མོངས་མི་འབྱུང་སྟེ། །ཆོས་ཀྱི་རྒྱལ་ལ་ཐམས་ཅད་རི་མོར་བཅས། །དེ་ཚེ་འདྲེན་པའི་སྐུ་བྱད་མཐོང་ནས་ནི། །སངས་རྒྱས་ཡེ་ཤེས་མཆོག་ལ་མོས་བསྐྱེད་དེ། །བདག་ཅག་ནམ་ཞིག་འདི་འདྲའི་མཁྱེན་ཐོབ་སྙམ། །བསམ་པ་མཁྱེན་ནས་རྒྱལ་བ་ལུང་སྟོན་ཏེ། །བདེ་བར་གཤེགས་པའི་པ་སྤུ་ཁུང་རེ་ནས། །འོད་ཟེར་དག་ནི་སྟོང་ཕྲག་བརྒྱ་ཡང་བྱུང ། །དེ་ལས་ལྷག་པར་གངྒཱའི་བྱེ་སྙེད་དེ། །དེ་དག་གི་ཡང་མཚན་མ་གཟུང་མི་ནུས། །དེ་ཚེ་ཉི་མའི་འོད་ཀྱང་མི་སྣང་སྟེ། །མེ་དང་ནོར་བུ་ལྷ་ཀུན་འོད་ཀྱང་མེད། ། རྒྱལ་བ་གྲོང་གཤེགས་སངས་རྒྱས་རྣམ་མཛེས་པ། །དེ་ཚེ་འོད་རྣམས་ཐམས་ཅད་ཡོང་མི་མངོན། །ཚོགས་ཆེན་དང་ནི་བདེ་གཤེགས་ལམ་བཞུད་ཚེ། །གང་དུ་སྟོབས་བཅུ་ཡི་ནི་
58b
ཞབས་འཐོག་པར། །ས་ལས་པདྨ་དག་ནི་སྟོང་ཕྲག་བརྒྱ། །འདབ་མ་བྱེ་བ་སྟོང་ལྡན་གཙང་མ་བྱུང ། །འདྲེན་པ་གྲོང་ཁྱེར་མཆོག་ཏུ་གཤེགས་པའི་ཚེ། །དེན་\?\་ཉལ་ཉིལ་མི་གཙང་མེད་པར་གྱུར། །གྲོང་ཁྱེར་ཐམས་ཅད་དྲི་མཆོག་བདུག་པ་ཡི། །སྤོས་ངད་ཡིད་དུ་འོང་བ་ཀུན་ནས་ལྡང ། །གྲོང་དང་སྲང་རྣམས་ཡོངས་སུ་དག་གྱུར་ཏེ། །རྡོ་དང་གསེག་མ་མེད་ཅིང་སྤོས་ཆུས་བཏབ། །སྟོབས་བཅུ་ལྡན་པའི་བསོད་ནམས་དེ་འདྲ་སྟེ། །རྣམ་པ་སྣ་ཚོགས་མེ་ཏོག་སིལ་མ་བཀྲམ། །གནོད་སྦྱིན་བརྒྱ་སྟོང་གཏུམ་པོར་སེམས་པ་དག་།སངས་རྒྱས་མི་དབང་གསེར་འདྲ་མཐོང་ནས་ནི། །འདྲེན་ལ་དགའ་བ་རྒྱ་ཆེ་རབ་བསྐྱེད་ནས། །སངས་རྒྱས་ཆོས་དང་དགེ་འདུན་སྐྱབས་སུ་འགྲོ་།ལྷ་རྣམས་བྱེ་བ་དང་ནི་བརྒྱ་ཕྲག་སྟོང ། །མི་དབང་ལྟ་བར་འོངས་པ་དེ་དག་ཀུན། །བདེ་བར་གཤེགས་ལ་མེ་ཏོག་ཆར་ཕབ་སྟེ། །མེ་ཏོག་གཏོར་ནས་ནམ་མཁའི་དཀྱིལ་ན་འདུག་།རྒྱལ་ལ་མི་ཡིས་མེ་ཏོག་གང་གཏོར་བ། །ནམ་མཁའི་ངོས་ལ་མེ་ཏོག་གདུགས་སུ་གྱུར། །ལྷ་རྣམས་ཀྱིས་ནི་མེ་ཏོག་གཏོར་བ་ཡང ། །ས་སྟེང་ལྷ་ཡི་མེ་ཏོག་བཀྲམ་པར་གྱུར། །ལྷ་དང་མི་དང་གྲུལ་བུམ་སྲིན་པོ་རྣམས། །དེ་མཐོང་ནས་ནི་ནམ་ཡང་ངོམས་མི་མྱོང། །མགོན་པོ་སྟོབས་བཅུ་ལྡན་པ་མཐོང་ནས་ཀྱང ། །རབ་ཏུ་དགའ་ཞིང་སེམས་བདེ་རངས་པར་གྱུར། །ནམ་ཚེ་སྐྱེས་བུ་མཆོག་གི་སྐུ་མཐོང་ནས། །སེམས་ཅན་ཐམས་ཅད་དགའ་
59a
༄#། །མགུ་རངས་གྱུར་བས། །ལྷ་ཡི་མེ་ཏོག་ལ་ཡང་ཡིད་མི་སེམས། །དེ་དག་ལ་ནི་ངོ་མཚར་འཛིན་པ་མེད། །སྟོབས་བཅུའི་གཡས་ཕྱོགས་ན་ནི་ཚངས་པ་སྟེ། །དེ་བཞིན་གཡོན་ན་བརྒྱ་བྱིན་ལྷ་ཡི་རྒྱལ། །ནམ་མཁའི་དཀྱིལ་ན་ལྷ་མང་བྱེ་འཁོད་དེ། །སྐྱེས་བུ་མཆོག་ལ་ཤིན་ཏུ་གུས་པ་སྐྱེད། །ལྷ་དང་ལྷ་མིན་དག་གིས་རྒྱལ་བ་བསྐོར། །ལྷ་དང་མི་ཡི་དཔལ་གཟི་ཀུན་ཕྲོགས་ནས། །ཞབས་མཐིལ་ས་ལ་རི་མོ་འབྱིན་བཞིན་དུ། །གྲོང་ཁྱེར་དུ་ནི་བཅོམ་ལྡན་སྤྱན་དྲངས་གཤེགས། །སྐུ་ལུས་དཔེ་བྱད་བཟང་པོས་བརྒྱན་པ་ནི། །ནམ་མཁའ་སྐར་མ་དག་གིས་གང་བ་བཞིན། །ནམ་མཁའ་ལ་ནི་ཟླ་བ་ཉ་བ་ལྟར། །རྒྱལ་པོའི་ལམ་ན་སངས་རྒྱས་ལམ་མེ་བཞུགས། །ནོར་བུ་རིན་ཆེན་རྣམ་དག་བཟང་པོ་ནི། །ཉེས་པའི་སྐྱོན་བྲལ་རབ་ཏུ་སྣང་བར་བྱེད། །ཕྱོགས་དང་ཕྱོགས་མཚམས་སུའང་འོད་གཙང་བྱུང ། །དེ་བཞིན་རྒྱལ་བ་འཇིག་རྟེན་ཀུན་སྣང་མཛད། །ལྷ་དང་ལྷ་མིན་དག་གིས་རྒྱལ་བ་བསྐོར། ། མི་ཡི་གཙོ་བོ་རྒྱལ་པོའི་ཁབ་ཏུ་གཤེགས། །ཞབས་མཐིལ་ས་ལ་རི་མོ་འབྱིན་བཞིན་དུ། །ཟླ་འོད་གཞོན་ནུའི་ཁྱིམ་དུ་སངས་རྒྱས་གཤེགས། །གྲོང་ཁྱེར་མཆོག་ནི་ཀུན་ཏུ་ལེགས་བརྒྱན་ཏེ། །རྒྱལ་མཚན་བྱེ་བ་ཕྲག་སྟོང་རབ་ཏུ་སྒྲེང ། །དེ་ཡིས་ཀུན་སྤོས་བཟང་རྣམ་པར་བྱུགས། །ཡིད་འོང་དེ་བཞིན་དབྱར་གྱི་མེ་ཏོག་གཏོར། །གང་ཚེ་བདེ་གཤེགས་གཏམ་རྣམས་
59b
སྟོན་པ་ན། །མགོན་པོ་སྲང་བཞུད་མི་ལ་ཐུགས་བརྩེའི་ཕྱིར། །རྒྱལ་བས་དེར་ནི་འཕྲུལ་བ་རྣམ་སྤྲུལ་ཏེ། །དེ་དག་ལ་ཡང་སངས་རྒྱས་ཆོས་བཟང་སྟོན། །སྲོག་ཆགས་བརྒྱ་སྟོང་དག་གིས་དེ་ཐོས་ནས། །སངས་རྒྱས་ཡེ་ཤེས་མཆོག་ལ་སྨོན་ལམ་འདེབས། །ནམ་བདག་འདི་འདྲའི་ཡེ་ཤེས་ཐོབ་སྙམ་སྟེ། །བསམ་པ་མཁྱེན་ནས་རྒྱལ་བ་ལུང་ཡང་སྟོན། །གང་གིས་རྒྱལ་བ་མི་དབང་སྤྱན་དྲངས་པ། །སྦྱིན་པ་དེ་ནི་མུ་མཐའ་མེད་གྱུར་པ། །རྙེད་མཆོག་བསམ་གྱིས་མི་ཁྱབ་དེས་རྙེད་ཅེས། །ལ་ལ་དག་ནི་དེ་ལ་མོས་པ་སྐྱེད། །འཁོར་བ་དག་ན་ཤིན་ཏུ་མཐོང་དཀའ་བ། །སྐྱེ་དགུ་དག་ལ་ཕན་མཛད་ཐུགས་ཀྱང་བརྩེ། །ཐུགས་རྗེ་ཅན་དེ་བདག་གིས་སང་ལ་ཡང ། །སྤྱན་དྲང་སྙམ་དུ་ལ་ལ་སེམས་ཀྱང་སྐྱེད། །ལ་ལ་བ་གམ་ཅོག་གི་སྟེང་འདུག་ཅིང ། །ལུས་ནི་ཤིན་ཏུ་སྡུག་ཅིང་མཛེས་པར་བརྒྱན། །བྱང་ཆུབ་སེམས་མཆོག་དམ་པ་བསྐྱེད་ནས་ནི། །སྟོབས་བཅུ་ལྡན་ལ་ལྷ་ཡི་མེ་ཏོག་འཐོར། །ལ་ལས་བླ་མེད་སེམས་མཆོག་རབ་བསྐྱེད་ནས། །མེ་ཏོག་ཙམ་པ་མཛེས་པའི་ཕྲེང་བ་དང ། ། ཏི་མུགྟ་དེ་བཞིན་དབྱར་གྱི་སྤོས། །དར་གྱི་ལྡ་ལྡི་དག་ཀྱང་ལ་ལ་འཐོར། །ཁ་ཅིག་གོས་ཀྱིས་ཤིན་ཏུ་ལུས་བརྒྱན་ཏེ། །མེ་ཏོག་བཟང་པོ་དག་ཀྱང་ཐོགས་ཤིང་འགྲེང ། །མེ་ཏོག་སྣ་ཚོགས་དར་གྱི་ལྡ་ལྡི་ཐོགས། །རྒྱལ་བ་མཐུ་ཆེན་དེ་ཡི་ཕྱོགས་སུ་འཐོར། །ལ་ལ་པདྨ་དང་ནི་ཀུ་མུ་ད། །ུཏྤལ་གསེར་གྱི་མེ་ཏོག་བཟང་པོ་འཐོར། །ལ་ལ་རིན་
60a
༄#། །ཆེན་མེ་ཏོག་དེར་འཐོར་ཏེ། །ལ་ལ་ཙནྡན་ཕྱེ་མ་འཐོར་བར་བྱེད། །འདྲེན་པ་གྲོང་ཁྱེར་མཆོག་ཏུ་གཤེགས་པའི་ཚེ། །ངོ་མཚར་དཔག་ཏུ་མེད་པ་རྣམས་ཀྱང་བྱུང། །མཚུངས་མེད་དེ་དག་བརྗོད་པར་མི་ནུས་ཏེ། །སངས་རྒྱས་ཡེ་ཤེས་སྐྱེ་བོ་བྱེ་མང་བཀོད། །མི་ཆེ་མི་གདུང་བདེན་པ་མཐོང་བ་དང ། །གཞན་ཡང་གྱ་ནོམ་སྣང་དང་ཤིན་ཏུ་མཐོང ། །དེ་བཞིན་འོག་མིན་འདོད་ཆགས་བྲལ་བ་རྣམས། །ཐམས་ཅད་མི་དབང་བལྟ་ཕྱིར་ཉེ་བར་ལྷགས། །དེ་བཞིན་དགེ་བའི་ལྷ་རྣམས་དཔག་མེད་དང ། །དགེ་ཆུང་ལྷ་གཞན་དག་ཀྱང་སེམས་དགའ་ཞིང ། །དགེ་རྒྱས་ཁྲག་ཁྲིག་དཔག་ཏུ་མེད་པ་རྣམས། །འདྲེན་པ་དྲང་སྲོང་ཆེན་པོ་བལྟ་ཕྱིར་ལྷགས། །ཚད་མེད་འོད་ཀྱང་དེ་བཞིན་དཔག་མེད་དང ། །འོད་ཆུང་གི་ནི་ལྷ་རྣམས་ཅི་ཡོད་དང ། །འོད་གསལ་བ་ཡང་ཁྲག་ཁྲིག་མང་པོ་དེར། །འཇིག་རྟེན་མགོན་པོ་བལྟ་ཕྱིར་དེ་དག་ལྷགས། །ཚངས་འཁོར་བ་དག་བརྒྱ་སྟོང་མང་པོ་དང ། །ཚངས་པའི་མདུན་འདོན་དད་པ་དེ་བཞིན་ཏེ། །ཚངས་རིས་ཀྱང་ནི་བརྒྱ་ཕྲག་མང་པོ་རྣམས། །ཐམས་ཅད་འདྲེན་པ་བལྟ་ཕྱིར་ཉེ་བར་ལྷགས། །དེ་བཞིན་གཞན་འཕྲུལ་གྱི་ཡང་ལྷ་རྣམས་དང ། །གཞན་ཡང་འཕྲུལ་དགའི་སེམས་ཅན་དག་པ་དང ། །དགའ་ལྡན་འཐབ་བྲལ་ལྷ་རྣམས་རབ་དགའ་ཞིང ། །ཐམས་ཅད་སངས་རྒྱས་ཕྱག་འཚལ་ཉེ་བར་ལྷགས། །བརྒྱ་བྱིན་ལྷ་རྒྱལ་སུམ་
60b
ཅུ་རྩ་གསུམ་པ། །ལྷ་ཡི་བུ་མོ་བྱེ་བ་བརྒྱ་དག་ལྷགས། །འདིར་ནི་མེ་ཏོག་ཆར་ཀྱང་རབ་འབེབས་ཤིང ། །སངས་རྒྱས་ཐུབ་དབང་བལྟ་ཕྱིར་ཉེ་བར་ལྷགས། །ཕྱོགས་བཞིའི་འཇིག་རྟེན་སྐྱོང་བ་བཞི་པོ་ཡང ། །རྣམ་ཐོས་བུ་དང་ཀླུ་དབང་མིག་མི་བཟང ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་སེམས་དགའ་སྟེ། །དེ་ཀུན་མི་དབང་བསྟོད་ཅིང་ཉེ་བར་ལྷགས། །གནོད་སྦྱིན་རྒྱལ་པོ་མཐུ་ལྡན་ཨིར་བིར་ཡང ། །དགའ་བ་སྐྱེས་ཤིང་གནོད་སྦྱིན་བརྒྱས་བསྐོར་ཏེ། །ནམ་མཁའི་དཀྱིལ་ན་འདུག་ཅིང་སེམས་དགའ་ནས། །མེ་ཏོག་སྣ་ཚོགས་དུ་མའི་ཆར་ཀྱང་འབེབས། །རྟག་ཏུ་མྱོས་དང་ཕྲེང་འཛིན་ལྷ་རྣམས་ཀྱང ། །སྤོས་དང་ཕྲེང་བ་རྣམ་པ་སྣ་ཚོགས་ཐོགས། །འཁོར་དང་བཅས་པ་ཐམས་ཅད་སེམས་དགའ་ཞིང ། །དེ་ན་སྐྱེས་བུ་མཆོག་ལ་མཆོད་པ་བྱེད། ། གནོད་སྦྱིན་ལག་ན་གཞོང་ཐོགས་མང་པོ་ཡང ། །གནོད་སྦྱིན་བུ་མོ་དེ་དག་རབ་བརྒྱན་ཏེ། །གནོད་སྦྱིན་རོལ་མོ་རབ་ཏུ་སྙན་པ་དང ། །ཤིན་ཏུ་ཡིད་འོང་བརྒྱས་ནི་སངས་རྒྱས་མཆོད། །གླུ་དབྱངས་སིལ་སྙན་འཇམ་ཞིང་སྙན་པ་ལ། །མཁས་པ་མིའམ་ཅི་ཡི་བུ་མོ་སྟོང ། །མི་འམ་ཅི་ཡི་རྒྱལ་པོ་ལྡོན་པ་ཡང ། །རྒྱལ་མཆོག་མཆོད་པར་སྤོས་ངད་ལྡང་ལས་ལྷགས། །བདེ་མཆོག་སྟོབས་ལྡན་སྒྲ་གཅན་ཐགས་བཟང་རིས། །ལྷ་མིན་བུ་མོ་སྟོང་གི་འཁོར་བཅས་དང ། །ལྷ་མིན་རྫུ་འཕྲུལ་ཆེན་པོ་གཞན་མང་ཡང ། །རིན་པོ་ཆེ་ཡི་ཆར་ཕབ་ཉེ་བར་ལྷགས། །
61a
༄#། །སྲིན་པོ་ཁྲག་ཁྲིག་བརྒྱ་ཕྲག་མཐའ་ཡས་ཀྱང ། །སྲིན་པོ་བྱེ་བ་བརྒྱ་ཡིས་བསྙེན་བཀུར་ཞིང ། །མེ་ཏོག་སིལ་མ་སྣ་ཚོགས་མང་པོ་ཡང ། །སྐྱེས་བུ་མཆོག་ལ་གུས་པར་རབ་ཏུ་འཐོར། །ཀླུ་ཡི་རྒྱལ་པོ་རི་བོ་ལེགས་པ་ཡང ། །འཁོར་མང་དེ་བཞིན་གཤེགས་པའི་དྲུང་དུ་ལྷགས། །རིན་ཆེན་མེ་ཏོག་རྣམ་མང་མཆོག་ཐོགས་ཏེ། །བདེ་གཤེགས་ཞབས་གཉིས་ལ་ནི་རབ་ཏུ་འདུད། །ཀླུ་དབང་པདྨ་དང་ནི་པདྨ་ཆེ། །དེ་བཞིན་ནོར་ཡོད་མཐའ་ཡས་གདེངས་ཀ་ཅན། །དེ་དག་ཁྱུ་མཆོག་དྲུང་དུ་ཉེར་ལྷགས་ཏེ། །བདེ་བར་གཤེགས་ལ་གུས་པས་རབ་ཏུ་འདུད། །ཀླུ་ཡི་རྒྱལ་པོ་ནོར་བུ་ཡིད་དགའ་ཞིང ། །ཁྱུ་མཆོག་ཞབས་ཀྱི་དྲུང་དུ་ཉེ་བར་འོངས། །ཀླུ་ཡི་མེ་ཏོག་དྲི་ཞིམ་མཆོག་ཐོགས་ཏེ། །ཧ་ཅང་མི་རིང་བདེ་གཤེགས་སྤྱན་སྔར་འདུག་།དེ་བཞིན་མ་དྲོས་ཀླུ་ཡི་རྒྱལ་པོ་ཡང ། །ཀླུ་ཡི་བུ་མོ་ཤིན་ཏུ་བསླབས་པའི་མཆོག་།རྔ་དང་སིལ་སྙན་སྟོང་ཕྲག་བརྒྱ་བརྡུང་ཞིང ། །འཇིག་རྟེན་མགོན་པོ་མཆོད་ཕྱིར་ཉེ་བར་ལྷགས། །མ་དྲོས་པ་ཡི་བུ་ཕོ་ལྔ་བརྒྱ་དག་།ཡེ་ཤེས་ཡངས་པ་བླ་མེད་འཚོལ་བའི་ཕྱིར། །གཉེན་འདབ་དག་གིས་བསྐོར་ཅིང་དགར་གྱུར་ནས། །རང་གིས་རང་བྱུང་མཆོད་ཕྱིར་ཉེ་བར་ལྷགས། །དེ་བཞིན་ཀླུ་ཡི་རྒྱལ་པོ་སོག་མེད་ཀྱང ། །སྐྱེས་བུ་མཆོག་ལ་ཐལ་སྦྱར་རབ་བཏུད་ནས། །ཀླུ་ཡི་མེ་ཏོག་མཛེས་ཤིང་བཟང་བ་ཐོགས། །
61b
མཁའ་ལ་འདུག་ནས་ཐུབ་རྒྱལ་མཆོད་པ་བྱེད། །དེ་བཞིན་ཀླུ་ཡི་རྒྱལ་པོ་བཏང་བཟུང་ཡང ། །རབ་ཏུ་ཡིད་བདེ་དགའ་མགུ་སྐྱེས་ནས་ནི། །རིན་ཆེན་མུ་ཏིག་སྣ་ཚོགས་ཐོགས་ནས་སུ། ། དེར་འོངས་འདྲེན་པ་ལ་ཡང་མངོན་པར་འཐོར། །དེ་བཞིན་ཀླུ་ཡི་རྒྱལ་པོ་དུས་ཅན་ཡང ། །དེ་བཞིན་གཤེགས་པའི་དྲུང་དུ་ཉེར་འོངས་ཏེ། །དགའ་ཞིང་རིན་ཆེན་ཕྲེང་བ་མཛེས་མཆོག་ཐོགས། །སྐྱེས་བུ་དམ་པ་ལ་ཡང་མཆོད་རབ་བྱས། །དེ་ཡང་བདེ་གཤེགས་ཡོན་ཏན་རྗེས་དྲན་ཞིང ། །གུས་པ་ཆེན་པོ་ཤིན་ཏུ་བསྐྱེད་ནས་ནི། །གཉེན་འདབ་ཀླུ་མང་དག་གིས་དེ་བསྐོར་ཅིང། །འདྲེན་པའི་བསྔགས་པ་རྣམ་པ་མང་པོ་བརྗོད། །དེ་བཞིན་ཀླུ་དབང་དགའ་བོ་ཉེ་དགའ་དང ། །དེ་བཞིན་འཇོག་པོ་གཽ་ཏམ་ནག་པོ་ཡང ། །རྒྱལ་བ་བལྟ་ཞིང་དེར་ནི་ཉེ་བར་འོངས། །བདེ་བར་གཤེགས་པའི་ཞབས་ལ་འདུད་པ་བྱེད། །ཀླུ་ཡི་རྒྱལ་པོ་ཨེ་ལའི་འདབ་མ་ཡང ། །ཐུབ་མཆོག་རྒྱལ་བ་འོད་སྲུང་དྲན་པ་དང ། །བདག་ཉིད་མི་ཁོམ་སྐྱེས་པ་མཐོང་ནས་ནི། །ཀླུ་བརྒྱས་ཡོངས་སུ་བསྐོར་ཏེ་དུ་ཞིང་འོངས། །ཀྱེ་མ་བདག་སྔོན་ཐེ་ཚོམ་བྱུང་གྱུར་ཏེ། །བདག་གིས་ཨེ་ལའི་འདབ་ཀྱང་སྔོན་བཅད་པས། །དེས་ནི་མི་ཁོམ་པར་ཡང་བདག་སྐྱེས་ཏེ། །རྒྱལ་བའི་ཆོས་ནི་རིག་པར་སླ་བ་མིན། །ཤིན་ཏུ་སྨད་པའི་སྐྱེ་བོའི་ལུས་འདི་དང ། །ཀླུ་ཡི་སྐྱེ་གནས་བདག་གིས་རབ་སྤངས་ལ། །ཆོས་གང་བྱང་ཆུབ་སྙིང་པོར་སྐྱེས་མཆོག་གིས། །རྟོགས་པ་
62a
༄#། །བསིལ་བ་བདག་གིས་རྟོགས་པར་བྱ། །ཀླུ་ཡི་རྒྱལ་པོ་རྒྱ་མཚོ་འཁོར་ལོས་བསྒྱུར། །བྱེ་མ་གསུམ་སྙེད་ཀླུ་ཡི་འཁོར་གྱིས་བསྐོར། །ཆུ་ལྷ་གཟི་ཅན་རིན་ཆེན་དོ་ཤལ་ཐོགས། །བཅོམ་ལྡན་འདས་ལ་མཆོད་ཕྱིར་ཉེ་བར་འོངས། །རྒྱལ་བ་ལ་ནི་རྡོ་འཕངས་དེས་བཟུང་སྟེ། །དེ་ཚེ་ནམ་མཁའ་ལའང་འདུག་གྱུར་པ། །རྒྱལ་པོའི་ཁབ་ཀྱི་གནོད་སྦྱིན་ཅི་ཞིག་འཛིན། །བདེ་བར་གཤེགས་པའི་སྤྱན་སྔར་གུས་པར་འདུག་།ལྕང་ལོ་ཅན་གྱི་རྒྱལ་པོའི་གནས་ཀུན་ཀྱང ། །སྟོང་པར་གྱུར་ཅིང་གནོད་སྦྱིན་གང་ཡང་མེད། །ཐམས་ཅད་ཀྱིས་ཀྱང་ཕན་ཚུན་དམ་བཅས་ཏེ། །འཇིག་རྟེན་མགོན་པོ་བལྟ་བར་ཐམས་ཅད་ལྷགས། །དེ་བཞིན་བོང་རྣ་དང་ནི་ཁབ་སྤུ་དང ། །གནོད་སྦྱིན་འབྲོག་གནས་འཇིགས་བྱེད་དེ་བཞིན་ཏེ། །གངས་གནས་རིར་འདུག་གནོད་སྦྱིན་བོང་བུ་དག་།རྒྱལ་བ་རང་བྱུང་དྲུང་དུ་ཉེ་བར་ལྷགས། །དབང་པོའི་ཏོག་དང་གཟུགས་བཟང་རད་རོད་ཅན། །བྐྐུ་\?\་ལ་དང་དུས་འཕེལ་ལྔ་པོ་དང། །གནོད་སྦྱིན་དབང་པོ་གཞན་ཡང་སྟོང་རྣམས་ནི། །བདུག་སྤོས་སྣོད་རྣམས་ཐོགས་ཤིང་ཉེ་བར་ལྷགས། །ལུས་དབྱིབས་མ་ལེགས་མི་སྡུག་མང་པོ་རྣམས། །གཟུགས་ཀྱི་རྣམ་པ་མང་ཞིང་རྒྱན་པོར་བ། །དེ་ཡི་དུས་ན་བརྒྱ་སྟོང་མང་པོ་དག་།གནོད་སྦྱིན་གྱི་ནི་མེ་ཏོག་ཐོགས་ཏེ་ལྷགས། །གཽ་ཏམ་རི་བྱི་ཕུར་བུ་རྒྱལ་བྱེད་དང ། །ཀཽ་ཤི་ཀ་དང་འོད་སྲུང་
62b
མཱརྐཎྜ། །ཐམས་ཅད་བཤེས་དང་པར་ཤ་གར་གཱ་དག་།ཐམས་ཅད་སངས་རྒྱས་ཕྱག་འཚལ་ཉེ་བར་ལྷགས། །མི་སྦྱིན་ཡང་ནི་དེ་བཞིན་དགའ་མགུ་སྟེ། །དྲང་སྲོང་རྒྱས་པ་ཀུད་ཙ་ཨང་གི་ར། །ཤེད་ཅན་ངན་སྤོང་བད་ཙ་གནས་འཇོག་རྣམས། །དེ་དག་སངས་རྒྱས་ཕྱག་འཚལ་ཉེ་བར་ལྷགས། །འཛའ་མན་བཱ་མན་བེའི་ཤམ་བཱ་ཡ་དང ། །འཛའ་མག་ནཱི་དང་གྲོག་མཁར་དྲང་སྲོང་མཆོག་།དཀར་བར་གནས་དང་མིའུ་ཐུང་སྤེན་པ་རྣམས། །འདྲེན་པ་བལྟ་ཞིང་གྲོང་ཁྱེར་མཆོག་ཏུ་ལྷགས། །དྲང་སྲོང་མཐོང་ནས་དེ་ཚེ་དྲང་སྲོང་དགའ། །ཐུབ་རྒྱལ་ཞབས་མཆོག་ལ་ནི་ཕྱག་འཚལ་ཞིང ། །འཇིག་རྟེན་སྒྲོན་ལ་ཕྱག་བྱས་མངོན་བསྟོད་དེ། །ཐལ་མོ་སྦྱར་ནས་དཔའ་བོའི་སྤྱན་སྔར་འགྲེང ། །འཇིག་རྟེན་ཅི་ཡོད་དྲང་སྲོང་མང་པོ་ཀུན། ། དེ་དག་མི་དབང་བལྟ་བར་ཉེར་ལྷགས་ཏེ། །མཐོང་ནས་མཆོད་པ་རྒྱ་ཆེར་བྱས་ནས་ཀྱང ། །སངས་རྒྱས་སྤྱན་སྔར་ཐལ་མོ་རབ་སྦྱར་འདུག་།རྒྱ་མཚོ་དག་ན་གནས་པའི་ནམ་མཁའ་ལྡིང ། ། བྲམ་ཟེའི་ཆ་བྱད་དུ་ཡང་སྤྲུལ་བྱས་ནས། །ཅོད་པན་སྣ་ཚོགས་བལྟ་ན་སྡུག་པ་ཐོགས། །བདེ་བར་གཤེགས་ལ་ཕྱག་འཚལ་ནམ་མཁར་འཁོད། །གྲོང་བརྒྱ་དང་ནི་འཛམ་གླིང་ནགས་ཚལ་ན། །གནས་ཤིང་རྟེན་པའི་ལྷ་རྣམས་གང་ཡོད་དང ། །གྲོང་གི་ལྷ་མོ་མ་ལུས་ཐམས་ཅད་ཀྱང ། །ཉེ་བར་ལྷགས་ཤིང་གཙོ་བོ་དྨྖོད་པར་བྱེད། །ནགས་ཚལ་གྱི་ཡང་ལྷ་རྣམས་
63a
༄#། །མཐའ་ཡས་དང ། །རི་ཡི་ལྷ་རྣམས་ཐམས་ཅད་ཉེ་བར་འོངས། །འབབ་ཆུའི་ལྷ་ཀུན་མཐའ་དག་དེ་བཞིན་དུ། །འདྲེན་པ་མཆོད་པ་བྱེད་ཅིང་ཉེ་བར་ལྷགས། ། མྱ་ང་མ་དགོན་པའི་ལྷ་མོ་བརྒྱ་རྣམས་དང ། །རི་རྩེའི་ལྷ་མོ་ཇི་སྙེད་མ་ལུས་དང ། །མཚོ་དང་ཆུ་མིག་རྫིང་གི་ལྷ་རྣམས་དང ། །རྒྱ་མཚོའི་ལྷ་ཡང་སངས་རྒྱས་དྲུང་དུ་ལྷགས། །ལྷ་དང་ལྷ་མིན་ཀླུ་དང་གནོད་སྦྱིན་ཚོགས། །མི་འམ་ཅི་དང་གྲུལ་བུམ་ནམ་མཁའ་ལྡིང ། །དེ་བཞིན་ཡི་དྭགས་སྲུལ་བོ་མང་པོ་དག། སྐྱེས་བུ་མཆོག་ལ་རི་མོར་བྱ་བ་བྱེད། །འདྲེན་པ་གྲོང་ཁྱེར་མཆོག་དེར་གཤེགས་པ་ན། །རྒྱལ་བ་མཆོག་ལ་དེ་དག་མཆོད་པ་བྱེད། །ལྷ་དང་ལྷ་མིན་ཀླུ་དང་གནོད་སྦྱིན་རྒྱལ། །བལྟ་བས་རྟག་ཏུ་ཆོག་པར་ཡང་མི་འགྱུར། །སྔོན་གྱི་སྲིད་པར་འཇིག་རྟེན་མགོན་པོ་ཡིས། །སྔོན་གྱི་རྒྱལ་བ་དག་ལ་མཆོད་མཆོག་བྱས། །བསོད་ནམས་འབྲས་བུ་སྨིན་པ་དེ་འདྲ་སྟེ། །སྐྱེས་བུ་མི་དབང་བལྟ་བས་ངོམས་མི་མྱོང ། །རྒྱལ་བས་སངས་རྒྱས་ཞིང་དུ་འོད་བཏང་ཚེ། །ལྷུན་པོ་དེ་བཞིན་རབ་ལྷུན་ཁོར་ཡུག་རི། །ཁ་བ་ཅན་གྱི་རི་དང་སྤོས་ངད་ལྡན། །དེ་དག་རྒྱལ་བའི་འོད་ལ་སྒྲིབ་པ་མེད། །སངས་རྒྱས་ཞིང་འདིའི་རྒྱ་མཚོ་ཅི་ཡོད་པ། །དེ་དག་དེ་ཚེས་དང་འདྲ་བར་གྱུར། །སངས་རྒྱས་ཞིང་འདི་ཐམས་ཅད་ཀུན་ཏུ་ཡང ། །མེ་ཏོག་དག་གིས་གཏོར་ཅིང་མཉམ་པར་གྱུར། །འོད་ཟེར་བརྒྱ་སྟོང་
63b
དཔག་ཏུ་མེད་པ་དག་།ཆོས་ཀྱི་རྒྱལ་པོའི་ཞབས་ཀྱི་མཐིལ་ནས་བྱུང ། །སེམས་ཅན་དམྱལ་བ་ཐམས་ཅད་བསིལ་བར་གྱུར། །སྡུག་བསྔལ་མེད་པར་བྱས་ནས་བདེ་བ་མྱོང ། །དེར་ནི་སྟོབས་བཅུ་ལྡན་པས་ཆོས་བཤད་པས། །ལྷ་དང་མི་ཡི་མིག་ཀྱང་རྣམ་པར་དག། སྲོག་ཆགས་བརྒྱ་སྟོང་དཔག་ཏུ་མེད་པ་རྣམས། །ཐམས་ཅད་སངས་རྒྱས་ཡེ་ཤེས་ངེས་པར་གྱུར། །འདྲེན་པ་གྲོང་ཁྱེར་མཆོག་ཏུ་གཤེགས་པ་ན། །བདེ་གཤེགས་ཆོ་འཕྲུལ་མང་པོ་དག་གིས་ནི། །བསྐལ་པ་བྱེ་བར་བརྗོད་དུ་མི་སླ་སྟེ། །རྒྱལ་བ་བདེ་གཤེགས་འགྲོ་བ་ཐམས་ཅད་དགའ། །བདེ་གཤེགས་ཡོན་ཏན་དེ་དག་དཔག་མེད་དེ། །མི་མཆོག་ཡོན་ཏན་རབ་ཀྱི་ཕ་རོལ་ཕྱིན། །ཡོན་ཏན་ཁྱད་པར་ཀུན་གྱི་ཕ་རོལ་སོན། །སངས་རྒྱས་བསོད་ནམས་ཞིང་ལ་མགོས་ཕྱག་འཚལ།། གྲོང་ཁྱེར་དུ་གཤེགས་པའི་ལེའུ་སྟེ། བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཟླ་འོད་གཞོན་ནུར་གྱུར་པའི་ཁྱིམ་གྱི་སྲང་དུ་བྱུང་སྟེ། ཟླ་འོད་གཞོན་ནུར་གྱུར་པའི་ཁྱིམ་དུ་གཤེགས་སོ། །གཤེགས་ནས་གདན་བཤམས་པ་ལ་བཞུགས་སོ། །བྱང་ཆུབ་སེམས་དཔའི་དགེ་འདུན་དང ། དགེ་སློང་གི་དགེ་འདུན་ཀྱང་སོ་སོར་གར་འོས་པའི་སྟན་ལ་འཁོད་དོ། །དེ་ནས་ཟླ་འོད་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་དགེ་འདུན་དང ། དགེ་སློང་གི་དགེ་འདུན་བཞུགས་པར་རིག་ནས་མཆོད་ཡོན་ཆེན་པོ་རིམ་
64a
༄#། །གྱིས་གསོལ་ཏེ། ཞལ་ཟས་རོ་བརྒྱ་དང་ལྡན་པ་བཟང་ཞིང་མང་བའི་བཟའ་བ་དང ། བཅའ་བ་དང ། བལྡག་པ་དང ། གཞིབ་པ་དང ། བཏུང་བ་རྣམས་བདག་ཉིད་ཀྱིས་གསོལ་ཅིང་བདར་ཏེ། བཅོམ་ལྡན་འདས་བཤོས་གསོལ་ནས་ལྷུང་བཟེད་བཞག་སྟེ་ཕྱག་བཅབས་པར་རིག་ནས་རས་བཅོས་བུ་ཕྲུགས་བྱེ་བ་སྟོང་ཕྲག་བརྒྱ་རི་བ་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་དང ། དགེ་སློང་གི་དགེ་འདུན་ལའང་སོ་སོར་ཆོས་གོས་སུམ་ཕྲུགས་སུ་ཕུལ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་མནྡཱ་རས་གཏོར་ཏེ། མཆོད་ཅིང་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པས་མངོན་པར་བསྟོད་དོ། །སྐྱེས་པ་མེད་ཅིང་འགགས་མེད་པ། །སྐུ་ལུས་མི་མངའ་བསམ་མི་ཁྱབ། །གཟུགས་དང་མཚན་ནི་ཕུན་སུམ་ཚོགས། ། ཡོན་ཏན་རྒྱ་མཚོ་ཕྱག་འཚལ་ལོ། །དཔའ་བོ་ཤེས་རབ་མཆོག་གིས་བསྐྱེད། །ཐབས་དང་སྟོབས་ཀྱི་རྩལ་ཀྱང་མངའ། །སངས་རྒྱས་ནམ་མཁའ་འདྲ་བ་སྟེ། །བཟོད་མཐར་ཕྱིན་ལ་ཕྱག་འཚལ་ལོ། །དྲན་པ་ཉེ་བར་གཞག་པ་བཞུགས་པའི་སྤྱོད་ཡུལ་ཏེ། །དེ་བཞིན་གཤེགས་པའི་གཟིམས་མལ་རབ་ཏུ་དགའ་དང་བདེ། །བཏུང་བར་ཏིང་ངེ་འཛིན་ཏེ་བཤོས་སུ་བསམ་གཏན་
64b
མཆོག། སྟོང་ཉིད་དགོན་པར་གནས་པ་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་བས་ཐུགས་རྗེ་བསྙེན་པས་ན། །གཟུགས་ཀྱི་སྐུ་ཡང་སྟོན་པར་མཛད། །སེམས་ཅན་དག་ལ་ཐུགས་བརྩེའི་ཕྱིར། །བཏུང་དང་བཤོས་ཀྱང་གསོལ་བར་གདའ། །ེ་མ་སངས་རྒྱས་བསམ་མི་ཁྱབ། །འཇིག་རྟེན་ཀུན་གྱི་འདྲེན་པ་སྟེ། །འཇིག་རྟེན་འདི་ནི་ཁྱོད་མཆོད་ནས། །མྱ་ངན་འདས་པ་མཆོག་ཏུ་མཆི། །མི་མཉམ་མཉམ་པའི་མགོན་གཅིག་པོ་ལ་དེ་སྐད་བསྟོད། །གཞོན་ནུ་ཡིད་ཀྱང་རབ་ཏུ་དགར་གྱུར་ཚིག་སྨྲས་པ། །སངས་རྒྱས་མཚུངས་མེད་བསམ་ཡས་སྐུ་མངའ་བཤོས་གསོལ་བས། །ལྷ་ཡི་ལྷ་ཁྱོད་བཞིན་དུ་བདག་ཀྱང་སངས་རྒྱས་གྱུར། །དེ་ལྟར་ཟླ་འོད་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་ལྷའི་ཞལ་ཟས་རོ་བརྒྱ་པ་ནི་བཞེས་པར་གསོལ། ལྷའི་ན་བཟའ་རིན་ཐང་མེད་པ་ཕྲུགས་ཀྱིས་ནི་སྐུ་ལ་གསོལ། ལྷའི་མེ་ཏོག་མནྡཱ་རས་ནི་བཅོམ་ལྡན་འདས་ལ་མཆོད། ཚུལ་དང་འདྲ་བའི་ཚིགས་སུ་བཅད་པས་ནི་མངོན་པར་བསྟོད་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཡིད་ཀྱིས་ཚིགས་སུ་བཅད་པས་ཞུ་བ་ཞུས་པ། བྱང་ཆུབ་སེམས་དཔའ་མཁས་པས་ཅི་སྤྱད་ན། །རྟག་ཏུ་ཆོས་རྣམས་རང་བཞིན་རབ་ཏུ་འཚལ། །མཁས་པ་བགྱི་བ་དག་ལ་ཇི་ལྟར་འཇུག། བགྱི་བར་འཇུག་པ་འདྲེན་པས་བསྟན་དུ་གསོལ། །འདྲེན་པ་སྐྱེ་བ་དྲན་པར་ཇི་ལྟར་འགྱུར། །ཇི་ལྟར་མངལ་དག་ཏུ་ཡང་ཡོང་མི་སྐྱེ། །
65a
༄#། །ཇི་ལྟ་བུར་ན་འཁོར་རྣམས་མི་ཕྱེད་འགྱུར། །འདི་ལ་ཇི་ལྟར་སྤོབས་པ་མཐའ་ཡས་འགྱུར། །སེམས་ཅན་ཀུན་གྱི་སྤྱོད་པ་རབ་ཏུ་མཁྱེན། །ཆོས་རྣམས་ཀུན་ལ་མངོན་པར་མཁྱེན་པ་འཇུག། རྐང་གཉིས་གཙོ་བོ་ཟིལ་གྱིས་མི་ནོན་པ། །ཞུ་བ་ཞུ་ཡིས་བདག་ལ་ལུང་སྟོན་ཅིག་།ཆོས་ཀྱི་རང་བཞིན་དངོས་མེད་རབ་མཁྱེན་ལ། །བརྗོད་དུ་མེད་པ་ཚིག་ཏུ་བརྗོད་པར་མཛད། །སེང་གེས་ཝ་རྣམས་ཇི་ལྟར་ཕམ་བགྱིས་པ། །མུ་སྟེགས་གཞན་ལའང་སངས་རྒྱས་དེ་བཞིན་ཏེ། །སེམས་ཅན་ཀུན་གྱི་སྤྱོད་པ་རབ་མཁྱེན་ཅིང ། །ཆོས་རྣམས་ཀུན་ལའང་ཡེ་ཤེས་རྗེས་སུ་འཇུག། ཡེ་ཤེས་ཆགས་མེད་སྤྱོད་ཡུལ་ཡོངས་སུ་དག་།ཆོས་ཀྱི་མངའ་བདག་བདག་ལ་དེ་ལུང་སྟོན། །འདས་པ་མཁྱེན་ཅིང་མ་འོངས་དེ་བཞིན་ཏེ། ། ད་ལྟར་འདི་ན་ཅི་མཆིས་པ་ཡང་མཁྱེན། །དུས་གསུམ་ལ་ནི་ཡེ་ཤེས་ཐོགས་མེད་འཇུག་།དེ་ཕྱིར་བདག་ཞུ་ཤཱཀྱ་སེང་གེ་ལ། །དུས་གསུམ་ལྡན་པའི་རྒྱལ་བའི་ཆོས་ཉིད་ནི། །ཆོས་ཀྱི་རྒྱལ་པོས་ཆོས་ཉིད་རབ་ཏུ་མཁྱེན། །རང་བྱུང་ཆོས་ཀྱི་ངོ་བོ་ཉིད་ལ་མཁས། །དེ་ཕྱིར་བདག་ཞུ་ཡེ་ཤེས་རྒྱ་མཚོ་ལ། །ཁྱོད་ལ་འཁྲུལ་བའི་ཆོས་ནི་ཅི་ཡང་མེད། །དེ་བས་ཁྱོད་ཀྱི་སེམས་པ་མ་ལུས་སྤངས། །མདུད་སྤངས་ཐ་བ་གཏི་མུག་རབ་ཏུ་བཅད། །མི་དབང་བདག་ལ་བྱང་ཆུབ་སྤྱོད་པ་སྟོན། །ཆོས་ཀྱི་མཚན་ཉིད་ཅི་འདྲར་རྒྱལ་བས་མཁྱེན། །ཆོས་ཀྱི་
65b
མཚན་ཉིད་དེ་འདྲ་བདག་ལ་སྟོན། །བདག་གིས་མཚན་ཉིད་དེ་འདྲའི་ཆོས་རྟོགས་ནས། །མཚན་ཉིད་དེ་འདྲའི་བྱང་ཆུབ་སྤྱོད་པ་སྤྱད། །སེམས་ཅན་སྤྱོད་པ་མི་མཐུན་མཐའ་ཡས་པ། །ཇི་ལྟར་སྤྱོད་པ་སྤྱད་པར་འཇུག་པ་ལགས། །གང་ཐོས་སེམས་ཅན་སྤྱོད་པ་འཚལ་འགྱུར་བ། །སྤྱོད་ལ་འཇུག་པ་བདག་ལ་བཤད་དུ་གསོལ། །མཚན་ཉིད་མི་མཐུན་ཆོས་ཀྱི་རང་བཞིན་མཚན།། ངོ་བོ་ཉིད་སྟོང་རང་བཞིན་རྣམ་དག་པ། །བྱང་ཆུབ་སེམས་དཔས་ཇི་ལྟར་མངོན་སུམ་འགྱུར། །ཆོས་ཀྱི་ཚུལ་རྣམས་བདག་ལ་བསྟན་དུ་གསོལ། །འདི་ལ་ཆོས་རྣམས་ཀུན་གྱི་ཕ་རོལ་ཕྱིན། །བསྟན་པའི་ཚིག་ཀུན་ལ་ཡང་ཤིན་ཏུ་མཁས། །ཐེ་ཚོམ་མི་མངའ་ནེམ་ནུར་ཐེ་ཚོམ་མེད། །བདག་ལ་སངས་རྒྱས་བྱང་ཆུབ་བསྟན་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པའི་སེམས་ཀྱི་རྟོག་པ་སེམས་ཀྱིས་མཁྱེན་ནས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཅིག་དང་ལྡན་ན་ཡོན་ཏན་འདི་དག་རབ་ཏུ་ཐོབ་སྟེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱའོ། །ཆོས་གཅིག་པོ་གང་ཞེ་ན། གཞོན་ནུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཤེས་པ་ཡིན་ནོ། །གཞོན་ནུ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་
66a
༄#། །ཆེན་པོས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཤེས་ཞེ་ན། གཞོན་ནུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་མིང་མེད་ཅིང་མིང་དང་བྲལ་བར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་སྒྲ་མེད་པ། ཚིག་གི་ལམ་དང་བྲལ་བ། ཡི་གེ་དང་བྲལ་བ། སྐྱེ་བ་དང་བྲལ་བ། འགོག་པ་དང་བྲལ་བ། རྒྱུ་དང་མཚན་ཉིད་མི་མཐུན་པ།་རྐྱེན་དང་མཚན་ཉིད་མི་མཐུན་པ། དབེན་པའི་མཚན་ཉིད་འདི་ལྟ་སྟེ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པ། མཚན་ཉིད་དང་བྲལ་བ། བསམ་གྱིས་མི་ཁྱབ་པ། བསམ་པ་དང་བྲལ་བ། ཡིད་དང་བྲལ་བར་རབ་ཏུ་ཤེས་སོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཆོས་རྣམས་བསྟན་པ་གཅིག་པོ་ནི། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །ཡང་དག་ཇི་བཞིན་རབ་མཁྱེན་པས། །ཤེས་རབ་མཆོག་གིས་བཤད་པ་ཡིན། །དེ་ལྟ་བུར་ནི་ཆོས་བསྟན་རྣམས། །བྱང་ཆུབ་སེམས་དཔའ་སུས་ཤེས་པ། །མདོ་སྡེ་བྱེ་བ་རབ་སྟོན་ཀྱང ། །དེ་ལ་བྱང་ཆུབ་རྒྱུན་ཆད་མེད། །འདྲེན་པས་བྱིན་གྱིས་བརླབས་པས་ན། །ཡང་དག་ཉིད་ཀྱི་མཐའ་ཡང་ཤེས། །ཡང་དག་མཐའ་དེ་རབ་ཤེས་ན། །དེ་ལ་ཅི་ཡང་བཤད་པ་མེད། །གཅིག་གིས་ཀྱང་ནི་ཐམས་ཅད་ཤེས། །གཅིག་གིས་ཀྱང་ནི་ཐམས་ཅད་མཐོང ། །ཇི་སྙེད་མང་པོར་བཤད་ན་ཡང ། །
66b
དེ་ལ་དྲེགས་པ་སྐྱེ་བ་མེད། །ཆོས་རྣམས་ཐམས་ཅད་བདག་མེད་པར། །དེ་ལྟར་སེམས་ཀྱིས་ངེས་བརྟགས་ཤིང ། །མིང་དུ་བསྟན་པ་བསླབས་པས་ན། །ཡང་དག་ཉིད་དུ་ཚིག་ཀྱང་སྨྲ། །སྒྲ་དབྱངས་གང་དག་ཅི་ཐོས་པ། །དེ་ཡི་སྔོན་གྱི་མཐའ་ཤེས་ཏེ། །སྒྲ་ཡི་སྔོན་གྱི་མཐའ་ཤེས་ནས། །སྒྲ་དག་གིས་ནི་དེ་མི་འཕྲོགས། །སྒྲ་ཡི་སྔོན་མཐའ་ཇི་འདྲ་བར། །ཆོས་རྣམས་མཚན་ཉིད་དེ་བཞིན་ཏེ། །ཆོས་རྣམས་དེ་ལྟར་རབ་ཤེས་ན། །མངལ་དུ་སྐྱེ་བར་མི་འགྱུར་རོ། །ཆོས་རྣམས་ཐམས་ཅད་མི་སྐྱེ་ཞིང ། །འབྱུང་བ་མེད་པར་རབ་ཏུ་ཤེས། །བསྟན་པ་འདི་ནི་རབ་ཤེས་ན། །རྟག་ཏུ་སྐྱེ་བ་དྲན་པར་འགྱུར། །ནམ་ཞིག་སྐྱེ་བ་དྲན་གྱུར་ན། །དེ་ཚེ་བྱ་བ་དག་ལ་འཇུག་།བྱ་བ་དག་ལ་ཞུགས་པ་ཡི། །འཁོར་རྣམས་ཤིན་ཏུ་མི་ཕྱེད་འགྱུར། ། དེ་ལྟར་ཆོས་རྣམས་སྟོང་པར་ནི། །བྱང་ཆུབ་སེམས་དཔའ་སུས་ཤེས་པ། །དེས་ནི་གང་ཡང་མི་ཤེས་མེད། །འདི་ནི་ཅི་ཡང་མེད་པའི་མཐའ། །ཅི་ཡང་མེད་པའི་མཐའ་ལ་ཡང ། ། བྱིས་པ་དག་གིས་ཅི་དག་བརྟགས། །བསྐལ་པ་བྱེ་བར་དེ་དག་དེས། །ཡང་དང་ཡང་དུ་འཁོར་བར་གྱུར། །ཇི་ལྟར་འདྲེན་པས་མཁྱེན་པ་བཞིན། །གལ་ཏེ་དེ་དག་རྟོག་རིག་ན། །དེ་ལས་སྡུག་བསྔལ་མི་སྐྱེ་སྟེ། །ངན་འགྲོ་རྣམས་སུའང་དེ་མི་འགྲོ་།སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས། །དེ་ལྟར་ཚུལ་འདི་མ་ཤེས་པས། །གང་དུ་ཆོས་རྣམས་འགག་པ་ཡི། །འདི་འདྲའི་ཆོས་
67a
༄#། །རྣམས་སྤོང་བར་བྱེད། །ཆོས་ཀུན་རྙེད་པ་མེད་པར་ནི། །ཆོས་ཀྱི་འདུ་ཤེས་གང་བྱུང་བ། །དེ་ལྟ་བུ་ཡི་འདུ་ཤེས་ཏེ། །འདུ་ཤེས་དེ་ལྟར་རིག་པར་གྱིས། ། རྣམ་པར་ཤེས་དང་འདུ་ཤེས་སུ། །བྱིས་པ་དག་གིས་འདི་བརྟགས་ཏེ། །བརྟགས་པ་ཡི་ནི་ཆོས་རྣམས་ལ། །མཁས་པ་འདིར་ནི་རྨོངས་མི་འགྱུར། །སྟོང་པ་རྙོག་པ་མེད་པའི་ཆོས། ། འདི་ནི་མཁས་པའི་ས་ཡིན་ཏེ། །འདི་ལ་བྱིས་པའི་སྤྱོད་ཡུལ་མེད། །སངས་རྒྱས་སྲས་ཀྱི་སྤྱོད་ཡུལ་ལོ། །ཞི་བ་སྟོང་པ་རབ་བསྟན་པ། །འདི་ནི་བྱང་ཆུབ་སེམས་དཔའི་ས། །ས་ནི་སངས་རྒྱས་སྲས་སྤྱོད་པ། །སངས་རྒྱས་ཆོས་ཀྱི་རྒྱན་ཡིན་ནོ། །འདི་ལྟར་བྱང་ཆུབ་སེམས་དཔའ་དག་།བག་ཆགས་རབ་ཏུ་སྤངས་གྱུར་པ། །དེ་དག་གཟུགས་ཀྱིས་མི་འཕྲོགས་ཏེ། །སངས་རྒྱས་རིགས་ལ་དེ་དག་གནས། །ཆོས་རྣམས་ཐམས་ཅད་གནས་མེད་དེ། །དེ་དག་ལ་ནི་གནས་ཡོད་མིན། །གང་གིས་དེ་ལྟར་གནས་ཞེས་པ། །དེ་ལ་བྱང་ཆུབ་རྙེད་མི་དཀའ། །སྦྱིན་དང་ཚུལ་ཁྲིམས་ཐོས་དང་བཟོད། །བཤེས་གཉེན་བཟང་པོ་བསྟེན་བྱས་ནས། །བྱ་བ་འདི་དག་རྣམ་རིག་ན། །བྱང་ཆུབ་མྱུར་དུ་དེ་འཚང་རྒྱ། །དེ་ལ་ལྷ་ཀླུས་རྟག་ཏུ་བཀུར་སྟི་བྱེད། །གནོད་སྦྱིན་ལྷ་མིན་ལྟོ་འཕྱེ་དྲི་ཟ་དང ། །ནམ་མཁའ་ལྡིང་གི་རྒྱལ་པོ་ཐམས་ཅད་དང ། །མི་འམ་ཅི་དང་སྲིན་པོས་མཆོད་པ་བྱེད། །སངས་རྒྱས་བྱེ་
67b
བ་དེ་ཡི་སྙན་པ་བརྗོད། །བསྐལ་པ་བྱེ་བ་མང་པོར་མི་འཆད་པར། །ཆོས་བཤད་པ་ཡི་བསྔགས་པ་བརྗོད་ན་ཡང ། །དེ་ཡི་མུ་མཐའ་ཟད་པར་ནུས་མི་འགྱུར། །བྱང་ཆུབ་སེམས་དཔའ་གང་གིས་སྟོང་ཤེས་པ། །དེ་ནི་སྲོག་ཆགས་བྱེ་བའི་དོན་མང་བྱེད། །ཤིན་ཏུ་ངེས་པས་འཁོར་ལ་ཆོས་སྟོན་ཏེ། །ཐོས་ནས་དགའ་ཞིང་རི་མོར་བྱེད་པ་སྐྱེད། །དེ་དག་གིས་ནི་ཡེ་ཤེས་ཡངས་པ་འབྱུང ། །དེ་ཕྱིར་རྒྱལ་བ་མི་མཆོག་མཐོང་བར་འགྱུར། །ཞིང་རྣམས་ན་ཡང་བཀོད་པ་བཟང་པོ་མཐོང ། །འཇིག་རྟེན་མགོན་པོ་དེ་ལ་ཆོས་རྣམས་སྟོན། །ཆོས་ཀུན་སྒྱུ་མ་ལྟ་བུར་ཤེས་པར་གྱིས། །ཇི་ལྟར་བར་སྣང་རང་བཞིན་སྟོང་པ་ལྟར། །དེ་དག་གི་ཡང་རང་བཞིན་དེ་འདྲར་ཤེས། །དེ་ལྟར་སྤྱོད་པ་ཅི་ལའང་ཆགས་མི་འགྱུར། །ཡེ་ཤེས་ཆགས་པ་མེད་པས་དོན་བྱེད་ཅིང ། །འཇིག་རྟེན་ན་ཡང་བྱང་ཆུབ་སྤྱད་མཆོག་སྤྱོད། །ཤེས་པས་ཆོས་ཀུན་ལའང་རབ་བརྟགས་ཏེ། །དེ་དག་ཞིང་རྣམས་གཞན་དུའང་སྤྲུལ་པ་འགྱེད། །སྤྲུལ་པ་དེ་དག་སངས་རྒྱས་དོན་བྱས་ནས། །ཇི་ལྟར་ཆས་ཉིད་བཞིན་དུ་རང་བཞིན་འགྱུར། །བྱང་ཆུབ་སེམས་ལ་མི་གང་གནས་པ་རྣམས། །བསམ་པ་ཇི་བཞིན་དོན་རྣམས་རྙེད་པར་འགྱུར། ། སངས་རྒྱས་རིགས་ནི་གནས་པར་གང་བརྩོན་པ། །དེ་ནི་རྟག་ཏུ་སངས་རྒྱས་བྱས་པ་གཟོ། །རྣམ་པར་འབར་བའི་ལུས་དང་རབ་ལྡན་ཞིང ། །མཚན་བཟང་སུམ་ཅུ་རྩ་གཉིས་དེ་ལ་འབྱུང ། །
68a
༄#། །ཕན་ཡོན་གཞན་ཡང་མང་པོ་མཐའ་ཡས་པ། །ཏིང་འཛིན་མཆོག་ལ་སྤྱོད་པས་ཐོབ་པར་འགྱུར། །རྟག་ཏུ་མི་སྒུལ་སྟོབས་ཀྱང་ཆེ་བར་འགྱུར། །དེ་ཡི་གཟི་བརྗིད་རྒྱལ་པོས་མི་བཟོད་དེ། །མཁས་པ་སུ་དག་སངས་རྒྱས་ཆོས་སྤྱོད་པ། །བྱད་བཞིན་བཟང་ཞིང་ཤིན་ཏུ་མཛེས་པར་འགྱུར། །བསོད་ནམས་གཟི་བརྗིད་དཔལ་གྱིས་མངོན་འཕགས་ཏེ། །ལྷས་ཀྱང་དེ་ཡི་གཟི་བརྗིད་བཟོད་མི་འགྱུར། །སུ་དག་བྱང་ཆུབ་སེམས་ལ་བརྟེན་གནས་པ། །དེ་ནི་རྟག་ཏུ་སྲོག་ཆགས་ཀུན་གྱི་བཤེས། །སངས་རྒྱས་བྱང་ཆུབ་འདི་ནི་རབ་སྟོན་པ། །དེ་ལ་ནམ་ཡང་མུན་པ་མེད་པར་འགྱུར། །སྒྲ་དང་ཚིག་གི་ལམ་བྲལ་བརྗོད་དུ་མེད། །ནམ་མཁའ་ཇི་བཞིན་ཆོས་ཀྱི་རང་བཞིན་ཏེ། །འདི་ལྟ་བུ་ཡི་ཚུལ་མཆོག་རྣམ་རིག་ན། །དེ་ཡི་སྤོབས་པ་དག་ཀྱང་མི་ཟད་འགྱུར། །མདོ་སྡེ་དག་ནི་བརྒྱ་སྟོང་རབ་བཤད་ཀྱང ། །སྔོན་གྱི་མཐའ་མ་ཕྲ་ཞིབ་རབ་ཏུ་ཤེས། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཕྲ་ཤེས་པས། །མཁས་པའི་ཚིག་ནི་རྟག་ཏུ་ཐོགས་པ་མེད། །རྟག་པར་ཚུལ་བརྒྱ་དག་ལ་མཁས་གྱུར་ཅིང ། །སྒྲ་དང་ངེས་ཚིག་རྣམ་པ་མང་ལ་མཁས། །ལས་དང་འབྲས་བུ་རྣམ་སྨིན་ངེས་པ་སྟེ། །ཁྱད་པར་འཕགས་པའི་བྱེ་བྲག་དེ་འདྲར་འགྱུར། །མཁས་པ་བདག་ཉིད་ཆེན་པོ་སྟོབས་བཅུའི་སྲས། །མ་ཚང་མེད་པའི་སྟོབས་ཀྱིས་ཤུགས་འཆང་ཞིང ། །ཤིན་
68b
ཏུ་ཕྲ་བའི་རང་བཞིན་ཆོས་ཤེས་པས། །དེ་ཡི་དྲན་པ་རྟག་པར་ཡོངས་སུ་དག། ཤིན་ཏུ་ཕྲ་བའི་རང་བཞིན་ཆོས་ཤེས་པས། །ཡིད་དུ་མི་འོང་སྒྲ་ནི་ཐོས་མི་འགྱུར། །རྟག་ཏུ་སྙན་ཅིང་ཡིད་འོང་སྒྲ་ཡང་ཐོས། །དེ་ཡི་ཚིག་ནི་རྟག་ཏུ་ཡིད་འོང་འགྱུར། །ཤིན་ཏུ་ཕྲ་བའི་རང་བཞིན་ཆོས་ཤེས་པས། །དྲན་དང་བློ་གྲོས་ཤེས་རབ་རྟོགས་དང་ལྡན། །དེ་བཞིན་སེམས་ཀྱང་རྙོག་མེད་དང་བར་འགྱུར། །མདོ་སྡེ་བརྒྱ་ཕྲག་དུ་མ་རབ་ཏུ་འཆད། །ཡོན་ཏན་འདི་འདྲའི་རང་བཞིན་ཆོས་ཤེས་པས། །ཡི་གེ་དང་ནི་ཚིག་རྣམས་འབྱེད་ལ་མཁས། །ཐ་དད་པ་ཡི་སྒྲ་མང་དུ་མ་ཤེས། །དོན་དང་ཚིག་འབྲུལ་ཡང་མཁས་པར་འགྱུར། །ཤིན་ཏུ་ཕྲ་བའི་རང་བཞིན་ཆོས་ཤེས་པས། །ལྷ་དང་མི་དང་ཀླུ་འབྲུག་སྲིན་པོ་དང ། །ལྷ་མིན་ལྟོ་འཕྱེ་མིའམ་ཅི་ལ་ཡང ། ། རྟག་ཏུ་སྡུག་ཅིང་ཡིད་དུ་འོང་བར་འགྱུར། །ཤིན་ཏུ་ཕྲ་བའི་རང་བཞིན་ཆོས་ཤེས་པས། །འབྱུང་པོ་ཡི་དྭགས་སྲིན་པོའི་ཚོགས་རྣམས་ནི། །ཤ་ལ་ཟ་བ་ཤིན་ཏུ་མི་ཟད་པ། །དེ་དག་ནམ་ཡང་དེ་ལ་འཇིགས་མི་བྱེད། །མཁས་པ་དེ་དག་ཡངས་པའི་གཏམ་ཐོས་ནས། །ཤིན་ཏུ་དགའ་ཞིང་བ་སྤུ་ཟིང་ཞེས་བྱེད། །སངས་རྒྱས་ལ་ཡང་དགའ་བ་རྒྱ་ཆེར་བསྐྱེད། །དེ་དག་བསམ་གྱིས་མི་ཁྱབ་དོན་ཆེན་ཐོབ། །བདེ་བར་གཤེགས་པའི་ཆོས་མཛོད་འདི་བཟུང་བའི། །བསྐལ་པ་སྟོང་མང་དེ་ཡི་བསོད་ནམས་སྟོབས། །རབ་ཏུ་བརྗོད་ཀྱང་རྫོགས་པར་
69a
༄#། །མི་ནུས་ཏེ། །དཔག་ཏུ་མེད་ཅིང་མཐའ་ཡས་ཚད་མེད་དོ། །ཏིང་འཛིན་ཞི་བའི་མཆོག་འདི་བཟུང་བ་ཡིས། །འདས་པའི་རྒྱལ་བ་དཔག་མེད་ཐམས་ཅད་དང ། ། སངས་རྒྱས་མ་བྱོན་པ་དང་ཕྱོགས་བཅུ་ན། །སངས་རྒྱས་གང་བཞུགས་དེ་དག་དེ་ཡིས་མཆོད། །སྐྱེས་བུ་ལ་ལ་བསོད་ནམས་འདོད་པས་འདིར། །སྟོབས་བཅུ་ལྡན་པའི་ཐུགས་རྗེ་ཅན་དག་ལ། །དགའ་བ་དཔག་ཏུ་མེད་པ་བསྐྱེད་ནས་ནི། །བསྐལ་པ་མཐའ་ཡས་དཔག་མེད་རིམ་གྲོ་བྱས། །སྐྱེས་བུ་གཉིས་པ་བསོད་ནམས་འདོད་པ་ཡིས། །དོན་དམ་ཚུལ་འདི་ལས་ནི་ཚིགས་བཅད་གཅིག་།ཕྱི་མའི་དུས་སུ་གྱུར་ཚེ་འཛིན་པ་ནི། །དེ་ལ་སྔ་མའི་བསོད་ནམས་ཆར་མི་ཕོད། །འདི་ནི་སངས་རྒྱས་མཆོད་པ་རབ་མཆོག་སྟེ། །ཕྱི་མ་མི་བཟད་དུས་སུ་གྱུར་པའི་ཚེ། །འདི་ལས་ཚིག་བཞིའི་ཚིགས་བཅད་གཅིག་ཐོས་ནས། །འཛིན་པ་དེས་ནི་སངས་རྒྱས་ཐམས་ཅད་མཆོད། །དེ་དག་རྟག་ཏུ་རྙེད་མཆོག་ལེགས་པར་རྙེད། །དེ་དག་གྲོང་གི་ཟས་མཆོག་ལེགས་པར་ཟོས། །སྟོབས་བཅུའི་སྲས་ཀྱི་ཐུ་བོ་དམ་པ་སྟེ། །དེ་ཡིས་རྒྱལ་བ་མང་པོ་ཡུན་རིང་མཆོད། །བྱ་རྒོད་ཕུང་པོའི་རི་འདིར་ང་ཡང་མཐོང ། །དེ་དག་སངས་རྒྱས་མཁྱེན་ལ་ངས་ལུང་བསྟན། །མྱ་ངན་ང་འདས་ནས་ནི་བྱམས་པ་ཡང ། །དེ་ཚེ་དེ་ལ་ལུང་ཡང་སྟོན་པར་འགྱུར། །དེ་བཞིན་སངས་རྒྱས་ཚེ་དཔག་མེད་པ་ཡང ། །
69b
ང་ཡི་བདེ་བ་ཅན་དུ་ཀུན་འདོང་ཞེས། །ཕན་ཡོན་རྣམ་པ་དུ་མ་དེ་ལ་འཆད། །མངོན་དགའ་དེར་སོང་སངས་རྒྱས་མི་འཁྲུགས་མཐོང ། །བསྐལ་པ་བརྒྱ་སྟོང་དཔག་ཏུ་མེད་པར་ཡང ། ། ལོག་པར་ལྟུང་བའི་འཇིགས་པ་ཡོང་མི་འབྱུང ། །བྱང་ཆུབ་སྤྱད་པ་མཆོག་འདི་སྤྱོད་པ་ནི། །རྟག་ཏུ་ཡིད་རབ་བདེ་བ་མྱོང་བར་འགྱུར། །དེ་ཕྱིར་བྱེ་བྲག་འདི་འཕགས་དེ་འདྲ་སྟེ། །འདི་ནི་རབ་ཏུ་བཤད་པ་ཕན་ཡོན་མཆོག་།སོ་སོའི་ཚིག་ལ་ང་ཡི་རྗེས་སློབས་ལ། །ཕྱི་མའི་དུས་ལ་མདོ་སྡེ་འདི་ཟུངས་ཤིག་།མདོ་སྡེ་འཛིན་པའི་ལེའུ་སྟེ། བཅུ་གཅིག་པའོ།། །། གཞོན་ནུ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཤེས་པ་དེའི་ཡོན་ཏན་དང་ཕན་ཡོན་དེ་ལྟ་བུར་འགྱུར་རོ། །དེ་བཞིན་གཤེགས་པའི་ཡོན་ཏན་དང་བསྔགས་པ་ཡང་དག་པར་སྨྲའོ། །དེ་བཞིན་གཤེགས་པ་ལ་ཡང་དག་པ་མ་ཡིན་པ་དང ། མེད་པས་མི་སྐུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་གང་གིས་དེ་བཞིན་གཤེགས་པར་རབ་ཏུ་དབྱེ་བའི་ཆོས་ཉིད་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང ། སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་པར་རབ་ཏུ་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ།་སངས་རྒྱས་ཀྱི་ཡོན་ཏན་ནི་མཐའ་ཡས་ཏེ། བསམ་གྱིས་མི་ཁྱབ་ཅིང་བསམ་པ་དང་བྲལ་བས་ན། དེ་དག་བསམ་པའམ་དཔག་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ་
70a
༄#། །སེམས་ཀྱི་ངོ་བོ་ཉིད་ནི་གཟུགས་མེད་པ་བསྟན་དུ་མེད་པ་སྟེ། གཞོན་ནུ། དེ་ལྟར་སེམས་ཀྱི་ངོ་བོ་ཉིད་གང་ཡིན་པ་སངས་རྒྱས་ཀྱི་ཡོན་ཏན་གྱི་ངོ་བོ་ཉིད་ཀྱང་དེ་ཡིན་ནོ། །སངས་རྒྱས་ཀྱི་ཡོན་ཏན་གྱི་ངོ་བོ་ཉིད་གང་ཡིན་པ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱང་དེ་བཞིན་ནོ། །དེ་བཞིན་གཤེགས་པའི་ངོ་བོ་གང་ཡིན་པ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱང་དེ་ཡིན་ཏེ། །གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟར་ཡོན་ཏན་ཐམས་ཅད་ཀྱི་ངོ་བོ་ཉིད་དོན་གཅིག་ཏུ་བསྟན་པ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་ཀྱིས་ངེས་པར་བརྟགས་པ་ཞེས་བྱ་སྟེ། འབྱུང་བ་ལ་མཁས་ཤིང་ཁམས་གསུམ་ལས་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་ཏུ་རབ་ཏུ་ཤེས་སོ། །ཇི་ལྟ་བ་བཞིན་དུ་ལྟ་ཞིང་ལོག་པར་མི་སྨྲ། རྣམ་པ་གཞན་དུ་མི་སྨྲ། ཇི་སྐད་སྨྲ་བ་དེ་བཞིན་བྱེད། ཁམས་གསུམ་ལ་མ་ཆགས་ཤིང་ཁམས་གསུམ་ལས་ཡང་དག་པར་འདས་ཏེ། འདོད་པའི་ས་དང ། གཟུགས་ཀྱི་ས་དང ། གཟུགས་མེད་པའི་ས་དང ། ཉོན་མོངས་པའི་ས་དང་མིང་གིས་དང ། སྒྲའི་ས་ལས་འདས་ཤིང་ཡི་གེ་དང་ཆོས་ཀྱི་ཚུལ་ལ་མཁས་པ། ཡེ་ཤེས་མི་ཟད་པར་བསྒོམས་པ་།བརྗོད་དུ་མེད་པའི་ཆོས་རྟོགས་པ། ཡི་གེ་ཤེས་
70b
པ།་ཡི་གེ་ལ་མཁས་པ། ཡི་གེ་དང་ཚིག་རབ་ཏུ་དབྱེ་བ་ཤེས་པ་ལ་མཁས་པ། ཡི་གེ་དང་ཚིག་རབ་ཏུ་དབྱེ་བ་རྒྱས་པ་ཤེས་པ་ལ་མཁས་པ། ཆོས་ཐམས་ཅད་རབ་ཏུ་དབྱེ་བ་ཤེས་པ་ལ་མཁས་པ། ཆོས་ཐམས་ཅད་རབ་ཏུ་དབྱེ་བ་རྒྱས་པ་ཤེས་པ་ལ་མཁས་པ། ཆོས་ཐམས་ཅད་རྣམ་པར་དགོད་པ་ལ་མཁས་པ་ཡིན་ཏེ། གཏན་ལ་དབབ་པའི་བློ་དང་ལྡན་ཞིང།་བདུད་སྡིག་ཅན་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཟིལ་གྱིས་མི་ནོན་ཏོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ་ལྷ་དང་མིའི་སྐྱེ་དགུ་སྔོན་ཡོངས་སུ་སྦྱང་བ་བྱས་པ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་བརྒྱད་ཀྱིས་བྱེ་བ་བརྒྱ་སྟོང་འཁྱིལ་བའི་གཟུངས་དང ། སྒྲིབ་པ་མེད་པའི་མཐའ་དང ། ཆོས་རྣམ་པར་མཐོང་བའི་བཟོད་པ་སོ་སོར་ཐོབ་ནས། བཅོམ་ལྡན་འདས་ཀྱིས་དེ་དག་ཐམས་ཅད་ལ་བསྐལ་པ་གྲངས་མེད་པ་བརྒྱ་སྟོང་ཕྲག་བཞི་བཅུ་རྩ་བརྒྱད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ།་ཐམས་ཅད་ཀྱང་མིང་ནི་ཐ་དད། ཚེའི་ཚད་ནི་གཅིག་པར་སངས་རྒྱས་ཀྱི་ཞིང་སོ་སོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་ལུང་བསྟན་ཏོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་བློ་དང་ལྡན་པ་གང ། །བླ་ན་མེད་པའི་བྱང་ཆུབ་རབ་འཚོལ་ཞིང ། །ཆོས་དང་དེ་བཞིན་དོན་ལ་མཁས་པ་
71a
༄#། །དེ། །ཆོས་ཀྱི་ངོ་བོ་ཉིད་ལ་སྤྱོད་པ་ཡིན། །ཡང་དག་མ་ཡིན་པ་ཡི་ཚིག་མི་སྨྲ། །སངས་རྒྱས་ཡོན་ཏན་བྱེ་བྲག་ཅི་འདྲ་བ། །རྒྱལ་བ་རྣམས་ཀྱི་ཆོས་ནི་དེ་ཡིན་ཏེ། དཔའ་བོ་ཐེ་ཚོམ་བྲལ་བས་ཤིན་ཏུ་རིག། ཆོས་ཀུན་དོན་གཅིག་པར་ནི་རབ་ཤེས་ཏེ། །མགོ་གཅིག་ཏུ་ནི་སྟོང་པ་ཉིད་ཡིན་པས། །དེ་དག་ལ་ནི་ཐ་དད་གྱུར་པ་མེད། །དོན་གཅིག་ལ་ནི་ཤིན་ཏུ་བསླབས་པ་ཡིན། །རྟོག་པ་མེད་ཅིང་རྣམ་རྟོག་མེད་པ་དང ། །དམིགས་པ་མེད་པར་བློ་གྲོས་ལྡན་པས་ཤེས། །ཟད་པ་དང་ནི་མི་ཟད་འདུ་ཤེས་ཀྱང ། །མ་ལུས་པར་ནི་ཐམས་ཅད་རབ་ཏུ་སྤངས། །དེ་ནི་ཆོས་སྐུ་མི་ཡི་སེང་གེ་ལ། །སྟོབས་བཅུ་ལྡན་པ་གཟུགས་སུ་མི་ལྟ་ཞིང ། །དེ་ནི་ཕྱིན་ཅི་ལོག་ཀུན་རབ་སྤངས་པས། །མཚན་རྣམས་སུ་ཡང་ལྟ་\?\་བར་ཡོང་མི་འགྱུར། །ཆོས་རྣམས་འདི་དག་བསམ་མི་ཁྱབ། །བསམ་དང་བྲལ་ཞིང་རང་བཞིན་ཞི། །དེ་ལྟ་བུར་ནི་རབ་ཤེས་ནས། །རྐང་གཉིས་གཙོ་བོ་སངས་རྒྱས་མཐོང་ཇི་ལྟར་བདག་གི་འདུ་ཤེས་རིག་།དེ་བཞིན་ཀུན་ཏུ་བློ་ཡང་གཏོང ། །ཆོས་ཀུན་དེ་ཡི་རང་བཞིན་ཏེ། །རྣམ་པར་དག་པ་ནམ་མཁའ་བཞིན། །ཡིད་ལ་ནམ་ཡང་འབྱུང་བ་མེད། ། ཆོས་རྣམས་ཐམས་ཅད་ཤེས་པས་ན། །ཁམས་གསུམ་ལས་ནི་རྣམ་པར་གྲོལ། །དེ་ལ་སྨོན་ལམ་འདེབས་པ་མེད། །ཡང་དག་ཇི་བཞིན་དུ་ནི་མཐོང་གྱུར་ཅིང ། །མ་ལོག་
71b
ཚིག་སྨྲ་རྣམ་པ་གཞན་མི་སྨྲ། །དེ་ཡི་ཚིག་དང་བརྗོད་པ་ཐམས་ཅད་ཀྱང ། །རྒྱལ་བ་དག་གི་མཐུ་ཡིས་འབྱུང་བར་འགྱུར། །འདོད་པའི་ས་དང་ཉོན་མོངས་ས་རྣམས་དང ། །གཟུགས་དང་གཟུགས་མེད་ལས་ཀྱང་ཤིན་ཏུ་འདའ། །ཆོས་རྣམས་ལ་ནི་ཡིད་ཀྱང་མ་ཆགས་ཤིང ། །རབ་ཏུ་དགའ་བས་འགྲོ་ལ་ཕན་པར་སྤྱོད། །མིང་གི་ས་ལས་འདས་ཤིང་སྒྲ་ཡང་ཤེས། ། ངོ་བོ་ཉིད་ཀྱིས་གསོག་ཏུ་གྱུར་པ་སྟེ། །ཇི་སྲིད་ཙམ་དུ་ཡུན་རིང་བརྗོད་ན་ཡང ། །དེ་ལ་གནས་པར་བྱེད་པ་ཡོད་མ་ཡིན། །འདུ་ཤེས་རབ་ཏུ་རྒྱུ་བ་མེད། །ལྟ་བ་ལོག་པ་ཀུན་ནས་ཟད། ། བློ་ཡང་ཤིན་ཏུ་གཏན་ལ་ཕབ། །བརྟན་པ་ནམ་མཁའ་འདྲ་བར་སྤྱོད། །གལ་ཏེ་བདུད་བྱེ་ཁྲག་ཁྲིག་རྣམས། །དེ་ཡི་སེམས་དཀྲུག་ཕྱིར་འོངས་ཀྱང ། །བདུད་རྣམས་ཐམས་ཅད་ཟིལ་མནན་ཏེ། །དེ་ཡི་དབང་དུ་འགྲོ་མི་འགྱུར། །བདུད་ཀྱི་རྒྱ་མོ་རྣམས་སྤངས་ཏེ། །ཚུལ་ཁྲིམས་ཡོངས་དག་གདུང་བ་མེད། །བསམ་གཏན་དག་གི་བདེ་ལ་མོས། །འཇིག་རྟེན་སྟོང་པར་རབ་ཏུ་ཤེས། །འཇིག་རྟེན་ཕུང་པོར་སྨྲས་པ་ཡང ། །དེ་དག་སྟོང་པར་རབ་ཏུ་རིག་།སྐྱེ་བ་མེད་ཅིང་འགག་མེད་པས། །ཆོས་རྣམས་ཐམས་ཅད་ནམ་མཁའ་བཞིན། །དེ་དག་བདག་ཉིད་གཏོང་བྱེད་ཀྱི། །སྟོབས་བཅུའི་ཚུལ་ཁྲིམས་ཐོས་མི་གཏོང ། །དེ་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན། །གར་སྨོན་པར་ཡང་སྐྱེ་བར་འགྱུར། །སངས་རྒྱས་ཞིང་དུ་རྣམ་པར་
72a
༄#། །འགྲོ། སངས་རྒྱས་ཁྲག་ཁྲིག་མང་པོ་མཐོང ། །མཐོ་རིས་དག་ནི་མི་འདོད་དེ། །སྨོན་ལམ་རྣམས་ནི་ཡོངས་མི་གཏོང ། །ཆོས་ཉིད་དག་ནི་དེ་སྤྱོད་ཚེ། །སྐད་ཅིག་བརྩོན་འགྲུས་ཉམས་མི་བྱེད། །ཕྱོགས་བཅུ་ཡི་ནི་སངས་རྒྱས་ཀྱིས། །དེ་ནི་ཤིན་ཏུ་བསྟོད་པ་ཡིན། །དེ་ཕྱིར་གཞོན་ནུ་ཏིང་འཛིན་ལས། །ཆོས་འདི་དག་ནི་རབ་ཐོབ་ནས། །ཤེས་ཀྱི་ཁེ་ནི་རྣམ་སྤོངས་ལ། །སྐྱེ་བོ་མང་ལ་ཆོས་རབ་སྟོན། །སངས་རྒྱས་ཡོན་ཏན་མང་ལྡན་པ། །རང་འབྱུང་འགྱུར་བར་གང་འདོད་པས། །དགེ་བ་འདི་ལ་རབ་བསླབས་ན། །སྟོབས་ཀྱིས་ཟླ་འོད་གཞོན་ནུར་གྱུར་སློབ་པའི་ལེའུ་སྟེ། བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། དེ་ལྟ་བས་ན། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཏིང་ངེ་འཛིན་ངེས་པར་བསྟན་པ་ལ་མཁས་པར་བྱའོ། །གཞོན་ནུ། དེ་ལ་ཏིང་ངེ་འཛིན་ངེས་པར་བསྟན་པ་གང་ཞེ་ན། གང་ཆོས་ཐམས་ཅད་ཀྱི་ཇི་ལྟ་བ་བཞིན་ཉིད་དང ། མཉམ་པ་ཉིད་མེ་མཉམ་པ་མེད་པ་དང ། མི་རྟོག་པ། རྣམ་པར་མི་རྟོག་པ། རྣམ་པར་མ་བསྒྲུབས་པ། ཀུན་ནས་སློང་བ་མེད་པ། སྐྱེ་བ་མེད་པ། འགག་པ་མེད་
72b
པ།་རྟོག་པ་དང ། རྣམ་པར་རྟོག་པ་དང ། ཀུན་ནས་རྟོག་པ་ཡོངས་སུ་ཆད་པ། སེམས་ཀྱི་དམིགས་པ་མེད་པ། ཡིད་ལ་བྱེད་པ་མེད་པ། རྣམ་པར་རིག་པ་ཡོངས་སུ་ཆད་པ། འདོད་ཆགས་དང།་ཞེ་སྡང་དང ། གཏི་མུག་ཡོངས་སུ་ཆད་པ། མཐའ་མེད་པ། མཐར་ཡིད་ལ་བྱེད་པ་དང་བྲལ་བ། ཡིད་ལ་བྱེད་པ་ཡོངས་སུ་ཆད་པ། ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ཀྱི་ངོ་བོ་ཉིད་ཤེས་པ། དྲན་པ་དང ། བློ་གྲོས་དང ། རྟོགས་པ་དང ། ཁྲེལ་ཡོད་པ་དང ། བརྟན་པ་དང ། ཆོ་ག་དང ། སྤྱོད་ཡུལ་དང ། ནན་ཏན་གྱི་གནས་སུ་གྱུར་པ། ཉོན་མོངས་པ་མེད་པའི་ས། ཞི་བའི་ས་སྤྲོས་པ་ཐམས་ཅད་ཡོངས་སུ་ཆད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་ཡུལ། ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་འདི་ནི། གཞོན་ནུ། ཏིང་ངེ་འཛིན་ངེས་པར་བསྟན་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ངེས་པར་བསྟན་པ་འདི་ལ་གནས་པ་ནི་ཏིང་ངེ་འཛིན་དང་མ་བྲལ་བ་ཡིན། སེམས་འཁྲུལ་པ་མེད་པ་ཡིན། སྙིང་རྗེ་ཆེན་པོ་དང་ལྡན་ཞིང་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཏིང་འཛིན་མཉམ་པ་མེད་པའི་ས། །ཤིན་ཏུ་མཐོང་དཀའ་ཕྲ་ཞིང་ཞི། །འདུ་ཤེས་ཐམས་ཅད་བཅོམ་པ་སྟེ། །དེ་ཕྱིར་
73a
༄#། །ཏིང་ངེ་འཛིན་ཅེས་བྱ། །རྟོག་པ་མེད་ཅིང་རྣམ་རྟོག་མེད། །གཟུང་བ་མེད་ཅིང་བསྟན་དུ་མེད། །སེམས་ཀྱང་དམིགས་པ་མེད་པ་སྟེ། །དེ་ཕྱིར་ཏིང་ངེ་འཛིན་ཅེས་བྱ། །ནམ་ཞིག་མཉམ་པར་གཞག་གྱུར་ཏེ། །ཆོས་ཀུན་ལ་ནི་རློམ་སེམས་མེད། །རློམ་སེམས་མེད་པ་ཇི་བཞིན་པ། །དེ་ནི་ཏིང་ངེ་འཛིན་ཅེས་བསྒྲགས། །ཆོས་ནི་རྡུལ་ཙམ་ཡོད་མེད་དེ། །རྡུལ་ཅེས་བྱ་བའང་ཡོད་མ་ཡིན། །ཆོས་རྣམས་དམིགས་སུ་མེད་པ་སྟེ། །དེ་ཕྱིར་ཏིང་ངེ་འཛིན་ཅེས་བྱ། །སེམས་ཀྱི་དམིགས་པ་མེད་པ་ཡང ། །དེ་ནི་རྣམ་པར་རྟོག་ཅེས་བྱ། །ཆོས་དེ་རྣམ་པར་མ་བརྟགས་པ། །དེ་ལྟར་ཏིང་འཛིན་ཤེས་པར་གྱིས། །སྒྲ་ཡིས་དོན་རྣམས་རབ་བསྟན་ཏེ། །སྒྲ་དེ་ཉིད་ཀྱང་དངོས་པོ་མེད། །སྒྲ་ནི་བྲག་ཅ་ལྟ་བུ་སྟེ། །བར་སྣང་དག་གི་ནམ་མཁའ་བཞིན། །ཆོས་འདི་རྣམས་ནི་མི་གནས་ཏེ། །འདི་དག་ལ་ནི་གནས་མི་དམིགས། །མི་གནས་པ་ནི་གནས་ཀྱི་སྒྲ། །ངོ་བོ་ཉིད་ཀྱིས་མི་རྙེད་དོ། །འགྲོ་ཞིང་འཆི་འཕོར་བརྗོད་པ་ཡི། །དེ་ལྟ་བུ་ཡི་འགྲོ་བ་མེད། །འགྲོ་བ་མེད་པ་འགྲོ་བའི་སྒྲས། །ཏིང་ངེ་འཛིན་དུ་དེ་ཕྱིར་གསུངས། །མཉམ་གཞག་མ་ཡིན་དེ་ནི་རློམ་སེམས་བརྗོད། ། མཉམ་གཞག་འདི་ཡང་རློམ་སེམས་གཉིས་པ་སྟེ། །རློམ་སེམས་མེད་པར་བྱང་ཆུབ་རིམ་པར་སྤྱོད། །དྲན་པ་རློམ་སེམས་མེད་པ་བྱང་ཆུབ་མཆོག་།མཉམ་དང་མི་མཉམ་ཞི་
73b
བ་སངས་རྒྱས་ས། །ཞི་གནས་ལྷག་མཐོང་མཚན་མེད་འདི་ཡིན་ཏེ། །ཞི་བ་སངས་རྒྱས་ས་འདི་བསྟེན་བྱས་ན། །ཏིང་འཛིན་ཞི་བ་འདི་ལ་དེ་བརྩོན་ཡིན། །དོན་གྱི་རྣམ་པར་རིག་པ་འཇུག་པ་ལ། ། ཡི་གེ་དག་གིས་འཇུག་པར་མི་ནུས་ཏེ། །སྒྲ་དབྱངས་ཐམས་ཅད་རྣམ་པར་སྤངས་ནས་ནི། །མཉམ་པར་བཞག་འགྱུར་དེ་ལ་རློམ་སེམས་མེད། །བྱང་ཆུབ་སེམས་དཔའ་གང་དག་ཏིང་འཛིན་འདི། །ཇི་ལྟར་བཤད་བཞིན་གནས་ཤིང་བརྩོན་བྱེད་ན། །གལ་ཏེ་ཞིང་འདི་བསྐལ་པས་འཚིག་གྱུར་ཀྱང ། །རི་མཆོག་དབུས་སུ་ཞུགས་པས་མེས་མི་འཚིག་།བསྐལ་པ་བརྒྱ་ཕྲག་མང་པོར་རབ་བསྲེགས་ཀྱང ། །ནམ་མཁའ་སྔོན་ཆད་ནམ་ཡང་མི་འཚིག་བཞིན། །ཆོས་རྣམས་ནམ་མཁའ་མཚུངས་པར་རྣམ་རིག་པས། །དེ་ནི་མེ་ཡི་ནང་དུ་ཡོང་མི་འཚིག་།གལ་ཏེ་སངས་རྒྱས་ཞིང་རྣམས་འབར་གྱུར་ལ། །འབར་བ་འདི་དག་མ་ལུས་ཞི་ཞིག་ཅེས། །ཏིང་འཛིན་གནས་ནས་སྨོན་ལམ་འདི་བཏབ་ན། །ས་རྣམས་ཞིག་ཀྱང་དེ་ལ་འགྱུར་བ་མེད། །དེ་ནི་རྫུ་འཕྲུལ་སྟོབས་ཀྱང་མཐའ་ཡས་འགྱུར། །ནམ་མཁའ་ལ་ཡང་ཐོགས་པ་མེད་པར་འགྲོ་།རྗེས་སུ་བསྟན་བཞིན་ཏིང་འཛིན་གནས་པ་ནི། །བྱང་ཆུབ་སེམས་དཔའི་ཡོན་ཏན་འདི་དག་མྱོང ། །སྐྱེ་ཞིང་འཆི་འཕོར་དེ་འགྱུར་ཡང ། །སྐྱེ་བ་མེད་ཅིང་འཆི་འཕོ་མེད། །གང་གིས་དེ་ལྟར་རྣམ་རིག་པ། །དེ་ལ་ཏིང་འཛིན་རྙེད་མི་དཀའ། །འཆི་འཕོ་སྐྱེ་བ་མེད་པར་ནི། །འཇིག་རྟེན་མགོན་པོས་
74a
༄#། །རབ་ཏུ་བཤད། །དེ་ལྟར་འཇིག་རྟེན་མགོན་རིག་ནས། །དེ་ཕྱིར་ཏིང་ངེ་འཛིན་ཀྱང་རིག་།འཇིག་རྟེན་གྱིས་ནི་མ་གོས་ཤིང ། །འཇིག་རྟེན་ཆོས་ལ་མི་ཆགས་ཏེ། །ལུས་ནི་ཐོགས་པ་མེད་པར་ནི། །སངས་རྒྱས་ཞིང་དུ་འགྲོ་བར་བྱེད། །ཞིང་དག་ན་ནི་འཇིག་རྟེན་འདྲེན། །རྫོགས་པའི་སངས་རྒྱས་རྟག་ཏུ་མཐོང ། །སངས་རྒྱས་དག་གིས་ཞིང་བཤད་པ། །ཆོས་རྣམས་དེ་དག་དེར་ཡང་ཉན། །དེ་ལ་མི་ཤེས་ཡོང་མེད་དེ། །ཆོས་ཀྱི་དབྱིངས་ཀྱང་རབ་ཏུ་འཆད། །ཆོས་ཀྱི་རྣམ་པ་རྟག་ཏུ་རིག་།དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཚུལ། །བསྐལ་པ་བྱེ་བར་འཆད་སྟོན་ཀྱང ། །དེ་ཡི་སྤོབས་པ་ཟད་མི་འགྱུར། །བྱང་ཆུབ་སེམས་དཔའ་གཞན་མང་པོ། །མཁས་པ་དག་ཀྱང་སྤྲུལ་པར་བྱེད། །བྱང་ཆུབ་སེམས་དཔའ་སྤྲུལ་པ་ནི། །པདྨ་འདབ་མ་སྟོང་དག་ལ། །སྐྱིལ་མོ་ཀྲུང་བཅས་འདུག་པ་དག་།ཞིང་ནས་ཞིང་དུ་འགྲོ་བར་བྱེད། །ཏིང་འཛིན་ཞི་བ་བསྒོམས་ནས་ནི། །གཟུངས་དང་མདོ་སྡེ་བཟང་པོ་དང ། །མདོ་སྡེ་གཞན་ཡང་བྱེ་བ་དང ། །སངས་རྒྱས་བྱང་ཆུབ་རབ་ཏུ་སྟོན། །སེམས་ཅན་མང་པོ་བསམ་མི་ཁྱབ། །ཕྱིར་མི་ལྡོག་ལ་འགོད་པར་བྱེད། །སངས་རྒྱས་བྱང་ཆུབ་རབ་སྟོན་ཀྱང ། །སྤོབས་པ་དག་ནི་ཟད་མི་འགྱུར། །རིན་ཆེན་རྣམ་པར་བརྒྱན་པ་ཡི། །ཁང་པ་བརྩེགས་ཞུགས་དེ་འགྲོ་སྟེ། །དྲི་དང་ལྡན་པའི་མེ་ཏོག་གིས། །འདྲེན་པ་ལ་
74b
ཡང་མངོན་པར་འཐོར། །དྲི་དང་ལྡན་པའི་ཕྱེ་མས་ཀྱང ། །འདྲེན་པ་ལ་ནི་རབ་ཏུ་འཐོར། །དེ་དག་ཐམས་ཅད་བྱང་ཆུབ་ཕྱིར། །རྒྱ་ཆེ་བ་ཡི་མཆོད་པ་བྱེད། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །ཡོན་ཏན་དཔག་མེད་དེ་དག་ནི། །ནམ་ཞིག་ཉོན་མོངས་མེད་གྱུར་པ། །དེ་ཚེ་རྫུ་འཕྲུལ་དེ་དག་ཐོབ། །ཉོན་མོངས་དག་ནི་མི་སྐྱེ་ཞིང ། །དག་པ་དང་བ་འོད་གསལ་བ། །མི་འཕྲུགས་འདུས་མ་བྱས་པ་ནི། །བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །རབ་ཏུ་ཞི་ཞིང་ཉེ་བར་ཞི། །ཉོན་མོངས་མེད་ཅིང་མྱ་ངན་བྲལ། །སྤྲོས་མེད་རྣམ་པར་མ་སྤྲོས་པ། །སྤྲོས་པ་དག་ལས་ཤིན་ཏུ་འདས། །ཡི་གེའི་སྤྱོད་པ་མེད་པ་ནི། །ཆོས་རྣམས་ཀུན་གྱི་མཚན་ཉིད་དེ། །དབྱངས་ཀྱིས་རིག་པར་དཀའ་བས་ན། །དེ་ཕྱིར་ཏིང་ངེ་འཛིན་ཅེས་བྱ། །ཟད་མི་ཤེས་ཤིང་ཉེ་བར་ཞི། །ལྷུན་གྱིས་འགྲུབ་ཅིང་བསྟན་མེད་པ། །རྙོག་མེད་ཡང་དག་ཉིད་ཀྱི་མཐའ། །སངས་རྒྱས་ཀུན་གྱི་སྤྱོད་ཡུལ་ལོ། །འོང་དང་འགྲོ་བ་མེད་པ་དང ། །སྤྲོས་མེད་ལྷུན་གྱིས་གྲུབ་པ་ཡི། །ཆོས་རྣམས་ཀུན་གྱི་རང་བཞིན་ནི། །སངས་རྒྱས་ཀུན་གྱི་བསླབ་པ་སྟེ། །རྫོགས་པའི་སངས་རྒྱས་འདི་བསླབས་ནས། །ཡོན་ཏན་དག་གི་ཕ་རོལ་ཕྱིན། །ཚུ་རོལ་དང་ནི་ཕ་རོལ་མེད། །སྔོན་མཐའ་རྣམ་པར་མ་བརྟགས་ཏེ། །དེ་ཕྱིར་སངས་རྒྱས་དེ་དག་ཀུན། །ཡོན་ཏན་དག་གི་ཕ་རོལ་ཕྱིན། །འོང་དང་འགྲོ་བ་མེད་པ་དང ། །སྤྲོས་མེད་ལྷུན་གྱིས་གྲུབ་པ་
75a
༄#། །ཡི། །ཆོས་ཀྱི་རང་བཞིན་མཁྱེན་ནས་ནི། །དེ་དག་དེ་ལས་ཕ་རོལ་ཕྱིན། །ཏིང་ངེ་འཛིན་ངེས་པར་བསྟན་པའི་ལེའུ་སྟེ། བཅུ་གསུམ་པའོ།། །། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ། བམ་པོ་ལྔ་པ། དེ་ནས་ཟླ་འོད་གཞོན་ནུར་གྱུར་པ་སྟན་ལས་ལོངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་ཏིང་ངེ་འཛིན་བསྟན་པ་ལེགས་པར་བཤད་པ་ནི་ངོ་མཚར་ཏོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་ཡུན་རིང་པོར་བསླབ་པ་འདི་ལ་བསླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབས་པ་ནི། བཅོམ་ལྡན་འདས། བདག་སྤོབས་སོ། །བདེ་བར་གཤེགས་པ། བདག་སྤོབས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ། དེའི་དུས་ལ་དབབ་པར་ཤེས་ན་ཁྱོད་སྤོབས་པར་གྱིས་ཤིག་།དེ་ནས་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་སྐབས་ཕྱེ་ནས་
75b
བཅོམ་ལྡན་འདས་ལ་མངོན་སུམ་དུ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་བསྟོད་དོ། །འདོད་དང་ཁྲོ་བས་རྟག་ཏུ་ཟིལ་ནོན་ཅིང ། །སྡུག་བསྔལ་གཙེས་པའི་སེམས་ཅན་གཟིགས་ནས་ནི། །སྐྱེ་དགུ་ཐར་བྱེད་སངས་རྒྱས་གྱུར་ཅིག་ཅེས། །བྱང་ཆུབ་ཕྱིར་ནི་ཁྱོད་ཀྱིས་སེམས་ཀྱང་བསྐྱེད། །དཔའ་བོས་བསྐལ་པ་བྱེ་བ་མང་སྤྱད་དེ། །སྦྱིན་དང་དུལ་དང་ལེགས་སྡོམ་རྟག་ཏུ་གནས། །བཟོད་དང་ཚུལ་ཁྲིམས་དེ་བཞིན་བརྩོན་འགྲུས་དེས། །སྦྱིན་པ་དག་ཀྱང་མཐའ་ཡས་རྒྱ་ཆེར་བྱིན། །རྐང་ལག་དང་ནི་སྲོག་ཀྱང་རབ་གཏོང་ཞིང ། །ཁྱོད་ཀྱི་ཡིད་ལ་ནམ་ཡང་སྐྱོ་མེད་དེ། །གསེར་དངུལ་དེ་བཞིན་བུ་དང་ཆུང་མ་དང ། །ཆགས་མེད་གྱུར་ནས་རྒྱལ་པོའི་སྲིད་ཀྱང་གཏོང ། །ཁྱོད་ཀྱི་ཚུལ་ཁྲིམས་དྲི་མེད་རྣམ་དག་སྟེ། །བདག་ཉིད་གཏོང་ཞིང་ཚུལ་ཁྲིམས་ཡོང་མི་འདྲལ། །ལུས་དང་ངག་དང་ཡིད་ཀྱང་རབ་ཏུ་བསྡམས། །བདེ་གཤེགས་སེམས་དུལ་ཁྱོད་ལ་ཕྱག་འཚལ་ལོ། །བཟོད་ལ་དགྱེས་ཤིང་བཟོད་པའི་ལམ་ལ་གནས། །ལུས་ནི་དུམ་བུར་བྱས་ཀྱང་འཁྲུགས་མེད་དེ། །བྱམས་པ་བསྒོམས་པས་དེ་ལས་འོ་མ་ཟགས། །བདེ་གཤེགས་ངོ་མཚར་ཁྱོད་ལ་ཕྱག་འཚལ་ལོ། །སྟོབས་བཅུ་དག་གི་སྟོབས་དང་ལྡན་གྱུར་ཅིང ། །ཆགས་མེད་ཡེ་ཤེས་གནས་པས་ཆོས་ཀུན་རྟོགས། །ཐུགས་རྗེས་འཇིག་རྟེན་ཕན་མཛད་ཆོས་ཀྱི་རྗེ། །སྐྱེ་དགུ་འདི་ཡི་དོན་བཞེད་ཐུགས་བརྩེ་
76a
༄#། །བ། །སྟོང་པར་མཁྱེན་ཅིང་འདི་ན་སེམས་ཅན་མེད། །དེ་བཞིན་འཇིག་རྟེན་ལམ་སྟོར་གཟིགས་ནས་ནི། །དེ་དག་རང་བཞིན་བདག་མེད་ཆོས་རྟོགས་བགྱིས། ། རྣམ་གྲོལ་སྐྱེས་ཀྱང་གང་ནའང་རྣམ་གྲོལ་མེད། །སོ་སོར་བརྟགས་ཏེ་བག་མེད་ཐམས་ཅད་སྤངས། །བདུད་སྡེ་མཐའ་ཡས་སྟོབས་དང་ལྡན་པ་བཅོམ། །ཡེ་ཤེས་མཐའ་ཡས་བྱང་ཆུབ་རྒྱ་ཆེར་མཁྱེན། །མཆོག་ཏུ་རྣམ་དག་ཞི་པའི་ཚོས་ཀྱང་སྟོན། །ཟླ་བ་སྐར་མར་བཅས་པ་གནམ་ལྷུང་ཞིང ། །རི་དང་གྲོང་དུ་བཅས་པའི་ས་ཞིག་ལ། །ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང ། །ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུང ། །སྐྱེ་དགུ་དམིགས་པ་དག་ལ་དགའ་བ་དང ། །སེམས་ཅན་སྡུག་བསྔལ་ཁྱོད་ཀྱིས་གཟིགས་ནས་ནི། །སྟོང་པ་ཉིད་དང་ཟབ་ཅིང་ཞི་བ་ཡིན། །དམིགས་པ་མེད་པ་དག་ནི་སྟོན་པར་མཛད། །བསྐལ་པ་བྱེ་བ་བསམ་ཡས་སུ། །མི་དམིགས་པ་ཡི་བསླབ་པ་ལ། །དཔའ་བོ་ཆེན་པོས་བསླབས་པས་ན། །ཁྱོད་ལ་འཁྲུལ་པ་ཡོང་མི་མངའ། །ཇི་ལྟ་བུ་ཡི་ཆོས་བསླབས་པ། །དེ་ལྟ་བུ་ཡི་ཆོས་སྟོན་ཏེ། །མུ་སྟེགས་གཞན་དག་ཇི་སྙེད་དང ། །བྱིས་པ་དག་གིས་ས་འདི་མིན། །བདག་ཏུ་འདུ་ཤེས་གང་གནས་པ། །མི་མཁས་དེ་དག་འཁྲུལ་པར་འགྱུར། །ཆོས་རྣམས་བདག་མེད་རིག་པས་ན། །ཁྱོད་ལ་འཁྲུལ་པ་ཡོང་མི་མངའ། །དཔའ་བོ་ཆེན་པོ་
76b
ཡང་དག་གསུང ། །ཡང་དག་ཆོས་ལ་རབ་ཏུ་གནས། །མགོན་པོ་ཡང་དག་བདེན་གནས་ཏེ། །ཡང་དག་ཚིག་ནི་རབ་ཏུ་གསུང ། །ཁྱོད་ཀྱི་སྨོན་ལམ་བཏབ་པ་བཞིན། །ཁྱོད་ཀྱི་ཡང་དག་སྤྱོད་པ་བྱུང ། །ཡང་དག་དེ་ཡི་རྒྱུ་འདྲ་བས། །ཡང་དག་ཚིག་ནི་རབ་ཏུ་གསུང ། །ཡང་དག་སྤྱོད་པ་ཕུན་སུམ་ཚོགས། །ཡང་དག་མཐའ་ལ་ཤིན་ཏུ་བསླབས། །ཡང་དག་བསམ་པ་ཡང་དག་སྤྱོད། །ཡང་དག་མཁྱེན་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་ཤེས་རབ་མཉམ་པ་མེད། །ཡེ་ཤེས་གསུང་བ་འོད་མཛད་པ། །ཡེ་ཤེས་ཁྱད་པར་རབ་བརྙེས་ཤིང ། །ཡེ་ཤེས་གསུང་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་བྱམས་པ་རབ་བསྒོམས་ཏེ། །སེམས་ཅན་ཀུན་གྱི་བཤེས་གཉེན་ཁྱོད། །རི་རབ་བཞིན་དུ་མི་སྒུལ་ཏེ། །མི་གཡོ་རབ་ཏུ་གནས་པ་པོ། །སྟོན་པའི་འཁོར་ཚོགས་རྒྱ་ཆེ་ཡང ། །ཚོགས་མང་དག་ཀྱང་སྡུད་པར་མཛད། །ཤེས་རབ་ཟབ་མོ་བདེ་བར་གཤེགས། །འཁོར་གྱི་ནང་གཤེགས་སྒྲ་ཡང་སྒྲོག་།སངས་རྒྱས་སེང་གེའི་སྒྲ་སྒྲོགས་ཤིང། །སེང་གེའི་སྟབས་སུ་རྣམ་པར་གཤེགས། །ཁྱོད་ཀྱིས་མུ་སྟེགས་ཀུན་བཏུལ་བ། །སེང་གེ་ཡིས་ནི་ཝ་རྣམས་བཞིན། །དཔའ་བོ་མ་དུལ་དུལ་མཛད་པ། །མ་དུལ་བ་དག་ཁྱོད་ཀྱིས་བཏུལ། །དེ་དག་མཛའ་སྡུག་བརྟན་གྱུར་ཆེ། །དབྱེར་མི་ཕྱེད་ཅིང་ལེགས་པར་གནས། །ལྟ་བ་སྣ་ཚོགས་གནས་པ་ཡི། །སེམས་ཅན་སྡུག་བསྔལ་གཟིགས་ནས་ནི། །སྡུག་དང་
77a
༄#། །མི་སྡུག་མེད་པ་ཡི། །བདག་མེད་ཆོས་ནི་ཁྱོད་སྟོན་ཏེ། །མ་བསླབས་པ་ཡི་བྱིས་པ་དག་།ལོག་པའི་ལམ་ལ་སྤྱོད་པ་རྣམས། །འདྲེན་པ་གང་ནས་གཤེགས་པ་ཡི། །ལམ་ཡང་རབ་ཏུ་ཁྱོད་ཀྱིས་བསྟན། །བདག་ཏུ་འཛིན་ལ་སུ་གནས་པ། །དེ་དག་སྡུག་བསྔལ་ཉིད་ལ་གནས། །གང་ལ་སྡུག་བསྔལ་མེད་པ་ཡི། །བདག་མེད་དེ་དག་མི་ཤེས་སོ། །འཁྲུལ་པ་མེད་པའི་ཆོས་ཚིག་ཁྱོད་སྟོན་ཏེ། །ཁྱོད་ལ་འཁྲུལ་པ་མི་རྙེད་འཇིག་རྟེན་མགོན། །ཁྱོད་ནི་མ་ལོག་པ་ཡི་ཚིག་གསུང་སྟེ། །སྡུག་བསྔལ་མང་ཐར་མཛད་ལ་ཕྱག་འཚལ་ལོ། །ལྷ་ཀླུ་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་ཕྲག་།བརྒྱ་སྟོང་མང་པོ་མཁའ་ལ་འཁོད་པ་རྣམས། །བཅོམ་ལྡན་འདས་ཀྱི་དོན་ལྡན་གསུང་ཐོས་ནས། །ཐམས་ཅད་འདྲེན་ལ་རབ་ཏུ་དགའ་བ་སྐྱེད། །ཚིག་ནི་རབ་ཏུ་སྙན་ཅིང་བཟང་ལ་འཐད། །མཉེན་ཞིང་འཇམ་ལ་ཡིད་འོང་དུས་དང་འབྱོར། །གསུང་གི་ཡན་ལག་དཔག་ཏུ་མེད་དང་ལྡན། ། ཕན་བྱེད་སྐྱེ་བོ་མང་པོ་ཐར་བྱེད་པ། །སིལ་སྙན་བརྒྱ་སྟོང་དཔག་ཏུ་མེད་པ་དང ། །ལྷ་ཡི་དབྱངས་སྒྲ་དགའ་བར་འགྱུར་བའི་མཆོག་།ཤིན་ཏུ་སྙན་པ་དུས་གཅིག་འབྱོར་གྱུར་ཀྱང ། །བདེ་གཤེགས་གསུང་གཅིག་གིས་ནི་ཟིལ་གྱིས་ནོན། །ཁུ་བྱུག་བྱ་མང་འཇམ་པའི་སྒྲ་འབྱིན་དང ། །ཀུན་ལ་ཤིན་ཏུ་ཡིད་འཐད་དབྱངས་སྙན་དག་།བྱ་ཚོགས་
77b
མང་པོ་ཐམས་ཅད་སྒྲ་འབྱིན་པ། །སངས་རྒྱས་གསུང་གི་ཆར་ཡང་དེས་མི་ཕོད། །ལྷ་ཡི་བུ་མོ་སྒྲ་དབྱངས་སྙན་པ་དང ། །སིལ་སྙན་རོལ་མོ་གླུ་དབྱངས་འཇམ་པ་དང ། །པི་ཝང་རྫ་རྔ་རྔ་ཆེན་དུང་གི་སྒྲ། །དེ་དག་སངས་རྒྱས་གསུང་གི་ཆར་མི་ཕོད། །ཁུ་བྱུག་ནེ་ཙོ་རི་སྐེགས་སྒྲ་རྣམས་དང ། །ཁྲུང་ཁྲུང་རྨ་བྱ་མི་འམ་ཅི་ཡི་སྒྲ། །སྒྲ་དབྱངས་ཡིད་འོང་སྙན་པ་ཅི་ཡོད་པ། །དེ་དག་སངས་རྒྱས་གསུང་གི་ཆར་མི་ཕོད། །སྙན་ཅིང་མཉེན་ལ་ཡིད་འོང་དགའ་བ་དང ། །ཤིན་ཏུ་མཉེན་ལ་རབ་བསྔགས་ཞི་བའི་ཚིག་།དབྱངས་རྣམས་ཐམས་ཅད་དུས་གཅིག་བསྒྲགས་པ་བས།། དེ་བཞིན་གཤེགས་པའི་གསུང་མཆོག་དགར་འགྱུར་ཡིན། །ལྷ་མི་མི་དབང་ལྷ་མ་ཡིན་རྣམས་དང ། །སྲིད་གསུམ་སེམས་ཅན་མཐའ་དག་ཅི་ཡོད་པ། །འོད་བྱེད་རྣམས་ཀྱི་འོད་སྣང་དེ་དག་ནི། །བདེ་གཤེགས་འོད་ཟེར་གཅིག་གིས་ཟིལ་གྱིས་ནོན། །བདེ་གཤེགས་སྐུ་ནི་མེ་ཏོག་རྒྱས་པ་བཞིན། །མཚན་རྣམས་ཀུན་གྱིས་སྣ་ཚོགས་སྤྲས་ཤིང་བརྒྱན། །བསོད་ནམས་བརྒྱས་གྲུབ་དག་ཅིང་རྣམ་པར་དང ། །རྒྱལ་བའི་སྐུ་ནི་འཇིག་རྟེན་ཀུན་ཏུ་ལྷན། །དུང་གི་སྒྲ་དང་འཁར་རྔ་སྒྲ་སྙན་དང ། །རྔའི་སྒྲ་དེ་བཞིན་ཀིམ་པ་ལ་ཡི་སྒྲ། །རབ་ཏུ་འཇམ་ཞིང་འཐད་པའི་སྒྲ་དེ་ཀུན། །སངས་རྒྱས་དབྱངས་ཀྱི་བརྒྱ་ཡི་ཆར་མི་ཕོད། །སིལ་སྙན་བྱེ་བ་ཁྲག་ཁྲིག་སྟོང་གི་སྒྲ། །སྒྲ་སྐད་གསལ་ཞིང་མཉེན་པ་ལྷ་ཡི་འདྲ། །ལྷ་དང་ལྷ་མོའི་སྒྲ་དབྱངས་
78a
༄#། །དགར་འགྱུར་བ། །སངས་རྒྱས་དབྱངས་ཀྱི་བརྒྱ་ཡི་ཆར་མི་ཕོད། །ཁྲུང་ཁྲུང་རྨ་བྱ་ངུར་པ་ཁུ་བྱུག་དང ། །ངང་པ་ཀུ་ནལ་རྣམ་མང་བྱ་ཡི་ཚོགས། ། དེ་དག་སྒྲ་སྙན་དུས་གཅིག་ཚོགས་པས་ཀྱང ། །སངས་རྒྱས་དབྱངས་ཀྱི་བརྒྱ་ཡི་ཆར་མི་ཕོད། །ཀླུ་དང་གནོད་སྦྱིན་ལྷ་མིན་ལྟོ་འཕྱེ་དང ། །ལྷ་དབང་ཚངས་པ་ལྷ་ཡི་བདག་པོའི་སྒྲ། །སྲིད་གསུམ་ཡིད་འོང་འཐད་པ་ཅི་ཡོད་པ། །དེ་དག་སངས་རྒྱས་དབྱངས་ཀྱི་ཆར་མི་ཕོད། །ཚངས་པའི་འོད་དང་ལྷ་ཡི་དབང་པོ་དང ། །ཉི་མ་དང་ནི་ནོར་བུ་རིན་ཆེན་འོད། ། ཀུན་གྱི་འོད་ནི་རྣམ་པ་དུ་མ་དག་།འོད་ཀུན་རྒྱལ་བའི་འོད་ཀྱིས་ཟིལ་གྱིས་ནོན། །ལུས་དང་ངག་དང་ཡིད་ཀྱང་ཤིན་ཏུ་རྣམ་པར་དག་།ཡེ་ཤེས་དག་པ་སྲིད་པ་གསུམ་ན་གོས་པ་མེད། །མི་དབང་ཡོན་ཏན་དབྱིག་ཚོགས་ཡོན་ཏན་རིན་ཆེན་མངའ། །རང་བྱུང་ཡོན་ཏན་ཐམས་ཅད་ཀྱིས་ནི་མཉམ་མེད་མཉམ། །དེ་ལྟར་སྟོབས་བཅུ་བདེན་པ་གསུང་ལ་བསྟོད་ནས་ནི། །གཞོན་ནུ་ཡིད་ཀྱང་རབ་ཏུ་དགའ་བས་ཚིག་སྨྲས་པ། །སངས་རྒྱས་གཞལ་མེད་དཔག་ཡས་ལ་ནི་མཆོད་པ་ཡིས། །ཤཱཀྱ་ཐུབ་བཞིན་བདག་ཀྱང་སངས་རྒྱས་གྱུར་ཅིག་སྨྲ། །བདེ་བར་གཤེགས་པས་དེ་ཡི་སྤྱོད་པ་མཆོག་མཁྱེན་ནས། །མི་དབང་ཆགས་མེད་ཡེ་ཤེས་མངའ་བ་འཛུམ་པ་མཛད། །སྟོབས་བཅུ་སྲས་ཀྱི་ཐུ་བོ་བྱམས་ ་དེ་ཞུས་
78b
ཏེ། །འདྲན་པས་གང་གི་སླད་དུ་འདི་ལྟར་འཛུམ་པ་མཛད། །ས་འདི་དག་ཀྱང་རྣམ་པ་དྲུག་ཏུ་ཡོངས་སུ་གཡོས། །ལྷ་དང་ཀླུ་རྣམས་མཁའ་ལ་འདུག་ཅིང་རབ་དགའ་སྟེ། །ཤིན་ཏུ་སེམས་རངས་མགུ་བས་སངས་རྒྱས་ལྟ་ཞིང་མཆིས། །བདེ་གཤེགས་ཟིལ་གྱིས་མ་ནོན་དེ་དག་ལུང་བསྟན་གསོལ། །སྐྱེས་བུ་མཆོག་གི་ཡེ་ཤེས་གང་ལ་ཞུགས་པ་ནི། །བཅོམ་ལྡན་འདས་ཀྱི་ཉན་ཐོས་དག་གི་ས་མ་ལགས། །རྒྱལ་བ་ཁྱོད་ཀྱིས་གང་གི་སླད་དུ་འཛུམ་མཛད་པ། །ཡེ་ཤེས་རྣམ་དག་དཔེ་མེད་ཡེ་ཤེས་མ་ལུས་གསུངས། །ཤཱཀྱའི་སེངྒེ་སྟོབས་བཅུ་མངའ་ཞིང་རྣམ་འདྲེན་པ། །རྐང་གཉིས་གཙོ་བོ་ཡེ་ཤེས་ཀྱི་ཡང་ཕ་རོལ་ཕྱིན། །འདོད་ཆགས་དང་ནི་ཞེ་སྡང་ཐ་བ་གཏི་མུག་སེལ། །རབ་ཏུ་འོད་སྣང་མཛད་པ་ཁྱོད་ལ་ཞུ་བ་ལགས། །བྱང་ཆུབ་དམ་པ་མཆོག་འདི་རབ་ཏུ་འཚོལ་བའི་ཕྱིར། །འདྲེན་པ་ཁྱོད་ཀྱིས་བསྐལ་པ་གངྒཱའི་བྱེ་སྙེད་དང ། །དེ་ལས་ལྷག་པར་ཡང་ནི་སྤྱོད་པ་རབ་ཏུ་སྤྱོད། །གང་གི་དོན་དུ་འཛུམ་པ་འདི་མཛད་བསྟན་དུ་གསོལ།། ཡེ་ཤེས་དམ་པ་མཆོག་འདི་རབ་ཏུ་འཚོལ་བའི་ཕྱིར། །སྟོན་པས་ཕྱག་དང་ཞབས་ཀྱང་ཡོངས་སུ་བཏང་བ་མཛད། །སྲས་དང་བཙུན་མོ་གཉེན་བཤེས་རྩ་ལག་ཕངས་པ་བཏང ། །ཐུབ་པ་འཛུམ་པ་བསྟན་པ་འདི་ཡི་རྒྱུ་གང་ལགས། །རྟ་དང་བ་གླང་དང་ནི་ཤིང་རྟ་རྐང་ཐང་དང ། །བྲན་དང་ནོར་བུ་དངུལ་དང་མུ་ཏིག་ཁྱོད་ཀྱིས་བཏང ། །སྤྱོད་པ་མཆོག་སྤྱོད་ཚེ་ནི་ཁྱོད་ཀྱིས་མ་
79a
༄#། །བཏང་བ། །རིན་པོ་ཆེ་དང་ནོར་རྫས་དག་ནི་གང་ཡང་མེད། །སྲིད་པ་གསུམ་ན་ཡེ་ཤེས་དག་ནི་མཆོག་ཏུ་གྱུར། །སེམས་ཅན་ཐམས་ཅད་ཀྱི་ནི་སྤྱོད་པ་རབ་ཏུ་མཁྱེན། །སེམས་དང་ཁམས་དང་མོས་པ་དག་ལའང་མཁས་ཤིང་རིག་།གང་གི་དོན་དུ་འཛུམ་པ་འདི་དག་བསྟན་པ་མཛད། །མི་ཡི་གཙོ་བོ་ལ་ནི་གང་གིས་མཆོད། །གང་གི་དོན་ནི་རྒྱ་ཆེ་ཡངས་པར་འགྱུར། །སྤྱོད་པ་འདི་ཡང་སུ་དག་རབ་ཏུ་འཛིན། །ཐུབ་པ་གང་གི་དོན་དུ་འཛུམ་འདི་བསྟན། །ས་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས། །པདྨ་བྱེ་བ་འདབ་མ་བྱེ་བར་ལྡན་གསེར་གྱི་པདྨ་ཤིན་ཏུ་འོད་གསལ་བ། །མཛེས་ཤིང་ཡིད་དུ་འཐད་པས་ལས་བྱུང ། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་རབ་ཆེ་བ། །རྒྱལ་བའི་ཐུགས་ཀྱི་སྲས་པོ་དེ་ལ་མཆིས། །ཆོས་སྨྲ་བ་ཡང་མང་པོ་འདིར་མཆིས་ཏེ། །འདྲེན་པ་ལ་ནི་དེ་ཡི་སླད་དུ་ཞུ། །རྔ་དང་དུང་དང་འཁར་རྔ་སྒྲ་ཆེན་དང ། །སིལ་སྙན་བྱེ་བ་ཁྲག་ཁྲིག་བརྡུངས་པ་ཡི། །དེ་དག་སྒྲ་ནི་ནམ་མཁའ་འདི་ལས་གདའ། །བདེ་བར་གཤེགས་པའི་དབྱངས་ནི་བསམ་མི་ཁྱབ། །ཁྲུང་ཁྲུང་ངང་པ་ཀ་ལ་པིངྐ་དང ། །ཁུ་བྱུག་བྱ་ཚོགས་མང་པོ་འདུས་པ་ཡི། །སྒྲ་དབྱངས་རབ་ཏུ་སྙན་པ་ཕྱུང་བ་ཡང། །དེ་དག་སངས་རྒྱས་དབྱངས་ཀྱི་ཆར་མི་ཕོད། །གང་གིས་སྦྱིན་དང་དུལ་དང་ལེགས་སྡོམ་རྣམས། །སྔོན་གྱི་བསྐལ་པ་མང་པོར་བསྙེན་པར་བགྱིས། །གང་གིས་མི་ཡི་གཙོ་བོ་
79b
ལ་\?\་མཆོད་ན། །སུ་ཡི་སླད་དུ་འཛུམ་པ་འདི་དག་བསྟན། །རི་མོ་གུས་པ་མཆོག་ཀྱང་བསྐྱེད་ནས་ནི། །སངས་རྒྱས་བྱང་ཆུབ་ཇི་ལྟར་ཐོབ་འགྱུར་ཞེས། །གང་གིས་རྐང་གཉིས་གཙོ་ལ་སྔོན་ཚད་ཞུས། །སུ་ཡི་སླད་དུ་འཛུམ་པ་འདི་དག་བསྟན། །སྟོབས་བཅུ་ལྡན་པ་ཇི་སྙེད་འདས་པ་དང ། །ད་ལྟར་བྱུང་དང་མ་བྱོན་བདེ་གཤེགས་དང ། །མི་ཡི་གཙོ་བོ་ཐམས་ཅད་རབ་ཏུ་མཁྱེན། ། དེ་ཕྱིར་སྐྱེ་དགུའི་དོན་དུ་ཞུ་བ་ལགས། །སྲོག་ཆགས་ཀུན་གྱི་སྤྱོད་ཡུལ་མཐའ་ཡས་དང ། །མི་རྣམས་གང་གི་བསམ་པ་ཇི་འདྲ་དང ། །སྐྱེ་དགུའི་སེམས་ཀྱི་རྒྱུད་ཀྱང་རབ་ཏུ་མཁྱེན། ། དེ་ཕྱིར་མི་ཡི་གཙོ་ལ་ཞུ་བ་ལགས། །རྒྱུ་དང་རིགས་པ་འདུལ་ལ་མཁས་པ་དག་།སངས་རྒྱས་ཡེ་ཤེས་ཇི་ལྟར་ཐོབ་སྙམ་པ། །སྤྱོད་པ་མཆོག་ལ་སུ་དག་སྤྱོད་པ་རྣམས། །དེ་ཕྱིར་བདག་ནི་རྐང་གཉིས་གཙོ་ལ་ཞུ། །གང་གིས་ཕྲ་ཞིང་ཤིན་ཏུ་བལྟ་དཀའི་ཆོས། །སྟོང་པ་ཞི་བ་མཚུངས་མེད་བསམ་མི་ཁྱབ། །སྟོབས་བཅུ་ལྡན་པའི་སྤྱོད་ཡུལ་བསྒོམས་པ་རྣམས། ། དེ་དག་སླད་དུ་འདྲེན་པ་བདག་ཞུའོ། །སྲོག་ཆགས་འགྲོ་བ་བསམ་ཡས་ཀུན་གྱི་ཕྱིར། །གང་གིས་བྱམས་པ་སྙིང་རྗེ་རབ་བསྒོམས་ཤིང ། །གང་ལ་སེམས་ཅན་འདུ་ཤེས་མེད་པ་དག་།དེ་ཕྱིར་རྐང་གཉིས་གཙོ་ལ་བདག་ཞུའོ། །གང་དག་ཡེ་ཤེས་མཚུངས་མེད་བསམ་མི་ཁྱབ། །དེ་དག་ལ་ནི་གཟུང་བ་ཡོང་མེད་དེ། །སེམས་དང་སྤྱོད་ཡུལ་དག་གི་ཕ་རོལ་
80a
༄#། །ཕྱིན། །དེ་ཕྱིར་མགོན་པོ་ལ་ནི་བདག་ཞུའོ། །ཚུལ་ཁྲིམས་ཡེ་ཤེས་ཡོན་ཏན་ཕ་རོལ་ཕྱིན། །དུས་གསུམ་ལ་ནི་ཡེ་ཤེས་མཚུངས་མེད་འཇུག་།ཁྱོད་ལ་འཁྲུལ་པ་དག་ནི་མི་མངའ་ན། །སུ་ཡི་སླད་དུ་འཛུམ་པ་འདི་དག་བསྟན། །ཤཱ་རིའི་བུ་དང་མ་འགགས་མཽངྒལ་བུ། །བདེ་གཤེགས་ཉན་ཐོས་གཞན་གང་སུ་མཆིས་པ། །འདི་ལ་དེ་དག་ཡེ་ཤེས་མི་འཇུག་སྟེ། །འདི་ནི་སངས་རྒྱས་སྤྱོད་ཡུལ་བླ་ན་མེད། །ཆོས་རྣམས་ཀུན་ལ་དབང་བའི་ཕ་རོལ་ཕྱིན། །བསླབས་པའི་སྤྱོད་པ་ཀུན་གྱིས་མངོན་པར་འཕགས། །འདྲེན་པ་ཐུགས་རྗེ་དག་ཀྱང་རབ་བསྐྱེད་ལ། །དོན་དམ་མཁྱེན་པ་གསུང་སྒྲ་དབྱུང་བར་གསོལ། །སྔོན་གང་བསྐལ་པ་བྱེ་བ་མང་པོར་ཡང ། །སྐྱབས་དང་དཔུང་གཉེན་མཆོག་ཏུ་གྱུར་སྙམ་སྟེ། །དེ་འདྲའི་སེམས་ཀྱིས་རྐང་གཉིས་གཙོ་དྲིས་པ། །འདྲེན་པས་དེ་ཡི་འབྲས་བུ་དེང་གསུང་ཞིག་།གང་ཟག་ཆེན་པོས་ལུང་བསྟན་མཉན་པའི་ཕྱིར། །གནོད་སྦྱིན་སྲིན་པོ་གྲུལ་བུམ་གསང་བ་པོ། །རྐང་གཉིས་གཙོ་བོ་ལ་ནི་རབ་རྟོག་ཅིང ། །ཐམས་ཅད་ཐལ་མོ་སྦྱར་ཏེ་གུས་པར་འཁོད། །སངས་རྒྱས་ཞིང་ནི་བྱེ་བ་མང་པོ་ནས། །བྱང་ཆུབ་སེམས་དཔའ་འཕྲུལ་ལྡན་མང་པོ་མཆིས། །བདེ་གཤེགས་སྲས་ཀྱི་གཙོ་བོ་ཐུགས་ལས་སྐྱེས། །ཐམས་ཅད་ཐལ་མོ་སྦྱར་ཞིང་གུས་པས་འཁོད། །ཤཱཀྱ་སེངྒེ་མི་མཆོག་དྲི་བའི་ཕྱིར། །མི་
80b
འཁྲུགས་ཞིང་ཕྱོགས་འཇིག་རྟེན་རྣམ་གྲགས་པ། །ཤར་ཕྱོགས་ནས་ནི་སྤོས་ཀྱི་གླང་པོ་ཡང ། །བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་མདུན་བདར་མཆིས། །ཤཱཀྱ་སེང་གེ་མི་མཆོག་དྲི་བའི་ཕྱིར། །བདེ་བ་ཅན་གྱི་འཇིག་རྟེན་ཁམས་མཆོག་ནས། །མཐུ་ཆེན་ཐོབ་དང་སྤྱན་རས་གཟིགས་དབང་ཡང ། །བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ལྷན་ཅིག་མཆིས། །གང་དག་སྔན་ཆད་བསྐལ་པ་བྱེ་མང་སྙེད། །ཡེ་ཤེས་དམ་པ་མཆོག་འདི་འཚོལ་བའི་ཕྱིར། །རྒྱ་མཚོ་ཀུན་གྱི་བྱེ་མ་མཉམ་པ་ཡི། །བདེ་གཤེགས་དཔག་ཏུ་མེད་པ་བསྙེན་བཀུར་བགྱིས། །སངས་རྒྱས་ཀུན་གྱིས་བསྟོད་ཅིང་རབ་བསྔགས་པ། །ཆོས་རྣམས་ཀུན་གྱི་ཡོན་ཏན་ཕ་རོལ་ཕྱིན། །འཇིག་རྟེན་ཕྱོགས་རྣམས་ཀུན་ཏུ་རབ་གྲགས་པ། །འཇམ་དབྱངས་ལེགས་པར་ཐལ་མོ་སྦྱར་ཏེ་མཆིས། །སངས་རྒྱས་ཞིང་དུ་ཁྲག་ཁྲིག་སྤྱད་བགྱིས་ཀྱང ། །འདི་འདྲ་རྣམས་ནི་མཐོང་བ་རྙེད་དཀའ་སྟེ། །ལེགས་བསླབས་སངས་རྒྱས་སྲས་པོ་ཡོན་ཏན་ཅན། །ཐམས་ཅད་ཐལ་མོ་རབ་སྦྱར་གུས་པར་འཁོད། །སྟོན་པ་ཀུན་གྱི་ཆོས་ཀྱི་མཛོད་འཛིན་པ། །མཁས་པ་འདིར་མཆིས་ཅི་འདྲ་དེ་ལྟ་བུ། །སྣོད་དུ་གྱུར་པ་འདི་ན་གཞན་མ་མཆིས། །འདྲེན་པ་འཇམ་པའི་དབྱངས་སུ་བརྗོད་པ་གསུངས། །རྒྱལ་བ་རྣམ་འདྲེན་གླེང་གཞི་མ་མཆིས་པར། །གང་ཟག་དམ་པ་འཛུམ་པ་མི་སྟོན་ན། །གང་གི་སླད་དུ་འཛུམ་པ་འདི་བསྟན་པ། །རྔ་མཆོག་སྒྲ་ལྡན་གསུང་
81a
༄#། །དབྱངས་དབྱུང་དུ་གསོལ། །ངང་པ་ཁུ་བྱུག་རྨ་བྱ་ས་ར་ས། །འབྲུག་གི་སྒྲ་སྐད་ཁྱུ་མཆོག་སྒྲ་འབྱིན་བཞིན། །ལྷ་ཡི་རོལ་མོ་སྙན་པའི་སྒྲ་འབྱིན་པ། །སེམས་ཅན་གྲོལ་མཛད་གསུང་གིས་ལུང་སྟོན་ཅིག་།བྱམས་པ་སྐྱེད་ཅིང་དགའ་བ་འཕེལ་བར་བགྱིད། །ཡེ་ཤེས་སྟོན་ཅིང་མ་རིག་སེལ་བ་སྟེ། །དོན་ལ་རྟོག་ཅིང་ཤེས་རབ་འཕེལ་བགྱིད་ཅིང ། ། བསྐལ་བ་ཁྲག་ཁྲིག་བྱེ་བར་རྣམ་སྦྱོང་བ། །རྟོགས་པས་ངེས་བགྱིས་དངོས་པོ་རྣམ་པར་བཤིག་།སྡུག་བསྔལ་འགོག་པའི་ཚིག་དོན་ངེས་པར་སྟོན། །མུ་སྟེགས་ཀུན་གྱི་སྨྲ་བ་རྣམ་པར་འཇོམས། །སྟོང་པ་སྲོག་མེད་སེམས་ཅན་མེད་པ་སྒོམ། །བསོད་ནམས་སྟོང་ཕྲག་བརྒྱ་ཡིས་ལེགས་པར་བརྒྱན། །སངས་རྒྱས་སྟོང་ཕྲག་བརྒྱ་ཡིས་འདིར་སྤྱད་དེ། །ལྷ་རྣམས་སྟོང་ཕྲག་བརྒྱ་ཡིས་རབ་ཏུ་བསྟོད། །ཚངས་པ་སྟོང་ཕྲག་བརྒྱ་ཡིས་ཕྱག་ཀྱང་བགྱིས། །གནོད་སྦྱིན་སྲིན་པོ་གྲུལ་བུམ་དད་བགྱིད་དེ། །ཀླུ་དང་ལྟོ་འཕྱེ་འདབ་བཟང་གྲོལ་བར་བགྱིད། ། རྟག་ཏུ་མ་ཆགས་ཤིན་ཏུ་ལྡན་པ་སྟེ། །ལས་དགེའི་འབྲས་བུས་འཕགས་པ་གསུང་ཕྱུངས་ཤིག་།རྒྱལ་བ་ཇི་སྙེད་མྱ་ངན་འདས་པ་དང ། །གང་དག་མ་བྱོན་པ་དང་བཞུགས་པ་རྣམས། ། ཐམས་ཅད་ཁྱོད་ཀྱིས་མཁྱེན་ཅིང་ཐོགས་མི་མངའ། །འདྲེན་པ་ཡོན་ཏན་ཀུན་གྱིས་ཤིན་ཏུ་འཕགས། །འབྱུང་པོ་འཛིན་པ་རི་དང་རྒྱ་མཚོར་བཅས། །ས་འདི་ཐམས་ཅད་རྣམ་པ་
81b
དྲུག་ཏུ་གཡོས། །ལྷ་ཡི་ཚོགས་རྣམས་མཁའ་ལས་མེ་ཏོག་འཐོར། །ལྷ་ཡི་སྤོས་ངད་ཡིད་དུ་འོང་བ་ལྡང ། །འདོད་ཆགས་ཞེ་སྡང་རབ་རིབ་མ་ལུས་བསལ། །ཚུལ་ཁྲིམས་ཡོངས་དག་ཡིད་ཀྱང་ཡོངས་སུ་དག་།མཚན་མེད་རབ་ཏུ་ཞི་བའི་སྟོང་ལ་དགྱེས། །སེང་གེའི་སྒྲ་སྐད་སྒྲོགས་ཤིག་ཐུགས་རྗེ་ཅན། །སྤོབས་དང་ལྡན་ཞིང་ཤིན་ཏུ་སྙན་པ་ཡངས། །རྒྱལ་བའི་ཤེས་རབ་རྫོགས་ཤིང་ཡེ་ཤེས་རྫོགས། །ཐུགས་རྗེ་ལྡན་པ་ཁྱོད་འདྲ་འཇིག་རྟེན་མེད། །གང་གི་དོན་དུ་འཛུམ་པ་འདི་བསྟན་གསུངས། །རྨ་བྱ་ཁུ་བྱུག་ཀ་ལ་པིངྐའི་སྒྲ། །ཤང་ཤང་ཏེའུའི་སྒྲ་ཡང་ཡིད་འོང་བ། །དགའ་འགྱུར་སྐད་ཀུན་དུས་གཅིག་ཚོགས་པས་ཀྱང ། །བདེ་གཤེགས་གསུང་གི་ཆར་ནི་དེས་མི་ཕོད། །རྔ་དང་རྫ་རྔ་འཁར་རྔ་དེ་བཞིན་ཏེ། །དུང་དང་གླིང་བུ་དེ་བཞིན་པི་ཝང་དང། །སིལ་སྙན་སྟོང་གི་སྒྲ་རྣམས་གཅིག་ཏུ་འདུས། །དེ་དག་བདེ་གཤེགས་སྒྲ་ཡི་ཆར་མི་ཕོད། །ལྷ་ཡི་སིལ་སྙན་དམ་པ་སྟོང་གི་སྒྲ། །ལྷ་ཡི་བུ་མོ་གླུ་དབྱངས་སྙན་པ་དང ། །རོལ་མོའི་སྒྲ་རྣམས་དགའ་བ་སྐྱེད་བགྱིད་པ། །དེ་དག་བདེ་གཤེགས་གསུང་གི་ཆར་མི་ཕོད། །འཇིག་རྟེན་ཕན་པ་ཁྱོད་ཀྱི་གསུང་གཅིག་ལས། །མོས་པ་ཐ་དད་བཞིན་དུ་སྒྲ་འབྱུང་སྟེ། །རྒྱལ་བ་བདག་ལ་སྟོན་སྙམ་སོ་སོ་སེམས། །གང་གི་སླད་དུ་ཁྱོད་ཀྱིས་འཛུམ་མཛད་བསྟན། །ལྷ་ཡི་སྒྲ་དང་དེ་བཞིན་ཀླུ་ཡི་སྐད། །མི་འམ་ཅི་ཡི་སྒྲ་སྙན་ཅི་མཆིས་པ། །དེ་དག་ནམ་ཡང་ཉོན་
82a
༄#། །མོངས་ཞི་མི་བགྱིད། །སངས་རྒྱས་གསུང་ནི་རྟག་ཏུ་ཉོན་མོངས་སེལ། །དགའ་བ་སྐྱེད་ཅིང་འདོད་ཆགས་དགའ་མ་ལགས། །བྱམས་པ་སྐྱེད་ཅིང་ཞེ་སྡང་བློ་མ་ལགས་ཤེས་རབ་སྐྱེད་ཅིང་གཏི་མུག་བློ་མ་ལགས། །སངས་རྒྱས་གསུང་གིས་དྲི་མ་ཐམས་ཅད་སེལ། །འཁོར་ལས་སླད་རོལ་ཏུ་ནི་སྒྲ་མི་འབྱུང ། །ཐམས་ཅད་ཀྱི་ཡང་ནེམ་ནུར་བརྒྱ་མང་གཅོད། །མཐོ་བ་མ་ལགས་དམའ་བ་མ་ལགས་པ། །ཐུབ་པའི་གསུང་ནི་སྙོམས་ཤིང་བདེ་བ་སྟོན། །རི་དང་ནགས་བཅས་ས་འདི་གས་གྱུར་ཅིང ། །རྒྱ་མཚོའི་ཆུ་དག་དེ་བཞིན་བས་གྱུར་ལ། །ཟླ་བ་ཉི་མ་ས་ལ་ལྷུང་གྱུར་ཀྱང ། །རྒྱལ་བས་བཤད་པ་རྣམ་པ་གཞན་མི་འགྱུར། །ཚིག་གི་ཡན་ལག་ཐམས་ཅད་དག་པའི་གསུང ། །སེང་གེའི་སྒྲ་སྐད་འཇམ་ཞིང་མཉེན་པའི་དབྱངས། །ཚངས་པའི་དབྱངས་མངའ་བདེ་གཤེགས་ཐུགས་རྗེ་ཅན། །གང་གི་སླད་དུ་འཛུམ་མཛད་བསྟན་དུ་གསོལ། །འདས་དང་མ་འོངས་པ་དང་ད་ལྟར་གྱི། །འཇིག་རྟེན་སེམས་ཅན་ཇི་སྙེད་ཀུན་གྱི་ཡང ། །སེམས་དང་སྤྱོད་པ་ཀུན་ལ་རབ་ཏུ་མཁས། །གང་གི་སླད་དུ་འཛུམ་བསྟན་བཤད་དུ་གསོལ། །རྒྱལ་བ་ཇི་སྙེད་སུ་དག་ཐུགས་རྗེ་ཅན། དབང་དང་ཡེ་ཤེས་ཀུན་གྱི་ཕ་རོལ་ཕྱིན། །དྲི་མེད་ཟླ་ཞལ་རྒྱལ་བ་དེ་དག་ནི། །རྟག་ཏུ་རྒྱུ་མེད་འཛུམ་པ་མི་མཛད་དོ། །བསྐལ་པ་བྱེ་བར་བརྗོད་ཀྱང་མཚུངས་མེད་པ། །གངྒཱའི་
82b
བྱེ་སྙེད་ཡོན་ཏན་བརྗོད་བགྱིས་ཀྱང ། །ཡོན་ཏན་དག་གི་ཚད་བརྗོད་མི་ནུས་པ། །གང་གི་སླད་དུ་འཛུམ་བསྟན་བཤད་དུ་གསོལ། །འཛུམ་པ་བསྟན་པའི་ལེའུ་སྟེ། བཅུ་བཞི་པའོ།། །། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་མཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་སླར་བཀའ་སྩལ་པ། ཟླ་འོད་གཞོན་ནུར་གྱུར་པ་འདི་ཉིད་ཀྱིས། །མཚུངས་པ་མེད་པའི་དགའ་བས་སངས་རྒྱས་བསྟོད། །སངས་རྒྱས་ཡོན་ཏན་བྱེ་བྲག་འཕགས་བརྗོད་པ། །རྟག་ཏུ་ཁོར་མོར་ཤིན་ཏུ་བསྔགས་པར་འགྱུར། །སྔོན་ཡང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་འདིར། །སངས་རྒྱས་དག་ཀྱང་བྱེ་བ་ཕྲག་སྟོང་མཐོང ། །རྒྱལ་བ་དེ་དག་ཀུན་གྱི་དྲུང་དུ་འདིས། །ཏིང་འཛིན་ཞི་མཆོག་འདི་ཡང་རབ་ཏུ་དྲིས། །བྱང་ཆུབ་སྤྱོད་པ་མཆོག་འདི་སྤྱད་པ་ན། །འདི་ནི་ཀུན་ཏུ་ང་ཡི་བུར་གྱུར་ཏེ། །ཐམས་ཅད་དུ་ཡང་སྤོབས་དང་ལྡན་པར་གྱུར། །ཀུན་ཏུ་རྟག་པར་ཚངས་པར་སྤྱོད་པ་སྤྱད། །དེ་ནི་ཕྱི་དུས་འཇིགས་པ་ཆེན་པོ་ལ། །འདི་ལ་མ་ཕམ་ཁྱོད་ཉིད་ང་ཡི་དཔང ། །རྟག་ཏུ་ཚངས་སྤྱོད་གཙང་ལ་གནས་ནས་ནི། །ཏིང་ངེ་འཛིན་འདི་ཤིན་ཏུ་རྒྱས་བྱེད་འགྱུར། །ཏིང་འཛིན་དམ་པ་འདི་ནི་རབ་འཚོལ་ཞིང། །ལམ་འདིར་ཞུགས་པས་བྱང་ཆུབ་དེས་ཐོབ་འགྱུར། །སངས་རྒྱས་བྱེ་བ་མང་པོས་ཡོངས་བཟུངས་ཏེ། །འདྲེན་པ་རྣམས་ལ་མཆོད་པ་མཆོག་བྱེད་འགྱུར། །ང་ནི་ཡེ་ཤེས་ལ་ཡང་
83a
༄#། །རབ་གནས་ཏེ། །ཟླ་འོད་སྤྱོད་པ་ཁྱད་ཞུགས་ལུང་བསྟན་ཅིང ། །འདི་ཡི་སྲོག་དང་ཚངས་པར་སྤྱོད་པ་དག་།ཕྱི་མའི་དུས་ལ་བར་ཆད་མེད་པར་བྱ། །ལག་མཐིལ་སྐྱུ་རུ་འབྲུ་ལྔ་བཀོད་པ་བཞིན། །མ་འོངས་པ་ན་གང་ལ་མཆོད་འགྱུར་བ། །སངས་རྒྱས་བྱེ་བ་དག་ནི་ཕྲག་སྟོང་དང ། །དེ་ལས་ལྷག་པར་གངྒཱའི་བྱེ་སྙེད་ཤེས། །ལྷ་དང་ཀླུ་རྣམས་བྱེ་བ་བརྒྱད་ཅུ་དང ། །གནོད་སྦྱིན་བྱེ་བ་སྟོང་ཕྲག་བདུན་ཅུ་དག་།ཕྱི་མའི་དུས་ལ་བརྩོན་པ་བྱེད་པར་འགྱུར། །རྐང་གཉིས་གཙོ་བོ་ལ་ཡང་མཆོད་པ་བྱེད། །རྐང་གཉིས་གཙོ་ལ་མཆོད་པ་མཆོག་བྱས་ཏེ། །ཡེ་ཤེས་བླ་མེད་འདི་ནི་རབ་བསྒྲུབས་ནས། །ཕྱི་མའི་དུས་ལ་དེ་ནི་འཇིག་རྟེན་མགོན། །རྒྱལ་བ་དྲི་མེད་འོད་ཅེས་བྱ་བར་འགྱུར། །ཟླ་འོད་གཞོན་ནུར་གྱུར་པས་བདག་ཉིད་ཀྱི། །ལུང་བསྟན་འདི་ཐོས་དགའ་བས་རྒྱས་གྱུར་ཏེ། །ཏ་ལ་བདུན་སྲིད་དུ་ནི་མངོན་འཕགས་ནས། །མཁའ་ལ་འདུག་སྟེ་ཆེད་དུ་བརྗོད་པ་བརྗོད། །ེ་མ་རྒྱལ་བ་ཆོས་མཆོག་སྟོན་མཛད་པ། །རྣམ་གྲོལ་ཡེ་ཤེས་བདག་པོ་སྟོབས་ལ་གནས། །ཤིན་ཏུ་ངེས་པའི་ཡེ་ཤེས་མཆོག་གནས་པས། །ཕ་རོལ་རྒོལ་བ་དག་གིས་ཟིལ་མི་ནོན། །ཆགས་པ་སྤངས་ཤིང་རྣམ་པར་གྲོལ་ལ་རེག་།དངོས་པོ་རྣམ་བཤིག་སྲིད་པར་ཆགས་མི་མཛད། །ཁྱོད་ལ་སྤྲོས་པ་མཐའ་དག་ཀུན་མི་མངའ། །
83b
སྲིད་པ་གསུམ་ལ་ཆགས་མེད་ཡེ་ཤེས་འཇུག་།སྤྲོས་པ་ཐམས་ཅད་ཀྱིས་ཀྱང་མི་གོས་ཤིང ། །ལྟ་བ་སྤྲོས་པ་མཐའ་དག་རབ་ཏུ་སྤངས། །ལམ་ཡང་ཤིན་ཏུ་བསྒོམས་ཤིང་གནས་མེད་པ། །ཟིལ་གྱིས་མནོན་སུ་དང་མི་འཕྲོད་མེད། །ཁྱོད་ནི་ཁམས་གསུམ་དག་ལ་གནས་མེད་དེ། །ཆུ་བོ་དང་ནི་མདུད་པ་ཐམས་ཅད་སྤངས། །སྲིད་པའི་འཁྲི་ཤིང་འཆིང་བ་མཐའ་དག་བཅད། །སྲིད་པ་སྤངས་ཤིང་སྲིད་པར་མཚམས་སྦྱོར་མེད། །ཆོས་ཀྱི་རང་བཞིན་དངོས་མེད་རབ་མཁྱེན་ཅིང ། །བརྗོད་དུ་མེད་པའི་ཚིག་ཀྱང་ཐུགས་སུ་ཆུད། །མུ་སྟེགས་ཕྱིན་ཅི་ལོག་ལ་གནས་པ་དག་།མི་མཁས་དེ་བཞིན་སེངྒེས་ཝ་བཞིན་བཤིག་།བདེ་བར་གཤེགས་པས་བསྟན་པའི་ཆོས་ཀྱི་གཏེར། །གཏེར་མཆོག་དམ་པ་བདག་གིས་དེང་ཐོབ་སྟེ། །ངན་འགྲོ་ལོག་པར་ལྟུང་བ་ཐམས་ཅད་སྤངས། །འདྲེན་པར་མི་འགྱུར་སྙམ་པའི་ཐེ་ཚོམ་མེད། །གསེར་གྱི་ཁ་དོག་མཛེས་ཤིང་འོད་གསལ་བ། །ཕྱག་བརྐྱང་དེ་ཡི་མགོ་ལ་རབ་བཞག་ནས། །ལྷར་བཅས་འཇིག་རྟེན་དག་ཀྱང་དཔང་བཀོད་དེ། །མི་ཡི་ཁྱུ་མཆོག་བྱང་ཆུབ་དབང་བསྐུར་མཛད། །འཛུམ་པ་ལུང་བསྟན་པའི་ལེའུ་སྟེ། བཅོ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་
84a
༄#། །སྲིད་པའི་སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱ་བར་འདོད་པ་དང ། ཏིང་ངེ་འཛིན་གྱི་དགའ་ཞིང་བདེ་བ་བླ་ན་མེད་པ་འཕགས་པ་འདི་ལ་སེམས་ཅན་རྣམས་རབ་ཏུ་དགོད་པར་འདོད་པས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་མཉན་པར་བྱ། གཟུང་བར་བྱ། ཀུན་ཆུབ་པར་བྱ། བཅང་བར་བྱ། བཀླག་པར་བྱ། རབ་ཏུ་གདོན་པར་བྱ། ལུང་མནོད་པར་བྱ། ཁ་ཏོན་དུ་བྱ། ཉོན་མོངས་པ་མེད་པའི་སྒོམ་པས་བསྒོམ་པར་བྱ། མང་དུ་བྱ། གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་ནི་ངན་སོང་ཐམས་ཅད་ལས་འདའ་བར་བྱེད་པ། ནད་ཐམས་ཅད་ལས་རབ་ཏུ་ཐར་པར་བྱེད་པ་ཡིན་ཏེ། གཞོན་ནུ། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་ཐོས་ཤིང་བཟུང་སྟེ་བསྒོམས་པར་གྱུར་པ་དེའི་ཚེ། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་ཐམས་ཅད་སྲིད་པའི་སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱས་ཤིང་ཏིང་ངེ་འཛིན་གྱི་དགའ་བའི་བདེ་བ་བླ་ན་མེད་པ་འཕགས་པ་ལ་སེམས་ཅན་
84b
རྣམས་རབ་ཏུ་འགོད་དེ། ཏིང་ངེ་འཛིན་འདིའང་མྱུར་དུ་ཐོབ་བོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་དོན་འདི་ཉིད་བསྟན་པའི་ཕྱིར་ཚིགས་སུ་བཅད་པའི་དབྱངས་ཀྱིས་སྔོན་བྱུང་བའི་གཏམ་བསྟན་པ་འདི་ཡང་དག་པར་རབ་ཏུ་བཤད་དོ། ། སྔོན་ཆད་སྤྱོད་པ་སྤྱད་པ་དྲན་པ་ནི། །བདེ་གཤེགས་སེང་གེ་རྒྱལ་མཚན་བསྟན་པ་ལ། །དགེ་སློང་མཁས་པ་ཆོས་སྨྲ་བྱུང་བ་ཡང ། །དེ་ཡི་མིང་ནི་ཚངས་པས་བྱིན་ཞེས་བྱ། །ང་ནི་བློ་གྲོས་ཞེས་བྱ་རྒྱལ་པོའི་བུ། །ན་བར་གྱུར་ཏེ་མི་བཟད་སྡུག་བསྔལ་ཚོར། །དེ་ཚེ་ཚངས་པས་བྱིན་པ་ཆོས་སྨྲ་བ། །ང་ཡི་སློབ་དཔོན་དུ་ནི་གྱུར་པ་ཡིན། །ང་ནི་སྨན་པ་ལྔ་བརྒྱ་མི་ཉུང་བ། ། བརྩོན་པའི་ཡིད་ཀྱིས་ནད་དཔྱད་གསོ་བར་བྱེད། །ང་ཡི་ནད་ནི་གསོ་བར་མ་ནུས་ནས། །ང་ཡི་གཉེན་བཤེས་ཀུན་ཀྱང་སྡུག་བསྔལ་གྱུར། །ང་ཡང་ན་བར་དགེ་སློང་དེས་ཐོས་ནས། །ནད་དྲི་བར་ནི་ང་ཡི་དྲུང་དུ་འོངས། །ཚངས་བྱིན་ང་ལ་བརྩེ་བ་རབ་བསྐྱེད་ནས། །ཏིང་འཛིན་མཆོག་འདི་དེ་ཚེ་བཤད་པར་གྱུར། །ང་ནི་ཏིང་འཛིན་དམ་པ་འདི་ཐོས་ནས། །འཕགས་པའི་དགའ་བཟང་ཟིང་མེད་པ་སྐྱེས། །ཆོས་ཀྱི་ངོ་བོ་ཉིད་ཀྱང་རབ་ཤེས་པས། །ང་ཡང་དེ་ཡི་དུས་ན་ནད་ལས་སོས། །མར་མེ་མཛད་ནི་སྤྱད་པ་སྤྱོད་པ་ན། །དགེ་སློང་ཆོས་སྨྲ་མཁས་པར་གྱུར་པ་
85a
༄#། །ཡིན། །ང་ནི་བློ་གྲོས་རྒྱལ་པོའི་བུར་གྱུར་ཏེ། །ཏིང་འཛིན་ཡེ་ཤེས་ཀྱིས་ནི་ནད་ལས་ཐར། །དེ་བས་གཞོན་ནུ་ཁྱོད་ཀྱིས་ཕྱི་དུས་ན། །ཡོངས་སུ་ཉམས་པ་འདི་དག་རྗེས་དྲན་ཞིང ། །བྱིས་པས་ཉེས་པར་བརྗོད་པའི་ཚིག་བཟོད་གྱིས། །ཏིང་འཛིན་འདི་ཡང་གཟུང་ལ་ལེགས་པར་ལྷོགས། །ཕྱི་མའི་དུས་ལ་དགེ་སློང་མང་པོ་དག་།བརྐམ་ཞིང་གཏུམ་ལ་མ་བསྔམས་འབྱུང་བར་འགྱུར། སྡིག་ལ་དགའ་ཞིང་ལྷུང་བཟེད་ཆོས་གོས་ཆགས། །ཏིང་འཛིན་འདི་ནི་རབ་ཏུ་སྤོང་བར་འགྱུར། །རྒོད་ཅིང་དབང་པོ་གཡེངས་པ་ཕྲག་དོག་ཅན། ། གྲོང་ལ་ཆགས་ཤིང་རྙེད་པ་འདོད་པ་དག་།སྦྱོར་བ་བྱེད་པའི་སྐབས་ལ་རྟག་ཏུ་གནས། །ཏིང་འཛིན་འདི་ནི་རབ་ཏུ་སྤོང་བར་འགྱུར། །ལག་པ་དང་ནི་རྐང་པ་རྣམ་པར་རྡོབ། །རྩེ་འཇོ་རྒོད་ལ་རྟག་པར་རབ་ཏུ་ཞུགས། །གཅིག་ལ་གཅིག་ནི་མགུལ་འཁྱུད་ལག་ཀྱང་སྦྲེལ། །གྲོང་དུ་སྤྱོད་ལམ་གཞན་དུ་སྒྱུར་བར་བྱེད། །མི་རིགས་སྦྱོར་བའི་མཚན་ཉིད་འདི་དག་སྟེ། ། གཞན་གྱི་བུ་མོ་ལ་ཡང་རྟག་ཏུ་ཆགས། །གཟུགས་ཀྱིས་རྒྱུགས་ཤིང་འདུན་པ་བོར་བ་ཡིན། །གྲོང་དང་གྲོང་ཁྱེར་ཡུལ་འཁོར་ཀུན་ཏུ་རྒྱུ། །དེ་དག་བཟའ་དང་བཏུང་ལ་རབ་ཏུ་ཞུགས། །གླུ་དང་བྲོ་གར་དེ་བཞིན་རོལ་མོ་དང ། །ཉོ་འཚོང་ལྷག་པར་བྱེད་ཅིང་རྟག་ཏུ་བརྩོན། །བཏུང་བ་དག་ལ་ཆགས་ཤིང་ངོ་ཚ་བོར། །མི་རིགས་བརྩོན་པ་སྤྲིང་ཡིག་སྐུར་བར་
85b
བྱེད། །ཚུལ་ཁྲིམས་དེ་བཞིན་ལམ་དག་བཏང་ནས་ནི། །ཁྱིམ་པ་དག་དང་བསྟེན་ཅིང་ཁྲིམས་དྲལ་ནས། །དེ་དག་ཚུལ་ཞིག་ལོག་པར་ཤིན་ཏུ་གནས། །ལས་གང་སངས་རྒྱས་ཀྱིས་ནི་རྟག་སྨད་པ། །སྲང་དང་ཚད་ལ་གཡོ་སྒྱུ་བྱེད་པར་ཞུགས། །དེ་འདྲའི་སྡིག་པ་ཉོན་མོངས་ལས་བྱས་པས། །ལས་ངན་བྱེད་པ་དེ་དག་ངན་སོང་འགྲོ་།དུང་དང་གསེར་དང་ནོར་བུ་ནོར་མང་དང ། །ཁྱིམ་དང་གཉེན་བཤེས་རྣམ་སྤངས་རབ་བྱུང་སྟེ། །སངས་རྒྱས་བསྟན་པ་འདི་ལ་རབ་བྱུང་ནས། །སྡིག་པའི་ལས་རྣམས་ཤིན་ཏུ་སྤྱོད་པར་བྱེད། །ནོར་དང་འབྲུ་ལ་སྙིང་པོར་འདུ་ཤེས་ཤིང ། ། བཞོན་དང་བ་ལང་ཤིང་རྟ་རྣམས་ལ་ཆགས། །གང་ལ་བསླབ་པའི་ནན་ཏན་མེད་པ་རྣམས། །དེ་དག་གིས་ཀྱང་ཅི་ཕྱིར་མགོ་བོ་བྲེགས། །ངས་ནི་སྔོན་ཚེ་སྤྱོད་པ་སྤྱད་པ་ན། །བསྐལ་པ་སྟོང་དུ་ཤིན་ཏུ་དཀའ་སྤྱད་དེ། །ང་ཡིས་ཏིང་འཛིན་ཞི་བ་འདི་བཙལ་ན། །དེ་དག་དེ་ཚེ་འདི་ཐོས་གད་མོས་འདེབས། །དེ་དག་ཡུན་རིང་བརྫུན་སྨྲ་ཚངས་མི་སྤྱོད། །རྟག་ཏུ་རྙེད་ལ་དགའ་ཞིང་ངན་སོང་གཞོལ། །ཚངས་པར་སྤྱོད་པའི་རྒྱལ་མཚན་ཐོགས་ནས་ནི། །ཚུལ་ཁྲིམས་འཆལ་པ་དེ་ནི་ཆོས་མིན་སྨྲ། །དེ་དག་ཕན་ཚུན་དབྱེ་བའི་ཕྱིར་འཇུག་སྟེ། །རིགས་པ་མ་ཡིན་པས་ནི་རྙེད་པ་འཚོལ།། གཅིག་ལ་གཅིག་ནི་མི་སྙན་རབ་བརྗོད་དེ། །ཤི་འཕོས་ནས་ནི་ངན་སོང་སར་ཡང་འགྲོ། དེ་དག་བརྒྱ་དང་སྟོང་གི་ནང་ན་ཡང ། །དེ་ཚེ་བཟོད་པའི་སྟོབས་ལྡན་ཤིན་ཏུ་དཀོན། །དེ་ཕྱིར་འཐབ་
86a
༄#། །ལ་བརྩོན་པ་མང་པོ་འབྱུང ། །བཟོད་པ་སྤངས་ནས་རབ་ཏུ་སྤྲོས་པ་བྱེད། །བྱང་ཆུབ་སེམས་དཔའ་ངེད་ཡིན་ཚིག་ཏུ་སྨྲ། །དེ་ཡི་སྒྲ་ཡང་ཕྱོགས་དང་ཕྱོགས་སུ་འགྲོ།་མི་བདེན་སྒྲ་ཡི་དྲེགས་པས་དེ་རྒྱགས་ཏེ། །ཚུལ་ཁྲིམས་ཉམས་ལ་བྱང་ཆུབ་ག་ལ་ཡོད། །གང་ལ་བསམ་པ་རྣམ་པར་དག་མེད་ཅིང ། །ཆོས་འདི་ལ་ཡང་བཟོད་པ་མེད་པ་དང ། ། ཆོས་རྣམས་སྤོང་བྱེད་བྱང་ཆུབ་འདི་ཐོབ་པ། །ངས་ནི་མ་ཐོས་ནམ་ཡང་ཡོང་མ་མཐོང ། །དེ་དག་འཇིགས་ཤིང་སྐྲག་ནས་ཁྱིམ་སྤངས་ཏེ། །རབ་ཏུ་བྱུང་ནས་ཤིན་ཏུ་དམ་དུ་འཛིན། ། སྐྱེས་བུ་དམ་པའི་ཐེག་པ་སྤངས་བྱས་ནས། །བྱེ་བྲག་ལྷག་པར་འདོད་པ་བརླག་པར་འགྱུར། །ཤེས་རབ་དམན་ཞིང་ཡོན་ཏན་རྣམ་སྤངས་པ། །ཐེག་པ་མཆོག་གི་ཉེས་པ་རྟག་ཏུ་བརྗོད། །གང་གི་སྐྱབས་སུ་དེ་དག་རབ་ཞུགས་པ། །དེ་ཉིད་ལ་ཡང་ཉེས་པ་བརྒྱ་དག་བརྗོད། །འཚོ་བ་མེད་པ་མང་པོ་རབ་བྱུང་སྟེ། །སངས་རྒྱས་བྱང་ཆུབ་རྣམ་པ་ཀུན་མི་འདོད། །བྱིས་པ་དེ་དག་བདག་ཏུ་ལྟ་ལ་གནས། །སྟོང་པ་ཉིད་ནི་ཐོས་ནས་སྐྲག་པར་འགྱུར། །ཕན་ཚུན་དུ་ཡང་རྩོད་པ་བྱས་ནས་ནི། །གནོད་སེམས་ཁོང་ཁྲོ་ཐ་བ་རབ་ཏུ་སྐྱེད། །ཕན་ཚུན་དུ་ཡང་སྐུར་བ་མངོན་འདེབས་ཤིང ། །སྡིག་པ་བྱས་ནས་ཤིན་ཏུ་དགའ་བ་རྙེད། །གང་དག་ཚུལ་ཁྲིམས་གནས་ཤིང་ཡོན་ཏན་ལྡན། །བྱམས་ལ་གནས་ཤིང་རྟག་ཏུ་བཟོད་རྟོགས་པ། །
86b
མཉེན་ཞིང་དེས་ལ་ཤིན་ཏུ་བསྡམས་པ་རྣམས། །དེ་དག་དེ་ཚེ་ཡོངས་སུ་བརྙས་པར་འགྱུར། །གང་ལ་ཤིན་ཏུ་གཏུམ་སེམས་ལྡན་འབྱུང་དང ། །མི་བཟད་མ་རུངས་ངན་པའི་ལས་བྱེད་པ། ། ཆོས་མ་ཡིན་པ་སྤྱོད་ཅིང་འཐབ་ལ་དགའ། །དེ་དག་དེ་ཡི་དུས་ན་མཆོད་པར་འགྱུར། །བསྒོ་བར་བྱ་ཞིང་རབ་ཏུ་གོ་བར་བྱ། །གཞོན་ནུ་ང་ལ་དད་པའི་ཕྱིར་འབྲང་ན། །བདེ་བར་གཤེགས་པས་བསྟན་པ་འདི་དྲན་ནས། །དེ་དག་ལ་ནི་ནམ་ཡང་ཡིད་མི་རྟོན། །དེ་དག་འདོད་ཆགས་ཆེ་ཞིང་ཞེ་སྡང་ཆེ། །གཏི་མུག་ཆེ་ཞིང་ང་རྒྱལ་དྲེགས་པས་རྒྱགས། །ལུས་ཀྱང་མ་དུལ་ངག་ཀྱང་མ་དུལ་ཞིང ། །སེམས་ཀྱང་མ་དུལ་ངན་སོང་གཞོལ་བ་ཡིན། །ང་ནི་ཡོན་ཏན་དག་གི་བསྔགས་བརྗོད་ན། །དགེ་སློང་ཡོན་ཏན་དག་ལ་མི་སྤྱོད་དེ། །ཚིག་ཙམ་གྱིས་ནི་བྱང་ཆུབ་ཐོབ་མི་འགྱུར། ། ནན་ཏན་ལྷུར་བྱེད་བྱང་ཆུབ་རྙེད་མི་དཀའ། །སྔོན་བྱུང་བའི་ལེའུ་སྟེ། བཅུ་དྲུག་པའོ།། །།དེ་ནས་གཏམ་འདི་མཐར་ཕྱིན་པར་གྱུར་པ་དང ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དེ་ལྟར་འདུག་བཞིན་དུ་བཅོམ་ལྡན་འདས་ལ་ཡིད་ཀྱིས་ཚིགས་སུ་བཅད་པས་ཞུས་པ། རི་ཡི་རྒྱལ་པོ་བྱ་རྒོད་ཕུང་པོ་སྟེ། །རྟག་ཏུ་སངས་རྒྱས་གནས་པར་བདེ་གཤེགས་བཞུད། །འཇིག་རྟེན་སྒྲོན་མ་དེར་ཡང་གཤེགས་ནས་ནི། །ཁྱོད་ལ་བསམ་གྱིས་མི་ཁྱབ་མཆོད་པ་བགྱི། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་
87a
༄#། །དཔའ་ཆེན་པོ་བྱམས་པའི་སེམས་ཀྱི་རྟོག་པ་ཐུགས་ཀྱིས་མཁྱེན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ཡིད་ཀྱིས་ཚིགས་སུ་བཅད་བས་བཏང་བ། རི་ཡི་རྒྱལ་པོར་རྒྱལ་བ་མངོན་གནས་པར། །མ་ཕམ་བདུད་རྣམས་ཕམ་བྱས་ཁྱོད་སོང་ཞིག་།དེར་ནི་འགྲོ་བ་ཀུན་གྱི་དོན་ཆེན་ཡང ། །བླ་ན་མེད་པ་མྱུར་དུ་གྲུབ་པར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བཅོམ་ལྡན་འདས་ཀྱིས་ཡིད་ཀྱིས་ཚིགས་སུ་བཅད་པས་བཏང་བ་དང ། བཅོམ་ལྡན་འདས་ལ་ཡིད་ཀྱིས་ཕྱག་བཙལ། བཅོམ་ལྡན་འདས་ལ་ཡིད་ཀྱིས་ལན་གསུམ་བསྐོར་བ་བྱས་ནས་འཁོར་དེ་ནས་བྱུང་སྟེ་སངས་རྒྱས་མུ་མེད་པ་རྒྱ་མཚོའི་བྱེ་མ་སྙེད་ཀྱི་གནས་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་མཆོད་རྟེན་ཆེན་པོ་གང་ན་ཡོད་པ་དེར་སོང་སྟེ་ཕྱིན་ནས་འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱིས་ཡོངས་སུ་ལོངས་སྤྱད་པའི་ཕྱིར་དེའི་མོད་ལ་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་མཉམ་ཞིང་ཡངས་པ་རྒྱ་ཆེ་བ། སྡོང་དུ་མ་དང ། ཚེར་མ་དང ། རྡོ་དང ། གསེག་མ་དང ། གྱོ་མོ་མེད་ཅིང་ཁོ་ར་ཁོར་ཡུག་ཀུན་རིན་པོ་ཆེ་སྣ་བདུན་དུ་བྱིན་གྱིས་བརླབས་ཏེ། ས་གཞི་རིན་པོ་ཆེ་ཨནད་རྙིལ་འབར་བ་བསམ་གྱིས་མི་ཁྱབ་ལ་དཔེ་མེད་པའི་ལྷའི་རྒྱན་ཐམས་ཅད་དང་རིན་པོ་ཆེས་བརྒྱན་པ། རིན་པོ་ཆེ་རྣམ་པ་སྣ་ཚོགས་གྲངས་
87b
མེད་པ་དུ་མའི་བཀོད་པས་རབ་ཏུ་སྤྲས་པ། དགའ་ལྡན་རིས་ཀྱི་ལྷའི་ན་བཟས་ཁྱིམ་གྱི་ཉེ་འཁོར་བརྒྱན་ཅིང་སྤུད་དེ། བདུག་སྤོས་ཀྱི་སྣོད་སྣ་ཚོགས་ནས་ནི་བདུག་པ་འཐུལ་བར་བྱས་ཕྲེང་བ་དང་ལྡ་ལྡིས་ནི་བརྒྱན། མེ་ཏོག་སྣ་ཚོགས་ནི་བཀྲམ། ལྷའི་རོལ་མོའི་སྒྲ་དབྱངས་ནི་བསྒྲགས། རྒྱལ་མཚན་དང ། བ་དན་དང ། ལྷབ་ལྷུབ་བསྒྲེང་བས་ནི་གང ། ཁྱམས་ཀྱི་དཀྱིལ་འཁོར་དུ་ནི་བླ་རེ་བྲེས། འཁོར་གྱི་ཁྱམས་ཀྱི་དབུས་སུ་ནི་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ལྷའི་སེང་གེའི་ཁྲི་མངོན་པར་སྤྲུལ་ཏེ། རྒྱུ་སྤུན་ལས་མ་བྱས་པའི་གོས་ནི་བཏིང ། ཀ་ཙ་ལིནད་ལྟར་འཇམ་ཞིང་རེག་ན་བདེ་བ་དགའ་ལྡན་རིས་ཀྱི་ལྷའི་ན་བཟས་ནི་གཡོགས། སྟེང་དུ་སྙིང་པོ་བེག་ཚེར་ནི་བཏིང ། སྣམ་རྟེན་མཐའ་གཉིས་དམར་པོ་ནི་བཤམས། ཆུ་ཞེང་དང་འཕང་དུ་དཔག་ཚད་ཙམ་ཡོད་པ་བཙུགས་ཏེ། ཞབས་རྟེན་ནི་ལྷ་དང་མིའི་ལས་འདས་པ། ཛམྦུའི་ཆུ་བོའི་གསེར་ལས་བྱས་པ། མུ་ཏིག་གི་དྲ་བས་གཡོགས་པ། རས་རིན་པོ་ཆེ་བཅོས་བུས་གཡོགས་པ། སེང་གེའི་ཁྲི་ལ་བཏགས་པའི་ལྷའི་རིན་པོ་ཆེའི་དྲིལ་བུ་ལས་ནི་སྒྲ་འཇམ་ཞིང་ཡིད་དུ་འོང་བ་གསལ་བར་འབྱུང ། ཕྱོགས་ཀུན་ཏུ་ནི་ནོར་བུ་རིན་པོ་ཆེ་ཆེན་པོས་སྣང་བར་གྱུར། རིན་པོ་ཆེའི་གདུགས་ཆེན་པོ་རྩ་བ་ནི་བཻ་ཌཱུརྱ་དྲི་མ་མེད་པའི་རིན་པོ་ཆེ་ཆེན་པོ་ལས་བྱས་པར་མངོན་པར་སྤྲུལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
88a
༄#། །པོ་བྱམས་པས་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ཁོར་ཡུག་དང་བཅས་པ་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་དུ་མའི་བཀོད་པའི་རྒྱན་བསམ་གྱིས་མི་ཁྱབ་པས་བརྒྱན་པ་མངོན་པར་སྤྲུལ་ནས་སྐད་ཅིག་དེ་ཉིད་ལ་ཟླ་འོད་གཞོན་ནུར་གྱུར་པའི་ཁྱིམ་དུ་ཞུགས་པར་གྱུར་ཏོ། །ཞུགས་ནས་བཅོམ་ལྡན་འདས་ལ་ཡིད་ཀྱིས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལ་ཡིད་ཀྱིས་ལན་གསུམ་བསྐོར་བ་བྱས་ནས་སྟན་ལ་འདུག་གོ་།དེ་ལ་འདི་སྐད་ཅེས་བྱ་སྟེ། རི་ཡང་ལྷ་རྫས་ཡངས་ཤིང་རྒྱ་ཆེ་བ། །རིན་ཆེན་རྡོ་སྟེང་བཟང་ཞིང་དགའ་བ་དང ། ། བསམ་གྱིས་མི་ཁྱབ་ལྷ་རྫས་ཡིད་ཀྱི་ཁྱམས། །དབུས་སུ་རིན་ཆེན་སེངྒེའི་ཁྲི་ཡང་བཙུགས། །ལྷ་རྫས་གདུགས་ལས་ཡིད་འོང་སྒྲ་འབྱུང་ཞིང ། །ཕྱོགས་སུ་ནོར་བུ་རིན་ཆེན་འོད་ཆེར་འབྱུང ། །རྩ་བ་ཡིད་དུ་འཐད་པའི་བཻ་ཌཱུརྱ། །མ་ཕམ་རྒྱལ་བའི་སྲས་པོས་དེ་ལྟར་སྤྲུལ། །རི་ཡང་རིན་ཆེན་སྣ་ཚོགས་རྣམ་པར་བཀྲ། རིན་ཆེན་གདན་མཆོག་རྒྱང་གྲགས་ཚད་ཙམ་དུ། །བྱམས་པ་དཔའ་བོས་དེ་དག་རབ་སྤྲུལ་ནས། །སྐད་ཅིག་དེ་ཉིད་ལ་ནི་ཁྱིམ་དུ་ཞུགས། །དེ་ནས་བཅོམ་ལྡན་འདས་འཁོར་ཆེན་པོ་རྒྱ་མཚོ་ལྟ་བུ་ལ་ཆོས་ཀྱི་གཏམ་ཡང་དག་པར་བསྟན་ཏེ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས། ཡང་དག་པར་བཙུད་དེ་གདན་ལས་བཞེངས་ནས་གཤེགས་སོ། །དེ་ལྟ་བུའི་སངས་རྒྱས་ཀྱི་རྫུ་
88b
འཕྲུལ་གྱིས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་ཆུ་དྲོན་གྱི་སྒོར་བྱུང་ནས་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་གང་ན་ཡོད་པ་དེར་གཤེགས་ཏེ་བྱོན་པ་དང ། བྱམས་པས་སྤྲུལ་པའི་ཁྱམས་གང་ན་ཡོད་པ་དེར་གཤེགས་ཏེ་བྱོན་ནས་བྱམས་པས་མངོན་པར་སྤྲུལ་པའི་སེང་གེའི་ཁྲི་ཆེན་པོ་ལ་བཞུགས་ཏེ། དགེ་སློང་གི་དགེ་འདུན་གྱིས་ནི་ཡོངས་སུ་བསྐོར་ཅིང ། བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས་ནི་མདུན་གྱིས་བལྟས། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། དྲང་སྲོང་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང་མི་མ་ཡིན་པས་ནི་ཕྱག་བྱས་ཏེ་འཁོར་རྒྱ་མཚོ་ལྟ་བུའི་ནང་ན་ཆོས་སྟོན་ཏོ། །དེ་ནས་ཟླ་འོད་གཞོན་ནུར་གྱུར་པ་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཐམས་ཅད་ལྷགས་པར་གྱུར་པ་རྣམས་དང ། འཇིག་རྟེན་གྱི་ཁམས་གཞན་དག་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྲག་ཁྲིག་མང་པོ་དང་ལྷན་ཅིག་ཏུ་མེ་ཏོག་དང ། བདུག་སྤོས་དང ། ཕྲེང་བ་དང ། བྱུག་པ་ཐོགས་ནས་རོལ་མོ་ནི་བྱེད། ཕེག་ནི་རྡོབ། གདུགས་དང ། རྒྱལ་མཚན་དང ། ལྷའི་བ་དན་ནི་སྒྲེང ། ཕྲེང་བ་ཆེན་པོ་དབུལ་བ་ནི་ཐོགས་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ཞི་བའི་སྒོ་ནས་བྱུང་སྟེ། བྱ་རྒོད་ཀྱི་ཕུང་པོའི་རི་གང་ན་ཡོད་པ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་
89a
༄#། །ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་མེ་ཏོག་དང ། བདུག་པ་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། ཕྱེ་མ་དང།་ན་བཟའ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། སིལ་སྙན་དང ། ཕེག་རྡོབ་པས་མཆོད་པ་ཆེན་པོ་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །གུས་པ་དང་ལྡན་རི་མོ་དང་ལྡན་པར་ཆོས་དྲི་བའི་ཕྱིར་ཕྱོགས་གཅིག་ཏུ་འདུག་པ་དང ། ཟླ་འོད་གཞོན་ནུར་གྱུར་པ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ལ་སྐབས་ཕྱེ་ན་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ། དེ་བཞིན་གཤེགས་པས་རྟག་ཏུ་ཁྱོད་ལ་སྐབས་ཕྱེའི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་།དེ་སྐད་ཅེས་བཀའ་སྩལ་ཏེ་གོ་སྐབས་ཕྱེ་ནས་བཅོམ་ལྡན་འདས་ལ་ཟླ་འོད་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས།
89b
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དུ་དང་ལྡན་ན་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་ཐོབ་པར་འགྱུར། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ། ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་ཐོབ་པར་འགྱུར་རོ། །བཞི་གང་ཞེ་ན། གཞོན་ནུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཤིང་འགྲོགས་ན་བདེ་བ་ཡིན། དུལ་ཞིང་དུལ་བའི་ས་ཐོབ་པ་ཡིན་ཏེ། དེ་ཕ་རོལ་གྱིས་གཤེས་སམ། སྤྱོས་པའི་ཚིག་ཉེས་པར་སྨྲ་ཞིང ། ཉེས་པར་བརྗོད་པའི་ཚིག་གི་ལམ་བཟོད་ཅིང་མི་མཇེད་པའི་རང་བཞིན་ཅན་ཡིན། ལས་ལ་ལྟ་ཞིང་ང་རྒྱལ་བཅོམ་པ་དང་ཆོས་འདོད་པ་ཡིན་ཏེ། གཞོན་ནུ། ཆོས་དང་པོ་འདི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་ངེ་འཛིན་འདི་ཐོབ་པར་འགྱུར་རོ། །གཞན་ཡང་གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དང་ལྡན་པ་ཡིན། །ཚུལ་ཁྲིམས་ཡོངས་སུ་དག་ཅིང་ཚུལ་ཁྲིམས་མ་ཞིག་པ་དང ། ཚུལ་ཁྲིམས་ལ་སྐྱོན་མེད་པ་དང ། ཚུལ་ཁྲིམས་འདྲེན་མ་མ་ཡིན་པ་དང ། ཚུལ་ཁྲིམས་སྲ་སྲེར་མ་གྱུར་པ་དང ། ཚུལ་ཁྲིམས་མ་ཉམས་པ་དང ། ཚུལ་
90a
༄#། །ཁྲིམས་མི་གནས་པ་དང ། ཚུལ་ཁྲིམས་མ་འབགས་པ་དང ། ཚུལ་ཁྲིམས་མི་དམིགས་པ་དང ། འཕགས་པས་བསྟོད་པའི་ཚུལ་ཁྲིམས་དང ། མཁས་པས་བསྟོད་པའི་ཚུལ་ཁྲིམས་པ་ཡིན་ཏེ། གཞོན་ནུ། ཆོས་གཉིས་པོ་འདི་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་ངེ་འཛིན་འདི་ཐོབ་པར་འགྱུར་རོ། །གཞན་ཡང།་གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁམས་གསུམ་ལ་སེམས་སྐྲག་པ་དང ། སེམས་དངངས་པ་དང ། སྐྱོ་བ་དང ། དོན་དུ་མི་གཉེར་ཅིང་མངོན་པར་མི་དགའ་བ་དང ། མ་ཆགས་མ་ཞེན་པ་དང ། ཁམས་གསུམ་ལ་ཡིད་སྐྱོ་བས་ཁམས་གསུམ་ལས་གཞན་དུ་སེམས་ཅན་སྡུག་བསྔལ་བ་རྣམས་ཐར་བར་བྱའོ་ཞེས་བརྩོན་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་སྒྲུབ་པ་ཡིན་ཏེ། གཞོན་ནུ། ཆོས་གསུམ་པོ་འདི་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་ངེ་འཛིན་འདི་ཐོབ་པར་འགྱུར་རོ། །གཞན་ཡང ། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དད་ཅིང་ཆོས་ཡོངས་སུ་འཚོལ་བས་མི་ངོམས་པ་ཡིན། མང་དུ་ཐོས་ཤིང་འཇིགས་པ་མེད་པ་ཡིན། ཆོས་འདོད་ཅིང་ཆོས་ལྷུར་བྱེད་པ་ཡིན་ཏེ། རྙེད་པ་དང་བསུར་\?\་སྟི་ལྷུར་བྱེད་པ་མ་ཡིན། ཤེས་ཀྱི་ཁེ་ལྷུར་བྱེད་པ་མ་ཡིན། ཕན་པའི་དངོས་པོ་
90b
སྔོན་དུ་འགྲོ་བའི་སེམས་ཀྱིས་ཆོས་ཇི་སྐད་དུ་ཐོས་པ་དང ། ཇི་ལྟར་ཁོང་དུ་ཆུད་པ་གཞན་ལ་རྒྱ་ཆེར་འཆད་ཅིང་རབ་ཏུ་སྟོན་པ་ཡིན་ཏེ། ཤེས་ཀྱི་ཁེ་འདོད་པས་ནི་མ་ཡིན་གྱི། ཅི་ནས་སེམས་ཅན་འདི་རྣམས་ཆོས་འདི་དག་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་སྙམ་པ་སྟེ། གཞོན་ནུ། ཆོས་བཞི་པོ་འདི་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་ངེ་འཛིན་འདི་ཐོབ་པར་འགྱུར་རོ། །གཞོན་ནུ། ཆོས་བཞི་པོ་འདི་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་ཐོབ་པར་འགྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གཞོན་ནུ། རྣམ་གྲངས་འདིས་ཏིང་ངེ་འཛིན་འདི་འདི་ལྟར་སངས་རྒྱས་མང་པོས་བཤད་པ། སངས་རྒྱས་མང་པོས་བསྔགས་པ། སངས་རྒྱས་མང་པོས་ཡང་དག་པར་རབ་ཏུ་བསྟན་པ། སངས་རྒྱས་མང་པོས་རབ་ཏུ་བསྟོད་པ་ཡིན་ཏེ། གཞོན་ནུ། སངས་རྒྱས་བཅོམ་ལྡན་འདས་མང་པོའི་དྲུང་དུ་ང་རབ་ཏུ་བྱུང་ནས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་རྒྱ་ཆེར་མཉན་ཏེ་བཟུང་ངོ ། །དྲིས་ཤིང་བཅངས་སོ། །བཀླགས་སོ། །བཏོན་ཏོ། །ཉོན་མོངས་པ་མེད་པའི་བསྒོམ་པས་བསྒོམས་ཤིང་མང་དུ་
91a
༄#། །བྱས་སོ། །གཞན་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་གྱིས་སངས་རྒྱས་མང་པོ་ངེས་\?\་པར་བརྗོད་པའི་ཏིང་ངེ་འཛིན་གྱི་སྒོ་སྔོན་བྱུང་བའི་གཏམ་བསྟན་པ་འདི་དེའི་ཚེ་ཟླ་འོད་གཞོན་ནུར་གྱུར་པ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པ། དྲན་པ་བསྐལ་པ་གཞལ་མེད་དཔག་ཡས་ན། །རྒྱལ་བ་དབྱངས་ཀྱི་ཡན་ལག་སྒྲ་བྱུང་སྟེ། །བདེ་གཤེགས་དབྱངས་ཀྱི་ཡན་ལག་སྒྲ་དེ་ཡི། །ཚེ་ཚད་ལོ་ཡང་བརྒྱ་ཕྲག་དྲུག་ཅུར་གྱུར། །དེ་ཡི་ཕ་རོལ་སངས་རྒྱས་གཞན་བྱུང་བ། །མི་མཆོག་མཚན་ནི་ཡེ་ཤེས་དབང་ཕྱུག་སྟེ། །རྐང་གཉིས་གཙོ་བོ་ཡི་ཤེས་དབང་ཕྱུག་གི་།ཚེ་ཚད་ལོ་གྲངས་སྟོང་ཕྲག་བཅུ་གཉིས་སོ། །ཡེ་ཤེས་དབང་ཕྱུག་ཕ་རོལ་སངས་རྒྱས་ནི། །གཟི་བརྗིད་དབང་ཕྱུག་ཅེས་བྱ་རྒྱལ་བ་བྱུང ། །རྐང་གཉིས་གཙོ་བོ་གཟི་བརྗིད་དབང་ཕྱུག་གི་།ཚེ་ཚད་ལོ་ནི་སྟོང་ཕྲག་དྲུག་ཅུ་བདུན། །གཟི་བརྗིད་དབང་ཕྱུག་ཕ་རོལ་སངས་རྒྱས་ནི། །བློ་གྲོས་དབང་ཕྱུག་ཅེས་བྱ་རྒྱལ་བ་བྱུང ། །རྐང་གཉིས་གཙོ་བོ་བློ་གྲོས་དབང་ཕྱུག་གི་།ཚེ་ཡི་ཚད་ནི་ལོ་གྲངས་བྱེ་བར་ཚང ། །བློ་གྲོས་དབང་ཕྱུག་ཕ་རོལ་སངས་རྒྱས་ནི། །ཚངས་པའི་དབང་ཕྱུག་ཅེས་བྱ་རྒྱལ་བ་བྱུང ། །རྐང་གཉིས་གཙོ་བོ་ཚངས་པའི་དབང་ཕྱུག་གི་།ཚེ་ཡི་ཚད་ནི་ལོ་ཁྲི་བཞི་སྟོང་གྱུར། །ཚངས་པའི་
91b
དབང་ཕྱུག་ཕ་རོལ་སངས་རྒྱས་ནི། །མེ་ཡི་དབང་ཕྱུག་ཅེས་བྱ་རྒྱལ་བ་བྱུང ། །རྐང་གཉིས་གཙོ་བོ་མེ་ཡི་དབང་ཕྱུག་གི་།ཚེ་ཚད་ལོ་གྲངས་བདུན་ཁྲི་དྲུག་སྟོང་གྱུར། །མེ་ཡི་དབང་ཕྱུག་ཕ་རོལ་སངས་རྒྱས་ནི། །ཚངས་པའི་ཞལ་ཞེས་བྱ་བ་རྒྱལ་བ་བྱུང ། །རྐང་གཉིས་གཙོ་བོ་ཚངས་པའི་ཞལ་དེ་ཡི། །ཚེ་ཡི་ཚད་ནི་ཉིན་ཞག་བདུན་དུ་གྱུར། །ཚངས་པའི་ཞལ་གྱི་ཕ་རོལ་སངས་རྒྱས་ནི། །ཚོགས་ཀྱི་དབང་ཕྱུག་ཅེས་བྱ་རྒྱལ་བ་བྱུང ། །རྐང་གཉིས་གཙོ་བོ་ཚོགས་ཀྱི་དབང་ཕྱུག་གི་།ཚེ་ཡི་ཚད་ནི་ལོ་གྲངས་བྱེ་བར་ཚང ། །ཚོགས་ཀྱི་དབང་ཕྱུག་ཕ་རོལ་སངས་རྒྱས་ནི། །དབྱངས་ཀྱི་དབང་ཕྱུག་ཅེས་བྱ་རྒྱལ་བ་བྱུང ། །རྐང་གཉིས་གཙོ་བོ་དབྱངས་ཀྱི་དབང་ཕྱུག་གི་།ཚེ་ཚད་ལོ་གྲངས་བྱེ་བ་ཕྲག་དགུར་ཚང ། །དབྱངས་ཀྱི་དབང་ཕྱུག་ཕ་རོལ་སངས་རྒྱས་ནི། །དབྱངས་ཀྱི་ཞལ་ཞེས་བྱ་བ་རྒྱལ་བ་བྱུང ། །རྐང་གཉིས་གཙོ་བོ་དབྱངས་ཀྱི་ཞལ་གྱི་ཡང ། །ཚེ་ཚད་ལོ་གྲངས་བྱེ་བ་ཕྲག་བཅུར་ཚང ། །དབྱངས་ཀྱི་ཞལ་གྱི་ཕ་རོལ་སངས་རྒྱས་ནི། །ཟླ་བའི་ཞལ་ཞེས་བྱ་བའི་རྒྱལ་བ་བྱུང ། །རྐང་གཉིས་གཙོ་བོ་ཟླ་བའི་ཞལ་གྱི་ནི། །ཚེ་ཡི་ཚད་ཀྱང་ཉིན་ཞག་གཅིག་ཏུ་གྱུར། །ཟླ་བའི་ཞལ་གྱི་ཕ་རོལ་སངས་རྒྱས་ནི། །ཉི་མའི་ཞལ་ཞེས་བྱ་བ་རྒྱལ་བ་བྱུང ། །རྐང་གཉིས་གཙོ་བོ་ཉི་མའི་ཞལ་གྱི་ཡང ། །ཚེ་ཚད་ལོ་ནི་སྟོང་ཕྲག་བཅོ་བརྒྱད་དོ། །ཉི་མའི་ཞལ་གྱི་ཕ་རོལ་སངས་རྒྱས་ནི། །ཚངས་པའི་ཞལ་ཞེས་བྱ་བའི་
92a
༄#། །རྒྱལ་བ་བྱུང ། །རྐང་གཉིས་གཙོ་བོ་ཚངས་པའི་ཞལ་གྱི་ཡང ། །ཚེ་ཚད་ལོ་ནི་སྟོང་ཕྲག་ཉི་ཤུའོ། །ཚངས་པའི་ཞལ་གྱི་ཕ་རོལ་སངས་རྒྱས་ནི། །ཚངས་པའི་སྙན་པ་ཞེས་བྱ་རྒྱལ་བ་བྱུང ། །རྐང་གཉིས་གཙོ་བོ་ཚངས་པའི་སྙན་པ་ཡི། །ཚེ་ཚད་ལོ་གྲངས་སྟོང་ཕྲག་བཅོ་བརྒྱད་གྱུར། །བསྐལ་པ་གཅིག་ལ་སངས་རྒྱས་འདི་དག་དང ། །འཇིག་རྟེན་རྣམ་པར་འདྲེན་པ་ཉིས་བརྒྱ་བྱུང ། །ཟིལ་གྱིས་མི་ནོན་དེ་བཞིན་གཤེགས་པ་ཡི། །མཚན་རྣམས་འདིར་ཡང་བརྗོད་ཀྱི་མཉན་པར་གྱིས། །མཐའ་ཡས་དབྱངས་དང་རྣམ་པར་གྲགས་པའི་དབྱངས། །རྣམ་པར་བསྒྲགས་པའི་གཟི་བརྗིད་རྣམ་གྲགས་སྒྲ། །སྒྲ་སྐད་རྣམ་གྲགས་སྒྲ་དབྱངས་མཆོད་པ་དང ། །དབྱངས་ཀྱི་ཡན་ལག་དཔའ་དང་དབྱངས་དག་དང ། །ཡེ་ཤེས་སྟོབས་དང་ཡེ་ཤེས་བྱེ་བྲག་འགྲོ་།ཟིལ་གྱིས་མ་ནོན་ཡེ་ཤེས་ཡང་དག་འཕགས། །ཡེ་ཤེས་འོད་འཕྲོ་ཡེ་ཤེས་མངོན་པར་འཕགས། །ཡེ་ཤེས་རྣམ་གྲངས་དེ་བཞིན་ཡེ་ཤེས་དཔའ། །ཚངས་པའི་སྟོབས་དང་ཚངས་ནོར་ཚངས་པའི་མཆོག་།ཚངས་པའི་ལྷར་བཅས་དེ་བཞིན་ཚངས་པའི་དབྱངས། །ཚངས་པའི་དབང་ཕྱུག་ཚངས་པའི་མི་དབང་སྤྱན། །ཚངས་པའི་སྒྲ་དབྱངས་ཡན་ལག་ཚངས་པས་བྱིན། །གཟི་བརྗིད་སྟོབས་དང་གཟི་ལྡན་གཟི་བརྗིད་མཆོག་།གཟི་བརྗིད་དབང་ཕྱུག་གཟི་བརྗིད་མངོན་པར་འཕགས། །གཟི་བརྗིད་ཁྱབ་དང་
92b
གཟི་བརྗིད་ཤིན་ཏུ་ངེས། །གཟི་བརྗིད་སྒྲ་དབྱངས་ཤིན་ཏུ་རྣམ་གྲགས་གཟི། །འཇིགས་བཙན་སྟོབས་དང་འཇིགས་བཙན་བློ་གྲོས་དང ། །ཤིན་ཏུ་འཇིགས་བཙན་འཇིགས་ཞལ་འཇིགས་བཙན་འཕགས། །འཇིགས་བཙན་འོད་འཕྲོ་འཇིགས་མཆོག་འཇིགས་པའི་དབྱངས། །འཇིག་རྟེན་རྣམ་འདྲེན་རྒྱལ་བ་འདི་དག་བྱུང ། །སྒྲ་དབྱངས་ཟབ་མོ་དང་ནི་དཔལ་འཛིན་དང ། །རྣམ་དག་སྒྲ་ཡི་དབང་ཕྱུག་ཚངས་པའི་དབྱངས། །མཐའ་ཡས་དབྱངས་དང་ཤིན་ཏུ་རྣམ་གྲོལ་དབྱངས། །བདུད་ཀྱི་སྟོབས་དང་བདུད་རྣམས་སྐྲག་བྱེད་དང ། །སྤྱན་བཟང་དང་ནི་ཞལ་གཙང་སྤྱན་དག་དང ། །རྣམ་པར་དག་པའི་སྤྱན་དང་མཐའ་ཡས་སྤྱན། །ཀུན་ནས་སྤྱན་དང་རྣམ་པར་གྲགས་པའི་སྤྱན། །སྤྱན་གྱིས་ཟིལ་གྱིས་གནོན་དང་མ་སྨད་སྤྱན། །དུལ་མཆོག་དུལ་དང་ཤིན་ཏུ་དུལ་བའི་སེམས། །དུལ་རབ་ཞི་བའི་དབང་པོ་ཞི་བའི་ཡིད། །ཞི་བའི་བླ་མ་ཞི་དཔལ་རབ་ཏུ་ཞི། །ཞི་བའི་ཕ་རོལ་ཕྱིན་དང་ཞི་བར་དཔའ། །བླ་མར་གནས་པ་ཞི་བ་དུལ་བར་སེམས། ། ཤིན་ཏུ་དུལ་དང་ཞི་དབང་ཞི་བའི་ཡིད། །ཞི་བའི་བླ་མ་ཞི་བའི་དཔལ་འབར་བ། །ཞི་བ་རབ་ཞི་དབང་ཕྱུག་ཞི་བར་དཔའ། །ཚོགས་དབང་ཚོགས་གཙོ་ཚོགས་ཀྱི་དབང་ཕྱུག་དང ། ། ཚོགས་རྣམས་ཟིལ་གནོན་ཚོགས་བཟང་ཡེ་ཤེས་གཙང ། །ཚོགས་ཀྱི་དབང་ཆེན་ཚོགས་དབང་དཔའ་བོ་དང ། །གཞན་ཡང་ཚོགས་བཟང་རབ་རྟུ་རྣམ་པ་འབྱེད། །ཆོས་ཀྱི་རྒྱལ་
93a
༄#། །མཚན་དེ་བཞིན་ཆོས་ཀྱི་ཏོག་།ཆོས་ཀྱི་བྲམ་ཆོས་ཀྱི་རང་བཞིན་འཕགས། །ཆོས་ཀྱི་སྟོབས་ལྡན་ཆོས་བཟང་དཔའ་བོ་དང ། །རང་བཞིན་ཆོས་ཀྱི་བླ་མ་ངེས་པ་བྱུང། །རང་བཞིན་ཆོས་ཀྱི་བླ་མ་ངེས་པར་ནི། །མཚན་གཅིག་པ་ཡང་བྱེ་ཕྲག་བརྒྱད་ཅུ་སྟེ། །བསྐལ་པ་གཉིས་ལ་འདྲེན་པ་འདི་དག་བྱུང ། །བྱང་ཆུབ་ཕྱིར་ནི་འདི་དག་ངས་མཆོད་དེ། །རང་བཞིན་ཆོས་ཀྱི་བླ་མ་ངེས་པ་ཡི། །རྒྱལ་བའི་མཚན་རྣམས་གང་དག་ཉན་བྱེད་ཅིང ། །ཐོས་ནས་རྣམ་པར་གྲགས་པའི་མཚན་འཛིན་ན། །དེ་དག་མྱུར་དུ་ཏིང་འཛིན་འདི་ཐོབ་འགྱུར།། །།འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ། བམ་པོ་དྲུག་པ། དེ་ནས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་མང་པོའི་ཏིང་ངེ་འཛིན་གྱི་སྒོ་སྔོན་བྱུང་བའི་ལེའུ་འདི་ཟླ་འོད་གཞོན་ནུར་གྱུར་པ་ལ་རྒྱ་ཆེར་རྒྱས་པར་རབ་ཏུ་བསྟན་ཏོ། །སངས་རྒྱས་འདི་དག་གི་ཡང་ཕ་རོལ་ན། །བསྐལ་པ་བསམ་ཡས་དཔག་ཏུ་མེད་པའི་ཚེ། །ལྷ་མིས་མཆོད་པ་སངས་རྒྱས་གཞན་ཞིག་བྱུང ། །དེ་ཡི་མཚན་ནི་མི་དབང་དབྱངས་ཞེས་བྱ། །དེ་བཞིན་གཤེགས་པ་མི་དབང་དབྱངས་ཀྱི་ནི། །ཚེ་ཚད་ལོ་གྲངས་བདུན་ཁྲི་དྲུག་སྟོང་སྟེ། །ཉན་ཐོས་དག་ནི་བྱེ་བ་བརྒྱ་ཕྲག་གསུམ། །དེ་ཡི་འདུས་པ་དང་པོར་གྱུར་པ་ཡིན། །མངོན་ཤེས་དྲུག་ལྡན་གསུམ་རིག་དབང་པོ་ཐུལ། །མཐུ་ཡང་ཆེ་ཞིང་རྫུ་འཕྲུལ་ཆེན་པོ་སྟེ། །
93b
ཟག་པ་ཟད་པ་ཐ་མའི་ལུས་འཛིན་པ། །འོད་མཛད་ཀྱི་ནི་དགེ་འདུན་དེ་ཚེ་བྱུང ། །བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱད་ཅུ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་བྱུང་སྟེ། །བློ་གྲོས་ཟབ་ཅིང་གྲགས་པ་ཤིན་ཏུ་ཆེ། །མཐུ་ཡང་ཆེ་ཞིང་རྫུ་འཕྲུལ་ཆེ་བར་གྱུར། །མངོན་པར་ཤེས་པ་ཐོབ་ཅིང་སྤོབས་པར་ལྡན། །སྟོང་པ་ཐམས་ཅད་རྟོགས་པར་ཁོང་དུ་ཆུད། །ཞིང་ནི་བྱེ་བར་དེ་ལས་ལྷག་པར་ཡང ། །གངྒཱའི་བྱེ་མ་སྙེད་དུ་འཕྲུལ་གྱིས་འགྲོ་།རྐང་གཉིས་གཙོ་ལ་དྲི་བ་དྲིས་ནས་ནི། །ཕྱིར་ཡང་རྒྱལ་པ་དེ་ཡི་དྲུང་དུ་འོང ། །མདོ་སྡེ་སྒྲུབ་པའི་ངེས་པའི་ཚིག་ལ་མཁས། །སྣང་བར་གྱུར་པ་ས་ཡི་སྟེང་ན་རྒྱུ། །སེམས་ཅན་དོན་ཕྱིར་སྤྱད་པ་རྣམ་སྤྱོད་དེ། །བདེ་བར་གཤེགས་པའི་སྲས་པོ་མཐུ་ཆེན་ནི། །འདོད་པའི་རྐྱེན་གྱིས་སྡིག་པ་མི་བྱེད་དེ། །དེ་དག་ལ་ནི་ལྷ་ཡང་སྨོན་པ་སྐྱེད། །སྲིད་པའི་འགྲོ་བར་མི་གནས་དོན་མི་གཉེར། །མཉམ་གཞག་བསམ་གཏན་གནས་པའི་སྤྱོད་ཡུལ་ཅན། །རྣམ་པར་ངེས་པའི་དོན་ལྡན་འཇིགས་མེད་པ། །དྲི་མ་མེད་བར་རྟག་ཏུ་ཚངས་པར་སྤྱོད། །ཚིག་ཀྱང་རྒྱུན་མི་ཆད་ཅིང་སྤོབས་པར་ལྡན། །ངེས་ཚིག་བསྟན་པའི་ཚིག་གི་དོན་ལ་མཁས། །སངས་རྒྱས་སྲས་པོ་ཀུན་ཏུ་ཡང་དག་སྟོན། །དགེ་བའི་ལས་རྣམས་ཀྱིས་ཀྱང་ཡོངས་སུ་བཟུང ། །བསྐལ་པ་མཐའ་ཡས་པར་ནི་སྤྱོད་པས་འཕགས། །འདྲེན་པ་དག་གིས་རྟག་ཏུ་བསྟོད་ཅིང་བསྔགས། །རྣམ་པར་ཐར་དང་དོན་ཚིག་ཡང་
94a
༄#། །དག་སྟོན། །ཚུལ་ཁྲིམས་ཤིན་ཏུ་དག་ཅིང་ཉོན་མོངས་མེད། །ཆུ་ཡིས་པདྨ་བཞིན་དུ་མི་ཆགས་ཏེ། །ཁམས་གསུམ་ལས་ནི་རྣམ་གྲོལ་བག་ཡོད་པ། །འཇིག་རྟེན་ཆོས་བརྒྱད་དག་གིས་མི་གོས་ཤིང ། །ལུས་ཀྱང་རྣམ་དག་ལས་ཀྱང་ཡོངས་སུ་དག་།འདོད་པ་ཉུང་ཞིང་ཆོག་ཤེས་མཐུ་ཡང་ཆེ། །ཆགས་པ་མེད་ཅིང་སངས་རྒྱས་ཡོན་ཏན་གནས། །སེམས་ཅན་ཀུན་གྱི་རྟེན་དང་དབུང་གཉེན་ཏེ། །ཚིག་ཙམ་མ་ཡིན་ནན་ཏན་སྙིང་པོར་བྱེད། །གང་ལ་གནས་པ་དེ་ཉིད་གཞན་ལ་སྟོན། །སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཡོངས་སུ་བཟུང ། །རྒྱལ་བ་རྣམས་ཀྱི་མཇེད་འཛིན་ཐུགས་བརྟན་པ། །ཁམས་གསུམ་ཐམས་ཅད་ལ་ཡང་སྐྲག་པའི་ཡིད། །རབ་ཏུ་སེམས་ཞི་རྟག་ཏུ་དགོན་པར་སྤྱད། །འཇིག་རྟེན་འདྲེན་པ་རྣམས་ཀྱིས་བྱིན་བརླབས་པས། །མདོ་སྡེ་བྱེ་བ་ཕྲག་སྟོང་འཆད་པར་བྱེད། །འཆད་པ་དེ་ཡང་སངས་རྒྱས་རྣམས་ཀྱིས་བསྔགས། །འཇིག་རྟེན་དག་གི་ཚིག་ཀུན་རྣམ་སྤངས་ཏེ། །སྟོང་པ་ཉིད་ལ་མོས་ཤིང་དོན་དམ་སྟོན། །བསྔགས་པ་མཐའ་ཡས་ཡོན་ཏན་རྒྱ་མཚོ་བཞིན། །མང་དུ་ཐོས་ཤིང་མཁས་པ་ཤེས་རབ་ལྡན། །གཞོན་ནུ་བསྐལ་པ་བྱེ་བ་མང་པོར་ནི། །རྒྱུན་ཆད་མེད་པར་བསྔགས་པར་བརྗོད་ཀྱང ། །དེ་ནི་ཅུང་ཟད་ཙམ་ཞིག་བརྗོད་པར་འགྱུར། །རྒྱ་མཚོ་ལས་ནི་ཆུ་ཐིགས་གཅིག་པོ་བཞིན། །དེ་ཚེ་མི་ཡི་དབང་
94b
པོའི་དབྱངས་དེ་ནི། །ཏིང་འཛིན་ཞི་བ་མཐོང་དཀའ་འདི་སྟོན་ཏེ། །སྟོང་གསུམ་ཆེན་པོའི་འཇིག་རྟེན་ཁམས་འདི་ཡང ། །ལྷ་དང་ཀླུ་རྣམས་ཀྱིས་ནི་གང་བར་གྱུར། །དེ་ཡིས་ཏིང་འཛིན་ཞི་བ་འདི་བཤད་ཚེ། །ས་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས། །ལྷ་དང་མི་རྣམས་གངྒཱའི་བྱེ་མ་སྙེད། །སངས་རྒྱས་ཡེ་ཤེས་ལ་ནི་མི་ལྡོག་གནས། །དེར་ཡང་མི་དབང་རྒྱལ་པོ་བྱུང་བ་ནི། །དཔལ་གྱི་སྟོབས་ཞེས་བྱ་བ་མཐུ་ཆེ་བ། །དེ་ལ་བུ་ཡང་བརྒྱ་ཕྲག་ལྔ་ཡོད་དེ། །བྱད་བཞིན་བཟང་ཞིང་མཛེས་ལ་བལྟ་ན་སྡུག་།རྒྱལ་པོ་དེ་ཡི་བཙུན་མོའི་འཁོར་ཀྱང་ནི། །བུད་མེད་བྱེ་བ་བརྒྱ་ཕྲག་བརྒྱད་ཅུ་ཡོད། །ས་བདག་རྒྱལ་པོ་དེ་ཡི་བུ་མོ་ཡང ། །བྱེ་བ་སྟོང་ཕྲག་བཅུ་བཞིར་ཚང་པ་བྱུང ། །དེ་ཡང་སྟོན་ཟླ་ཐ་ཆུང་ཉ་བ་ལ། །ཡན་ལག་བརྒྱད་ལྡན་གསོ་སྦྱོང་བཟུང་ནས་ནི། །བྱེ་བ་ཁྲག་ཁྲིག་བརྒྱད་ཅུ་ལྷན་ཅིག་ཏུ། །འཇིག་རྟེན་གཙོ་བོའི་དྲུང་དུ་ཉེ་བར་འོངས། །རྐང་གཉིས་གཙོ་བོའི་ཞབས་ལ་ཕྱག་བཙལ་ཏེ། །རྒྱལ་བ་དེ་ཡི་སྤྱན་སྔར་རྒྱལ་པོ་འདུག་།རྒྱལ་པོ་དེ་ཡི་ལྷག་པའི་བསམ་མཁྱེན་ནས། །ཏིང་འཛིན་འདི་ནི་རྐང་གཉིས་དབང་པོས་བཤད། །ཏིང་འཛིན་འདི་ནི་རྒྱལ་པོ་དེས་ཐོས་ནས། །རྒྱལ་སྲིད་མཆིལ་མ་བཞིན་དུ་ཀུན་སྤངས་ཏེ། །གཉེན་དང་རྩ་ལག་སྡུག་པ་ཡོངས་བཏང་ནས། །རྒྱལ་བ་དེ་ཡི་དྲུང་དུ་རབ་ཏུ་བྱུང ། །བུ་ཡང་བརྒྱ་ཕྲག་ལྔ་དག་རབ་བྱུང་སྟེ། །དེ་བཞིན་བཙུན་མོའི་འཁོར་དང་སྲས་མོ་དང ། །གཉེན་བཤེས་
95a
༄#། །རྩ་ལག་མང་པོ་གཞན་དག་ཀྱང ། །བྱེ་བ་ཁྲག་ཁྲིག་བདུན་ཅུ་རྩ་དྲུག་བྱུང ། །བུ་དང་ཆུང་མར་བཅས་པ་རབ་བྱུང་ནས། ཁ་ཟས་སྒྲུབ་པའི་ས་ཡང་བོར་ནས་ནི། །རྒྱུན་མ་ཆད་པར་ལོ་བརྒྱད་བར་དུ་བཅགས། །འཆག་ཅིང་འགྲེང་བཞིན་འཆི་བའི་དུས་ཀྱང་བྱས། །རྒྱལ་པོའི་གླང་པོ་ཏིང་འཛིན་སེམས་དཔའ་དེ། །རྟག་པར་རབ་ཏུ་མཉམ་གཞག་དུས་བྱས་པས། །དེའང་རྒྱལ་པོའི་ཕོ་བྲང་དེར་སྐྱེས་ཏེ། །མངལ་གྱི་དྲི་མས་མ་གོས་བརྫུས་ཏེ་བྱུང ། །དེ་ཡི་ཕ་ནི་བརྟན་པའི་སྟོབས་ཞེས་བྱ། །བློ་གྲོས་ཆེ་ཞེས་བྱ་བ་མར་གྱུར་ཏེ། །གཞོན་ནུ་བཙས་མ་ཐག་ཏུ་ཚིག་སྨྲ་བ། །འཇིག་རྟེན་མགོན་པོ་དེ་ཉིད་བཞུགས་སམ་གེ་།འཇིག་རྟེན་མགོན་པོས་བདག་གི་སེམས་མཁྱེན་ནས། །དེ་ཕྱིར་བདག་ལ་ཞི་བའི་ཏིང་འཛིན་བཤད། །རྐྱེན་རྣམས་མེད་ཅིང་རྐྱེན་དང་བྲལ་བ་ཡང ། །སྲིད་པའི་འགྲོ་བ་རྣམས་ནི་གཅིག་ཏུ་བསྟན། །ཆོས་རྣམས་ཀུན་གྱི་རང་བཞིན་ཕྱག་རྒྱ་གང ། །མདོ་སྡེ་བྱེ་བ་ཁྲག་ཁྲིག་བྱུང་བ་དག་།བྱང་ཆུབ་སེམས་དཔའི་ནོར་ནི་བླ་མེད་པ། །ཏིང་འཛིན་འདི་ནི་རྒྱལ་བས་བཤད་མཛད་དམ། །ལུས་ཀྱང་གཙང་ཞིང་དེ་བཞིན་ངག་གཙང་བ། །སེམས་གཙང་དེ་བཞིན་ལྟ་བ་གཙང་མ་དང ། །དམིགས་པ་རྣམས་ལས་ཡང་དག་འདའ་བ་ཡི། །ཏིང་འཛིན་དེ་ནི་རྒྱལ་བས་བཤད་མཛད་དམ། །ཆུད་མི་ཟ་བའི་འབྲས་བུ་ཆོས་བསྟན་
95b
པ། །ལམ་མཆོག་ཡན་ལག་བརྒྱད་ལྡན་སྒོམ་པ་སྟེ། །དེ་བཞིན་གཤེགས་དང་ཕྲད་ཅིང་ཤེས་རབ་རྣོ། །བདེན་ལ་འཇུག་དང་རྟག་ཏུ་ཆོས་ཤེས་པ། །ཕུང་པོ་ཡོངས་ཤེས་ཁམས་རྣམས་མཉམ་པ་ཉིད། །སྐྱེ་མཆེད་རྣམ་པ་ཀུན་ཏུ་བསལ་བ་སྟེ། །སྐྱེ་བ་མེད་པ་མངོན་སུམ་འཇུག་པ་དག་།ཏིང་འཛིན་དེ་ནི་རྒྱལ་བས་བཤད་མཛད་དམ། །སོ་སོ་ཡང་དག་རིག་པ་བཞི་ལ་འཇུག་།ཡི་གེ་ཐམས་ཅད་དབྱེ་བའི་ཡེ་ཤེས་དང ། །དངོས་པོར་འཇུག་པ་ལས་ནི་འདའ་བ་ཡི། །ཏིང་འཛིན་དེ་ནི་རྒྱལ་བས་བཤད་མཛད་དམ། །དབྱངས་རྣམས་ཡོངས་སུ་ཤེས་ཤིང་དགའ་བ་ཐོབ། །བདེ་གཤེགས་བསྔགས་པ་ལའང་དགར་གྱུར་ཅིང ། །འཕགས་པ་དག་གི་ཚུལ་འཇམ་དྲང་པོ་ཡི། །ཏིང་འཛིན་དེ་ནི་རྒྱལ་བས་བཤད་མཛད་དམ། །དེས་པ་ནམ་ཡང་ཁྲོ་གཉེར་མི་བྱེད་ཅིང ། ། མཉེན་ཞིང་འཇམ་པ་བཞིན་ཡང་འཛུམ་པ་སྟེ། །སེམས་ཅན་མཐོང་ནས་སྔོན་དུ་སྨྲ་བ་ཡི། །ཏིང་འཛིན་དེ་ནི་རྒྱལ་བས་བཤད་མཛད་དམ། །ལེ་ལོ་མེད་ཅིང་བླ་མའི་རི་མོ་བྱེད། །སྲིད་ཞུ་ཆེ་བས་ཕྱག་འཚལ་སྡུག་པར་ལྟ། །སྐྱེ་བ་དག་གིས་ཆོག་ཤེས་དཀར་བ་ཡི། །ཏིང་འཛིན་དེ་ནི་རྒྱལ་བས་བཤད་མཛད་དམ། །འཚོ་བ་དག་ཅིང་དེ་བཞིན་དགེན་གནས་དང ། །སྦྱངས་པ་དག་ལ་གནས་ཤིང་དྲན་མི་ཉམས། །ཕུང་པོ་དང་ནི་ཁམས་ལ་མཁས་པ་ཡི། །ཏིང་འཛིན་དེ་ནི་རྒྱལ་བས་བཤད་མཛད་དམ། །སྐྱེ་མཆེད་མཁས་ཤིང་མངོན་ཤེས་ཡེ་ཤེས་དང ། །ཉོན་མོངས་བསལ་
96a
༄#། །བདུལ་བའི་ས་རྣམས་དང ། །གསང་སྔགས་མང་པོ་ཐམས་ཅད་འཆད་པ་ཡི། །ཏིང་འཛིན་དེ་ནི་རྒྱལ་བས་བཤད་མཛད་དམ། །སྲིད་པའི་འགྲོ་བ་ཀུན་ལས་འདའ་བ་དང། །སྐྱེ་བ་དྲན་ཞིང་ཆོས་ལ་ནེ་མ་ནུར་མེད། །ཆོས་ལ་སེམས་ཤིང་ཐོས་པ་འཚོལ་བ་ཡི། །ཏིང་འཛིན་དེ་ནི་རྒྱལ་བས་བཤད་མཛད་དམ། །ཁྱད་པར་འགྲོ་ཞིང་རྟག་ཏུ་སྒོམ་ལ་འཇུག་།ལྟུང་བ་དག་ལ་མཁས་ཤིང་འབྱུང་བར་གནས། །དེ་ལ་གནས་པས་བག་ལ་ཉལ་བ་སེལ། །ཏིང་འཛིན་དེ་ནི་རྒྱལ་བས་བཤད་མཛད་དམ། །གང་ལས་ཡེ་ཤེས་རྣོ་བའི་མཆོག་འབྱུང་བ། །མི་གཡོ་རི་བོ་བཞིན་དུ་མི་སྒུལ་བ། །ཕྱིར་མི་ལྡོག་པའི་མཚན་དང་གཟུངས་ཀྱི་སྒོ། །ཏིང་འཛིན་དེ་ནི་རྒྱལ་བས་བཤད་མཛད་དམ། །རྟག་ཏུ་དཀར་པོའི་ཆོས་རྣམས་ཡོངས་འཚོལ་ཞིང ། ། སྡིག་པའི་ཆོས་རྣམས་ཁོར་མོར་རྣམ་པར་སྤོང ། །རྟག་ཏུ་ཉོན་མོངས་ཕྱོགས་རྣམས་རྒྱུ་བ་མེད། །ཏིང་འཛིན་དེ་ནི་རྒྱལ་བས་བཤད་མཛད་དམ། །བསླབ་པ་ཀུན་ལ་རྟོགས་པར་ཁོང་དུ་ཆུད། །མཁས་པ་ཏིང་འཛིན་གནས་པ་རྟོགས་པར་རིག་།སེམས་ཅན་དག་གི་བསམ་པ་ཤེས་པས་སྐུལ། །སངས་རྒྱས་བྱང་ཆུབ་མཆོག་ཏུ་ཆོས་ཀྱང་སྟོན། །ཁྱད་པར་ཤེས་པ་སྐྱེ་བ་ཤེས་པ་དང ། །མཐའ་ཡས་ཤེས་པ་ཤིན་ཏུ་རྫོགས་པར་ཤེས། །འགྲོ་བ་ཀུན་དུ་མཚམས་སྦྱོར་ཤེས་པ་ཡི། །ཏིང་འཛིན་དེ་ནི་རྒྱལ་བས་བཤད་མཛད་དམ། །ཁྱིམ་གྱི་
96b
གནས་སྤངས་རབ་ཏུ་འབྱུང་བའི་སེམས། །ཁམས་གསུམ་ལ་ཡང་མི་དགའ་མི་འཛིན་ཅིང ། །སེམས་རྣམས་རབ་ཏུ་འཛིན་ཅིང་དག་འབྱེད་པ། །ཆོས་རྣམས་རྐང་གཉིས་གཙོ་བོ་སྟོན་པ་མཛད། ། སྐྱོབ་པ་ཆོས་རྣམས་ལ་ཡང་མ་ཆགས་ཤིང ། །རྟག་ཏུ་ཆོས་ཀྱི་མཆོག་ཀྱང་ཡོངས་སུ་འཛིན། །ལས་ཀྱི་རྣམ་པར་སྨིན་ལ་བརྟན་མོས་པ། །ཆོས་རྣམས་རྐང་གཉིས་གཙོ་བོ་སྟོན་པ་མཛད། ། འདུལ་བ་ལ་ཡང་མཁས་ཤིང་རྣམ་སྨིན་ཤེས། །དེ་བཞིན་འཐབ་ཅིང་རྩོད་པ་ཉེ་བར་ཞི། །འཐབ་པ་མེད་ཅིང་རྩོད་པ་མེད་པའི་ས། །ཆོས་རྣམས་རྐང་གཉིས་གཙོ་བོ་སྟོན་པ་མཛད། །བཟོད་པ་ཡང་དག་འཛིན་ཅིང་ཁྲོ་མེད་གནས། །ཆོས་ལ་རྣམ་པར་ངེས་ཤིང་རྟག་ཏུ་མཁས། །ཚིག་རྣམས་རབ་ཏུ་འབྱེད་ལ་ཡེ་ཤེས་མཐོང ། །ཐུགས་རྗེ་བསྐྱེད་ནས་ཆོས་རྣམས་སྟོན་པ་མཛད། །སྔོན་གྱི་མཐའ་ཤེས་ཕྱི་མའི་མཐའ་ཤེས་ཏེ། །བདེ་གཤེགས་བསྟན་ལས་དུས་གསུམ་མཉམ་པ་ཉིད། །འཁོར་གསུམ་དག་ནི་ཡོངས་སུ་ཆད་པར་གསུངས། །རྒྱལ་བ་ཆོས་ཀྱི་བདག་པོ་དེ་སྐད་སྟོན། །སེམས་ཀྱང་རབ་ཏུ་གནས་ཤིང་རྩེ་གཅིག་དང ། །ལུས་ཀྱང་རྣམ་པར་གནས་དང་འཕགས་པའི་ས། །སྤྱོད་ལམ་དག་ཀྱང་རྟག་ཏུ་བསྲུང་བ་ཡི། །ཆོས་ནི་སྐྱེས་བུ་བྱུ་མཆོག་ཐུབ་པ་སྟོན། །ཁྲེལ་ཡོད་ངོ་ཚ་ཤེས་ཤིང་མཛེས་པ་དང ། །འཇིག་རྟེན་ཤེས་པ་རིགས་པའི་ཚིགས་རྣམས་གསུང ། །ཆོས་རྣམས་འབྱུང་བ་སྲོག་ཆགས་རང་བཞིན་
97a
༄#། །དང། །བྱང་ཆུབ་དམ་པ་མཆོག་གི་ཆོས་ཀྱང་སྟོན། །རྗེས་སུ་ཕན་གདགས་པ་དང་ཁྲེལ་ཡོད་དང ། །མི་དགེ་བ་ཡི་སེམས་ལ་སྨོད་པ་དང ། །སྦྱངས་པ་རྗེས་སུ་མི་གཏོང་བསོད་སྙོམས་སྤྱོད། །ཆོས་རྣམས་རྐང་གཉིས་གཙོ་བོ་སྟོན་པ་མཛད། །ཁྲེལ་ཡོད་པོ་ཆེ་ཤེས་པ་རྟག་ཏུ་སྤྱོད། །བླ་མ་ལ་ཡང་གུས་སྨྲ་ལྡང་བ་དང ། །ཐོག་མ་ཉིད་ནས་ང་རྒྱལ་ཚར་བཅད་པར། །ཆོས་རྣམས་རྒྱལ་བ་ཆོས་རྗེ་དེ་ལྟར་སྟོན། །སེམས་ནི་ལྡང་བ་ནས་ཀྱང་སེམས་དགེ་སྟེ། །ཡེ་ཤེས་ཁོང་དུ་ཆུད་ཅིང་རྟོགས་པར་བྱེད། །མི་ཤེས་ཕྱོགས་རྣམས་རྟག་ཏུ་རྣམ་པར་སྤོང ། །བྱང་ཆུབ་མཆོག་གི་ཆོས་རྣམས་སྟོན་པ་མཛད། །སེམས་ལ་འཇུག་པ་དང་ནི་སྒྲ་ཤེས་པ། །ངེས་པའི་ཚིག་ལ་འཇུག་ཅིང་དོན་རྟོགས་དང ། །གནོད་པ་ཐམས་ཅད་རྟག་ཏུ་རྣམ་སྤང་བར། །རྒྱལ་བ་ཆོས་ཀྱི་བདག་པོ་དེ་ལྟར་སྟོན། །སྐྱེས་བུ་དམ་པ་རྟག་ཏུ་ཡང་དག་བསྟེན། །སྐྱེས་བུ་ངན་པ་དག་ནི་རྣམ་པར་སྤང ། །རྒྱལ་བ་ལ་ཡང་རྟག་ཏུ་དད་ཅིང་དགའ། །ཆོས་མཆོག་རྒྱལ་པ་དེ་ལྟར་སྟོན་པ་མཛད། །བཏགས་པ་དང་ནི་བརྡ་དང་ཐ་སྙད་དང ། །འཁོར་བའི་སྡུག་བསྔལ་རྣམས་ནི་རྟག་པར་སྤང ། །རྙེད་དང་མ་རྙེད་པ་ལ་ཞུམ་པ་མེད། །ཆོས་ཀྱི་དམ་པ་རྒྱལ་བས་དེ་ལྟར་བསྟན། །བཀུར་སྟི་རྙེད་ཀྱང་མཚར་དུ་མི་བཟུང་ཞིང ། །བཀུར་སྟི་མ་བྱས་ན་ཡང་བཏང་སྙོམས་བཞག་།ཡང་དག་བསྔགས་པས་
97b
ནམ་ཡང་རློམ་སེམས་མེད། །འཇིག་རྟེན་ཕན་པའི་བསྟན་པ་འདི་འདྲའོ། །གཤེ་ཞིང་སྨོད་པ་ཐམས་ཅད་བཟོད་པར་བྱ། །ཁྱིམ་པ་ཀུན་དང་ལྷན་ཅིག་མི་བསྟེན་ཅིང ། །རབ་ཏུ་བྱུང་བ་དང་ཡང་འགྲོགས་མི་བྱ། །རྒྱལ་བ་ཆོས་ཀྱི་བདག་པོ་དེ་སྐད་སྟོན། །སྤྱོད་ཡུལ་མ་ཡིན་ཐམས་ཅད་རྣམ་སྤངས་ནས། །སངས་རྒྱས་སྤྱོད་ཡུལ་ལ་ནི་རབ་ཏུ་གནས། །སྤྱོད་པ་ཕུན་སུམ་ཚོགས་ཤིང་དུལ་བའི་སེམས། །ཆོས་ཀྱི་ཚུལ་འདི་བདེ་བར་གཤེགས་པས་བཤད། །བྱིས་པའི་ཆོས་རྣམས་རྟག་ཏུ་རྣམ་པར་སྤང ། །རིགས་སུན་པ་ཡང་ཐམས་ཅད་སྤང་བར་བྱ། །སངས་རྒྱས་བསྟན་པ་རྟག་པར་ཡོངས་སུ་བསྲུང ། །ཆོས་ཀྱི་བདག་པོ་རྒྱལ་བ་དེ་སྐད་སྟོན། །སྨྲ་བ་ཉུང་ཞིང་རབ་ཏུ་འབྲེལ་ལ་སྙན། །གཞན་དག་ལ་ཡང་ཚིག་འཇམ་དགེ་བར་སྨྲ། །ཕས་ཀྱི་རྒོལ་བ་ཆོས་དང་ལྡན་པས་འདུལ། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །དུས་སུ་འགྲོ་སྟེ་དུས་ལ་མ་བབ་མིན། །སོ་སོའི་སྐྱེ་བོ་ཀུན་ལ་ཡིད་མི་བརྟན། །སྡུག་བསྔལ་རེག་ཀྱང་ཡི་མུག་མེད་པར་བྱ། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །དབུལ་པོ་མཐོང་ན་ནོར་དང་ལྡན་པར་བྱ། །ཚུལ་ཁྲིམས་འཆལ་པ་མཐོང་ན་བརྩེ་བ་བསྐྱེད། །ཕན་པའི་དངོས་ལ་རྟག་ཏུ་གདམས་པར་བྱ། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །ཆོས་ཀྱི་སེམས་ཅན་རྣམས་ལ་ཕན་གདགས་ཤིང ། །འཇིག་རྟེན་ཟང་ཟིང་རྟག་ཏུ་གཏང་བར་བྱ། །བསགས་པར་མི་བྱ་སྲུང་བར་མི་
98a
༄#། །བྱ་སྟེ། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །ཚུལ་ཁྲིམས་བསྔགས་ཤིང་ཚུལ་ཁྲིམས་འཆལ་པ་སྨད། །གཡོ་སྒྱུ་མེད་ཅིང་ཚུལ་ཁྲིམས་ལྡན་ལ་བསྟེན།། ནོར་ལ་མི་གནས་བདོག་པ་ཐམས་ཅད་གཏོང ། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །ལྷག་པའི་བསམ་པས་བླ་མ་གཉེར་བ་དང ། །ཇི་སྐད་སྨྲས་པ་དེ་བཞིན་ཐམས་ཅད་བྱ། ། ཆོས་སྨྲ་བ་ཡང་མི་ཆད་བསྟེན་པར་བྱ། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །རི་མོར་བཅས་ཤིང་རྟག་ཏུ་ཡིད་དགར་བྱ། །ཞི་བའི་ལྟ་བས་ཁོར་མོར་གནས་པར་བྱ། །སྔོན་སྤྱོད་རྣམས་ལ་རྟག་པར་ཤིན་ཏུ་ངེས། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །དགེ་བའི་སྤྱོད་པར་རྟག་ཏུ་སྔོན་དུ་འགྲོ་།འདུ་ཤེས་བཟློག་དང་དངོས་པོའི་མཚན་ཉིད་དང ། ། མཚན་མ་སྤང་བ་ལ་ཡང་ཐབས་མཁས་པ། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །མདོ་སྡེ་སྒྲུབ་པའི་ཚིག་ལ་མཁས་པ་དང ། །བདེན་པ་བསྟན་པའི་ཚིག་ལ་གདོན་མི་ཟ། ། རྣམ་པར་གྲོལ་བའི་ཡེ་ཤེས་མངོན་དུ་བྱེད། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །མགོ་གཅིག་ཏུ་ནི་ཚིག་རྣམས་བརྗོད་པར་བྱ། །ཇི་ལྟ་བཞིན་དུ་མཐོང་ཞེས་རྟོགས་པར་མཁས། །རྟག་ཏུ་ཚིག་ལ་ཐེ་ཚོམ་མེད་པར་བྱ། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །སྟོང་པ་ཉིད་ཀྱི་ཆོས་ཀྱང་རྟག་ཏུ་བསྟེན། །འཇིགས་པ་མེད་ཅིང་ཚུལ་ཁྲིམས་སྟོབས་
98b
ལ་གནས། །ཏིང་འཛིན་གནས་ཀྱིས་མཉམ་པར་འཇུག་པར་བྱ། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །ཤེས་ཀྱི་ཁེ་འདོད་ཕྱིར་ནི་ཡོང་མི་བསྟན། །སེམས་ཀྱང་གྱ་གྱུ་ཅན་དུ་མི་བྱ་སྟེ། །ལྟ་བར་བྱས་པ་ཐམས་ཅད་རྣམ་པར་སྤང ། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །སྤོབས་པ་མཆོག་དང་གཟུགས་ཀྱང་དམ་པ་སྟེ། །ཡེ་ཤེས་སྣང་བ་ཕ་རོལ་མཐའ་མ་མེད། །གསང་སྔགས་བྱིན་རླབས་རིགས་པར་སྤོབས་པ་ནི། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །ལམ་འདི་སྒོམ་བདག་ནི་ཚུལ་གྱི་སྒོ། །བསྟན་པ་འདི་ལ་སྤྱད་ནས་ནན་ཏན་དང ། །ཚུལ་དང་གདམས་པ་རྗེས་སུ་བསྟན་པ་བཟང ། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །རྗེས་སུ་མཐུན་པའི་བཟོད་པ་སངས་རྒྱས་བསྔགས། །བཟོད་ལ་གནས་པས་ཉེས་པ་རྣམ་པར་སྤང ། །ཡེ་ཤེས་ལ་ཡང་གནས་ནས་མི་ཤེས་སྤང ། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །ཡེ་ཤེས་རྟེན་ཡིན་དེ་བཞིན་རྣལ་འབྱོར་ས། །བྱང་ཆུབ་ཞུགས་པའི་རྣལ་འབྱོར་དབང་ཕྱུག་སྟེ། །སྐྱེས་བུ་དམ་པ་རྟག་པར་བསྟེན་པ་ནི། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །མི་རིགས་བརྩོན་པ་འཁོར་མོར་རྣམ་པར་སྤང ། །སངས་རྒྱས་ས་ནི་དེ་བཞིན་གཤེགས་པས་བཤད། །མཁས་པ་ཀུན་གྱིས་རྗེས་སུ་ཡི་རང་བ། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །བྱིས་པ་མི་ཤེས་པས་ནི་སྤངས་པ་སྟེ། །འདི་ནི་ཉན་ཐོས་མང་པོའི་ས་མ་
99a
༄#། །ཡིན། །བྱང་ཆུབ་སེམས་དཔའ་དག་གིས་རྟག་ཏུ་བཟུང ། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །འདི་ནི་དེ་བཞིན་གཤེགས་པ་རྗེས་སུ་འབྲང ། །ལྷ་རྣམས་ཀྱིས་ཀྱང་མཆོད་ཅིང་རི་མོར་བྱས། །ཚངས་པ་བྱེ་བ་ཕྲག་སྟོང་ཡི་རང་བ། །ཏིང་འཛིན་དེ་ནི་རྒྱལ་བ་སྟོན་མཛད་དམ། །ནམ་མཁའ་ལྡིང་དང་གནོད་སྦྱིན་མིའམ་ཅི། །ཀླུ་ཡང་སྟོང་གིས་རྟག་ཏུ་ཕྱག་བྱས་པ། །བྱང་ཆུབ་དམ་པ་རྒྱལ་བས་གསུངས་པ་ཡི། །ཏིང་འཛིན་དེ་ནི་རྒྱལ་བས་བཤད་མཛད་དམ། །ཤིན་ཏུ་མཁས་པས་རྟག་ཏུ་ཡོངས་ཐོབ་སྟེ། །ནོར་མཆོག་དམ་པ་ཡང་ནི་ལེགས་པར་རྙེད། །ཟང་ཟིང་མེད་པའི་ཡེ་ཤེས་གསོ་བ་མཆོག་།ཏིང་འཛིན་དེ་ནི་རྒྱལ་བ་བཤད་མཛད་དམ། །ཡེ་ཤེས་མཛོད་ཡིན་སྤོབས་པ་མི་ཟད་པ། །འདི་ནི་མདོ་སྡེ་བྱེ་བར་འཇུག་པ་སྟེ། །ཁམས་གསུམ་ཡོངས་ཤེས་ཡང་དག་ཤེས་པ་ཡི། །ཏིང་འཛིན་དེ་ནི་རྒྱལ་བ་བཤད་མཛད་དམ། །གང་ལ་ཏིང་འཛིན་ཞི་བ་འདི་བཤད་པ། །འདི་ནི་ཕ་རོལ་འགྲོ་བའི་གཟིངས་སུ་བསྟན། །འདི་ནི་ཆུ་བོ་རྒལ་བའི་གྲུ་ཡིན་ཏེ། འདི་ནི་སྙན་གྲགས་བསྔགས་ཕྲེང་འཕེལ་བར་བྱེད། །གང་གིས་ཏིང་འཛིན་ཞི་བ་འདི་བཤད་པ། །དེ་བཞིན་གཤེགས་པ་རྣམས་ལ་བསྟོད་པ་ཡིན། །སྐྱེས་བུ་ཁྱུ་མཆོག་ལ་ཡང་བསྔགས་པ་སྟེ། །བྱང་ཆུབ་སེམས་དཔའི་མི་ཟད་ཡོན་ཏན་ཚུལ། །གང་དག་ལ་ནི་ཏིང་འཛིན་འདི་བཤད་པ། །འདི་
99b
ནི་ཞེ་སྡང་ཞེ་བར་བྱམས་པ་བསྟན། །འདི་ནི་སྙིང་རྗེ་ཅན་གྱི་བཏང་སྙོམས་ས། །འདི་ནི་གྲགས་པ་ཆེན་པོའི་དབུགས་འབྱིན་པ། །སེང་གེའི་སྒྲ་སྒྲོགས་རྣམས་ཀྱི་ནན་ཏན་ཏེ། །འདི་ལས་སངས་རྒྱས། ཡེ་ཤེས་མཆོག་ཀྱང་འབྱུང ། །ཆོས་རྣམས་ཀུན་གྱི་རང་བཞིན་ཕྱག་རྒྱ་སྟེ། །ཏིང་འཛིན་འདི་ནི་འདྲེན་བདག་གིས་བཤད། །ཏིང་འཛིན་ཞི་བ་རྒྱལ་བས་བཤད་པ་འདི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད། །འདི་ནི་བྱང་ཆུབ་རབ་ཞུགས་སྤྱོད་པ་སྟེ། །བདུད་ཀྱི་སྡེ་རྣམས་ཤིན་ཏུ་སྐྲག་པར་བྱེད། །རྒྱལ་བས་ཏིང་འཛིན་ཞི་བ་འདི་བཤད་པ། །སྐྱོབ་པ་ཆོས་ལ་གནས་པའི་རིག་སྔགས་འདི། །དགྲ་ཡི་ནང་དུ་སྲུང་བ་དམ་པ་སྟེ། །ཕས་ཀྱི་རྒོལ་བ་ཆོས་ཀྱིས་ཚར་གཅོད་པ། །ཏིང་འཛིན་ཞི་བ་འདི་ལ་བརྟེན་བྱས་ན། །འདི་ནི་སྤོབས་པའི་སར་ཡང་རབ་ཏུ་བསྟན། །སྟོབས་དང་རྣམ་ཐར་དེ་བཞིན་དབང་པོ་དང ། །སངས་རྒྱས་ཆོས་རྣམས་བཅོ་བརྒྱད་བྱེ་བྲག་འཕགས། །སྟོབས་བཅུ་རྣམས་ཀྱང་ཡོངས་སུ་འཚོལ་བ་སྟེ། །སངས་རྒྱས་ཡེ་ཤེས་ཀྱི་ཡང་སྔ་ལྟས་སོ། །སྐྱེས་མཆོག་འཇིག་རྟེན་ཕན་ཞིང་ཐུགས་བརྩེ་བས། །སངས་རྒྱས་ཆོས་རྣམས་རབ་ཏུ་བསྟན་པའང་ཡིན། །སངས་རྒྱས་དག་གི་སྲས་ཀྱིས་འདི་བཟུང་སྟེ། ། འདི་ནི་རྣམ་ཐར་འདོད་པའི་ལམ་དུ་བསྟན། ཏིང་འཛིན་ཞི་བ་མཐོང་དཀའ་འདི་ཐོས་ནས། །དེ་ལ་བདེ་གཤེགས་སྲས་པོ་དགའ་བར་འགྱུར། །སངས་རྒྱས་ཡེ་ཤེས་ཡོངས་སུ་རྫོགས་
100a
༄#། །པ་དང ། །བྱང་ཆུབ་སེམས་དཔའ་མཁས་པ་འཚོལ་བ་འདི། །རྣམ་དག་སེམས་གཙང་ཉོན་མོངས་མེད་པ་ཡིས། །ཏིང་འཛིན་ཞི་བ་འདི་ལ་བརྟེན་པར་གྱིས། ། རྒྱལ་བ་བཞིན་དུ་དེ་ཡི་ལུས་དག་སྟེ། །རྣ་པར་ཐར་དང་ཡེ་ཤེས་རྣམ་གྲོལ་མཐོང ། །འདོད་ཆགས་འཆིང་བས་རྟག་ཏུ་ཉོན་མི་མོངས། །ཏིང་འཛིན་བཟང་པོ་འདི་ལ་བརྟེན་པར་གྱིས། ཞེ་སྡང་ས་མིན་གཏི་མུར་བྲལ་བ་སྟེ། །བདེ་བ་འདོད་པའི་ཡེ་ཤེས་འབྱུང་བ་ཡིན། །རིག་བ་སྐྱེ་ཞིང་མ་རིག་འཇིག་པ་སྟེ། །ཏིང་འཛིན་ཞི་བ་འདི་ལ་བརྟེན་པར་གྱིས། །རྣམ་གྲོལ་སྙིང་པོར་བྱེད་པ་ངོམས་པར་བཤད། །བསམ་གཏན་པ་ལ་ཏིང་འཛིན་ཞི་འདི་བསྟན། །སངས་རྒྱས་མ་སྨད་པ་ཡི་སྤྱན་ཡིན་ཏེ། །ཏིང་འཛིན་ཞི་བ་འདི་ལ་བརྟེན་པར་གྱིས། །འདི་ནི་ཞིང་མང་སྟོན་པའི་མངོན་པར་ཤེས། །སངས་རྒྱས་མཐའ་ཡས་སྟོན་པའི་རྫུ་འཕྲུལ་ཏེ། །ཏིང་འཛིན་འདི་ཉིད་སྒོམ་པར་བྱེད་པ་ལ། །གཟུངས་དེ་རྣམས་ཀྱང་རྙེད་པར་དཀའ་མི་འགྱུར། །བྱང་ཆུབ་ཕྱིར་ནི་དབང་པོ་ཞི་བའི་གནས། །འདི་ནི་བྱིན་རླབས་མཐའ་ཡས་སྟོན་པ་སྟེ། །ཏིང་འཛིན་འདི་ནི་བསྙེན་པར་བྱེད་པ་ཡི། །ཡེ་ཤེས་ཕྲ་ཞིང་ཡངས་པ་རྣམ་པར་དག།་གང་གིས་ཏིང་འཛིན་ཞི་བ་འདི་མ་ཐོས། །མི་རིག་བརྩོན་པས་འདི་ནི་རྟོགས་མི་འགྱུར། །ཡི་གེ་ཐམས་ཅད་རྣམ་པར་བཟློག་པ་སྟེ། །དབྱངས་ཀྱིས་རྣམ་པར་གོ་བར་ནུས་མ་ཡིན། །
100b
བྱང་ཆུབ་སེམས་དཔའ་རིག་པས་འདི་ཤེས་ཏེ། །ཆོས་ཀྱི་བདག་པོས་ཇི་ལྟར་གང་བཤད་པ། །ཏིང་འཛིན་འདི་ལ་བརྟེན་པར་བྱེད་པ་ཡི། །ཞི་བ་དག་དང་སྨད་པ་མེད་པས་རྟོགས། །བརྩོན་འགྲུས་བརྩམས་པས་རབ་ཏུ་འདི་བཟུང་སྟེ། །བསྙེན་བཀུར་བྱས་ཤིང་རྟག་ཏུ་ལེགས་པར་བཅངས། །ཏིང་འཛིན་འདི་ལ་བསྙེན་པར་བྱེད་པ་ནི། །སྡུག་བསྔལ་ཟད་ཅིང་སྐྱེ་བ་འགོག་པ་ཤེས། །ཆོས་རྣམས་ཀུན་གྱི་སྐྱེ་བ་མེད་པ་བསྟན། །དེ་ལྟར་སྲིད་པའི་འགྲོ་བ་ཐམས་ཅད་ན། །སངས་རྒྱས་གྲགས་ཆེན་དག་གིས་ཡེ་ཤེས་མཆོག་།ཏིང་འཛིན་དེ་ནི་རྒྱལ་པས་བཤད་མཛད་དམ། །གཞོན་ནུ་དེ་ཡིས་ཚིགས་བཅད་འདི་ཐོས་ནས། །ཁྲག་ཁྲིག་སྟོང་ཕྲག་བརྒྱད་ཅུ་རྩ་བརྒྱད་རྣམས། །དབྱངས་ཀྱི་རྗེས་འགྲོ་བཟོད་པ་དེར་ཐོབ་སྟེ། །སངས་རྒྱས་ཡེ་ཤེས་ལས་ནི་མི་ལྡོག་གནས། །བརྟན་པའི་སྟོབས་ཀྱིས་གཞོན་ནུ་དེ་ལ་སྨྲས། །ད་དུང་འཇིག་རྟེན་མགོན་པོ་དེ་བཞུགས་སོ། །ཁྱེའུ་ཁྱོད་ལ་དོན་འདི་དྲི་བར་བྱ། །ཏིང་འཛིན་འདི་ནི་ཁྱོད་ཀྱིས་སུ་ལས་ཐོས། །གཞོན་ནུས་སྨྲས་པ་རྒྱལ་པོ་གསན་དུ་གསོལ། །བདག་གིས་བསྐལ་པ་གཅིག་ལ་སངས་རྒྱས་ནི། །བྱེ་བ་ཁྲག་ཁྲིག་མཐོངས་ཏེ་རི་མོར་བགྱིས། །ཏིང་འཛིན་ཞི་བ་འདི་ཡང་བདག་གིས་དྲིས། །གཞན་ཡང་བསྐལ་པ་དགུ་བཅུ་རྩ་དགུ་དང ། །བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་སྟོང་དུ། །དེ་དང་དེར་བདག་སྐྱེ་བ་དྲན་པར་གྱུར། །ནམ་ཡང་མངལ་དུ་སྐྱེས་པར་མ་གྱུར་ཏོ། །དེ་ནས་བདག་གིས་ཏིང་འཛིན་འདི་
101a
༄#། །བསྒོམས་ཏེ། །རྒྱལ་བ་དེ་དག་འཆད་པ་དག་པར་ཐོས། །ཐོས་ནས་བཤད་པ་ལ་ཡང་མོས་བསྐྱེད་དེ། །ནེ་མ་ནུར་མེད་པས་བྱང་ཆུབ་རེག་པར་བགྱི། །དགེ་སློང་སུ་དག་བདག་ལ་ཀུན་འདྲི་ཞིང ། །ཏིང་འཛིན་འདི་ལ་ཡོངས་སུ་ཆུད་བགྱིད་པ། །དེ་ལ་བདག་ནི་གུས་པར་རི་མོར་བགྱིད། །འཇིག་རྟེན་དོན་མཛད་དག་ལ་བགྱིས་བཞིན། །སུ་ལས་བདག་གིས་ཚིགས་བཅད་གཅིག་ཙམ་ཡང ། །ལུང་མནོས་རྗེས་མཐུན་སྤྱད་པ་སྤྱོད་པའི་ཚེ། །དེ་དག་ལ་ཡང་བདག་ནི་སྟོན་པ་སྙམ། །སངས་རྒྱས་བཞིན་དུ་གུས་པས་རི་མོ་བགྱིད།། ཏིང་འཛིན་ཡོངས་སུ་ཆུབ་པར་བགྱིད་པ་འདི། །སུ་དག་ལ་ལ་བདག་ལ་འདྲི་བ་ཡང ། འཇིག་རྟེན་འདྲེན་པ་རྒྱལ་བར་མི་འགྱུར་བར། །རྨི་ལམ་ན་ཡང་བདག་ལ་ཐེ་ཚོམ་མེད། ། དགེ་སློང་རྒན་རབས་བར་མ་གཞོན་ནུ་ལ། །བདག་ནི་རི་མོ་གུས་དང་ལྡན་བར་བགྱིད། །རི་མོར་ལྡན་པས་བདག་གི་སྙན་པ་དང ། །དེ་བཞིན་བསོད་ནམས་གྲགས་པ་ཡོན་ཏན་འཕེལ། །འཐབ་ཅིང་རྩོད་པ་དག་ལ་བརྩོན་མི་བགྱིད། །དེ་ཚེ་བདག་ནི་བརྩོན་པ་ཆུང་བར་འགྱུར། །སྡིག་པ་བགྱིས་པས་འགྲོ་བ་གཞན་དུ་འགྱུར། །དགེ་བ་བགྱིས་པས་འགྲོ་བ་གཞན་དུ་འགྱུར། །མི་རིགས་བརྩོན་པར་སྦྱོར་ཞིང་མ་བསྔགས་པ། །དེ་དག་གི་ནི་མི་སྙན་ཚིག་ཐོས་ནས། །དེ་ཚེ་བདག་གིར་བགྱི་བ་ལས་སུ་འཛིན། །ལས་རྣམས་བགྱིས་པ་རྣམ་
101b
པར་ཆུད་མི་ཟ། །དེ་ལ་ཁྲོ་བའི་དབང་དུ་མི་འགྱུར་ཏེ། །སངས་རྒྱས་བསྔགས་པའི་བཟོད་པའི་སྟོབས་འཛིན་ཏེ། །འདྲེན་པ་དག་གིས་རྟག་ཏུ་བཟོད་པ་བསྔགས། །བཟོད་པ་བསྒོམས་པ་བྱང་ཆུབ་རྙེད་མི་དཀའ། །བདག་ཀྱང་རྟག་ཏུ་ཚུལ་ཁྲིམས་ལྡན་པར་འགྱུར། །ཚུལ་ཁྲིམས་ལ་ཡང་གཞན་དག་རབ་ཏུ་འགོད། །ཚུལ་ཁྲིམས་བསྔགས་པ་རྟག་ཏུ་བདག་བརྗོད་དེ། །དེ་ན་བདག་གི་ཚིག་ཀྱང་བཙུན་པར་གྱུར། །དགོན་པའི་བསྔགས་པ་དག་ཀྱང་རྟག་ཏུ་བརྗོད། །ཚུལ་ཁྲིམས་ལ་ནི་རྟོག་བར་རབ་གནས་ཏེ། །རྟག་ཏུ་གསོ་སྦྱོང་དག་ཀྱང་འཛིན་དུ་སྩལ། །དེ་དག་བྱང་ཆུབ་ལ་ཡང་ཡང་དག་བཙུད། །དེ་དག་ཚངས་པའི་སྤྱོད་པ་ཡང་དག་བསྟབས། །ཆོས་དང་དོན་རྣམས་ལ་ཡང་རབ་ཏུ་གནས། །གང་ལ་མཐའ་དང་བྖགྶ་པ་འདི་མེད་པ། །བྱང་ཆུབ་ལམ་ལ་དེ་དག་སད་པར་བགྱིས། །བདག་དྲན་བསྐལ་པ་འདས་པའི་དུས་ཤིག་ན། །རྒྱལ་བ་སྒྲ་ཡི་ཡན་ལག་དབྱངས་བྱུང་སྟེ། །དེ་ཡི་སྤྱན་སྔར་བདག་གིས་དམ་བཅས་པ། བདག་ནི་རྟག་ཏུ་བཟོད་པའི་སྟོབས་ལྡན་བགྱི། །ཡི་དམ་བཅས་པ་དེ་ལ་གནས་ནས་ནི། །ལོ་གྲངས་བྱེ་བ་བརྒྱད་ཅུ་ཕྲག་བཞིར་ཡང ། །བདག་ལ་བདུད་ཀྱིས་ཤིན་ཏུ་སྨད་ཅིང་སྤྱོས། །འོན་ཀྱང་བདག་གི་སེམས་ནི་ཡོང་མ་འཁྲུགས། །དེར་ནི་བདུད་ཀྱིས་བགམ་ཞིང་སད་ན་ཡང ། །བདག་གི་བྱམས་བཟོད་བརྟན་པར་འཚལ་ནས་ནི། །སེམས་དང་
102a
༄#། །བདག་གི་རྐང་ལ་ཕྱག་འཚལ་ཏེ། །ལྔ་བརྒྱ་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས། །བདག་ནི་རྟག་ཏུ་སེར་སྣ་མེད་པར་གྱུར། །གཏོང་བའི་བསྔགས་པ་དག་ཀྱང་ཁོར་མོར་འཆད། །ཕྱུག་ཅིང་ནོར་ལྡན་བདག་ཉིད་ཆེན་བོར་གྱུར། །མུ་གེའི་ཚེ་ཡང་བདག་ཉིད་སྦྱིན་བདག་གྱུར། །དགེ་སློང་སུ་དག་ཏིང་འཛིན་འདི་འཛིན་ཅིང ། །སུ་དག་ཀློག་ཅིང་སུ་དག་ལུང་ནོད་པ། །དེ་དག་ལ་ནི་བདག་ཀྱང་བསྙེན་བཀུར་བགྱིད། །དེ་དག་ཐམས་ཅད་མི་ཡི་མཆོག་ཏུ་འགྱུར། །བདག་ནི་བླ་ན་མེད་པའི་ལས་དེ་ཡིས། །སངས་རྒྱས་འཇིག་རྟེན་མགོན་པོ་མང་པོ་མཐོང ། །རྒྱལ་བའི་བསྟན་པ་ལ་ཡང་རབ་བྱུང་སྟེ། །རྟག་ཏུ་ཆོས་སྨྲ་བ་ནི་མཁས་པར་གྱུར། །སྦྱངས་པ་ལ་ཡང་རྟག་ཏུ་བདག་བརྩོན་ཏེ། །བས་མཐའ་དགོན་པ་ལ་ཡང་འཁོར་མོར་གནས། །ཁ་ཟས་ཕྱིར་ནི་ཚུལ་འཆོས་མི་བགྱིད་དེ། །ངན་ངོན་ཙམ་དག་གིས་ཀྱང་ཆོག་ཤེས་གྱུར། །བདག་ནི་རྟག་ཏུ་ཕྲག་དོག་མ་མཆིས་ཏེ། །བདག་ནི་ཁྱིམ་ལའང་ཆགས་པར་མི་འགྱུར་རོ། །ཁྱིམ་ལ་ཆགས་པ་དག་ནི་ཕྲག་དོག་སྐྱེ། །ཕྲག་དོག་མ་མཆིས་ནགས་དགོན་དཔའ་བར་བགྱིད། །བདག་ནི་རྟག་ཏུ་བྱམས་ལ་གནས་པར་གྱུར། །གཤེ་ཞིང་སྡིགས་ཀྱང་ཁྲོ་བ་མི་སྐྱེད་དེ། །བྱམས་པ་ལ་ཡང་གནས་པ་དེས་པས་ཡི། །སྙན་པའི་ཕྲེང་བ་ཕྱོགས་བཞིར་རབ་ཏུ་མཆེད། །རྟག་ཏུ་ཆོ་ག་ཤེས་འདོད་པ་ཉུང་བར་གྱུར། །དགོན་པར་གནས་
102b
ཤིང་སྦྱངས་པའི་ཡོན་ཏན་བརྩོན། །བསོད་སྙོམས་ལེན་བདག་ཀྱང་མི་གཏོང་སྟེ། །སྦྱངས་པ་ལ་ཡང་ཡི་དམ་བརྟན་པར་གྱུར། །རྟག་ཏུ་དང་བར་བཅས་ཤིང་དད་པར་གྱུར། །ཁོར་མོར་སངས་རྒྱས་བསྟན་ལ་དད་པ་མང ། །དད་པ་མང་པའི་ཕན་ཡོན་འདི་ལགས་ཏེ། །བྱད་བཞིན་བཟང་ཞིང་དབང་པོ་མཉམས་གྱུར། །གང་དག་འཆད་པ་དེ་ལ་བདག་གནས་ཏེ། །བདག་ནི་རྟག་ཏུ་ནན་ཏན་སྙིང་པོར་བགྱིད། །ནན་ཏན་སྙིང་པོར་བགྱིད་ལ་ལྷ་ཀླུ་ཡང ། །རབ་ཏུ་དད་པའི་སེམས་ཀྱིས་རི་མོར་བགྱིད། །ཡོན་ཏན་ཇི་སྙེད་བརྗོད་པ་འདི་དག་དང ། །གཞན་ཡང་རྣམ་པ་དུ་མ་མང་པོ་ཡོད། །སངས་རྒྱས་བྱང་ཆུབ་རྟོགས་པར་སུ་འདོད་པ། །མཁས་པ་འདི་དག་རྟག་ཏུ་བསླབ་པར་བགྱིད། །འདི་བས་ཆེས་མང་དཀའ་བ་སྤྱད་པ་ནི། །སྔོན་གྱི་བསྐལ་པ་དུ་མར་མང་སྤྱད་དྲན། །ད་ལྟར་དེ་དག་བརྗོད་པར་མི་ནུས་ཀྱི། །བདེ་བར་གཤེགས་པའི་དྲུང་དུ་ད་མཆིའོ། །བྱང་ཆུབ་སེམས་དཔའ་ཤེས་རབ་རྣོ་མཁས་དེས། །དེ་ཡི་མོད་ལ་མངོན་ཤེས་ལྔ་ཐོབ་ནས། །དེ་ཡང་སྲོག་ཆགས་བྱེ་བ་བརྒྱད་ཅུ་དང ། །རྫུ་འཕྲུལ་གྱིས་ནི་རྒྱལ་བའི་དྲུང་དུ་སོང ། །བརྟན་པའི་སྟོབས་ཀྱང་མཆོག་ཏུ་དགའ་རངས་ནས། །དེ་ཚེ་བྱེ་བ་བརྒྱ་ཕྲག་དྲུག་ཅུ་དང ། །དེ་བཞིན་གཤེགས་པའི་དྲུང་དུ་ཉེར་ལྷགས་ཏེ། །ཞབས་ལ་ཕྱག་བཙལ་ནས་ནི་སྤྱན་སྔར་འདུག་།རྒྱལ་པོ་དེ་ཡི་ལྷག་པའི་བསམ་མཁྱེན་ནས། །རྐང་གཉིས་
103a
༄#། །དབང་པོས་ཏིང་འཛིན་འདི་བཤད་དེ། །རྒྱལ་པོ་དེས་ཀྱང་ཏིང་འཛིན་འདི་ཐོས་ནས། །རྒྱལ་སྲིད་བཏང་སྟེ་མ་ཆགས་རབ་ཏུ་བྱུང ། །རབ་ཏུ་བྱུང་ནས་ཏིང་འཛིན་འདི་ལ་སྒོམ། །ཀློག་ཅིང་འཆད་དེ་རབ་ཏུ་སྟོན་པར་བྱེད། །བསྐལ་པ་དྲུག་ཅུ་འདས་པའི་འོག་ཏུ་དེ། །པདྨ་བླ་མ་ཞེས་བྱ་རྒྱལ་བར་གྱུར། །རྒྱལ་པོ་ལྷན་ཅིག་རྒྱལ་བའི་དྲུང་འོང་བ། ། བྱེ་བ་བརྒྱ་ཕྲག་དྲུག་ཅུ་མི་ཉུང་བ། །དེ་དག་ཀྱང་ནི་ཏིང་འཛིན་འདི་ཐོས་ནས། །དེ་ཚེ་དགའ་ཞིང་མགུ་བས་རབ་ཏུ་བྱུང ། །དེ་དག་རབ་ཏུ་བྱུང་ནས་ཏིང་འཛིན་འདི། །བཟུང་ཟིང་བཀླགས་ཏེ་རབ་ཏུ་སྟོན་པར་བྱེད། །བསྐལ་པ་ཁྲག་ཁྲིག་དྲུག་ཅུ་འདས་ནས་ནི། །བསྐལ་པ་གཅིག་ལ་བྱང་ཆུབ་མཆོག་རེག་སྟེ། །མཚན་ནི་ཡེ་ཤེས་བླ་མ་མཐའ་ཡས་པ། །ལྷ་མིས་མཆོད་པའི་སངས་རྒྱས་རྣམས་སུ་གྱུར། །དེ་ལ་རྐང་གཉིས་གཙོ་བོ་རེ་རེས་ཀྱང ། །སེམས་ཅན་གངྒཱའི་བྱེ་སྙེད་གྲོལ་བར་བྱས། །བྱང་ཆུབ་སྤྱོད་པ་མཆོག་འདི་སྤྱོད་པ་ན། །ང་ནི་རྒྱལ་པོ་དཔལ་གྱི་སྟོབས་སུ་གྱུར། །ང་ཡི་བུ་དག་ལྔ་བརྒྱ་ཡོད་པ་ཡང ། །རྗེས་སུ་ཆོས་རྣམས་སྐྱོང་བ་འདི་དག་ཡིན། །དེ་ཚེ་གང་སུ་ང་ཡི་མར་གྱུར་པ། །དེ་ནི་ལྷ་མོ་སྒྱུ་འཕྲུལ་ཉིད་ཡིན་ཏེ། །བྱེ་བ་སྟོང་ཕྲག་བཅུ་བཞིར་ཚང་བ་ཡིས། །ང་ཡི་བུ་མོ་དེ་ཀུན་མྱ་ངན་འདས། །སྟོབས་བརྟན་ཞེས་བྱ་རྒྱལ་པོ་གང་བྱུང་བ། །རབ་ཏུ་མཛོད་མང་འཁོར་ལོས་བསྒྱུར་
103b
བའི་མཆོག། དེ་ཚེ་རྒྱལ་པོ་ཟས་གཙང་དེ་ཡིན་ཏེ། དེ་དང་དེར་ཡང་ང་ཡི་ཡབ་ཏུ་གྱུར། །དེ་ལྟར་ངས་ནི་བསྐལ་པ་བྱེ་སྟོང་དུ། ལེ་ལོ་མེད་ཅིང་བརྩོན་འགྲུས་བརྩམས་པ་ཡིས། །བྱང་ཆུབ་མཆོག་འདི་ཡང་དག་སྒྲུབ་པ་ན། །ཏིང་འཛིན་ཡོངས་སུ་འཚོལ་བ་རྣམ་པར་དག་།གཞོན་ནུ་དེ་ཕྱིར་བྱང་ཆུབ་སེམས་དཔའ་གང ། །ཏིང་འཛིན་འདི་ལ་སྒོམ་པར་འདོད་པ་དག་།བརྩོན་འགྲུས་བརྩམས་ཤིང་སྲོག་ལ་མི་ལྟ་བར། །གཞོན་ནུ་རྟག་པར་ང་ཡི་རྗེས་སུ་སློབས། །སངས་རྒྱས་མང་པོའི་ཏིང་ངེ་འཛིན་གྱི་སྒོའི་ལེའུ་ཞེས་བྱ་བ་སྟེ། བཅུ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཏིང་ངེ་འཛིན་འདི་འཛིན་པ་དང།་ཀུན་ཆུབ་པར་བྱེད་པ་དང ། འཆང་བ་དང ། ཀློག་པ་དང ། རབ་ཏུ་འདོན་པ་དང ། ལུང་ནོད་པ་དང ། ཁ་ཏོན་བྱེད་པ་དང ། གཞན་ལ་ཡང་རྒྱ་ཅེར་རབ་ཏུ་སྟོན་པ་དེ་ལ་ཡོན་ཏན་གྱི་ཕན་ཡོན་བཞིར་རིག་པར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་ཟིལ་གྱིས་མི་ནོན་པར་འགྱུར། ཕས་ཀྱི་རྒོལ་བ་རྣམས་ཀྱིས་མི་རྫི་བར་འགྱུར། ཡེ་ཤེས་དཔག་ཏུ་མེད་པར་འགྱུར། སྤོབས་པ་མཐའ་ཡས་པར་འགྱུར་ཏེ། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་ཏིང་ངེ་འཛིན་འདི་འཛིན་པ་དང ། ཀུན་ཆུབ་པར་
104a
༄#། །བྱེད་པ་དང ། འཆང་བ་དང ། ཀློག་པ་དང ། རབ་ཏུ་འདོད་པ་དང ། ལུང་ནོད་པ་དང ། ཁ་ཏོན་བྱེད་པ་དང ། གཞན་ལའང་རྒྱ་ཆེར་རབ་ཏུ་སྟོན་པ་དེ་ལ་ཡོན་ཏན་གྱི་ཕན་ཡོན་འདི་བཞི་ཡོད་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སངས་རྒྱས་ཀུན་གྱི་སྤྱོད་ཡུལ་བ། །ཏིང་འཛིན་ཞི་བ་འདི་བཟུང་ན། །རྟག་པའི་དུས་སུ་བསོད་ནམས་ཀྱང ། །ཤིན་ཏུ་ཟིལ་གྱིས་མི་ནོན་འགྱུར། །བྱང་ཆུབ་སྤྱོད་པ་བྱེ་བྲག་འཕགས། །མཆོག་ཏུ་དག་པ་སྤྱོད་པ་ན། །དཔའ་བོ་རྟག་པའི་དུས་སུ་ཡང ། །བསོད་ནམས་དག་གིས་བསྲུངས་པར་འགྱུར། །དེ་ལ་ཕས་ཀྱི་རྒོལ་བ་དག་།སུ་ཡང་འཚེ་བར་ཡོངས་མི་བྱེད། །རྟག་པའི་དུས་སུ་སངས་རྒྱས་ཀྱིས། །ཡོངས་སུ་བཟུང་བར་འགྱུར་བ་ཡིན། །རྟག་པའི་དུས་སུ་ཡེ་ཤེས་ཀྱང ། །དཔག་ཏུ་མེད་པར་འགྱུར་བ་ཡིན། །ཞི་བའི་རྟེན་འདི་འཛིན་པ་ནི། །སྤོབས་པ་དག་ཀྱང་མཐའ་ཡས་འགྱུར། །ཏིང་འཛིན་ཞི་བ་མཆོག་འདི་རབ་བཟུང་ན། །རྟག་ཏུ་བསོད་ནམས་ཕུང་པོ་ཟིལ་མི་ནོ། །བྱང་ཆུབ་སྤྱད་པ་དམ་པ་སྤྱོད་པ་ན། ཕས་ཀྱི་རྒོལ་བ་མེད་ཅིང་མི་ཚུགས་འགྱུར། །དེ་ཡི་ཡེ་ཤེས་ཡངས་ཤིང་རྣོ་བར་འགྱུར། །དེ་བཞིན་སྤོབས་པ་དག་ཀྱང་མཐའ་ཡས་འགྱུར། །མིག་ཀྱང་དག་འགྱུར་རྟག་ཏུ་མཁས་པ་དེ། །དྲན་པའི་སྟོབས་དང་གཟུངས་ཀྱི་སྟོབས་ཀྱང་འབྱུང ། །དོན་
104b
གྱི་ཚིག་རྣམས་རབ་ཏུ་སྟོན་བྱེད་ན། །མཁས་པ་དག་གི་ཤིན་ཏུ་ཡིད་འོང་འགྱུར། །ཏིང་འཛིན་ཞི་མཆོག་འདི་ནི་རབ་བཤད་ན། །ཤེས་རབ་ལྡན་པ་སྐྱེ་བོ་མང་པོས་རིག་།ཏིང་འཛིན་ཞི་བ་མཆོག་འདི་རབ་བཟུང་ན། །ཆོས་གོས་དམ་པ་མཆོག་དང་མལ་ཆ་དང ། །མགྲོན་དུག་ཉེར་དང་བཟའ་ཞིང་བཅའ་བའང་རྙེད། །ཤིན་ཏུ་གཞོན་ཞིང་བལྟ་ན་སྡུག་པར་འགྱུར། །ཏིང་འཛིན་ཞི་བ་མཆོག་འདི་འཚོལ་བ་ན། །སངས་རྒྱས་འཇིག་རྟེན་མགོན་པོ་མང་པོ་མཐོང ། །འདྲེན་པ་དག་ལ་མཚུངས་མེད་མཆོད་པ་བྱེད། །དེ་ལ་བར་ཆད་དག་ཀྱང་འབྱུང་མི་འགྱུར། །ཏིང་འཛིན་ཞི་བ་མཆོག་འདི་རབ་བཟུང་ན། །སེམས་དགའ་ཚིགས་བཅད་སྙན་པ་བརྒྱ་དག་གིས། །འཇིག་རྟེན་མགོན་པོའི་སྤྱན་སྔར་བསྟོད་འགྱུར་ཏེ། །དེ་ནི་ཉམས་པར་ནམ་ཡང་ཡོང་མི་འགྱུར། །ཏིང་འཛིན་ཞི་བ་མཆོག་འདི་རབ་བཟུང་ན། །དེ་ཡི་མདུན་དུ་འཇིག་རྟེན་མགོན་པོ་ནི། །མཚན་དང་དཔེ་བྱད་མཛེས་པའི་སྐུ་བཞུགས་ཏེ། །དེ་ཡི་ཡེ་ཤེས་ཉམས་པར་ཡོང་མི་འགྱུར། །ཏིང་འཛིན་ཞི་བ་མཆོག་འདི་རབ་བཟུང་ན། །ནམ་ཡང་ཞུམ་པའི་སེམས་སུ་མི་འགྱུར་ཏེ། །རྟག་ཏུ་ཕྱུག་ཅིང་དབུལ་པོ་མ་ཡིན་འགྱུར། །སེམས་ཀྱང་འཛིན་ཅིང་ཆགས་པར་ཡོང་མི་འགྱུར། །ཏིང་འཛིན་ཞི་བ་མཆོག་འདི་རབ་བཟུང་ན། །མི་ཁོམ་པར་ཡང་གནས་པར་མི་འགྱུར་ཏེ། །ས་བདག་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར། །དེ་ཡི་རྒྱལ་སྲིད་རྟག་ཏུ་བདེ་བར་འོང །
105a
༄#། །བསྐལ་པ་བརྒྱར་ནི་བཤད་ཀྱང་མི་ཟད་དེ། །ཡེ་ཤེས་ཡངས་པ་དེ་ལ་ཐེ་ཚོམ་མེད། །ཏིང་འཛིན་ཞི་བའི་ས་འདི་ཐོས་ནས་ནི། །བརྟན་པ་ཇི་ལྟར་བརྟན་པ་དེ་བཞིན་གནས། །བསྐལ་པ་བྱེ་ལ་མཐའ་ཡས་དཔག་མེད་དུ། །སྟོབས་བཅུས་དེ་ཡི་ཕན་ཡོན་བརྗོད་ན་ཡང ། །ཆ་ཙམ་དུ་ནི་མོངས་སུ་བརྗོད་མི་འགྱུར། །རྒྱ་མཚོ་ལས་ནི་ཆུ་ཐིགས་བླངས་པ་བཞིན། །དེ་ཚེ་གཞོན་ནུ་དེ་ཡང་རབ་དགའ་པས། །ལངས་ནས་རབ་ཏུ་ཐལ་སྦྱར་ཕྱག་བཙལ་ཏེ། །མགུ་རངས་སྟོབས་བཅུ་ཡི་ནི་མངོན་སུམ་འདུག། ཚིག་རབ་མཆོག་གིས་ཆེད་དུ་རྗོད་པ་བརྗོད། །འཇིག་རྟེན་མགོན་པོ་འོད་མཛད་པ། །མི་གཙོས་འདི་དག་ཇི་ཙམ་དུ། །ཕན་ཡོན་ལེགས་པར་རབ་བཤད་པ། །དཔའ་བོ་ཆེན་པོ་བསམ་མི་ཁྱབ། །ཕྱི་མའི་དུས་ན་སུ་དག་ནི། །མདོ་སྡེ་འདི་ལ་ཉན་པར་འགྱུར། །ཕན་པར་དགོངས་ཤིང་ཐུགས་བརྩེ་བ། །དཔའ་བོ་ཆེན་པོ་བདག་ལ་གསུངས། །ཀ་ལ་པིངྐའི་སྒྲ་དབྱངས་ཀྱིས། །སྟོན་པས་དེ་ལ་བཤད་མཛད་དེ། །བཅོམ་ལྡན་ཆགས་མེད་ཡེ་ཤེས་ཅན། །ཚིག་ཀྱང་འདི་སྐད་རབ་ཏུ་གསུང ། །སུ་དག་ཆོས་ཀྱི་རྗེས་སློབ་ཅིང ། །མདོ་སྡེ་འདི་ནི་ཉན་འགྱུར་བ། །ནན་ཏན་བླ་ན་མེད་པ་ཡང ། །གཞོན་ནུ་བཤད་ཀྱི་མཉན་པར་གྱིས། །སངས་རྒྱས་ཡེ་ཤེས་རབ་འཚོལ་བས། །མི་དབང་དག་ལ་མཆོད་བྱེད་ཅིང ། །བྱམས་པའི་སེམས་ལ་སྙེན་བྱེད་
105b
པ། །མདོ་སྡེ་འདི་ནི་ཉན་པར་འགྱུར། །སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས། །ཡོན་ཏན་མཆོག་ལ་བསྙེན་བྱས་ཤིང ། །ནན་ཏན་ལ་ཡང་གནས་ནས་སུ། །མདོ་སྡེ་འདི་ནི་ཉན་པར་འགྱུར། །འཇིག་རྟེན་མགོན་པོའི་བསྟན་པ་ལ། །གང་གིས་ཚུལ་ཁྲིམས་བཤིག་པ་དང ། །སྡིག་པ་བྱེད་པའི་ལ་གནས་ནི། །མདོ་སྡེ་འདི་ཡང་ཐོས་མི་འགྱུར། །དཔའ་བོ་ཚངས་པར་སྤྱོད་པ་དང ། །གང་གི་སེམས་ཀྱང་མི་བརྐམ་ཞིང ། །སངས་རྒྱས་དག་གིས་བྱིན་བརླབས་པ། །དེ་དག་ལ་གནས་ཐོས་པར་འགྱུར། །གང་གིས་སྔོན་གྱི་སངས་རྒྱས་དག་།འཇིག་རྟེན་མགོན་པོ་རི་མོར་བྱས། །དེ་དག་ལག་ནས་མདོ་སྡེ་འདི། །ཕྱི་མའི་དུས་ན་ཐོས་པར་འགྱུར། །གང་དག་ཚེ་རབས་སྔ་མ་ལ། །མུ་སྟེགས་ཅན་དུ་གྱུར་བ་ནི། །དེ་དག་མདོ་སྡེ་འདི་ཐོས་ན། ། ཡིད་ནི་དགའ་ཞིང་བདེར་མི་འགྱུར། །ང་ཡི་བསྟན་པ་འདི་ལ་ནི། །འཚོ་བ་འདོད་ཕྱིར་རབ་བྱུང་ནས། །རྙེད་དང་བཀུར་སྟིས་ཟིལ་གྱིས་ནོན། །གཅིག་ལ་གཅིག་ཀྱང་སྨོད་པར་བྱེད། ། དགེ་སློང་དབང་པོ་མ་བསྡམས་པ། །གཞན་གྱི་བུད་མེད་རབ་སྙེགས་ཤིང ། །ཚུལ་ཁྲིམས་འཆལ་པ་རྙེད་པ་འདོད། །མདོ་སྡེ་འདི་ལ་དད་མི་བྱེད། །སངས་རྒྱས་བརྙེས་པའི་བསོད་ནམས་དང ། །བསམ་གཏན་ཐོབ་པར་མི་འདོད་ཅིང ། །བདག་ཏུ་འདུ་ཤེས་གནས་པ་དག་།མདོ་སྡེ་འདི་ལ་དད་མི་བྱེད། །ཕྱི་མའི་དུས་ན་འབྱུང་བ་ནི། །འཇིག་རྟེན་བསམ་གཏན་
106a
༄#། །འབྲས་བུར་འཛིན། །དགྲ་བཅོམ་བསོད་སྙོམས་ཟོས་ནས་ཀྱང ། །སངས་རྒྱས་བྱང་ཆུབ་སྨོད་པར་བྱེད། །ཛམྦུ་ཡི་ནི་གླིང་འདི་ནི། །མཆོད་རྟེན་ཅི་ཡོད་ཀུན་བཤིག་པས། །གང་གིས་མདོ་སྡེ་འདི་སྤངས་ན། །སྡིག་པ་འདི་ནི་ཁྱད་པར་ཆེ། །གང་གིས་གངྒཱའི་བྱེ་སྙེད་ཀྱི། །དགྲ་བཅོམ་དག་ནི་བསད་པ་བས། །གང་གིས་མདོ་སྡེ་འདི་སྤངས་ན། །སྡིག་པ་འདི་ནི་ཁྱད་པར་ཆེ། །མི་བཟད་པ་ཡི་ཕྱི་དུས་ལ། །དམ་པའི་ཆོས་ནི་འཇིག་པའི་ཚེ། །མདོ་སྡེ་འདི་ནི་རབ་བཤད་པར། །ཁྱེད་ལ་སུ་དག་སྤྲོ་བ་ཡོད། །དེ་ཚེ་གཞོན་ནུ་ལངས་ནས་ནི། །དུ་ཞིང་རྒྱལ་ལ་འདི་སྐད་གསོལ། །སངས་རྒྱས་ཐུགས་ཀྱི་སྲས་པོ་ཡིས། །འདི་སྐད་སེང་གེའི་སྒྲ་ཡང་བསྒྲགས། །རྫོགས་པའི་སངས་རྒྱས་མྱ་ངན་འདས། ། མི་བཟད་པ་ཡི་ཕྱི་དུས་ལ། །ལུས་དང་སྲོག་ཀྱང་རབ་བཏང་སྟེ། །བདག་གིས་མདོ་སྡེ་རྒྱས་པར་བགྱི། །བྱིས་པ་རྣམས་ཀྱི་མི་བདེན་པ། །བརྒྱད་ཅིང་སྤྱོས་པ་བཟོད་པར་བགྱི། ། གཤེ་བ་དང་ནི་སྡིགས་པ་ཡང ། །འདྲེན་པ་དང་དུ་བླང་བར་བགྱི། །བྱང་ཆུབ་སེམས་དཔའ་གཞན་དག་ལ། །ངན་སེམས་དག་ནི་བསྐྱེད་པའམ། །གང་སྔོན་བདག་གིས་སྡིག་པ་ཡི། །ལས་རྣམས་བགྱིས་པ་བྱང་བར་བགྱི། །སྤྱི་བོ་ལ་ནི་ཕྱག་བཞག་སྟེ། །སངས་རྒྱས་གསེར་གྱི་མདོག་འདྲ་བ། །དེ་བཞིན་གཤེགས་པ་འཇམ་པའི་དབྱངས།
106b
ཟླ་འོད་ལ་ནི་སྟོན་པ་གསུང ། །གཞོན་ནུ་ཕྱི་མའི་དུས་དག་ལ། །ཁྱོད་ཀྱིས་ཚངས་པར་སྤྱོད་པ་དང ། །སྲོག་གི་བར་ཆད་མི་འབྱུང་བར། །ཁྱོད་ལ་བྱིན་གྱིས་བརླབ་པར་བྱ། །ཆོས་སྨྲ་བ་ན་གཞན་དག་ཀྱང ། །བརྒྱད་བརྒྱ་པོ་དག་ལངས་ནས་ནི། །ཕྱི་མའི་དུས་ལ་བདག་ཅག་ཀྱང ། །མདོ་སྡེ་འདི་ནི་འཛིན་པ་ལགས། །ལྷ་དང་ཀླུ་དང་གནོད་སྦྱིན་ཡང ། །བྱེ་བ་བརྒྱད་ཅུ་ཉེར་ལྷགས་ཏེ། །གཞན་ཡང་ཁྲག་ཁྲིག་དྲུག་ཅུ་རྣམས། །འཇིག་རྟེན་མགོན་ལ་འདི་སྐད་སྨྲ། །དགེ་སློང་དག་ནི་འདི་རྣམས་ལས། །དེ་རིང་སུ་དག་ལངས་པ་རྣམས། །ཕྱི་དུས་དེ་ཚེ་བདག་ཅག་གིས། ། འདྲེན་པ་རབ་ཏུ་བསྲུང་བར་བགྱི། །མདོ་སྡེ་འདི་ནི་བཤད་པའི་ཚེ། །སྟོན་པ་ཡི་ནི་བྱིན་རླབས་ཀྱིས། །གངྒཱའི་བྱེ་མ་མཉམ་པ་ཡི། །སངས་རྒྱས་ཞིང་རྣམས་རབ་ཏུ་གཡོས། །ཞིར་རྣམས་ཇི་སྙེད་རབ་གཡོས་པས། ཀུན་ཏུ་སངས་རྒྱས་སྤྲུལ་པ་དག་།འཇིག་རྟེན་མགོན་པོས་རབ་བཀྱེ་སྟེ། །དེ་དག་གིས་ཀྱང་ཆོས་རབ་བསྟན། །ཞིང་དེ་སོ་སོ་རེ་རེར་ཡང ། །སེམས་ཅན་བྱེ་བ་བསམ་མི་ཁྱབ། །དེ་ཚེ་དེ་འདྲའི་ཆོས་ཐོས་ནས། །སངས་རྒྱས་ཀྱི་ནི་ཡེ་ཤེས་བཀོད། །སངས་རྒྱས་ཀྱི་ཡང་ཞིང་འདི་ནས། །སེམས་ཅན་བྱེ་བ་དགུ་བཅུ་རྣམས། །བྱང་ཆུབ་ཀྱི་ནི་སེམས་བསྐྱེད་དེ། །སངས་རྒྱས་ལ་ཡང་མེ་ཏོག་འཐོར། །བསྐལ་པ་བྱེ་བ་བརྒྱད་ཅུ་ན། །བསྐལ་པ་གཅིག་ལ་ཐམས་ཅད་ཀྱང ། །རྣམ་པར་འདྲེན་པ་ཉིད་འགྱུར་ཞེས། །དེ་དག་མི་
107a
༄#། །གཙོས་ལུང་བསྟན་ཏོ། །དགེ་སློང་དང་ནི་དགེ་སློང་མ། །དགེ་བསྙེན་པ་དང་དགེ་བསྙེན་མ། །སྲོག་ཆགས་བྱེ་བ་བདུན་ཅུ་དྲུག་།གང་དག་མདོ་སྡེ་འདི་ཐོས་པ། ། དེ་དག་མི་གཙོས་ལུང་བསྟན་ཏེ། །བྱང་ཆུབ་སྤྱོད་པར་བསྐྱོད་ཅིང ། །གངྒཱའི་བྱེ་མ་མཉམ་པ་ཡི། །འཇིག་རྟེན་འདྲེན་པ་མཐོང་བར་འགྱུར། །སངས་རྒྱས་ཡེ་ཤེས་རབ་འཚོལ་བས། ཐམས་ཅད་ལ་ཡང་མཆོད་པ་བྱེད། །མདོ་སྡེ་བླ་ན་མེད་པ་འདི། །དེ་དང་དེར་ཡང་ཐོས་པར་འགྱུར། །བྱམས་པ་ཡི་ནི་སངས་རྒྱས་ལ། །བླ་ན་མེད་པའི་མཆོད་བྱས་ཏེ། །དམ་པའི་ཆོས་མཆོག་བཟུང་ནས་ནི། །བདེ་བ་ཅན་དུ་འགྲོ་བར་འགྱུར། །གང་ན་སངས་རྒྱས་རྡུལ་བྲལ་བ། །ཚེ་དཔག་མེད་པ་དེ་བཞིན་གཤེགས། །དེ་ལ་བྱང་ཆུབ་མཆོག་གི་ཕྱིར། །མཆོད་པ་དག་ཀྱང་བྱེད་པར་འགྱུར། །མདོ་སྡེ་དམ་པ་འདི་ཐོས་ནས། །མ་འོངས་པ་ཡི་བསྐལ་པ་ནི། །གྲངས་མེད་བདུན་ཅུ་རྩ་གསུམ་དུ། །ངན་འགྲོ་རྣམས་སུ་ཡོང་མི་འགྲོ། །ཕྱི་མའི་དུས་ལ་སུ་དག་ནི། །མདོ་སྡེ་དམ་པ་ཉན་འགྱུར་ཞིང ། །འཆང་ངམ་ཀློག་པར་བྱེད་པ་ཡང ། །དེ་དག་ཀུན་གྱིས་ང་ལ་མཆོད། །ཇི་སྙེད་མདུན་ན་འདུག་པ་རྣམས། །ཐམས་ཅད་ལ་ཡང་བསྒོ་བྱ་སྟེ། །ངས་ནི་དཀའ་བས་ཐོས་པ་ཡི། །བྱང་ཆུབ་འདི་ཡང་ཡོངས་སུ་གཏད། །ཏིང་ངེ་འཛིན་རྗེས་སུ་གཏད་པའི་ལེའུ་སྟེ། བཅོ་བརྒྱད་པའོ།། །།དེ་
107b
ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ལས་ཡོན་ཏན་གྱི་ཕན་ཡོན་བསམ་གྱིས་མི་ཁྱབ་ཅིང་དཔག་ཏུ་མེད་པ་ཐོས་ནས་མི་སྐྲག་པར་འདོད་པ་དང ། མི་དངང་བར་འདོད་པ་དང ། དངང་བར་མི་འགྱུར་བར་འདོད་པས་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པ་ལ་མཁས་པར་བྱའོ། །སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ལ་མོས་པར་བྱའོ། །སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཡོངས་སུ་དྲི་བ་ལ་མཁས་པར་བྱའོ། །སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བཙལ་བ་ལ་མཁས་པར་བྱའོ། ། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཐོས་ནས་མི་སྐྲག་།མི་དངང ། དངང་བར་མི་འགྱུར་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་བ་དང ། ཟླ་འོད་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ལྟ་ཇི་ལྟ་བུར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པ་ལ་མཁས་པ་ལགས། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ལ་མོས་པ་དང ། སངས་རྒྱས་ཀྱི་
108a
༄#། །ཆོས་བསམ་གྱིས་མི་ཁྱབ་པ་ཡོངས་སུ་འདྲི་བ་ལ་མཁས་པ་དང ། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཐོས་ན་མི་སྐྲག་མི་དངང་དངང་བར་མི་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ།་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་ཉན་ཅིང་ཐོས་ནས་ཀྱང་འཛིན་པ་དང ། ཀུན་ཆུབ་པར་བྱེད་པ་དང ། འཆང་བ་དང ། ཀློག་པ་དང ། རབ་ཏུ་འདོན་པ་དང ། ཉོན་མོངས་པ་མེད་པར་བསྒོམ་པས་སྒོམ་པར་བྱེད་པ་དང ། མང་དུ་བྱེད་པ་དང ། གཞན་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ན། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པ་ལ་མཁས་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ལ་མོས་པ་དང ། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཡོངས་སུ་འདྲི་བ་ལ་མཁས་པ་དང ། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཐོས་ན་མི་སྐྲག་མི་དངང་དངང་བར་མི་འགྱུར་རོ། །ཡང་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ལས་ཡོན་ཏན་གྱི་ཕན་ཡོན་བསྒྲུབ་པའི་
108b
ཚིག་འདི་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་ངེས་པར་བསྟན་པ་ན། ཟླ་འོད་གཞོན་ནུར་གྱུར་པས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ལས་ཡོན་ཏན་གྱི་ཕན་ཡོན་བསྒྲུབ་པའི་ཚིག་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་བཅོམ་ལྡན་འདས་ལས་ཐོས་ནས། དེའི་ཚེ་ཟླ་འོད་གཞོན་ནུར་གྱུར་བས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་རབ་ཏུ་ཐོབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་དཔག་ཏུ་མེད་པའང་མངོན་པར་ཤེས་པ་ཆེན་པོ་ཐོབ་པར་གྱུར་ཏོ། །སེམས་ཅན་དཔག་ཏུ་མེད་པའང་སྙིང་རྗེ་ཆེན་པོར་འཇུག་པ་ལ་མངོན་དུ་ཕྱོགས་པའི་སེམས་སྐྱེས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའང་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། ལྡེག། རབ་ཏུ་ལྡེག་།ཀུན་ཏུ་རབ་ཏུ་ལྡེག་།འཁྲུགས། རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ། འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར།་ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ། ནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོ། བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོ། ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོ། མཐའ་
109a
༄#། །དམའ་ན་དབུས་མཐོ། དབུས་དམའ་ན་མཐའ་མཐོ་ཞིང ། སྣང་བ་དཔག་ཏུ་མེད་པའང་འཇིག་རྟེན་དུ་བྱུང ། ལྷའི་སྤོས་ཀྱི་ཆར་ཆེན་པོའང་མངོན་པར་བབ་བོ། ལྷ་དང་ལྷའི་བུ་ཇི་སྙེད་ཆོས་མཉན་པའི་ཕྱིར་འདུས་ཏེ་ལྷགས་པ་དེ་དག་ནམ་མཁའ་ལ་མངོན་པར་འཕགས་ནས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ལས་ཡོན་ཏན་གྱི་ཕན་ཡོན་གྱི་ཚིག་དཔག་ཏུ་མེད་པ་འདི་དག་ཐོས་ནས་ལྷ་དང་ལྷའི་བུ་དེ་དག་ཐམས་ཅད་དགའ་མགུ་ཡི་རངས་ཏེ། རབ་ཏུ་དགའ་བ་དང ། ཚིམ་པ་དང ། ཡིད་བདེ་བ་སྐྱེས་ནས་ཨ་ལ་ལ་ཞེས་གཞན་སྒྲོགས་པའི་སྒྲ་བྱེད་དོ། །ལྷའི་མེ་ཏོག་རྣམ་པ་སྣ་ཚོགས་ཀྱི་མེ་ཏོག་གི་ཆར་ཆེན་པོ་འབེབས་སོ། །ལྷའི་སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའང་རབ་ཏུ་རྡུང་ངོ ། བརྗོད་པ་གཅིག་པའི་དབྱངས་ཀྱིས་ཚིག་འདི་སྐད་ཅེས་འཛེར་ཏོ། ། ལ་ལ། བདག་ཅག་གིས་ནི་རྙེད་པ་ལེགས་པར་རྙེད་དེ། འདི་ལྟར་བདག་ཅག་གིས་བཅོམ་ལྡན་འདས་ལས་ཡོན་ཏན་གྱི་ཕན་ཡོན་བསྒྲུབ་པའི་ཚིག་དཔག་ཏུ་མེད་པ་འདི་དག་ཐོས་ནས། བཅོམ་ལྡན་འདས། བདག་ཅག་ཐམས་ཅད་ཀྱང་གཅིག་ཅར་མཐུན་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་འོད་གཞོན་ནུར་གྱུར་པས་ཇི་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་ཐོབ་པ་དེ་བཞིན་དུ། བཅོམ་ལྡན་འདས། བདག་ཅག་
109b
ཐམས་ཅད་ཀྱིས་ཀྱང་ཆོས་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་ཐོབ་པར་བགྱིའོ། །དེ་ནས་དེའི་ཚེ་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཅོམ་ལྡན་འདས་འཁོར་རྒྱ་མཚོའི་ནང་ན་ཆོས་སྟོན་པ་ལ། དྲི་ཟའི་བུ་གཙུག་ཕུད་ལྔ་ཅན་ཞེས་བྱ་བ་རིམ་གྲོ་དང་བསྙེན་བཀུར་བྱ་བའི་ཕྱིར་སིལ་སྙན་ལྔ་བརྒྱ་དང་བཅས་ཏེ་ནམ་མཁའ་ལས་བབས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་དྲི་ཟའི་བུ་གཙུག་ཕུད་ལྔ་ཅན་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང ། ལྷའི་དབང་པོ་བརྒྱ་བྱིན་གྱི་ལྷའི་འདུན་ས་ཆོས་བཟང་ན་ཇི་ལྟ་བ་བཞིན་དུ་རིམ་གྲོ་དང་བསྙེན་བཀུར་བྱའོ། །གླུ་དབྱངས་དག་ཇི་ལྟར་ལེན་པ་དེ་བཞིན་དུ་དེང་ལྷའི་ལྷ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལའང་མཆོད་པའི་ཕྱིར་གླུ་དབྱངས་རབ་ཏུ་སྦྱར་རོ། །དེ་ནས་དྲི་ཟའི་བུ་གཙུག་ཕུད་ལྔ་ཅན་སིལ་སྙན་ཐོགས་པ་ལྔ་བརྒྱ་པོ་དེ་དག་དང་སྒྲ་གཅིག་ཏུ་སྦྱར་ཏེ། པི་ཝང་གི་ཁོག་པ་བཻཌཱུརྱ་ལས་བྱས་པ་དག་ཀྱང་ཐོགས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བླངས་སོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། རྫུ་འཕྲུལ་མངོན་པར་འདུ་བྱ་བ་ཇི་ལྟ་བུ་མངོན་པར་འདུས་བྱས་པས་ཟླ་འོད་གཞོན་ནུར་གྱུར་པ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ངེས་པར་རྟོགས་པ་ལ་མཁས་པ་ཐོབ་པ་དང ། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་
110a
༄#། །པར་སྤྲོས་པའི་ཏིང་ངེ་འཛིན་ལས་མི་གཡོ་བ་དང ། དྲི་ཟའི་བུ་གཙུག་ཕུད་ལྔ་ཅན་ལའང་རྒྱུད་ཀྱི་སྒྲ་དང ། གླུའི་སྒྲ་ལ་མཁས་པ་བསྟན་པར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་ངས་བྱའོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་མཛད་དེ། སངས་རྒྱས་ཀྱི་མཐུས་སིལ་སྙན་ལྔ་བརྒྱ་པོ་ཤིན་ཏུ་ལེགས་པར་སྦྱར་པ། ལེགས་པར་བླངས་པ་དེ་དག་ལས་བསམ་གྱིས་མི་ཁྱབ་པའི་དོན་དང་ལྡན་པ་ཆོས་ཉིད་དང་ལྡན་པའི་སྒྲ་བྱུང་ངོ ། །སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ངེས་པར་རྟོགས་པའི་ཚིགས་སུ་བཅད་པ་འདི་དག་ཀྱང་བྱུང་ངོ ། །སྐྲ་གཅིག་ཁྱོན་ལ་སངས་རྒྱས་མང་པོ་ནི། །གངྒཱའི་ཀླུང་གི་བྱེ་མ་ཅི་ཡོད་སྙེད། །རྒྱལ་བ་དེ་དག་ཞིང་ཡང་དེ་སྙེད་དེ། །དེ་དག་མཚན་ཉིད་མི་འདྲ་སྐལ་མི་མཉམ། །སྐྲ་ཡི་ཁྱོན་ལ་འགྲོ་བ་ལྔ་རྣམས་ཏེ། །སེམས་ཅན་དམྱལ་དང་དུད་འགྲོར་འགྲོ་བ་དང ། །གཤིན་རྗེའི་འཇིག་རྟེན་ལྷ་དང་མི་རྣམས་ཞུགས། །འདྲེས་པ་མེད་ཅིང་གནོད་པར་འགྱུར་བའང་མེད། །དེ་ཡི་གནས་སུ་མཚོ་དང་རྒྱ་མཚོར་བཅས། །ཆུ་ཀླུང་དེ་བཞིན་མཚེའུ་དང་ལྟེང་ཀ་རྣམས།། འདྲེས་པ་མེད་ཅིང་གནོད་པར་མི་འགྱུར་ཏེ། །དེ་ལྟར་རྒྱལ་བའི་ཆོས་ནི་བསམ་མི་ཁྱབ། །དེ་ཡི་གནས་སུ་རི་བོ་དུ་མ་སྟེ། །ཁོར་ཡུག་དང་ནི་ལྷུན་པོ་རབ་ལྷུན་དང ། །བཏང་ཟུང་དང་ནི་
110b
བཏང་བཟུང་ཆེན་པོ་དང ། །འབིགས་བྱེད་བྱ་རྒོད་ཕུང་པོ་གངས་ཀྱི་རི། །གནས་དེར་སེམས་ཅན་དམྱལ་བ་མི་བཟད་པ། །ཚ་དང་རབ་ཏུ་ཚ་བ་ཉམས་མི་དགའ། །དེ་ན་སེམས་ཅན་དམྱལ་སྐྱེས་ཚོར་བ་ཡི། །སྡུག་བསྔལ་དེ་དག་རྗེས་སུ་མྱོང་བར་བྱེད། །དེ་ཡི་གནས་ན་ལྷ་ཡི་གཞལ་མེད་ཁང ། །དེ་དག་དཔག་ཚད་བཅུ་གཉིས་དབྱངས་དགའ་བ། །ལྷ་རྣམས་སྟོང་ཕྲག་མང་པོ་དེ་དག་ཀྱང ། །ལྷ་ཡི་དགའ་བ་ཤིན་ཏུ་བདེ་བ་མྱོང ། །དེ་ཡི་གནས་སུ་སངས་རྒྱས་རྣམས་སྐྱེ་ཞིང ། །འཇིག་རྟེན་རིག་པའི་བསྟན་པ་འབར་བ་སྣང ། །གང་གིས་རྣམ་དག་སྤྱོད་པ་མ་སྦྱངས་པ། །ཡེ་ཤེས་བྲལ་བ་དག་གིས་དེ་མི་མཐོང ། །དེ་ཡི་གནས་ཉིད་ན་ཡང་ཆོས་ནུབ་ཅིང ། །འདྲེན་པ་མྱ་ངན་འདས་པའི་སྒྲ་ཡང་ཐོས། །དེ་ཡི་གནས་ཉིད་ན་ཡང་ལ་ལ་ཡིས། །འདྲེན་པ་བཞུགས་ཏེ་ཆོས་ཀྱང་སྟོན་ཅེས་ཐོས། །དེ་ཡི་གནས་ཉིད་ན་ཡང་ལ་ལ་དག་།ཚེ་ཚད་ལོ་ནི་བསམ་ཡས་བཞུགས་སྙམ་འཛིན། །དེ་ཡི་གནས་ནའང་འཆི་བའི་དུས་བྱེད་ཅིང ། །རིང་དུ་མི་འཚོ་ཞེས་ནི་སྒྲ་ཡང་ཐོས།། གནས་དེར་ལ་ལ་འདི་སྙམ་འདུ་ཤེས་ཏེ། །ཡིད་ཀྱི་འདུ་ཤེས་དང་ནི་འཛིན་པ་ཡིས། །བདེ་གཤེགས་མཐོང་མཆོད་སངས་རྒྱས་མཉེས་བྱས་སྙམ། །སྐྱེས་པ་མེད་ཅིང་མཆོད་པ་བྱས་པའང་མེད། །མི་དག་བདག་གི་ཁྱིམ་ན་རྨི་ལམ་བཞིན། །འདོད་པའི་ཡོན་ཏན་དག་ལ་དགའ་མྱོང་ནས། །ཕྱིར་སད་ནས་ཀྱང་དེ་ཡིས་གདོད་མ་མཐོང ། །དེ་ནི་རྨི་ལམ་ཡིན་པར་དེ་
111a
༄#། །ཡིས་ཤེས། །དེ་བཞིན་མཐོང་ཐོས་རིག་དང་བྱེ་བྲག་བྱེད། །འདི་དག་ཐམས་ཅད་མི་བདེན་རྨི་ལམ་བཞིན། །གང་གིས་ཏིང་འཛིན་འདི་ཡང་ཐོབ་གྱུར་པ། །དེས་ནི་ཆོས་ཀྱི་རང་བཞིན་འདི་དག་ཤེས། །སུ་ལའང་སྡུག་དང་མི་སྡུག་མེད་པ་ནི། །མི་དེ་འཇིག་རྟེན་ན་ཡང་བདེ་སྐྱིད་རྟག་།སུ་དག་ནགས་ཁྲོད་མངོན་པར་དགའ་བ་ཡི། །དགེ་སྦྱོང་དེ་ནི་ཤིན་ཏུ་བདེ་བ་མྱོང ། །སུ་དག་ཅི་ལའང་བདག་གིར་བྱ་བ་མེད། །ཡོངས་སུ་འཛིན་པ་རྣམ་པ་ཀུན་ཏུ་སྤངས། །བསེ་རུ་བཞིན་དུ་འཇིག་རྟེན་འདི་ན་གནས། །ནམ་མཁའ་ལ་ནི་རླུང་དག་རྒྱུ་བ་བཞིན། །ལམ་རྣམས་བསྒོམས་ཤིང་ཡེ་ཤེས་རབ་ཏུ་ཞུགས། །ཆོས་རྣམས་ཐམས་ཅད་སྟོང་པ་བདག་མེད་པར། །ཆོས་རྣམས་འདི་དག་གང་གིས་རབ་བསྒོམས་པ། ། དེ་ཡི་སྤོབས་པ་དག་ནི་མཐའ་ཡས་འགྱུར། །སུ་དག་འཇིག་རྟེན་ན་ནི་ཡིད་ཆགས་མེད། །དེ་དག་སེམས་ནི་རྟག་ཏུ་རླུང་དང་འདྲ། །སྡུག་དང་མི་སྡུག་ལ་ཡང་ཆགས་པ་མེད། །འཇིག་རྟེན་ན་ནི་མི་དེ་ཤིན་ཏུ་སྐྱིད། །མི་སྡུག་པ་དང་འགྲོགས་པ་སྡུག་བསྔལ་ཏེ། །སྡུག་བ་དང་ཡང་བྲལ་བ་སྡུག་བསྔལ་ཡིན། །མཐར་བྱས་འདི་གཉིས་རབ་ཏུ་སྤངས་ནས་ནི། །མི་གང་ཆོས་ལ་དགའ་བ་དེ་དག་སྐྱིད། །གང་ཞིག་ཆོས་འདི་ཐོས་ནས་ཆགས་བྱེད་ཅིང ། །ཆོས་མ་ཡིན་པ་ཐོས་ནས་ཁོང་ཁྲོ་བྱེད། །ང་རྒྱལ་རྒྱགས་པས་བཅོམ་པ་ལོག་པ་དེ། །ང་རྒྱལ་
111b
དབང་གིས་སྡུག་བསྔལ་རྗེས་སུ་མྱོང ། །སུ་དག་མཉམ་པ་ཉིད་ལ་རབ་གནས་ཏེ། །རྟག་ཏུ་ཁེངས་པ་མེད་ཅིང་འདུད་པ་མེད། །སྡུག་དང་མི་སྡུག་པ་ལས་རབ་གྲོལ་བ། །དེ་དག་རྟག་ཏུ་གྲོལ་ཡིད་ལེགས་པར་གནས། །ཚུལ་ཁྲིམས་ཡོངས་སུ་དག་པར་རབ་གནས་ཏེ། །བསམ་གཏན་བསམ་མི་ཁྱབ་པ་ལ་རྟག་གནས་ཤིང ། །སུ་དག་ནགས་ཁྲོད་ཞི་བར་དགའ་བ་ནི། །དེ་དག་ནམ་ཡང་ཡིད་གཉིས་ཡོང་མི་འགྱུར། །མི་བདེན་པ་ལ་སུ་དག་རབ་ཞུགས་ཤིང ། །བྱིས་པ་འདོད་པའི་ཡོན་ཏན་རྟག་ཏུ་དགའ། །བྱ་རྒོད་དག་ནི་རོ་ལ་མོས་པ་བཞིན། །དེ་དག་རྟག་པར་བདུད་ཀྱི་དབང་དུ་འགྲོ་།ཡང་པི་ཝང་གི་སྒྲ་དེ་ལས་ཚིགས་སུ་བཅད་པ་མངོན་པར་བསྒྲུབ་པ་འདི་བྱུང་ནས་ཟླ་འོད་གཞོན་ནུར་རྒྱུར་པས་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཟབ་མོ་ངེས་པར་རྟོགས་པ་ལ་མཁས་པ་རྗེས་སུ་ཐོབ་བོ། །དྲི་ཟའི་བུ་གཙུག་ཕུད་ལྔ་ཅན་ཡང་སྒྲའི་རྗེས་སུ་འགྲོ་བའི་བཟོད་པ་ཐོབ་པར་གྱུར་ཏོ། །ལྷ་དང་མི་ཡི་སྐྱེ་དགུ་སེམས་ཅན་དཔག་ཏུ་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱིའང་དོན་བྱས་པར་གྱུར་ཏོ། །སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ངེས་པར་བསྟན་པའི་ལེའུ་སྟེ། བཅུ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་བྱང་
112a
༄#། །ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་ལ་འཇུག་པའི་ཆོས་ཀྱི་རྣམ་གྲངས་འདི་འདོད་པ་དང ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་དགེ་བའི་རྩ་བ་དང ། བསླབ་པ་དང ། ཡོན་ཏན་གྱི་ཚོགས་ཐམས་ཅད་གདོན་མི་ཟ་ཞིང་ཚུལ་ཁྲིམས་ཤིན་ཏུ་ཡོངས་སུ་དག་པར་བྱའོ། །འདུ་འཛིན་མེད་པ་མང་ཞིང་སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བ་དང ། དགེ་བའི་བཤེས་གཉེན་ལ་བརྟེན་པ་དང ། ཡོངས་སུ་འདྲི་བའི་རང་བཞིན་ཅན་དང ། ཆོས་འཚོལ་བ་ལ་བརྩོན་པ་དང ། ཆོས་ལ་དོན་དུ་གཉེར་བ་དང ། ཆོས་འདོད་པ་དང ། ཆོས་ལ་དགའ་བ་དང ། ཆོས་ཡོངས་སུ་འཛིན་པ་དང ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། གཞོན་ནུ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །གཞན་ཡང་གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་ལ་འཇུག་པའི་ཆོས་ཀྱི་རྣམ་གྲངས་འདི་འདོད་པ་དང ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བརྩོན་འགྲུས་བརྩམས་ཤིང་ལུས་དང་སྲོག་ལ་མི་ལྟ་བར་བྱ་སྟེ། གང་
112b
སྙིང་རྗེ་ཆེན་པོ་ལ་འཇུག་པའི་ཆོས་ཀྱི་རྣམ་གྲངས་འདི་སྟོན་པའི་དགེ་བའི་བཤེས་གཉེན་དེ་དག་རྒྱུན་མི་ཆད་པར་ཡོངས་སུ་བཙལ་བར་བྱ། གཡོ་མེད་པས་བསྙེན་པར་བྱ། བསྟེན་པར་བྱ།་རིམ་གྲོར་བྱ་སྟེ། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་བའི་བཤེས་གཉེན་དག་ལྷགས་པའི་བསམ་པས་ཡོངས་སུ་བཙལ་ནས་ཀྱང་དེ་དག་ལས་སྙིང་རྗེ་ཆེན་པོ་ལ་འཇུག་པའི་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱ། གཟུང་བར་བྱ། ཀུན་ཆུབ་པར་བྱ། བཅང་བར་བྱ། བཀླག་པར་བྱ། རབ་ཏུ་གདོན་པར་བྱ། ལུང་མནོད་ཅིང་ཁ་ཏོན་དུ་བྱ། ཉོན་མོངས་པ་མེད་པར་སྒོམ་པས་བསྒོམ་པར་བྱ། མང་དུ་བྱ། གཞན་དག་ལའང་རྒྱ་ཆེར་རབ་ཏུ་བསྟན་པར་བྱའོ། །གང་ལས་སྙིང་རྗེ་ཆེན་པོ་ལ་འཇུག་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་ལ་དགའ་བ་དང་གུས་པས་སྟོན་པར་འདུ་ཤེས་བསྐྱེད་པར་བྱའོ། །གཞོན་ནུ། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་བཤེས་གཉེན་ཡོངས་སུ་འཚོལ་བ་དང ། སྲི་ཞུ་བྱ་བ་དང ། གཡོག་བྱ་བ་ལ་ཡིད་མི་སྐྱོ་བར་གྱུར་པ་དེའི་ཚེ། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བདེ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །བདེ་བར་སྙིང་རྗེ་ཆེན་པོ་ལ་འཇུག་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོབ་བོ། །གཞོན་ནུ། དེ་ལྟ་བས་ན་མགོ་དད་གོས་ལ་མེ་འབར་བ་བཞིན་དུ་བྱས་ཏེ་རྟག་པར་དགེ་བའི་
113a
༄#། །བཤེས་གཉེན་ཡོངས་སུ་བཙལ་བར་བྱ། གཡོ་མེད་པས་བསྟེན་པར་བྱ། བསྙེན་པར་བྱ། རིམ་གྲོར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་དགེ་བའི་བཤེས་གཉེན་གྱི་ཁར་ལས་ན། སྙིང་རྗེ་ཆེན་པོ་ལ་འཇུག་པའི་ཆོས་ཀྱི་རྣམ་གྲངས་འདི་ལྟ་ཅི་སྨོས། གཞོན་ནུ། དེ་ལྟ་བས་ན་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ཡོངས་སུ་བཙལ་བ་དང ། སྲི་ཞུ་བྱ་བ་དང ། གཡོག་བྱ་བ་ལ་ཡིད་ཡོངས་སུ་མི་སྐྱོ་བར་བྱའོ་ཞེས་གཞོན་ནུ་ཁྱོད་ཀྱིས་རྟག་ཏུ་དེ་ལྟར་བསླབ་པར་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་སྙིང་རྗེ་ཆེན་པོ་ལ་འཇུག་པའི་ཆོས་ཀྱི་རྣམ་གྲངས་འདི་ཉིད་ཤིན་ཏུ་བརྗོད་པའི་ཕྱིར་ཟླ་འོད་གཞོན་ནུར་གྱུར་པ་ལ་སྔོན་བྱུང་བ་བསྟན་པ་ཚིགས་སུ་བཅད་པའི་དབྱངས་ཀྱིས་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། །འདས་པའི་བསྐལ་བ་བྱེ་བ་མང་པོ་སྟེ། །དཔག་ཏུ་མེད་ཅིང་གཞལ་མེད་བསམ་མི་ཁྱབ། །དེ་ཚེ་དབང་ཏོག་རྒྱལ་མཚན་རྒྱལ་པོ་ཞེས། །འདྲེན་པ་རྐང་གཉིས་གཙོ་བོ་བྱུང་བར་གྱུར། །དེས་ནི་ཏིང་འཛིན་ཞི་བ་འདི་བཤད་དེ། །དེ་ལ་མི་དང་སྲོག་དང་གང་ཟག་མེད། །སྒྱུ་མ་ཆུ་བུར་སྨིག་རྒྱུ་གློག་འདྲ་ཞིང ། །ཆོས་རྣམས་ཐམས་ཅད་ཆུ་ཡི་ཟླ་བ་བཞིན། །ཤི་ནས་འཇིག་རྟེན་ཕ་རོལ་འགྲོ་བ་ཡི། །སེམས་ཅན་ཤེད་ལས་སྐྱེས་པ་མི་
113b
དམིགས་ཀྱང ། །ལས་རྣམས་བྱས་པ་མེད་པར་མི་འགྱུར་ཏེ། །དཀར་གནག་ཇི་བཞིན་འབྲས་བུ་སྨིན་པར་བྱེད། །རིགས་པའི་ཚུལ་གྱི་སྒོ་འདི་བཟང་པོ་སྟེ། །ཕྲ་ཞིང་མཐོང་དཀའ་རྒྱལ་བའི་སྤྱོད་ཡུལ་ཡིན། །གང་ལ་ཡི་གེའི་ཚིག་ཀྱང་མི་དམིགས་པ། །སངས་རྒྱས་བྱང་ཆུབ་ཉིད་ནི་བཅོམ་ལྡན་མཁྱེན། །ཡངས་པའི་གཟུངས་དང་ཡེ་ཤེས་བསགས་པ་སྟེ། །མདོ་སྡེ་བྱེ་བ་ཁྲག་ཁྲིག་རྣམས་ཀྱང་འབྱུང ། །སངས་རྒྱས་བྱེ་བ་ཁྲག་ཁྲིག་སྤྱོད་ཡུལ་ཏེ། །ཏིང་འཛིན་འདི་ནི་བཅོམ་ལྡན་རབ་ཏུ་འཆང ། །འདི་ནི་ན་བ་ནད་ལས་ཐར་བྱེད་པ། །བྱང་ཆུབ་སེམས་དཔས་བསྒྲུབས་པའི་ནོར་ཡིན་ཏེ། །སངས་རྒྱས་ཀུན་གྱིས་བསྟོད་ཅིང་རབ་ཏུ་བསྔགས། །བྱེ་བ་ཁྲག་ཁྲིག་ལྷ་ཡིས་རབ་ཏུ་མཆོད། །སྐྱེ་བོ་བྱིས་པ་ཀུན་ལ་ཡང་དག་སྟོན། །མུ་སྟེགས་ཅན་གྱིས་རྟག་པར་ཡོངས་སུ་སྤངས། །ཚུལ་ཁྲིམས་ནོར་ནི་མཆོག་ཏུ་སངས་རྒྱས་གསུངས། །ནམ་མཁའ་ལ་ནི་གློག་བཞིན་ཆགས་མི་འགྱུར། །གང་གིས་རྒྱལ་བ་བྱེ་བ་རབ་མཆོད་ཅིང ། །སྦྱིན་དང་ཚུལ་ཁྲིམས་སྤྱད་པ་མཁས་པ་དང ། །སྔན་ཆད་སྡིག་པའི་གྲོགས་པོ་སྤངས་པ་དག་།དེ་དག་གི་ནི་བླ་མེད་ཕ་རོལ་ནོར། །དེ་ན་དགེ་སློང་ཆོས་སྨྲ་འདུག་པ་དག་།ཚངས་པར་སྤྱོད་པ་བདེ་གཤེགས་ཐུགས་ཀྱི་སྲས། །རྗེས་སུ་མཐུན་པའི་ཆོས་འདི་ཐོས་ནས་ནི། །འཇིག་རྟེན་འདྲེན་པར་སེམས་ཀྱང་བསྐྱེད་པར་གྱུར། །འདྲེན་པ་དབང་ཏོག་རྒྱལ་མཚན་རྒྱལ་པོ་ཡིས། །
114a
༄#། །ཆོས་སྨྲ་དེ་ལ་ཡང་ནི་ཚིག་གསུངས་པ། །དགེ་སློང་དངོས་པོ་མཆོག་ཏུ་བྱ་དཀའ་ཡིས། །བྱང་ཆུབ་དམ་པ་མཆོག་ལ་སེམས་སྐྱེད་ཅིག་།ནོར་བུ་རིན་ཆེན་འདྲ་པར་ཚུལ་ཁྲིམས་སྲུངས། །རྗེས་སུ་མཐུན་པའི་གྲོགས་ལ་རྟག་པར་སྟེན། །སྡིག་པའི་གྲོགས་ལ་ནམ་ཡང་མ་བསྟེན་དང ། །སངས་རྒྱས་ཡེ་ཤེས་རིང་པོར་མི་ཐོགས་ཐོབ། །དབང་པོ་ཏོག་གི་རྒྱལ་མཚན་རྒྱལ་པོའི་དྲུང ། །གང་གིས་བྱང་ཆུབ་སེམས་མཆོག་བསྐྱེད་པ་ནི། །དེ་དག་ཐམས་ཅད་ཆོས་སྨྲར་རབ་འགྱུར་ཏེ། །ཚངས་པར་སྤྱོད་པ་བདེ་གཤེགས་ཐུགས་གྱི་སྲས། །དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོའི་ལེའུ་སྟེ། ཉི་ཤུ་པའོ།། །།འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ། བམ་པོ་བདུན་པ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་བའི་རྩ་བ་དང ། བསླབ་པ་དང ། ཡོན་ཏན་གྱི་ཆོས་ཐམས་ཅད་ལ་གདོན་མི་ཟ་བར་བྱའོ། །འདུ་འཛི་མང་བ་མ་ཡིན་པར་བྱའོ། །སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་ཤིང་དགེ་བའི་བཤེས་གཉེན་ལ་རྟེན་པ་དང།་ཡོངས་སུ་དྲི་བའི་རང་བཞིན་ཅན་དང ། ཆོས་ཡོངས་སུ་འཚོལ་བ་ལ་བརྩོན་པ་དང ། ཆོས་ལ་དོན་དུ་གཉེར་བ་དང ། ཆོས་འདོད་པ་དང ། ཆོས་ལ་དགའ་བ་དང ། ཆོས་
114b
ཡོངས་སུ་འཛིན་པ་དང ། ཆོས་དང་ཆོས་ཀྱི་རྗེས་སུ་མཐུན་པ་ལ་ཞུགས་པར་བྱའོ། །དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུ་ཤེས་བསྐྱེད་པར་བྱའོ། །གང་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་ལའང་དེས་དགའ་བ་དང་གུས་པས་སྟོན་པར་འདུ་ཤེས་བསྐྱེད་པར་བྱའོ། །གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དགེ་བའི་རྩ་བ་དང ། བསླབ་པ་དང ། ཡོན་ཏན་གྱི་ཆོས་ཐམས་ཅད་གདོན་མི་ཟ་བའི་ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་བླངས་ཏེ་གནས་ན་དེ་མྱུར་དུ་སྤོབས་པ་རྒྱུན་མི་ཆད་པ་ལས་ངེས་པར་འབྱུང་བར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ལ་མོས་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་ངེས་པར་རྟོགས་པར་འགྱུར་རོ། །ལྷར་བཅས་པའི་འཇིག་རྟེན་གྱི་ནེམ་ནུར་དང ། ཡིད་གཉིས་དང ། ཐེ་ཚོམ་གྱི་མུན་པ་སེལ་བའི་ཕྱིར་སྣང་བ་ལྟ་བུར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་དགེ་བའི་རྩ་བ་དང ། བསླབ་པ་དང ། ཡོན་ཏན་གྱི་ཆོས་ཐམས་ཅད་ངེས་བར་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་བརྗོད་པའི་ཕྱིར་ཟླ་འོད་གཞོན་ནུར་གྱུར་པ་ལ་སྔོན་བྱུང་བའི་གཏམ་གྱི་རྒྱུད་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཡང་དག་པར་རབ་ཏུ་བསྟན་པ། སྔོན་བྱུང་ཛམྦུའི་གླིང་ཞེས་བྱ་བ་འདིར། །གཡེལ་བ་མེད་པའི་ཁྱེའུ་མཆོག་གཉིས་བྱུང་སྟེ། །བདེ་བར་གཤེགས་པའི་བསྟན་ལ་རབ་བྱུང་ནས། །བསེ་རུ་བཞིན་དུ་ནགས་ཁྲོད་སྟུག་པོར་
115a
༄#། །གནས། །རྫུ་འཕྲུལ་ལྡན་ཞིང་བསམ་གཏན་བཞི་རྣམས་ཐོབ། །སྙན་དངགས་བསྟན་བཅོས་མཁས་ཤིང་རྫོགས་པ་སྟེ། །བར་སྣང་གི་ནི་རྗེས་དང་ས་ཡང་རིག་དེ་དག་ནམ་མཁའ་ལ་ཡང་ཐོགས་མེད་འགྲོ་།དེ་དག་ནགས་ཁྲོད་སྟུག་པོ་བསིལ་བ་དེར། །མེ་ཏོག་སྣ་ཚོགས་ཡིད་དུ་འོང་བས་གང ། །བྱ་ཡང་སྣ་ཚོགས་མང་པོས་བསྙེན་པ་དེར། །ཕན་ཚུན་དུ་ནི་གཏམ་དག་རབ་ཏུ་སྨྲ། །རྒྱལ་པོ་རི་དྭགས་འཆོར་ཞིང་སོང་སོང་ན། །སྒྲ་གྲགས་ནས་ནི་ནགས་ཚལ་དེར་འོངས་ཏེ། །རྒྱལ་པོས་ཆོས་སྨྲ་དེ་གཉིས་མཐོང་ནས་ནི། །དེ་ལ་མཆོག་ཏུ་དགའ་བ་ཉེ་བར་བཞག་།དེ་དང་རྗེས་སུ་མཐུན་པའི་གཏམ་བྱས་ནས། །དེ་དག་རྒྱལ་པོའི་མདུན་དུ་འདུག་པ་དང ། །རྒྱལ་པོ་དེ་ཡི་དམག་མང་མཐའ་ཡས་པ། །བྱེ་བ་ཁྲག་ཁྲིག་དྲུག་ཅུ་ཉེ་བར་ལྷགས། །དེ་ནས་ཆོས་སྨྲ་དེ་དག་སོ་སོ་ནས། །རྒྱལ་པོ་དེ་ལ་སྨྲས་པ་རྒྱལ་རིགས་ཉོན། །སངས་རྒྱས་འབྱུང་བ་མཆོག་ཏུ་རྙེད་པར་དཀའ། །ས་ཡི་བདག་པོ་རྟག་ཏུ་བག་ཡོད་གྱིས། །ཚེ་ནི་རྟག་ཏུ་འགྲོ་ཞིང་མི་གནས་ཏེ། །རི་ཡི་ཆུ་བོ་བཞིན་དུ་མྱུར་དུ་འགྲོ་།ནད་དང་མྱ་ངན་རྒ་བས་གཟིར་བ་ལ། །ཁྱོད་ལ་དགེ་བའི་ལམ་འདྲ་སྐྱབས་གཞན་མེད། ། རྒྱལ་པོའི་གླང་པོ་ཆོས་རྣམས་བསྐྱང་བར་གྱིས། །སྟོབས་བཅུ་ལྡན་པའི་བསྟན་པ་འདི་ཡང་སྲུངས། །ཟད་པའི་དུས་ལ་ཤིན་ཏུ་འཇིགས་པའི་ཚེ། །རྒྱལ་པོའི་གླང་པོ་ཆོས་ཀྱི་
115b
ཕྱོགས་གནས་ཀྱིས། །དེ་ལྟར་དེ་ཚེ་མཁས་པ་དེ་དག་གིས། །རྣམ་པ་དུ་མར་མི་དབང་གདམས་པ་བྱས། །རྒྱལ་པོ་ཁྲག་ཁྲིག་དྲུག་ཅུར་བཅས་པ་ཡིས། །དེ་ཚེ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་ཚེ་རྒྱལ་པོའི་གླང་པོ་ཆོས་ཐོས་ནས། །དེས་ཤིང་དགེ་བའི་ཆོས་རྣམས་སྨྲ་བ་ལ། །རངས་ཤིང་ཡིད་བདེ་དགའ་བ་རབ་སྐྱེས་ནས། །རྐང་པ་ལ་ཡང་ཕྱག་བཙལ་དེ་ནས་སོང ། །རྒྱལ་པོ་དེ་ཡི་དགེ་སློང་མང་པོ་དག་།རྙེད་པ་འདོད་ཅིང་དེ་ཡི་ཁྱིམ་དུ་འཇུག་།དེ་དག་དེ་མི་འདྲ་བའི་སྤྱོད་མཐོང་ནས། །དེ་ལ་རྒྱལ་པོ་དེ་ལྟར་རི་མོ་མེད། །བསྟན་པ་དེ་ཡང་སྟོན་པ་འདས་པ་ཡི་དེ་ཚེ་ལོ་ཡི་ཐ་མར་གྱུར་པ་སྟེ། །ཛམྦུའི་གླིང་ན་སྣོད་གྱུར་རབ་ཏུ་ཉུང ། །མ་བསྡམས་པ་དག་ཤིན་ཏུ་མང་པོ་བྱུང ། །དེ་ནས་དགེ་སློང་མང་པོ་བརྐམ་ཞིང་ཆགས། །རྙེད་པ་འདོད་ཅིང་དམིགས་པའི་ལྟ་བ་ཅན། །བདེ་གཤེགས་བསྟན་པ་རབ་ཏུ་ཞིག་པའི་ཚེ། །རྒྱལ་པོ་དེ་ཡང་བསྒྱུར་ཅིང་བྱེད་དུ་བཅུག་།ཆོས་སྨྲ་གཉིས་པོ་འདི་ནི་གསད་པར་གྱིས། །འདི་དག་མུ་སྟེགས་ཆད་པར་སྨྲ་བ་སྟེ། །ཡུན་རིང་སྤྱོད་པར་ཡང་དག་འཛུད་བྱེད་ཀྱང ། །དེ་དག་གང་དུའང་མྱ་ངན་འདའ་མི་སྟོན། །ལས་ཀྱང་འཇིག་ཅིང་རྣམ་པར་སྨིན་པ་འཇིག་།ཚུལ་འཆོས་འདི་དག་ཕུང་པོ་མེད་ཅེས་སྨྲ། རྒྱལ་པོ་འདི་དག་ཡུལ་ནས་སྤངས་ནས་ནི། །འདིར་ཡང་ཆོས་ནི་ཡུན་རིང་གནས་པར་འགྱུར། །དེ་དག་གི་ནི་ཚིག་ཐོས་དེ་ཡི་ཚེ། །རྒྱལ་པོའི་གླང་པོ་ཐེ་ཚོམ་བྱུང་བར་གྱུར། །ཆོས་སྨྲ་
116a
༄#། །གཉིས་པོ་འདི་ནི་གསད་པར་བྱ། །བཏང་སྙོམས་བཞག་ན་གནོད་པར་འགྱུར་སྲིད་སྙམ། །རྒྱལ་པོ་དེ་ཕྱིར་འབྲང་བ་ལྷ་མོ་ཞིག་།ཚེ་རབས་སྔ་མར་ལྷན་ཅིག་སྤྱོད་པ་སྤྱད། །ཡུན་རིང་དུས་ནས་ཕན་འདོད་མཁས་པ་སྟེ། །དེ་ཡིས་རྒྱལ་པོ་དེ་ལ་འདི་སྐད་སྨྲས། །རྒྱལ་རིགས་སྡིག་པའི་གྲོགས་པོའི་ཚིག་དག་གིས། །འདི་ལྟ་བུ་ཡི་སེམས་ནི་མ་བསྐྱེད་ཅིག་།དགེ་སློང་ཆོས་སྨྲ་མཁས་པ་གཉིས་པོ་འདི། །སྡིག་པའི་གྲོགས་པོའི་ཚིག་གིས་མ་སྤོངས་ཤིག་།དེ་དག་གིས་ནི་ནགས་ཁྲོད་ཅི་བཤད་པ། །ཤིན་ཏུ་འཇིགས་པ་མི་བཟད་དུས་ཀྱི་ཚེ། །རྒྱལ་པོའི་གླང་པོ་ཆོས་ཀྱི་ཕྱོགས་གནས་ཀྱིས། །མི་ཡི་བདག་པོ་ཅུང་ཟད་མི་དྲན་ནམ། །རྒྱལ་པོ་ཡང་དག་ཚིག་གིས་བསྐུལ་བ་ཡིས། །དེ་ནི་རྒྱལ་པོའི་བསྟན་པ་མི་གཏོང་གྱུར། །དེ་ཚེ་རྒྱལ་པོའི་ནུབ་བོ་མ་རུངས་པ། །ཉེན་གོར་རྒྱལ་པོ་བྱེད་པ་དེས་རྦད་དེ། །རྒྱལ་པོ་ཁྱོད་ཀྱི་གཅེན་ནི་སྡིག་པ་ཅན། །བདག་གི་སྲོག་ཀྱང་ནམ་དུ་འདོད་མི་བྱེད། །དགེ་སློང་གཉིས་པོ་རིག་སྔགས་དྲག་ལྡན་པ། །དེ་དག་ནམ་མཁའ་ལ་ཡང་སྔགས་ཀྱིས་འགྲོ། །དེ་ཐོས་ནས་ནི་ཁྱོད་ཀྱི་དྲུང་དུ་འོངས། །ཐམས་ཅད་འདུས་ཏེ་གསོལ་བ་འདེབས་པ་ནི། །རིག་སྔགས་དྲག་ལྡན་འདི་གཉིས་མྱུར་དུ་གསོད། །ཕྱིས་གདོད་འགྱོད་པར་གྱུར་ན་མ་ལེགས་སོ། །དེ་ཚེ་རྒྱལ་པོའི་གླང་པོ་གོ་བགོས་ནས། །སྡིག་པའི་གྲོགས་ཀྱི་ཚིག་གིས་དེར་ཆས་
116b
ཏེ། །རྒྱལ་པོ་དམག་སྡེ་ཀུན་གྱིས་ཡོངས་བསྐོར་ནས། །ནགས་ནས་དགེ་སློང་གང་ན་ཡོད་པར་ལྷགས། །རྒྱལ་པོ་མི་ཟད་དྲག་ཤུལ་སེམས་རིག་ནས། །ཀླུ་དང་གནོད་སྦྱིན་ནགས་དེར་གནས་པ་ཡིས། །རྡོ་དང་སོ་ཕག་ཆར་ཕབ་ཕྱིར་བསྐྲད་དེ། །དེས་ནི་རྒྱལ་པོ་སྡེ་དང་བཅས་པ་བཏགས། །ལྟོས་ཤིག་སྡིག་པའི་གྲོགས་ཀྱི་ཚིག་གིས་ནི། །དེ་ཚེ་མ་རུངས་རྒྱལ་པོ་འཆི་དུས་བྱས། ། ཆོས་སྨྲ་དག་ལ་ཁྲོ་བ་བྱས་བས་ན། །དེར་ནི་ཚེ་རབས་དྲུག་ཅུར་མནར་མེད་སོང ། །རྒྱལ་རིགས་རྒྱལ་པོ་གང་གིས་རྦད་པ་ཡི། །དགེ་སློང་དམིགས་ལྟ་མང་པོ་དེ་དག་ཀྱང ། །ཚེ་རབས་བྱེ་བ་བརྒྱ་ཕྲག་བསམ་ཡས་སུ། །སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་བར་གྱུར། །ལྷ་མོ་གང་གིས་རྒྱལ་པོ་བསྐུལ་བསྟན་ཅིང ། །གང་གིས་ཆོས་སྨྲ་དེ་དག་བསྲུངས་པ་ནི། ། སངས་རྒྱས་གངྒཱའི་བྱེ་མ་མཉམ་པ་མཐོང ། །སྤྱད་པ་སྤྱོད་ཅིང་དེ་དག་མཆོད་པ་བྱས། །བྱེ་བ་ཁྲག་ཁྲིག་དྲུག་ཅུ་མཐའ་ཡས་པས། །རྒྱལ་པོ་དང་ནི་ལྷན་ཅིག་ཆོས་ཐོས་ཤིང ། །བྱང་ཆུབ་ཏུ་ནི་སེམས་མཆོག་བསྐྱེད་པ་དག་།འཇིག་རྟེན་ཁམས་མང་དུ་ཡང་སངས་རྒྱས་གྱུར། །དེ་དག་ཚེ་ཚད་བསྐལ་བ་བྱེད་བ་མང ། །དེ་དག་ཡེ་ཤེས་གཞལ་མེད་བསམ་མི་ཁྱབ། །དེ་དག་ཀུན་གྱིས་ཏིང་འཛིན་བཟང་པོ་འདི། །བཤད་ནས་རྐང་གཉིས་གཙོ་བོ་མྱ་ངན་འདས། །ཚུལ་ཁྲིམས་ཚངས་པ་ཡོན་ཏན་ཡེ་ཤེས་བསགས། །བླ་ན་མེད་པའི་ཚིག་འདི་ཐོས་
117a
༄#། །ནས་ནི། །གཡེང་བ་མེད་པར་བག་ཡོད་སྤྱོད་ཅིག་དང ། །སངས་རྒྱས་ཡེ་ཤེས་རིང་པོར་མི་ཐོགས་ཐོབ། །ཕྱོགས་བཅུ་དག་གི་དེ་བཞིན་གཤེགས་པ་རྣམས། །སེམས་ཞི་སྙིང་རྗེ་བྱམས་པའི་སྤྱན་མངའ་བ། །འཇིག་རྟེན་ཀུན་གྱི་སྐྱབས་དང་དཔུང་གཉེན་མཐོང ། །འཇིག་རྟེན་ཀུན་ཏུ་ཆོས་ཀྱི་ཆར་འབེབས་འགྱུར། ། གཞོན་ནུ་ཁྱེའུ་མཆོག་གཉིས་པོ་བྱུང་བ་ཡང ། །གཞན་ཡིན་སྙམ་ན་དེ་ལྟར་མི་བལྟ་སྟེ། །མར་མེ་མཛད་ནི་དེ་ན་གཅིག་ཏུ་གྱུར། །དེ་ཚེ་ཆོས་སྨྲ་གཉིས་པ་ང་ཡིན་ནོ། །གང་གིས་རྗེས་སུ་མཐུན་པའི་ཆོས་ཐོས་པ། །རྒྱལ་པོ་དེར་ཡང་བྱམས་པ་དེ་ཚེ་གྱུར། །ལྷ་མོ་ཕན་འདོད་མཁས་པ་གང་བྱུང་བ། །གཞོན་ནུ་ཁྱོད་ནི་དེ་ཚེ་དེར་གྱུར་ཏོ། །རྒྱལ་པོ་དེ་ཡི་ནུ་བོ་གང་བྱུང་བ། །དགེ་སློང་ཆོས་སྨྲ་འདི་གཉིས་སོད་ཅིག་ཅེས། །དགེ་སློང་རྙེད་བ་འདོད་པས་རྦད་པ་ནི། །ལྷ་སྦྱིན་དེ་ཡི་ཚེ་ན་དེར་གྱུར་ཏོ། །སྔོན་བྱུང་བའི་ལེའུ་ཞེས་བྱ་སྟེ། ཉི་ཤུ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འདོད་པ་དང ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ལུས་དང་
117b
སྲོག་ལ་མ་ཆགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ། ལུས་དང་སྲོག་ལ་ཆགས་པའི་ཕྱིར་སེམས་ཅན་རྣམས་མི་དགེ་བའི་ལས་མངོན་པར་འདུ་བྱེད་པར་འགྱུར་རོ། །གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་དང་སྲོག་ལ་མ་ཆགས་པ་རྣམས་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྙེད་པར་མི་དཀའ་ན་ཏིང་ངེ་འཛིན་འདི་ལྟ་ཅི་སྨོས། གཞོན་ནུ། དེ་ལྟ་བས་ན་ལུས་དང་སྲོག་ལའང་མ་ཆགས་པར་བྱའོ་ཞེས་དེ་ལྟར་ཁྱོད་ཀྱིས་བསླབ་པར་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། །རྟག་ཏུ་ཁོར་མོར་རྣག་གི་ལུས་འདི་ལ། །བྱིས་པ་རྣམས་ནི་རབ་ཏུ་ཆགས་བྱེད་དེ། །སྲོག་ལ་འདུ་ཞིང་བདེ་བ་འདོད་པའི་ཕྱིར། །མི་མཁས་པ་དག་རྟག་ཏུ་སྡིག་པ་བྱེད། །སུ་དག་སྙིང་པོ་མེད་པའི་ལུས་སྲོག་ལ། ། ལྷག་པར་ཆགས་པ་ཡོད་པ་མ་ཡིན་པ། །དེ་དག་གིས་ནི་བདུད་ཀྱི་སྡེ་བཅོམ་སྟེ། །བྱང་ཆུབ་ཤིང་དྲུང་བྱང་ཆུབ་རབ་ཏུ་རྟོགས། །སུ་དག་བདག་མེད་སྟོང་པའི་ལུས་རྣམས་དང ། །སྲོག་ཀྱང་རྨི་ལམ་གཡོ་བ་ཟིལ་པ་འདྲ། །འདི་གཉིས་ལ་ནི་ཆགས་པར་བྱེད་འགྱུར་བ། །དེ་དག་ཤི་འཕོས་སེམས་ཅན་དམྱལ་བར་འགྲོ། །ལུས་ངེས་པར་བསྟན་པའི་ལེའུ་སྟེ། ཉི་ཤུ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་
118a
༄#། །སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འདོད་པ་དང ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་དེ་བཞིན་གཤེགས་པ་ནི་གཟུགས་ཀྱི་སྐུར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་ཡིན་ཏེ། གཟུགས་ཀྱི་སྐུས་རབ་ཏུ་ཕྱེ་བ་མ་ཡིན་ནོ། །གཞོན་ནུ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྐུ་ལ་སྨོན་པར་འདོད་པ་དང ། དེ་བཞིན་གཤེགས་པའི་སྐུ་ཤེས་པར་འདོད་པས་ཏིང་ངེ་འཛིན་འདི་གཟུང་བར་བྱ། ཀུན་ཆུབ་པར་བྱ། བཅང་བར་བྱ། བཀླག་པར་བྱ། རབ་ཏུ་གདན་པར་བྱ། ལུང་མནོད་ཅིང་ཁ་ཏོན་དུ་བྱ། བསྒོམ་པར་བྱ།་བསྒོམ་པའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་བྱ། གཞན་ལའང་རྒྱ་ཆེར་རབ་ཏུ་བསྟན་པར་བྱའོ། །གཞོན་ནུ། དེ་བཞིན་གཤེགས་པའི་སྐུ་ནི་བསོད་ནམས་བརྒྱ་པ་ལས་སྐྱེས་པའི་བློ་དང་དོན་གཅིག་ཏུ་བསྟན་པ་ཡིན་ཏེ། ཆོས་ལས་སྐྱེས་པ། མཚན་མ་མེད་པ། མཚན་མ་ཐམས་ཅད་དང་བྲལ་བ། ཟབ་པ། ཚད་མེད་པ། ཚད་མེད་པའི་ཆོས། མཚན་མ་མེད་པའི་ངོ་བོ་ཉིད། མཚན་མ་ཐམས་ཅད་རྣམ་པར་བ་ཤིག་པ། མི་གཡོ་བ། མི་གནས་པ། ཤིན་ཏུ་ནམ་མཁའི་ངོ་བོ་ཉིད། མི་སྣང་བ། མིག་གི་
118b
ལམ་ལས་ཡང་དག་པར་འདས་པ་ནི་ཆོས་ཀྱི་སྐུར་རབ་ཏུ་ཤེས་པར་བྱ་སྟེ། བསམ་གྱིས་མི་ཁྱབ་པ། བསམ་པའི་ས་དང་བྲལ་བ། བདེ་བ་དང་སྡུག་བསྔལ་གྱིས་མི་བསྐྱོད་པ། སྤྲོས་པ་ཐམས་ཅད་ལས་ཡང་དག་པར་འདས་པ། གནས་མེད་པ། སངས་རྒྱས་ཀྱི་ཡེ་ཤེས་ལ་སྨོན་པར་འདོད་པ་རྣམས་ཀྱི་སྒྲ་ལས་ཤིན་ཏུ་འདས་པའི་སྙིང་པོ་སྟེ་འདོད་ཆགས་ལས་ཡང་དག་པར་འདས་པ། དབྱེར་མི་ཕྱེད་པ་སྟེ་ཞེ་སྡང་ལས་ཡང་དག་པར་འདས་པ། བརྟན་པ་སྟེ་གཏི་མུག་ལས་ཡང་དག་པར་འདས་པ། སྟོང་པ་ཉིད་དུ་བསྟན་པས་ངེས་པར་བསྟན་པ། མ་སྐྱེས་པ། སྐྱེ་བ་ལས་ཡང་དག་པར་འདས་པ། ཐ་སྙད་དུ་བརྟགས་པ། མྱ་ངན་ལས་འདས་པ། བྱེ་བྲག་མེད་པ། སྒྲས་མྱ་ངན་ལས་འདས་པ། དབྱངས་ཀྱིས་ཞི་བ། བརྡས་མཚུངས་པར་གྱུར་པ། དོན་དམ་པས་བརྡར་གྱུར་པ། ཡང་དག་པ་ཇི་ལྟ་བའི་ཚིག་གིས་དོན་དམ་པ། ཡོངས་སུ་གདུང་བ་མེད་པས་བསིལ་བ། གནས་མེད་པ། གཞལ་དུ་མེད་པ། ཁ་དོག་བསྟན་པས་མུ་མེད་པ། མངོན་པར་ཤེས་པ་ཆེན་པོ་ཡོངས་སུ་སྦྱང་བ་ལས་བྱུང་བ་སྟེ། གཞོན་ནུ། དེ་ནི་དེ་བཞིན་གཤེགས་པའི་སྐུ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །འདི་འདྲའི་འཇིག་རྟེན་མགོན་པོའི་སྐུ། །སུ་དག་ཤེས་པར་འདོད་པ་ནི། །ཏིང་འཛིན་འདི་ནི་སྒོམ་གྱིས་དང ། །སངས་རྒྱས་
119a
༄#། །སྐུ་ནི་ཤེས་པར་འགྱུར། །སངས་རྒྱས་སྐུ་ནི་དག་པ་སྟེ། །བསོད་ནམས་བརྒྱ་སྐྱེས་འོད་ཀྱང་གསལ། །དེ་ནི་བར་སྣང་མཚུངས་པ་སྟེ། །དེ་ལ་ཐ་དད་བྱ་བ་མེད། །སངས་རྒྱས་བྱང་ཆུབ་ཅི་འདྲ་བ། །མཚན་རྣམས་ཀྱང་ནི་དེ་འདྲ་སྟེ། །དེ་ཡི་མཚན་རྣམས་ཅི་འདྲ་བ། །དེ་ཡི་སྐུ་ཡང་དེ་འདྲའོ། །སྐུ་ནི་བྱང་ཆུབ་མཚན་ཉིད་དེ། ། སངས་རྒྱས་ཞིང་ཡང་དེ་འདྲ་ཞིང ། །སྟོབས་དང་རྣམ་ཐར་བསམ་གཏན་ཡང ། །དེ་དག་ཐམས་ཅད་མཚན་ཉིད་གཅིག་།དེ་ལྟར་སངས་རྒྱས་འབྱུང་འགྱུར་ཏེ། །འཇིག་རྟེན་མགོན་པོའི་དེ་འདྲ་བས། །སུས་ཀྱང་ཤ་ཡི་མིག་གིས་ནི། །ནམ་ཡང་མཐོང་བར་མི་ནུས་སོ། །མང་པོ་དག་ཀྱང་འདི་སྐད་སྨྲ། །ངས་ནི་འཇིག་རྟེན་འདྲེན་པ་མཐོང ། །སྐུ་ཡང་གསེར་གྱི་ཁ་དོག་ལ། །འཇིག་རྟེན་ཐམས་ཅད་སྣང་བར་མཛད། །སངས་རྒྱས་དག་གི་བྱིན་རླབས་དང ། །མཐུ་དང་རྣམ་པར་སྤྲུལ་པ་ཡིས། །དེ་ལྟར་མཚན་གྱིས་སྤྲས་པ་ཡི། །སྐུ་དག་ཤིན་ཏུ་སྣང་བ་ཡིན་བོང་ཚོད་ཁྲུན་དང་སྦོམས་སུ་ཡང ། །སངས་རྒྱས་སྐུ་ནི་བཤད་མོད་ཀྱི། །སྐུ་ཡི་ཚད་མི་མ་རྙེད་དེ། །དེ་ཕྱིར་བསམ་གྱིས་མི་ཁྱབ་བོ། །སངས་རྒྱས་སྐུ་ནི་འདི་ཙམ་ཞེས། །གལ་ཏེ་ཚད་ཀྱང་རྙེད་གྱུར་ན། །ལྷ་དག་དང་ནི་མི་རྣམས་དང ། །སྟོན་པ་བྱེ་བྲག་མེད་པར་འགྱུར། །མཉམ་པར་བཞག་པའི་སེམས་ཀྱི་ནི། །རྣམ་པར་སྨིན་པའང་དེ་ཡི་མཚན། །མིང་དང་གཟུགས་
119b
ཀྱང་དེ་འདྲ་མཚན། །རྣམ་པར་དག་ཅིང་འོད་གསལ་འགྱུར། །ཇི་ལྟར་འཇིག་རྟེན་མགོན་པོ་ཡིས། །བསྐལ་པ་བྱེ་བར་བསྙེན་པ་ལྟར། །སུས་ཀྱང་ཏིང་འཛིན་ཞི་བ་འདི། །རྣམ་པ་དགོམས་པར་མ་བྱས་སོ། །དཀར་པོའི་ཆོས་ནི་མང་པོ་ཡིས། །ཏིང་འཛིན་འདི་ནི་བསྐྱེད་བསྟེ། །ཏིང་འཛིན་འདི་ནི་རྒྱ་ཆེ་བས། །ང་ཡི་ལུས་ཀྱང་མི་སྣང་ངོ ། །གང་གི་སེམས་ནི་ཅི་འདྲ་བ། །མིང་དང་གཟུགས་ཀྱང་དེ་འདྲ་སྟེ། །རང་བཞིན་མེད་པའི་སེམས་ཀྱི་ནི། །མིང་དང་གཟུགས་ཀྱང་མཚན་དེ་འདྲ། །མིང་དང་གཟུགས་ལ་གང་གི་ནི། །འདུ་ཤེས་རགས་པ་འཇུག་པ་ཡང ། །སྐལ་པ་མི་མཉམ་འདུ་ཤེས་ཀྱིས། །རགས་པའི་སེམས་ཀྱང་སྐྱེ་བར་འགྱུར། །མིང་དང་གཟུགས་ལ་སུ་དག་གི་།འདུ་ཤེས་ཕྲ་མོ་འཇུག་པ་ནི། །མིང་དང་གཟུགས་ལ་མཆགས་པས། །སེམས་ནི་རབ་ཏུ་འོད་གསལ་འགྱུར། །ངས་དྲན་སྔོན་གྱི་ཚེ་རབས་ནི། །གྲངས་མེད་པ་དག་བདུན་དུ་ཡང ། །སྡིག་པའི་འདུ་ཤེས་གསུམ་པོ་དག་།ནམ་ཡང་སྐྱེས་པར་མ་གྱུར་ཏོ། །ང་ཡིས་སེམས་ནི་ཟག་མེད་དེ།། བསྐལ་པ་བྱེ་བ་བསམ་ཡས་སུ། །སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང ། །ང་ཡི་ལུས་ནི་མི་སྣང་ངོ ། །ཇི་ལྟར་གང་གི་དངོས་པོ་ལས། །ཡིད་ཀྱང་རྣམ་པར་གྲོལ་གྱུར་པ། །དེ་དག་དེ་ཡི་དངོས་པོ་དང ། །ཕྱིར་ཡང་ཕྲད་པར་མི་འགྱུར་རོ། །དངོས་པོ་ཀུན་ལས་རྣམ་པ་ཀུན། །ང་ཡི་རྣམ་ཤེས་རྣམ་གྲོལ་ཏེ། །སེམས་ཀྱི་རང་བཞིན་ཤེས་པས་ན། །ཕྱིར་ཡང་ཡེ་
120a
༄#། །ཤེས་འབྱུང་བར་འགྱུར། །ཞིང་རྣམས་བྱེ་བ་ཕྲག་སྟོང་དུ། །ང་ཡི་སྤྲུལ་པ་དག་ཀྱང་འགྲོ། །སེམས་ཅན་རྣམས་ཀྱི་དོན་ཀྱང་བྱེད། །དེ་ལ་ལུས་ཀྱང་རྙེད་མི་འགྱུར། །མཚན་ཉིད་མེད་ཅིང་མཚན་མ་མེད། །ཇི་ལྟར་ནམ་མཁའ་དེ་བཞིན་དུ། །ང་ཡི་སྐུ་ཡང་བརྗོད་མེད་ཅིང ། །ཤེས་པར་དཀའ་བར་རབ་ཏུ་བསྟན། །དཔའ་བོ་ཆེན་པོ་ཆོས་ཀྱི་སྐུ། །སྐུ་ནི་ཆོས་ལས་སྐྱེས་པ་སྟེ། །གཟུགས་ཀྱི་སྐུར་རིན་ནམ་དུ་ཡང ། །རྒྱལ་བ་གདགས་པར་ཡོང་མི་ནུས། །ཇི་ལྟར་བཤད་པ་འདི་དག་ཀྱང ། །ཐོས་ནས་དགའ་བར་འགྱུར་བ་ནི། །དེ་ལ་སྡིག་ཅན་བདུད་ཀྱིས་ཀྱང ། །གླན་ཀ་རྙེད་པར་མི་འགྱུར་རོ། །ཟབ་མོ་ཡི་ནི་ཆོས་ཐོས་ནས། །དེ་ལ་སྐྲག་པ་མི་འབྱུང་སྟེ། །དེ་ནི་སྲོག་གི་ཕྱིར་དུ་ཡང ། །སངས་རྒྱས་བྱང་ཆུབ་སྤོང་མི་བྱེད། །མདོ་སྡེ་བྱེ་བ་ཕྲག་སྟོང་གི། ཡང་དག་བསྟན་པ་ཤེས་པར་འགྱུར། །གང་དང་གང་དུ་སོང་བར་ཡང ། །འཇིག་རྟེན་དག་ལ་སྣང་བར་འགྱུར། ། གཞོན་ནུ། །དེ་ལ་དེ་བཞིན་གཤེགས་པའི་སྐུ་ནི་མཚན་མ་དང་ལས་ཀྱིས་ཀྱང་ཤེས་པར་སླ་བ་མ་ཡིན་ཏེ། སྔོན་པོའམ། ཁ་དོག་སྔོན་པོའམ། སྔོན་པོ་ལྟ་བུར་སྟོན་པའམ་འོད་སྔོན་པོ་འབྱུང་བའམ། སེར་པོའམ། ཁ་དོག་སེར་པོའམ། སེར་པོ་ལྟ་བུར་སྟོན་པའམ། འོད་སེར་པོ་འབྱུང་བའམ། དམར་པོའམ། ཁ་དོག་དམར་པོའམ། དམར་
120b
པོ་ལྟ་བུར་སྟོན་པའམ། འོད་དམར་པོ་འབྱུང་བའམ། དཀར་པོའམ། ཁ་དོག་དཀར་པོའམ། དཀར་པོ་ལྟ་བུར་སྟོན་པའམ། འོད་དཀར་པོ་འབྱུང་བའམ། ལེ་བརྒན་ནམ། ཁ་དོག་ལེ་བརྒན་ནམ། ལེ་བརྒན་ལྟ་བུར་སྟོན་པའམ། འོད་ལེ་བརྒན་འབྱུང་བའམ། ཤེས་ལམ། ཤེལ་གྱི་ཁ་དོག་གམ། ཤེལ་ལྟ་བུར་སྟོན་པའམ། ཤེལ་གྱི་འོད་འབྱུང་བའམ། མེའམ། མེའི་ཁ་དོག་གམ། མེ་ལྟ་བུར་སྟོན་པའམ། མེའི་འོད་འབྱུང་བའམ། མར་གྱི་སྙིང་པོའམ། མར་གྱི་ཁ་དོག་གམ། མར་ལྟ་བུར་སྟོན་པའམ། མར་གྱི་འོད་འབྱུང་བའམ། གསེར་རམ།་གསེར་གྱི་ཁ་དོག་གམ། གསེར་ལྟ་བུར་སྟོན་པའམ། གསེར་གྱི་འོད་འབྱུང་བའམ། བཻ་ཌཱུརྱའམ། བཻ་ཌའྲྒྱའི་ཁ་དོག་གམ། བཻ་ཌའྲྱ་ལྟ་བུར་སྟོན་པའམ། བཻ་ཌའྲྱའི་འོད་འབྱུང་བའམ། གློག་གམ། གློག་གི་ཁ་དོག་གམ། གློག་ལྟ་བུར་སྟོན་པའམ། གློག་གི་འོད་འབྱུང་བའམ། ཚངས་པའམ། ཚངས་པའི་ཁ་དོག་གམ། ཚངས་པ་ལྟ་བུར་སྟོན་པའམ། ཚངས་པའི་འོད་འབྱུང་བའམ། ལྷ་འམ། ལྷའི་ཁ་དོག་གམ། ལྷ་ལྟ་བུར་སྟོན་པའམ། ལྷའི་འོད་འབྱུང་བའོ་ཞེས་ཤེས་པར་སླ་བ་མ་ཡིན་ནོ། །གཞོན་ནུ། དེ་ལྟར་དེ་བཞིན་གཤེགས་པའི་སྐུ་ནི་དག་བསྟེ། མཚན་མ་དག་གིས་བསམ་པར་བྱ་བ་མ་ཡིན་པ། བསམ་གྱིས་མི་ཁྱབ་པར་བསྟན་པ། མཚན་མ་ཐམས་ཅད་ཀྱིས་ཀྱང་བསམ་པར་བྱ་བ་མ་ཡིན་པ། བསམ་གྱིས་
121a
༄#། །མི་ཁྱབ་པར་བསྟན་པ་སྟེ། རྣམ་པ་ཐམས་ཅད་བསམ་གྱིས་མི་ཁྱབ་ཅིང་དཔག་ཏུ་མེད་པ་ཞེས་བྱ་བ་མ་གཏོགས་པར་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཀྱང་གཟུགས་ཀྱི་སྐུ་ཡོངས་སུ་རྫོགས་པས་སྐུའི་ཚད་གཟུང་བར་སླ་བ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །འཇིག་རྟེན་ཁམས་ཀྱི་རྡུལ་ཕྲན་དང ། །རྡུལ་དུ་མིང་ཡང་སྟོན་པ་དང ། །མཆེའུ་དང་རྫིང་དང་ལྟེང་ཀ་དང ། །རྒྱ་མཚོ་ན་ཡང་ཇི་སྙེད་ཆུ། །འདི་སྙེད་རྡུལ་ཕྲན་ཡོད་དོ་ཞེས། །དེ་དག་ལ་ནི་མཐའ་མི་རྙེད།། རྒྱ་མཚོ་ལ་ནི་སྐྲ་རྩེ་ཡིས། །ཆུ་ཐིགས་གཞལ་བར་ནུས་ཀྱང་ནི། །འཇིག་རྟེན་མགོན་པོའི་དཔེ་ཉིད་དུ། །ཡང་དག་བསྟན་པར་མི་རུང་ངོ ། །ཆུ་ཡི་ཐིགས་པ་དཔག་མེད་ཅིང ། །དེ་བཞིན་རབ་ཏུ་ཕྲ་བའི་རྡུལ། །དེ་བས་སེམས་ཅན་གཅིག་གི་ཡང ། །ཤིན་ཏུ་མང་དུ་ངས་མཐོང་སྟེ། །མོས་པ་དང་ནི་སེམས་བསྐྱེད་པ། །དུ་མ་དག་ནི་ཤེས་མི་སླ། །ངས་ནི་སྐུ་ཡི་ཡོན་ཏན་དག་།ཡང་དག་པ་ནི་གང་བསྟན་པ། །སེམས་ཅན་ཀུན་གྱི་མོས་པ་ཡང ། །དེ་དག་དཔེ་རུ་བཟོད་མི་འགྱུར། །མཚན་མ་དང་ནི་ལས་རྣམས་དང ། །ཁ་དོག་སྣང་བ་འདི་འདྲ་ཞེས། །སངས་རྒྱས་ཀྱི་ནི་ཤེས་མི་ནུས། །ང་ཡི་བྱེ་བྲག་དེ་འདྲའོ། །སངས་རྒྱས་མཚན་མ་བྲལ་བ་སྟེ། །ཆོས་ཀྱི་སྐུ་ཡིས་རབ་ཏུ་ཕྱེ། །ཟབ་ཅིང་དཔག་ཏུ་མེད་པ་སྟེ། །དེ་ཕྱིར་
121b
སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་བསམ་དུ་མེད་པ་ཡི། །སངས་རྒྱས་སྐུ་ཡང་བསམ་དུ་མེད། །སྐུ་དེ་བསམ་དུ་མེད་པ་ཡི། །ཆོས་ཀྱི་སྐུ་ཡིས་རབ་ཏུ་ཕྱེ། །སངས་རྒྱས་སྐུ་ནི་སེམས་ཀྱིས་ཀྱང ། །བསམ་པར་བཟོད་པ་མ་ཡིན་ཏེ། །དེ་ལྟར་དེ་ཡི་སྐུ་ལ་ཡང ། །ཆད་ཀྱང་ཉེ་བར་མི་དམིགས་སོ། །ཆོས་རྣམས་དེ་དག་སྤག་ཏུ་མེད། །བསྐལ་པ་བྱེ་བར་བསྙེན་པས་ན། ། དེ་ཕྱིར་ང་ཡི་ལུས་ཀྱང་ནི། །འོད་གསལ་བསམ་དུ་མེད་པ་གྲུབ། །སེམས་ཅན་ཀུན་གྱིས་གཟུང་དུ་མེད། །ཚད་ཀྱིས་གཟུང་བྱ་མ་ཡིན་ཏེ། །དེ་ལྟ་སངས་རྒྱས་སྐུ་དག་ནི། །ཚད་མེད་བསམ་གྱིས་མི་ཁྱབ་པ། །ཚད་མེད་པ་ཡི་ཆོས་དག་གིས། །དེ་ལ་ཚད་ནི་བརྟག་ཏུ་མེད། །མ་བརྟག་པ་ཡི་ཆོས་དག་གིས། །དེ་ལྟར་སངས་རྒྱས་མ་བརྟགས་སོ། །རྟོག་པ་དག་ནི་ཚད་དུ་བསྟན། །རྟོག་པ་མེད་པ་ཚད་མེད་ཡིན། །མི་རྟོག་རྟོག་དང་བྲལ་བས་ན། །དེ་ཕྱིར་སངས་རྒྱས་བསམ་དུ་མེད། །ཇི་ལྟར་ནམ་མཁའ་ཚད་མེད་ལ། །སུས་ཀྱང་གཞལ་དུ་མི་ནུས་པ། །དེ་བཞིན་སངས་རྒྱས་སྐུ་དག་ཀྱང ། །ནམ་མཁའ་ཉིད་དང་འདྲ་ཞིང་མཚུངས། །སངས་རྒྱས་སྐུ་ནི་དེ་ལྟ་བུར། །གང་གིས་རིག་པ་རྒྱལ་བའི་སྲས། །དེ་དག་བསམ་གྱིས་མི་ཁྱབ་པ། །སངས་རྒྱས་འཇིག་རྟེན་མགོན་པོར་འགྱུར། །དེ་བཞིན་གཤེགས་པའི་སྐུ་ངེས་པར་བསྟན་པའི་ལེའུ་སྟེ། ཉི་ཤུ་གསུམ་པའོ།། །།དེ་ནས་ཡང་བཅོམ་
122a
༄#། །ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཅི་ནས་ཀྱང་བདག་གིས་སོ་སོ་ཡང་དག་པར་རིག་པ་བཞི་མངོན་སུམ་དུ་བྱ་བར་འདོད་དེ། བཞི་གང་ཞེ་ན། འདི་ལྟ་སྟེ། དོན་སོ་སོ་ཡང་དག་པར་རིག་པ་དང ། ཆོས་སོ་སོ་ཡང་དག་པར་རིག་པ་དང ། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་འདི་བཞི་མངོན་སུམ་དུ་བྱའོ་སྙམ་ན། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཏིང་ངེ་འཛིན་འདི་གཟུང་བར་བྱ། ཀུན་ཆུབ་བར་བྱ། བཅང་བར་བྱ། བཀླག་པར་བྱ། རབ་ཏུ་གདོན་པར་བྱ། ལུང་མནོད་ཅིག་ཁ་ཏོན་དུ་བྱ། ཉོན་མོངས་པ་མེད་པར་སྒོམ་པས་བསྒོམ་པར་བྱ། གཞན་ལའང་རྒྱ་ཆེར་རབ་ཏུ་བསྟན་པར་བྱ། བསྒོམ་པའི་རྣལ་འབྱོར་ལ་རྗེས་སུ་བརྩོན་པར་བྱའོ། །གཞོན་ནུ། དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། གཞོན་ནུ། གཟུགས་སུ་བརྗོད་པ་ཇི་སྙེད་ཡོད་པ། གཞོན་ནུ། དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པའང་དེ་སྙེད་དོ། །དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་ཇི་སྙེད་བ་དང ། གཞོན་ནུ། རྣམ་པར་ཤེས་པའི་བརྗོད་པ་ཇི་སྙེད་པ་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་
122b
པའང་དེ་སྙེད་དེ། གཞོན་ནུ། དེ་ལྟར་གཟུགས་སུ་བརྗོད་པ་མཐའ་ཡས་མུ་མེད་བསམ་གྱིས་མི་ཁྱབ་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པའང་བསམ་གྱིས་མི་ཁྱབ་སྟེ།་དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། གཞོན་ནུ། འདི་ལྟར་རྣམ་པར་ཤེས་པའི་བརྗོད་པ་མཐའ་ཡས་མུ་མེད་དེ། བསམ་གྱིས་མི་ཁྱབ་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པའང་བསམ་གྱིས་མི་ཁྱབ་བོ། །གཞོན་ནུ། དེ་ལྟར་འདུས་བྱས་ལའང་ཉེས་པ་གྲངས་མེད། མྱ་ངན་ལས་འདས་པ་ལའང་ཕན་ཡོན་གྲངས་མེད་དེ། དེ་བཞིན་གཤེགས་པའི་བསྔགས་པའང་གྲངས་མེད་དོ། །གཞོན་ནུ། འདི་ལྟར་མྱ་ངན་ལས་འདས་པའི་མིང་ཇི་སྙེད་ཡོད་པ་དེ་བཞིན་གཤེགས་པའི་བསྔགས་པའང་དེ་སྙེད་དོ། །གཞོན་ནུ། འདི་ལྟར་མྱ་ངན་འདས་པའི་མིང་གྲངས་མེད་དེ། དེ་བཞིན་གཤེགས་པའི་བསྔགས་པའང་གྲངས་མེད་དོ། །གཞོན་ནུ། འདི་བཞི་ནི་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པ་བསམ་གྱིས་མི་ཁྱབ་པར་བརྗོད་པ་སྟེ། དེ་དག་མཐར་ཕྱིན་པའི་གནས་སུ་བསྟན་པར་སླ་བ་ནི་མ་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། འདུ་བྱེད་བརྗོད་པ་བསམ་གྱིས་མི་ཁྱབ་པ་དང ། དབྱངས་བརྗོད་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པ་བརྗོད་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་
123a
༄#། །བརྗོད་པ་བསམ་གྱིས་མི་ཁྱབ་པ་སྟེ། གཞོན་ནུ། དེ་དག་ནི་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པ་བསམ་གྱིས་མི་ཁྱབ་པ། བསམ་གྱིས་མི་ཁྱབ་པར་བརྗོད་པ་བཞིའོ། །གཞོན་ནུ། འདི་བཞི་ནི་དེ་བཞིན་གཤེགས་པའི་བརྗོད་པ་བསམ་གྱིས་མི་ཁྱབ་པ། བསམ་གྱིས་མི་ཁྱབ་པར་བསྟན་པ་སྟེ། དེ་དག་ནི་མཐར་ཕྱིན་པའི་གནས་སུ་བསྟན་པར་སླ་བ་མ་ཡིན་ནོ། །བཞི་གང་ཞེ་ན། བཞི་པོ་དེ་དག་ཉིད་དེ། དེ་བཞིན་དུ་རྒྱས་པར་བསྟན་པར་བྱའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་ཚུལ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་ཚུལ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་ཚུལ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་ཚུལ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་རིགས་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་རིགས་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་རིགས་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་རིགས་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་
123b
དཔའ་རྣམས་ཀྱི་སྒོ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་སྒོ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་སྒོ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་སྒོ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་བསྟན་པ་བཞི་སྟེ། བཞི་གང་ཞེ་ན།་འདུ་བྱེད་ངེས་པར་བསྟན་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པ་ངེས་པར་བསྟན་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་ངེས་པར་བསྟན་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་ངེས་པར་བསྟན་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་སྒྲ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་སྒྲ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་སྒྲ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་སྒྲ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་ཚིག་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་ཚིག་བསམ་
124a
༄#། །གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་གི་ལམ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་ཚིག་གི་ལམ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་ཚིག་གི་ལམ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་ཚིག་གི་ལམ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་ཚིག་གི་ལམ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགོངས་ཏེ་བཤད་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་དགོངས་ཏེ་བཤད་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་དགོངས་ཏེ་བཤད་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་དགོངས་ཏེ་བཤད་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་དགོངས་ཏེ་བཤད་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷ་ལ་ངེས་པར་རྟོག་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ལྷ་ལ་རྟོག་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པ་ལྷ་ལ་རྟོག་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པ་ལྷ་ལ་རྟོག་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་ལྷ་ལ་རྟོག་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་
124b
ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ལ་རྟོག་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་མི་ལ་རྟོག་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པ་མི་ལ་རྟོག་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པ་མི་ལ་རྟོག་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་མི་ལ་རྟོག་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིང་ལ་རྟོག་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་མིང་ལ་རྟོག་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་མིང་ལ་རྟོག་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་མིང་ལ་རྟོག་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་མིང་ལ་རྟོག་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇུག་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ལ་འཇུག་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པ་ལ་འཇུག་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པ་ལ་འཇུག་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་ལ་འཇུག་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲོལ་བ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་སྒྲོལ་བ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་སྒྲོལ་བ་བསམ་གྱིས་མི་ཁྱབ་པ་དང ། ཀུན་
125a
༄#། །ནས་ཉོན་མོངས་པའི་སྒྲོལ་བ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་སྒྲོལ་བ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྡོ་རྗེའི་ཚིག་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་རྡོ་རྗེའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་རྡོ་རྗེའི་ཚིག་བསམ་གྱིས་མི་ཁྱབ་པ་དང།་ཀུན་ནས་ཉོན་མོངས་པའི་རྡོ་རྗེའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་རྡོ་རྗེའི་ཚིག་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསང་སྔགས་ཀྱི་ཚིག་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་གསང་སྔགས་ཀྱི་ཚིག་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པ་གསང་སྔགས་ཀྱི་ཚིག་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་གསང་སྔགས་ཀྱི་ཚིག་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་གསང་སྔགས་ཀྱི་ཚིག་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་སྒྲུབ་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པ་སྒྲུབ་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པ་སྒྲུབ་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་སྒྲུབ་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་
125b
ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདོ་སྡེའི་ཚིག་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་མདོ་སྡེའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པ་མདོ་སྡེའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པ་མདོ་སྡེའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་མདོ་སྡེའི་ཚིག་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏགས་པའི་ཚིག་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་བཏགས་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པ་བཏགས་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པ་བཏགས་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་བཏགས་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ།་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་བའི་ཚིག་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་སྣང་བའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པ་སྣང་བའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པ་སྣང་བའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་སྣང་བའི་ཚིག་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསལ་བའི་ཚིག་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་གསལ་བའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པ་གསལ་བའི་
126a
༄#། །ཚིག་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པ་གསལ་བའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་གསལ་བའི་ཚིག་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་ཚིག་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་སྤྱོད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང།་འདུ་བྱེད་ཡོངས་སུ་བཤད་པ་སྤྱོད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པ་སྤྱོད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་སྤྱོད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱད་པའི་ཚིག་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་སྤྱད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པ་སྤྱད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པ་སྤྱད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་སྤྱད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གྱིས་མི་ཁྱབ་པའི་ཚིག་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་བསམ་གྱིས་མི་ཁྱབ་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པ་བསམ་གྱིས་མི་ཁྱབ་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པ་བསམ་གྱིས་མི་ཁྱབ་
126b
པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་བསམ་གྱིས་མི་ཁྱབ་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐའ་ཡས་པའི་ཚིག་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་མཐའ་ཡས་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པ་མཐའ་ཡས་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང།་ཀུན་ནས་ཉོན་མོངས་པ་མཐའ་ཡས་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་མཐའ་ཡས་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུ་བ་མེད་པའི་ཚིག་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་རྒྱུ་བ་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པ་རྒྱུ་བ་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པ་རྒྱུ་བ་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་རྒྱུ་བ་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ།་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མུ་མེད་པའི་ཚིག་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་མུ་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པ་མུ་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པ་མུ་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་མུ་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །
127a
༄#། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞལ་དུ་མེད་པའི་ཚིག་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་གཞལ་དུ་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པ་གཞལ་དུ་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པ་གཞལ་དུ་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་གཞལ་དུ་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྲངས་མེད་པའི་ཚིག་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་གྲངས་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པ་གྲངས་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པ་གྲངས་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་གྲངས་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཔག་ཏུ་མེད་པའི་ཚིག་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་དཔག་ཏུ་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པ་དཔག་ཏུ་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པ་དཔག་ཏུ་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་དཔག་ཏུ་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་
127b
ནུ།་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚད་མེད་པའི་ཚིག་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཚད་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པ་ཚད་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པ་ཚད་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་ཚད་མེད་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པའི་ཚིག་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཤེས་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པ་ཤེས་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པ་ཤེས་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་ཤེས་པའི་ཚིག་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པ་བསགས་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་ཤེས་པ་བསགས་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་ཤེས་པ་བསགས་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པ་ཤེས་པ་བསགས་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་ཤེས་པ་བསགས་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པའི་རིགས་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་ཤེས་པའི་རིགས་བསམ་
128a
༄#། །གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པ་ཤེས་པའི་རིགས་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པ་ཤེས་པའི་རིགས་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་ཤེས་པའི་རིགས་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་བསགས་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་སྤོབས་པ་བསགས་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་སྤོབས་པ་བསགས་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་བའི་སྤོབས་པ་བསགས་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་སྤོབས་པ་བསགས་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདོ་སྡེ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་མདོ་སྡེ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་མདོ་སྡེ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་མདོ་སྡེ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་མདོ་སྡེ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདོ་སྡེ་བསགས་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་མདོ་སྡེ་བསགས་བ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་མདོ་སྡེ་བསགས་པ་བསམ་གྱིས་མི་ཁྱབ་
128b
པ་དང ། ཀུན་ནས་ཉོན་མོངས་པའི་མདོ་སྡེ་བསགས་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་མདོ་སྡེ་བསགས་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མང་དུ་ཐོས་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་མང་དུ་ཐོས་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་མང་དུ་ཐོས་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པ་མང་དུ་ཐོས་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་མང་དུ་ཐོས་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནོར་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་ནོར་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་ནོར་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་ནོར་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་ནོར་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་བཞི་སྟེ།་བཞི་གང་ཞེ་ན། འདུ་བྱེད་ཀྱི་བསླབ་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་བསླབ་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་བསླབ་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་བསླབ་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་བཞི་སྟེ། བཞི་གང་ཞེ་
129a
༄#། །ན། འདུ་བྱེད་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་བཞི་སྟེ།་བཞི་གང་ཞེ་ན། འདུ་བྱེད་ཀྱི་ལས་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་ལས་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་ལས་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་ལས་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་སྤོབས་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་སྤོབས་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་སྤོབས་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་སྤོབས་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་བསྒོམ་པར་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་ལམ་བསྒོམ་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་ལམ་བསྒོམ་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་ལམ་བསྒོམ་པ་
129b
བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་ལམ་བསྒོམ་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཀུན་ནས་ཉོན་མོངས་པའི་ཤེས་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀུན་ནས་ཉོན་མོངས་པ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང་།འདུ་བྱེད་ཡོངས་སུ་བཤད་པའི་ཀུན་ནས་ཉོན་མོངས་པ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པ་ཀུན་ནས་ཉོན་མོངས་པ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བ་ཀུན་ནས་ཉོན་མོངས་པ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ།། གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འབྲས་བུ་ཡོད་པའི་ཤེས་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་འབྲས་བུ་ཡོད་པའི་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་འབྲས་བུ་ཡོད་པའི་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་འབྲས་བུ་ཡོད་པའི་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་འབྲས་བུ་ཡོད་པའི་ཤེས་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་རིག་པ་ཤེས་པ་བཞི་སྟེ། བཞི་གང་ཞེ་ན།་འདུ་བྱེད་ཀྱི་མ་རིག་པ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་མ་རིག་པ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་
130a
༄#། །པའི་མ་རིག་པ་ཤེས་པ་བསམ་གྱི་མི་ཁྱབ་པ་དང ། རྣམ་པར་བྱང་བའི་མ་རིག་པ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡུག་བསྔལ་ཤེས་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་སྡུག་བསྔལ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་སྡུག་བསྔལ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་སྡུག་བསྔལ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་སྡུག་བསྔལ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་མི་བདེ་བ་ཤེས་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་ཡིད་མི་བདེ་བ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་ཡིད་མི་བདེ་བ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་ཡིད་མི་བདེ་བ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་ཡིད་མི་བདེ་བ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབུལ་པོ་ཤེས་པ་བཞི་སྟེ།་བཞི་གང་ཞེ་ན། འདུ་བྱེད་ཀྱི་དབུལ་པོ་ཤེས་པ་བསམ་གྱི་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་དབུལ་པོ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་
130b
མོངས་པའི་དབུལ་པོ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་དབུལ་པོ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་ཤེས་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་སྐྱེ་བ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་སྐྱེ་བ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང།་ཀུན་ནས་ཉོན་མོངས་པའི་སྐྱེ་བ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་སྐྱེ་བ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ཤེས་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་ནང་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་ནང་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་ནང་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་ནང་ཤེས་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱི་རོལ་ཤེས་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་ཕྱི་རོལ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་ཕྱི་རོལ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་ཕྱི་རོལ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་ཕྱི་རོལ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་
131a
༄#། །ནུ།་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་ཚ་ཤེས་པའི་ཡེ་ཤེས་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་ངོ་ཚ་ཤེས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་ངོ་ཚ་ཤེས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་ངོ་ཚ་ཤེས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་ངོ་ཚ་ཤེས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་ཤེས་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་བདེན་པ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་བདེན་པ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་བའི་བདེན་པ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་བདེན་པ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྲིད་པ་ཤེས་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་སྲིད་པ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་སྲིད་པ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་སྲིད་པ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་སྲིད་པ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་
131b
རྣམས་ཀྱི་དངོས་པོ་ཤེས་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་དངོས་པོ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་དངོས་པོ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་དངོས་པོ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་དངོས་པོ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གང་ཟག་ཤེས་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་ཀྱི་གང་ཟག་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་གང་ཟག་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་གང་ཟག་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་གང་ཟག་ཤེས་པ་བསམ་གྱིས་མི་ཁྱབ་པ་དང་འདི་བཞིའོ། །གཞོན་ནུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དམིགས་པ་ཤེས་པ་བསམ་གྱིས་མི་ཁྱབ་པ། བསམ་གྱིས་མི་ཁྱབ་པར་བསྟན་པ་བཞི་སྟེ། མཐར་ཕྱིན་པའི་གནས་སུ་བསྟན་པར་སླ་བ་མ་ཡིན་ནོ། །བཞི་གང་ཞེ་ན། འདུ་བྱེད་ཀྱི་དམིགས་པ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། འདུ་བྱེད་ཡོངས་སུ་བཤད་པའི་དམིགས་པ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ནས་ཉོན་མོངས་པའི་དམིགས་པ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། རྣམ་པར་བྱང་བའི་དམིགས་པ་ཤེས་པ་བསམ་གྱིས་མི་ཁྱབ་པ་དང ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་
132a
༄#། །དམིགས་པ་ཤེས་པ་བསམ་གྱིས་མི་ཁྱབ་པ། བསམ་གྱིས་མི་ཁྱབ་པར་བསྟན་པ་བཞི་སྟེ། དེ་དག་ནི་མཐར་ཕྱིན་པའི་གནས་སུ་བསྟན་པར་སླ་བ་མ་ཡིན་ནོ། ། གཟུངས་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་མཐའ་ཡས་པར་བཤད་པ་བརྗོད་པ་དེ་ལ་གང་ཤེས་པ་འདི་ནི་གཟུངས་དང་པོའོ། །དབྱངས་མཐའ་ཡས་པར་བཤད་པ་བརྗོད་པ་དེ་ལ་གང་ཤེས་པ་འདི་ནི་གཟུངས་གཉིས་པའོ། །ཀུན་ནས་ཉོན་མོངས་པ་མཐའ་ཡས་པར་བཤད་པ་བརྗོད་པ་དེ་ལ་གང་ཤེས་པ་འདི་ནི་གཟུངས་གསུམ་པའོ། ། རྣམ་པར་བྱང་བའི་ཡོན་ཏན་གྱིས་ཕན་ཡོན་མཐའ་ཡས་པར་བཤད་པ་བརྗོད་པ་དེ་ལ་གང་ཤེས་པ་འདི་ནི་གཟུངས་བཞི་པ་སྟེ། གཟུངས་བཞི་པོ་ནི་འདི་དག་གོ་།གཞོན་ནུ། འདི་ལྟར་གཟུངས་གང་ཡིན་པ་དེ་ནི་ཤེས་པའོ། །དེ་ནི་ཆོས་སོ། །འདི་ལྟར་ཆོས་ཤེས་པས་ཆོས་སོ་སོ་ཡང་དག་པར་རིག་པའོ། །ཆོས་ཤེས་པ་ལ་དོན་གང་ཡིན་པ་དེ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །ཆོས་ཤེས་པ་ལ་འདུན་པ་གང་ཡིན་པ་དེ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །ཆོས་ཤེས་པ་ལ་ཐ་སྙད་དུ་སྟོན་པ་དང ། འཆད་པ་དང ། འདོགས་པ་དང ། རབ་ཏུ་སྟོན་པ་དང ། རབ་ཏུ་འགོད་པ་དང ། འབྱེད་པ་དང ། རྣམ་པར་འབྱེད་པ་དང ། གསལ་བར་བྱེད་པ་དང ། ཚིག་ཐོགས་པ་མེད་པ་དང ། ཚིག་མི་འདོར་ཞིང་མ་ལྐུགས་
132b
མི་དིག་པ་དང ། ཚིག་ཞུམ་པ་མེད་པ་འདི་ནི། གཞོན་ནུ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སངས་རྒྱས་ཡེ་ཤེས་ཇི་སྙེད་པ། །གཟུགས་སུ་བརྟགས་པའང་དེ་སྙེད་དོ། །གཟུགས་སུ་བརྟགས་པ་ཇི་སྙེད་པ། །གཟུགས་སུ་བརྗོད་པའང་དེ་སྙེད་དོ། །གཟུགས་སུ་བརྗོད་པ་ཇི་སྙེད་པ། །ཚུལ་ཁྲིམས་མིང་ཡང་དེ་སྙེད་དེ། །ཚུལ་ཁྲིམས་མིང་ཡང་ཇི་སྙེད་པ། །སངས་རྒྱས་མིང་ཡང་དེ་སྙེད་དོ། །སངས་རྒྱས་མིང་ནི་ཇི་སྙེད་པ། །སེམས་ཅན་མིང་ཡང་དེ་སྙེད་དོ། །སེམས་ཅན་གཅིག་གི་མིང་ཡང་ནི། །དེ་སྙེད་དུ་ནི་ངས་བཤད་དོ། །མིང་དང་བརྗོད་པ་མཐའ་ཡས་པ། །གང་དག་ངས་ནི་སྔར་བཤད་རྣམས། །ཚུལ་ཁྲིམས་མིང་དང་སངས་རྒྱས་མིང ། །སེམས་ཅན་མིང་དང་དེ་དག་མཚུངས། །འདུས་བྱས་ཉེས་པ་ཇི་སྙེད་པ། །མྱ་ངན་འདས་བསྔགས་དེ་སྙེད་དེ། །སངས་རྒྱས་ཀྱི་ནི་བསྔགས་པ་དང ། །དཔེ་ཡང་དེ་སྙེད་ངས་བཤད་དོ། །ཇི་སྙེད་སེམས་ཅན་ཐམས་ཅད་ཀྱི། །སེམས་རྣམས་སྐྱེ་བ་ངེས་བསྟེན་པ། །འཇིག་རྟེན་མགོན་པོའི་སྤུ་གཅིག་ནས། །འོད་ཟེར་དག་ཀྱང་དེ་སྙེད་འབྱུང ། །སེམས་ཅན་ཀུན་གྱི་མོས་པ་དང ། །མིང་རྣམས་ཇི་སྙེད་ཡོད་པ་བས། །དེ་བས་མི་ཡི་དབང་པོ་ཡི། །དབྱངས་ཀྱི་ཡན་ལག་བསྔགས་པ་མང ། །སེམས་ཅན་ཀུན་གྱིས་མིང་ཡོད་པ། །དེ་དག་སེམས་ཅན་གཅིག་ལ་བསྟན། །སེམས་
133a
༄#། །ཅན་གཅིག་མིང་ཇི་སྙེད་པ། །སེམས་ཅན་ཀུན་གྱི་མིང་དུ་བསྟན། །སོ་སོ་ཡང་དག་རིག་འཇུག་པ། །འདི་ནི་སངས་རྒྱས་བསྟན་པ་སྟེ། །བྱང་ཆུབ་སེམས་དཔའི་ཕྱིར་ཡང་ནི། །མིང་རྣམས་མཐའ་ཡས་ངེས་པར་བསྟན། །མདོ་སྡེ་བྱེ་བ་བསམ་ཡས་རྣམས། །ཇི་ལྟར་བཤད་སྙམ་གང་སེམས་པ། །མདོ་སྡེ་འདི་ནི་རབ་བརྗོད་ལ། །ཞུམ་པ་མེད་པར་བཤད་པར་གྱིས། །འཁོར་གྱི་ནང་དུ་ཐོགས་མེད་པར། །མདོ་སྡེ་བྱེ་བ་རབ་ཏུ་འཆད། །ཇི་ལྟར་ནམ་མཁའ་མཐའ་མེད་པ། །དེ་བཞིན་དེ་ལའང་ཆོས་རྣམས་སྟོན། །དེ་ལྟར་བྱང་ཆུབ་སེམས་དཔའ་དག་།སེམས་ཅན་དག་པ་སྐྱོབ་པ་རྣམས། །མདོ་སྡེ་འདི་དག་བཟུང་ནས་ནི། །ཡེ་ཤེས་ཕུན་སུམ་ཚོགས་པར་འགྱུར། །དད་པས་ཇི་ལྟ་ཇི་ལྟར་བུར། །ཚུལ་འདི་རབ་ཏུ་སྟོན་བྱེད་པ། །དེ་བཞིན་དེ་ཡི་ཡེ་ཤེས་འཕེལ། །གངས་རི་ལ་ནི་སྡོང་པོ་བཞིན། །དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པའི་ལེའུ་སྟེ། ཉི་ཤུ་བཞི་པའོ།། །། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ། བམ་པོ་བརྒྱད་པ། གཞོན་ནུ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ཆོས་སོ་སོ་ཡང་དག་པར་རིག་པ་ལ་སྤྱོད་ན་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་སྒྲུབ་པར་འགྱུར་ཞེ་ན། གཞོན་ནུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
133b
པོ་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བས་གཟུགས་ལས་གཞན་དུ་བྱང་ཆུབ་ཡང་དག་པར་རྗེས་སུ་མི་མཐོང ། གཟུགས་ལས་གཞན་དུའང་བྱང་ཆུབ་ལ་མི་སྤྱོད། གཟུགས་ལས་གཞན་དུའང་བྱང་ཆུབ་ཡོངས་སུ་མི་འཚོལ། གཟུགས་ལས་གཞན་དུའང་བྱང་ཆུབ་ཡང་དག་པར་མི་སྒྲུབ། གཟུགས་ལས་གཞན་དུའང་སེམས་ཅན་རྣམས་བྱང་ཆུབ་ལ་ཡང་དག་པར་མི་འཛུད། གཟུགས་ལས་གཞན་དུའང་དེ་བཞིན་གཤེགས་པ་མི་མཐོང་སྟེ། གཟུགས་ཀྱི་མི་འཇིགས་པའི་ངོ་བོ་ཉིད་དེ་བཞིན་གཤེགས་པའོ་ཞེས་དེ་བཞིན་གཤེགས་པར་ལྟའོ། །གཟུགས་ཀྱང་གཞན་གཟུགས་ཀྱི་ངོ་བོ་ཉིད་ཀྱང་གཞན་ནོ་ཞེས་དེ་ལྟར་མི་ལྟའོ། །གཟུགས་ཀྱི་ངོ་བོ་ཉིད་ཀྱང་གཞན་དེ་བཞིན་གཤེགས་པའང་གཞན་ནོ་ཞེས་དེ་ལྟར་ཡང་མི་ལྟའོ། །གཟུགས་ཀྱི་ངོ་བོ་ཉིད་གང་ཡིན་པ་དང ། དེ་བཞིན་གཤེགས་པ་གང་ཡིན་པ་དེ་ནི་གཉིས་སུ་མེད་པའི་ཆོས་ཉིད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ལྟ་ན་ཆོས་སོ་སོ་ཡང་དག་པར་རིག་པ་ལ་སྤྱོད་དོ། །དེ་བཞིན་དུ་ཚོར་བ་ལས་གཞན་དུ་མ་ཡིན། འདུ་ཤེས་ལས་གཞན་དུ་མ་ཡིན། འདུ་བྱེད་རྣམས་ལས་གཞན་དུ་མ་ཡིན་ཏེ། རྣམ་པར་ཤེས་པ་ལས་གཞན་དུ་བྱང་ཆུབ་མི་མཐོང ། རྣམ་པར་ཤེས་པ་ལས་གཞན་དུའང་བྱང་ཆུབ་ལ་མི་སྤྱོད། རྣམ་པར་ཤེས་པ་ལས་གཞན་དུའང་བྱང་ཆུབ་ཡོངས་སུ་མི་འཚོལ། རྣམ་པར་ཤེས་པ་ལས་གཞན་དུའང་བྱང་ཆུབ་ཡང་དག་
134a
༄#། །བར་མི་སྒྲུབ། རྣམ་པར་ཤེས་པ་ལས་གཞན་དུ་འང་སེམས་ཅན་རྣམས་བྱང་ཆུབ་ལ་ཡང་དག་པར་མི་འཛུད། རྣམ་པར་ཤེས་པ་ལས་གཞན་དུའང་དེ་བཞིན་གཤེགས་པ་མི་མཐོང་སྟེ། རྣམ་པར་ཤེས་པའི་མི་འཇིགས་པའི་ངོ་བོ་ཉིད་དེ་བཞིན་གཤེགས་པའོ་ཞེས་དེ་བཞིན་གཤེགས་པར་ལྟའོ། །རྣམ་པར་ཤེས་པའང་གཞན། རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱང་གཞན་ནོ་ཞེས་དེ་ལྟར་མི་ལྟའོ། །རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱང་གཞན་དེ་བཞིན་གཤེགས་པའང་གཞན་ནོ་ཞེས་དེ་ལྟར་ཡང་མི་ལྟའོ། །རྣམ་པར་ཤེས་པའི་ངོ་བོ་ཉིད་གང་ཡིན་པ་དང ། དེ་བཞིན་གཤེགས་པ་གང་ཡིན་པ་དེ་གཉིས་སུ་མེད་པའི་ཆོས་ཉིད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ལྟ་ན་ཆོས་སོ་སོ་ཡང་དག་པར་རིག་པ་ལ་སྤྱོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གཟུགས་ཀྱིས་ཀྱང་ནི་བྱང་ཆུབ་བསྟན། །བྱང་ཆུབ་ཀྱིས་ཀྱང་གཟུགས་བསྟན་ཏེ། །མི་མཚུངས་པ་ཡི་སྒྲ་རྣམས་ཀྱིས། །ཆོས་ཀྱི་བླ་མ་རབ་ཏུ་བསྟན། །སྒྲ་ཡིས་གཟུགས་ཀྱི་བླ་མ་སྟེ། །ངོ་བོ་ཉིད་ཀྱིས་ཟབ་པ་དག་།གཟུགས་དང་བྱང་ཆུབ་མཉམ་པ་སྟེ། །ཐ་དད་བྱ་བ་དེ་མི་རྙེད། །མྱ་ངན་འདས་པ་ཟབ་པར་ཡང ། །སྒྲ་ཡིས་རབ་ཏུ་བསྟན་པ་ལྟར། །མྱ་ངན་འདས་པ་མི་རྙེད་དེ། །དེ་ཡི་སྒྲ་ཡང་མི་རྙེད་དོ། །སྒྲ་དང་མྱ་ངན་
134b
འདས་པ་ནི། །གཉི་ག་རྙེད་པར་མི་འགྱུར་ཏེ། །དེ་བཞིན་སྟོང་པའི་ཆོས་རྣམས་ལ། །མྱ་ངན་འདས་པ་རབ་ཏུ་བསྟན། །མྱ་ངན་འདས་དང་འདའ་བ་ནི། །མྱ་ངན་འདས་པ་མི་རྙེད་དོ། །འདི་ནི་ཆོས་རྣམས་འཇུག་མེད་པ། །ཕྱི་ས་ནི་ཅི་འདྲ་དེ་བཞིན་སྔོན། །ཆོས་རྣམས་ཐམས་ཅད་རང་བཞིན་གྱིས། །མྱ་ངན་འདས་དང་མཚུངས་མཉམ་པར། །སངས་རྒྱས་བསྟན་ལ་བརྩོན་པ་ཡི། །འབྱུང་བ་ལྷུར་བྱེད་རྣམས་ཀྱིས་རིག་།སངས་རྒྱས་ཀྱི་ནི་སྐུ་མཐོང་ནས། །འདྲེན་པ་མཐོང་ཞིང་སྨྲ་མོད་ཀྱི། །ང་ནི་གཟུགས་ཀྱི་སྐུ་ལུས་སུ། །སུས་ཀྱང་བལྟ་བར་མི་ནུས་སོ། ། གཟུགས་ཀྱི་མཚན་ཉིད་ཅི་འདྲ་བར། །གཟུགས་ཀྱི་ངོ་བོ་ཉིད་ཤེས་ཏེ། །གཟུགས་ཀྱི་ངོ་བོ་ཉིད་ཤེས་ན། །ང་ཡི་སྐུ་ཡང་ངེས་པར་བསྟན། །དེ་བཞིན་ཕུང་པོ་ལྔ་རྣམས་ཀྱི། །ཆོས་ཀྱི་མཚན་ཉིད་ངས་ཤེས་ཏེ། །ཆོས་ཀྱི་རང་བཞིན་ཤེས་ནས་ནི། །ཆོས་ཀྱི་སྐུ་ལ་རབ་ཏུ་གནས། །ཆོས་ཀྱི་སྐུ་ལ་རབ་གནས་ནས། །སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཆོས་ཀྱི་སྐུ་ལ་མི་བརྟེན་པར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སངས་རྒྱས་དག་གི་ཆོས་རྣམས་ནི། །ཚིག་གིས་བཤད་པར་མི་ནུས་ཏེ། །འདི་འདྲའི་ཚུལ་རྣམས་མི་ཤེས་པས། །སངས་རྒྱས་ཀྱི་ནི་སྒྲ་ཐོས་ནས། །ཚིག་ཙམ་གྱིས་ནི་འདི་སྐད་སྨྲ། །ངས་ནི་འདྲེན་པ་མཐོང་ཞེས་ཏེ། །འདུ་ཤེས་ཐམས་ཅད་སྤངས་པ་ལ། །སྲིད་པར་འདུ་ཤེས་མེད་པར་འགྱུར། །སྒྲར་ནི་འདུ་ཤེས་འཛིན་པ་ལ། །
135a
༄#། །ནམ་ཡང་སྟོན་པ་མཐོང་བ་མེད། །འདི་ལྟ་བུ་ཡི་གཟུགས་ཀྱི་མཚན། །སྟོང་པ་ཉིད་ནི་སུས་ཤེས་པ། །གཟུགས་ཀྱི་རང་བཞིན་གཞན་ཡིན་ལ། །སྟོང་ཉིད་གཞན་དུ་མ་གསུངས་ཏེ། །གང་གིས་གཟུགས་རྣམས་རབ་ཤེས་པ། །དེས་ནི་སྟོང་ཉིད་རབ་ཏུ་ཤེས། །གཟུགས་ཀྱི་མཚན་ཉིད་འདི་འདྲ་བར། །སྟོང་པ་གང་གིས་རབ་ཤེས་པ། །དེས་ནི་བདུད་རྣམས་བྱེ་བ་སྙེད། །ཟིལ་གྱིས་མནན་ཏེ་ཕམ་བྱེད་ནུས། །གང་གིས་གཟུགས་རྣམས་རབ་ཤེས་པ། །དེས་ནི་སྟོང་པ་ཉིད་ཀྱང་ཤེས། །གང་གིས་སྟོང་ཉིད་རབ་ཤེས་པ། །དེས་ནི་མྱ་ངན་འདས་པ་ཤེས། །རྣམ་པ་འདི་ནི་མི་ཤེས་པས། །དམིགས་པ་ཅན་རྣམས་རབ་ཏུ་བརླག་།དངོས་པོ་མེད་ལ་དངོས་འཛིན་ཅིང ། །དངོས་མེད་ལ་ཡང་དངོས་སུ་འཛིན། །ཤེས་ཀྱི་ཁེ་ཡིས་བསླུས་པ་དག་།ང་ཡི་བསྟན་ལས་ཤིན་ཏུ་འཁྱམས། །འབྲས་བུར་འདུ་ཤེས་གནས་པ་ལ། །དགེ་སྦྱོང་ནོར་ནི་གསོག་ཏུ་གྱུར། །བརྩོན་འགྲུས་ཉམས་པ་ལེ་ལོ་ཅན། །ཚུལ་ཁྲིམས་ཕུང་པོར་མི་གནས་པ། །ཀུན་ནས་ལངས་པས་སྨྲ་བ་ནི། །འདི་ནི་སངས་རྒྱས་བཤད་མ་ཡིན། །ལ་ལ་དག་ནི་འདི་སྐད་དུ། །བདག་ཅག་བྱང་ཆུབ་ཞུགས་ཞེས་ཟེར། །མ་དུལ་ཞིང་ནི་མ་བྱང་བ། །གཅིག་ལ་གཅིག་ཀྱང་རི་མོ་མེད། །ཆོས་དག་ལ་ཡང་མི་གནས་ཤིང ། །སྒྲ་འདོད་པ་དག་འབྱུང་བར་འགྱུར། །དེ་ལྟ་བུ་ནི་དེ་མོས་ཏེ། །ཤེས་ཀྱི་ཁེ་ནི་འཆོལ་བའི་ཕྱིར། །
135b
འདུས་པ་དག་ལ་སེམས་བྱེད་ཅིང ། །རྙེད་པ་འདོད་པ་འབྱུང་བར་འགྱུར། །རྒྱགས་དང་བག་མེད་ཟིལ་ནོན་པས། །རྙེད་དང་བཀུར་སྟི་དོན་དུ་གཉེར། །བཀུར་སྟི་རྙེད་ལ་བརྟེན་ནས་ནི། །ཤེས་ཀྱི་ཁེ་རྣམས་འཚོལ་བ་དག་།གཙུག་ལག་ཁང་དང་མཆོད་རྟེན་བྱེད། །ཁྱིམ་མི་མོ་ལ་ཆགས་ཤིང་མྱོས། །དམིགས་པ་དག་ལ་བརྟེན་བྱེད་ཅིང ། །འདོད་པའི་སྲིད་ལ་ཤིན་ཏུ་གནས། ། བདུད་ཀྱི་ཡུལ་དུ་གནས་ནས་ནི། །ཁྱིམ་པ་དག་གི་ལས་བྱེད་འགྱུར། །འདོད་པ་མེ་ལྕེ་འདྲ་བ་ནི། །ཁྱིམ་པ་དག་ལ་སྟོན་པར་འགྱུར། །དེ་དག་གི་ཡང་ཁྱིམ་ཞུགས་ནས། །དེ་ཡི་རིགས་ཀྱང་སུན་བྱེད་འགྱུར། །དེ་དག་ལ་ནི་ཁྱིམ་པ་རྣམས། །སྟོན་པ་ཉིད་དུ་འདུ་ཤེས་འགྱུར། །རབ་ཏུ་གནས་བཅས་དེ་དག་གི་།བུ་དང་ཆུང་མ་སུན་པར་བྱེད། །སུ་དག་དེ་ལ་ཟས་སྐོམ་གྱིས། །ཕན་འདོགས་པ་ནི་བྱེད་པར་འགྱུར། །དེ་ཡི་བུ་མོ་བུད་མེད་ལ། །ཆུང་མ་ཉིད་དུ་འདུ་ཤེས་འགྱུར། །དེ་དག་འདིར་ནི་རབ་བྱུང་ནས། །ཇི་ལྟར་གཞན་གྱི་བུད་མེད་ཆགས། །ཁྱིམ་པ་བདག་གི་ཆུང་མ་ལ། །དེ་ལྟར་མོས་ཤིང་ཆགས་མི་འགྱུར། །ཁྱིམ་པ་སྐྱེ་བོའི་གོས་གྱོན་ལ། །ངས་ནི་བསླབ་པ་གང་བཤད་པ། །དེ་ཚེ་དགེ་སློང་དེ་དག་ལ། །བསླབ་པ་དེ་ཡང་མེད་པར་འགྱུར། ། དེ་དག་རྔ་དུང་རྫ་རྔ་ཡིས། །ང་ལ་མཆོད་པ་བྱེད་འགྱུར་ཏེ། །མཆོད་པའི་དམ་པ་གང་ཡིན་པ། །ནན་ཏན་འདི་ནི་མེད་པར་འགྱུར། །དེ་དག་བདག་ཉིད་ཚུལ་ཁྲིམས་འཆལ། །ཚུལ་ཁྲིམས་
136a
༄#། །གནས་པ་མཐོང་ནས་ནི། །ཕན་ཚུན་དུ་ཡང་འདི་སྐད་དུ། །འདི་དག་ངེད་དང་འདྲ་ཞེས་སྨྲ། །སྡིག་པའི་སྤྱོད་ཡུལ་ཚུལ་ཁྲིམས་འཆལ། །དེ་དག་ཚུལ་ཁྲིམས་བསྔགས་ཐོས་ནས། །ཀུན་ནས་ལངས་པ་འདི་སྐད་དུ། །སངས་རྒྱས་མཁྱེན་པ་འདི་མིན་སྨྲ། །དེ་དག་ལ་ནི་ངོ་ཚ་མེད། །དགེ་སྦྱོང་གི་ནི་ནོར་སྟོར་ཏེ། །མི་བདེན་ཚིག་གིས་རྩོད་བྱེད་ཅིང ། ། སངས་རྒྱས་བྱང་ཆུབ་རབ་ཏུ་སྤོང ། །ངན་སེམས་ལྡན་པ་དེ་དག་ནི། །སངས་རྒྱས་བསྟན་པ་འདི་བོར་ཏེ། །ཆོས་རྣམས་རབ་ཏུ་སྤངས་ནས་ནི། །མནར་མེད་པར་ཡང་གནས་པར་འགྱུར།། གང་དག་སྤྱོད་པ་དེ་འདྲ་བ། །ངས་ནི་མ་ཐོས་མ་མཐོང་སྟེ། །བྱིས་པའི་ཆོས་ལ་གནས་པ་རྣམས། །སངས་རྒྱས་ཡེ་ཤེས་ཐོབ་མི་འགྱུར། །དེ་དག་གི་ཡང་ཚུལ་འཆོས་དང ། །དེ་ལ་གཡོ་ཡང་ཅི་ཡོད་པ། །ཐམས་ཅད་དེ་བཞིན་ངས་ཤེས་ཏེ། །དེ་ལ་ང་ཡི་ཡེ་ཤེས་འཇུག་།དེ་ཡི་འཁྲུལ་པ་མང་པོ་ནི། །གལ་ཏེ་བསྐལ་པར་རབ་བཤད་ཀྱང ། །བྱང་ཆུབ་སེམས་དཔར་ཁས་འཆེ་ཡི། །ཅུང་ཟད་ཙམ་ཞིག་བརྗོད་པར་འགྱུར། །གཞོན་ནུར་གྱུར་པ་དེ་དག་ནི། །སྡིག་པ་མི་བྱེད་ཡོང་མེད་དེ། །ཕྱི་མའི་དུས་ལ་དེ་དག་དང ། །ཁྱོད་ནི་སྟོན་པར་མ་བྱེད་ཅིག་།སྨྲ་བ་དང་ནི་གཏམ་གྱིས་ལ། །དེ་དག་ལ་ནི་རི་མོར་གྱིས། །བྱང་ཆུབ་དམ་པའི་དོན་གྱི་ཕྱིར། །ཞུམ་པ་མེད་པར་བཀུར་སྟི་གྱིས། །ལོ་གྲངས་དུ་ལོན་ཀུན་དྲིས་ལ། །དེ་དག་རྒན་པར་གྱུར་
136b
ན་ཡང ། །དེ་ལ་རི་མོ་ལེགས་གྱིས་ལ། །རྐང་པ་ལ་ཡང་མགོས་ཕྱག་འཚོལ། །བྱང་ཆུབ་སྙིང་པོ་རྣམས་མཐོང་ན། །དེ་དག་འཁྲུལ་པ་མི་བལྟའོ། །དེ་ལ་ཁོང་ཁྲོ་མི་བསྐྱེད་ཅིང ། །རྟག་ཏུ་བྱམས་པའི་སེམས་སུ་བྱ། །གང་གི་འཁྲུལ་པ་ཅི་མཐོང་ཡང ། །དེ་དག་གི་ནི་ཉེས་མི་བརྗོད། །ཅི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་ཐོབ་པར་འགྱུར། །བཞིན་གྱི་ཟླ་བ་འཛུམ་བཞིན་དུ། །རྒན་རབས་དང་ནི་གསར་བུ་ལ། །རྟག་ཏུ་གསོང་པོར་སྨྲ་བ་དང ། །དེས་ཤིང་ང་རྒྱལ་བཅོམ་པར་བྱ། །ཆོས་གོས་དང་ནི་བསོད་སྙོམས་ཀྱིས། །དེ་དག་ལ་ནི་ཕན་གདགས་ཤིང། །འདི་དག་ཐམས་ཅད་འདྲེན་འགྱུར་ཞེས། །དེ་ལྟར་ཁྱོད་ཀྱི་སེམས་ཞོག་ཅིག་།གལ་ཏེ་ཆོས་ཀྱི་སྦྱིན་པའི་ཕྱིར། །དེ་དག་ཁྱོད་ལ་གསོལ་འདེབས་ན། །དང་པོར་ཚིག་ནི་འདི་སྐད་སྨྲོས། །ཁོ་བོས་མཚུངས་མེད་མ་བསླབས་སོ། །འདི་སྐད་དུ་ནི་ཚིག་བརྗོད་དེ། །ཚེ་དང་ལྡན་པ་མཁས་ཤིང་རིག་།བདག་ཉིད་ཆེན་པོའི་མདུན་དུ་ནི། །བདག་གིས་ག་ལ་བཤད་ནུས་སྨྲོས། །གྱ་ཚོམ་དུ་ནི་མ་སྨྲ་བར། །དེ་དག་གི་ནི་སྣོད་རྟོགས་ལ། །སྣོད་དུ་རུང་བར་རིག་ན་ནི། །མ་གསོལ་བར་ཡང་བཤད་པར་གྱིས། །ཚུལ་ཁྲིམས་འཆལ་བ་འཁོར་ནང་ན། །མང་དུ་གནས་པར་མཐོང་ན་ཁྱོད། །ཡོ་བྱད་བསྙུངས་པ་མ་འཆད་པར། །སྦྱིན་པ་ཡི་ནི་བསྔགས་པ་བརྗོད། །ཚུལ་ཁྲིམས་གཙང་ལ་རབ་གནས་ཤིང ། །ཇི་སྟེ་འདོད་པ་ཉུང་ཡོད་ན། །བྱམས་པའི་སེམས་
137a
༄#། །ནི་བསྐྱེད་ནས་སུ། །ཡོ་བྱད་བསྙུངས་པའི་གཏམ་གྱིས་ཤིག་།གལ་ཏེ་སྡིག་པ་འདོད་ཉུང་ཞིང ། །ཚུལ་ཁྲིམས་ལྡན་པ་མང་ཡོད་ན། །དེ་ཚེ་ཕྱོགས་རྙེད་གྱུར་པའི་ཕྱིར། །ཚུལ་ཁྲིམས་ཀྱི་ཡང་བསྔགས་པ་བརྗོད། །ཐོག་མར་འཁོར་རྣམས་ཞེས་བྱ་སྟེ། །གལ་ཏེ་གཙང་ཡོད་དེ་ཡི་ཚེ། །དགེ་བའི་ཆོས་རྣམས་ཇི་སྙེད་པ། །ཐམས་ཅད་དེར་ནི་རབ་ཏུ་བསྟན། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང ། །བརྩོན་འགྲུས་བསམ་གཏན་ཐོས་པ་དང ། །དེ་བཞིན་འདོད་ཉུང་ཡོ་བྱད་བསྙུངས། །རྟག་ཏུ་བསྔགས་ཤིང་བརྗོད་པར་བྱ། །དགོན་གནས་བསམ་གཏན་བསྟེན་པ་དང ། །འདུ་འཛིར་གནས་པ་སྤངས་པ་ནི། །དེ་དག་གཟུངས་ཀྱི་སྒོ་ཡིན་ཏེ། །འདི་ཡི་བསྔགས་པ་བརྗོད་པར་བྱ། །དགོན་པར་གནས་པ་མི་སྤོང་ཞིང ། །ཚུལ་ཁྲིམས་ལ་ཡང་ལྷུར་མི་གཟུང ། །ནང་དུ་འཇོག་ལ་བསྟེན་བྱ་ཞིང ། །སྦྱིན་པ་ལ་ནི་ལྷུར་མི་བྱ། །ཚུལ་ཁྲིམས་ཕུང་པོར་གནས་ན་ནི། །མང་དུ་ཐོས་པ་བསྒྲུབ་པར་བྱ། །ཏིང་འཛིན་འདི་ནི་ཡོངས་བཙལ་ཞིང ། །སྟོན་པའི་རིང་བསྲེལ་མཆོད་པར་བྱ། །ཏིང་འཛིན་ཞི་པ་བཙལ་བའི་ཕྱིར། །གདུགས་དང་རྒྱལ་མཚན་བ་དན་དང ། ། སྤོས་དང་ཕྲེང་བ་བྱུག་པ་ཡིས། །སངས་རྒྱས་ལ་ནི་མཆོད་པ་བྱ། །དགའ་བར་འགྱུར་བའི་སིལ་སྙན་དང ། །གླུ་དབྱངས་སྦྱར་ཅིང་བླངས་ནས་སུ། །ཞུམ་པ་མེད་ཅིང་མི་གཡེལ་
137b
བར། །སངས་རྒྱས་ཀྱི་ནི་རིང་བསྲེལ་མཆོད། །བྱང་ཆུབ་མཆོག་གི་དོན་གྱི་ཕྱིར། །སྤོས་དང་ཕྲེང་བ་བདུག་པ་དང ། །གོས་དང་ཕྱེ་མ་ཇི་སྙེད་པ། །དེ་དག་ཀུན་གྱིས་མགོན་མཆོད་གྱིས། ། ཏིང་འཛིན་ཞི་བ་འདི་འཚོལ་ཕྱིར། །མཆོད་པ་ཇི་སྙེད་ཅི་ཡོད་པ། །དཔག་མེད་བསམ་གྱིས་མི་ཁྱབ་པས། །སངས་རྒྱས་ཀུན་ལ་མཆོད་པར་གྱིས། །བླ་མེད་སངས་རྒྱས་ཡེ་ཤེས་ཏེ། །ཆགས་མེད་ཡེ་ཤེས་རབ་འཚོལ་བས། །སེམས་ཅན་ཀུན་ལ་སྐལ་བའི་ཤས། །མི་གནས་པར་ནི་མཉམ་པར་སྦྱིན། །མི་གནས་པར་ནི་གྱུར་ནས་སུ། །ཏིང་འཛིན་ཞི་བ་འཚོལ་བའི་ཕྱིར། །སངས་རྒྱས་རྣམས་ལ་ངས་ཀྱང་སྔོན། །མཆོད་པ་བསམ་གྱིས་མི་ཁྱབ་བྱས། །སངས་རྒྱས་སྐྱེ་བ་རྙེད་པར་དཀའ། །མིར་སྐྱེ་བ་ཡང་རྙེད་པར་དཀའ། །བསྟན་པ་ལ་ཡང་དད་པ་དང ། །རབ་བྱུང་བསྙེན་རྫོགས་རྙེད་པར་དཀའ། །གང་གིས་བྱང་ཆུབ་སེམས་བསྔོས་པ། །དེ་དག་སྟོན་པ་མཉེས་པར་བྱས། །དམ་བཅས་པ་ལས་མ་གཡོ་བར། །ཁྱོད་ནི་ནན་ཏན་གནས་པར་གྱིས། །ཟད་པའི་དུས་སུ་ཉེར་གནས་ཚེ། །གང་གིས་མདོ་སྡེ་འདི་བཟུང་སྟེ། །རབ་ཏུ་བརྗོད་པ་བཟུང་བྱས་ན། །མྱུར་དུ་སྤོབས་པ་ཐོབ་པར་འགྱུར། །ཚིགས་བཅད་གཅིག་ཙམ་བཟུང་བ་ཡང ། །བསོད་ནམས་ཕུང་པོ་བསམ་ཡས་ན། །ཉན་པར་འདོད་པས་མདོ་སྡེ་ཡང ། །ཐམས་ཅད་བཟུང་བ་ཅི་ཞིག་སྨོས། །སེམས་ཅན་ཐམས་ཅད་བྱང་ཆུབ་ཐོབ། །དེ་དག་མི་གཡེལ་མཆོད་བྱས་ཏེ།།
138a
༄#། །བསྐལ་པ་སེམས་ཅན་སྙེད་དུ་ཡང ། །རྟག་ཏུ་གུས་པར་མཆོད་པ་བས། །ཏིང་འཛིན་དམ་པ་འདི་ལས་ནི། །གང་གིས་ཚིགས་བཅད་གཅིག་བཟུང་བ། །བསོད་ནམས་སྔ་མ་ཐམས་ཅད་ནི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཏིང་འཛིན་འདི་ནི་ཐོས་ནས་སུ། །སུ་དག་ནེམ་ནུར་མི་བྱེད་པ། །ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། །སངས་རྒྱས་ཀྱི་ནི་མཁྱེན་པས་རིག་།སོ་སོ་ཡང་དག་པར་རིག་པ་ལ་འཇུག་པའི་ལེའུ་སྟེ། ཉི་ཤུ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འདོད་པ་དང ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཐབས་མཁས་པར་བྱའོ། །གཞོན་ནུ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ཡིན་ཞེ་ན། གཞོན་ནུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་ཉེ་དུའི་སེམས་ཉེ་བར་བཞག་སྟེ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་དང ། བསོད་ནམས་ཀྱི་ཕུང་པོ་ཅི་ཡོད་པ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་རྗེས་སུ་མི་རང་བར་བྱས་ཏེ། ཉིན་ལན་གསུམ། མཚན་ལན་གསུམ་སེམས་ཅན་ཐམས་
138b
ཅད་ཀྱི་དགེ་བའི་རྩ་བ་དང ། བསོད་ནམས་ཀྱི་ཕུང་པོ་ལ་རྗེས་སུ་ཡི་རངས་ནས། ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པའི་སེམས་བསྐྱེད་པས་དགེ་བའི་རྩ་བ་དང ། བསོད་ནམས་ཀྱི་ཕུང་པོ་དེ་སེམས་ཅན་ཐམས་ཅད་ལ་གཏང་བར་བྱའོ། །གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཐབས་མཁས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པས་མྱུར་དུ་ཏིང་ངེ་འཛིན་འདི་འཐོབ་ཅིང ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སེམས་ཅན་འདི་དག་ཐམས་ཅད་བདག་གི་གཉེན། །འདི་ཡི་བསོད་ནམས་མང་པོ་ཅི་ཡོད་པ། །ཉིན་ཡང་ལན་གསུམ་མཚན་ཡང་ལན་གསུམ་དུ། ། བྱང་ཆུབ་སེམས་བསྐྱེད་རྗེས་སུ་ཡི་རང་ངོ ། །སུ་དག་སྲོག་གི་ཕྱིར་ཡང་སྡིག་མི་བྱེད། །ཚུལ་ཁྲིམས་རྣམ་པར་དག་ལ་ཡི་རང་ངོ ། །བྱང་ཆུབ་སེམས་དཔའ་མོས་པ་ཕུན་སུམ་ཚོགས། ། དེ་དག་བསོད་ནམས་ཅི་ཡོད་ཅི་རང་ངོ ། །གང་དག་སངས་རྒྱས་དད་ཅིང་དེ་བཞིན་དུ། །ཆོས་དང་དགེ་འདུན་དད་ལ་ཡི་རང་ངོ ། །བྱང་ཆུབ་ཉིད་ནི་རབ་ཏུ་འདོད་པའི་ཕྱིར། །བདེ་གཤེགས་མཆོད་པ་བྱེད་ལ་ཡི་རང་ངོ ། །རྫོགས་བའི་བྱང་ཆུབ་གདུང་ནི་གནས་བྱའི་ཕྱིར། །སེམས་ཅན་དོན་དུ་བློ་གྲོས་ཆེན་པོ་ཡིས། །བླ་མེད་བྱང་ཆུབ་དམ་པ་མཆོག་ཏུ་ནི། །གང་གིས་སེམས་
139a
༄#། །བསྐྱེད་དེ་ལ་ཡི་རང་ངོ ། །བྱང་ཆུབ་སེམས་དཔའ་སྙིང་རྗེས་ནོན་པ་ཡིས། །ནོར་དང་འབྲུ་དང་རིན་ཆེན་བཙུན་མ་དང ། །སྲས་དང་སྲས་མོ་རྒྱལ་སྲིད་རྒྱས་པ་དང། །བདག་གི་ཤ་ཡང་གཏོང་ལ་ཡི་རང་ངོ ། །ཤེས་རབ་ཡོངས་སུ་བསྒོམས་པས་ལུས་དུལ་ཞིང ། །ཐབས་ལ་མཁས་པའི་བསླབས་པར་བ་བསླབས་པས། །སེམས་ཅན་དོན་དུ་རབ་ཏུ་དགའ་སེམས་ཀྱིས། །བདག་གིས་ལུས་ཀྱང་གཏོང་ལ་ཡི་རང་ངོ ། །གཅིག་པུ་གཉིས་སུ་མེད་པར་ནགས་གནས་ཤིང ། །རྟག་ཏུ་བསེ་རུ་ལྟར་གྱུར་འཚོ་བ་གཙང ། །ཁོར་མོར་བྱ་བ་ཉུང་ཞིང་སུ་དག་ནི། །ཁེ་ཕྱིར་ཚུལ་འཆོས་མེད་ལ་ཡི་རང་ངོ ། །སུ་དག་བསྟེན་པར་མི་བྱེད་ཕྲག་དོག་མེད། ཁྱིམ་ལ་སྲེད་པར་མི་བྱེད་རྟག་པར་ཡང ། །ཁམས་གསུམ་དག་ལ་རབ་ཏུ་འཇིགས་སྐྲག་སྟེ། །འཇིག་རྟེན་མ་ཆགས་སྤྱོད་ལ་ཡི་རང་ངོ ། །སྲིད་པར་སྐྱེ་བ་ཀུན་ལ་རབ་སྐྱོ་ཞིང ། །སུ་དག་སྤྲོས་པ་མེད་ལ་ཡི་རང་ངོ ། །རྩོད་པ་མེད་ཅིང་ཉེ་བར་ཞི་བའི་སེམས། །དེ་ལ་ཏིང་འཛིན་འདི་ནི་རྙེད་མི་དཀའ། །གང་གིས་འདུ་འཛི་ཉེས་པ་མཐོང་ནས་ནི། །རྩོད་པ་ཐམས་ཅད་ཡོངས་སྤངས་དགོན་པར་གནས། །ཤིང་དྲུང་གནས་ཤིང་རྣམ་གྲོལ་ལྷུར་བྱེད་པ། །བདེ་གཤེགས་སྲས་ལ་རྗེས་སུ་ཡི་རང་ངོ ། །བདག་ལ་མི་བསྟོད་གཞན་ལ་མི་སྨོད་ཅིང ། །དགོན་པར་གནས་པ་དག་ལ་ཡི་རང་ངོ ། །སུ་དག་བསྟན་
139b
བ་འདི་ལ་བག་ཡོད་ཅིང ། །བག་མེད་སྤངས་པ་དེ་ལ་ཡི་རང་ངོ ། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཇི་སྙེད་པ། །ཀུན་གྱི་རྩ་བ་བག་ཡོད་འདི་ཡིན་ཏེ། །སངས་རྒྱས་སྲས་གང་རྟག་ཏུ་བག་ཡོད་པ། །དེ་དག་ཏིང་འཛིན་འདི་ནི་རྙེད་མི་དཀའ། །བདེ་བར་གཤེགས་པའི་བསྟན་པ་གཏེར་རྙེད་ཡིན། །རབ་ཏུ་བྱུང་བ་གཏེར་ནི་གཉིས་པ་སྟེ། །དད་པ་རྙེད་པ་གཏེར་ནི་གསུམ་པ་ཡིན། ། ཏིང་འཛིན་འདི་ནི་གཏེར་རྙེད་བཞི་པའོ། །སངས་རྒྱས་སྤྱོད་ཡུལ་སྟོང་པ་འདི་ཐོས་ནས། །འདི་ལ་མི་སྤོང་བ་ཡང་གཏེར་རྙེད་ཡིན། །སྤོབས་པ་མཐའ་ཡས་པ་ཡང་གཏེར་རྙེད་པ། །གཟུངས་རྣམས་གང་ཡིན་དེ་དག་གཏེར་གྱི་མཆོག་།དགེ་བའི་ཆོས་རྣམས་ཇི་སྙེད་རྗོད་པ་དག་།ཚུལ་ཁྲིམས་ཐོས་གཏོང་བཟོད་པ་དེ་བཞིན་ཏེ། །ཐམས་ཅད་ཀྱི་ཡང་རྩ་བ་བག་ཡོད་འདི། །གཏེར་རྙེད་ཡིན་པར་བདེ་བར་གཤེགས་པས་གསུངས། །སངས་རྒྱས་བསྟན་པ་འདི་ལ་བག་ཡོད་ཅིང ། །སུ་དག་ལ་ནི་ཡང་དག་སྨོན་ལམ་ཡོད། །དེ་དག་ཏིང་འཛིན་འདི་ནི་རྙེད་མི་དཀའ། ། སངས་རྒྱས་བསྟན་པ་འདི་ལ་ཉེ་བར་གྱུར། །རྗེས་སུ་ཡི་རང་བའི་ལེའུ་སྟེ། ཉི་ཤུ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་བག་ཡོད་པར་བྱའོ་ཞེས་གཞོན་ནུ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ། བག་ཡོད་པའི་བྱང་ཆུབ་སེམས་དཔའ་
140a
༄#། །སེམས་དཔའ་ཆེན་པོ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྙེད་པར་མི་དཀའ་ན་ཏིང་ངེ་འཛིན་འདི་ལྟ་ཅི་སྨོས། གཞོན་ནུ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བག་ཡོད་པ་ཡིན་ཞེ་ན། གཞོན་ནུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཡོངས་སུ་དག་པ་ཡིན་ནོ། །གཞོན་ནུ།་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཡོངས་སུ་དག་པ་ཡིན་ཞེ་ན། གཞོན་ནུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཡོངས་སུ་དག་པ་ནི་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ཡིན་ཏེ། དེའི་ཕན་ཡོན་འདི་དག་ཉོན་ཅིག་དང་ངས་ཁྱོད་ལ་བཤད་དོ། །གཞོན་ནུ།་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ལ་མོས་པའི་ཕན་ཡོན་ནི་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དེའི་སེར་སྣའི་ཉོན་མོངས་པ་ཚར་བཅད་པ་ཡིན། དེའི་སེམས་རྟག་ཏུ་གཏོང་བའི་རྗེས་སུ་སྤེལ་བ་ཡིན། སྐྱེ་བོ་མང་པོ་དང་ཐུན་མོང་པའི་ལོངས་སྤྱོད་ལས་སྙིང་པོ་ལེན་པ་ཡིན། ལོངས་སྤྱོད་ཆེན་པོའི་རིགས་སུ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་དེ་གཏོང་བའི་སེམས་མངོན་དུ་འགྱུར་བ་ཡིན། འཁོར་བཞི་རྣམས་ལ་ཕངས་ཤིང་སྡུག་པ་ཡིན། འཇིགས་པ་མེད་ཅིང་ཞུམ་པ་མེད་པར་འཁོར་གྱི་ནང་དུ་འགྲོ་།ཕྱོགས་དང་
140b
ཕྱོགས་མཚམས་སུ་དེའི་རྒྱ་ཆེར་བརྗོད་པའི་སྒྲ་ཚིགས་སུ་བཅད་པ་མངོན་པར་འབྱུང ། རྐང་ལག་འཇམ་ཞིང་གཞོན་པ་ཡིན། རྐང་མཐིལ་མཉམ་ཞིང་རབ་ཏུ་གནས་པ་ཡིན། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་དགེ་བའི་བཤེས་གཉེན་དང་མི་འབྲལ་བ་ཡིན་ཏེ། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ལ་མོས་པའི་ལེགས་པ་ནི་འདི་བཅུའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། །དེས་ནི་སེར་སྣ་ཚར་བཅད་ཅིང ། །གཏོང་བའི་སེམས་ཀྱང་རྣམ་པར་སྤེལ། །སྙིང་པོ་དག་ནི་བླངས་པར་འགྱུར། །ཤིན་ཏུ་འབྱོར་པའི་རིགས་སུ་སྐྱེ། །སྐྱེས་མ་ཐག་ཏུ་དེ་ཡི་སེམས། །གཏོང་བ་དག་ལ་ཤིན་ཏུ་འཇུག་།རབ་ཏུ་བྱུང་དང་ཁྱིམ་པ་ཡི། །སེམས་ཅན་རྣམས་ལ་ཕངས་པར་འགྱུར། །འཇིགས་པ་མེད་ཅིང་འཁོར་དུ་ཡང ། །མ་ཞུམ་པར་ནི་ཉེ་བར་འགྲོ་།གྲོང་དང་གྲོང་ཁྱེར་རྣམས་སུ་ཡང ། །དེ་ཡི་སྒྲ་ནི་རྒྱ་ཆེར་འགྱུར། །རྐང་ལག་དག་ནི་འཇམ་པ་ཡང ། །རྙེད་དཀའ་བར་ནི་ཡོང་མི་འགྱུར། །སངས་རྒྱས་དང་ནི་ཉན་ཐོས་དང ། །དགེ་བའི་བཤེས་གཉེན་ཐོབ་པར་འགྱུར། །སེར་སྣའི་སེམས་ནི་ནམ་ཡང་མི་འབྱུང་སྟེ། །དེ་ཡི་སེམས་ནི་རྟག་ཏུ་གཏོང་ལ་དགའ། །སེམས་ཅན་བྱེ་བ་མང་ལ་ཕངས་པར་འགྱུར། །སེར་སྣ་མེད་པའི་ཕན་ཡོན་འདི་དག་ཡིན། །དེ་ནི་ནོར་མང་རིགས་སུ་སྐྱེ་བར་འགྱུར། །སྐྱེས་ནས་དེ་ཡི་ཡིད་ནི་གཏོང་ལ་དགའ། །སྙིང་པོ་བླངས་ནས་འཆི་བའི་
141a
༄#། །དུས་བྱེད་འགྱུར། །སེར་སྣ་མེད་པའི་ཕན་ཡོན་འདི་དག་ཡིན། །འཇིགས་པ་མེད་པར་འཁོར་གྱི་ནང་དུ་འགྲོ་།ཕྱོགས་སུ་རྒྱ་ཆེར་དེ་ཡི་སྒྲ་ཡང་གྲགས། །དེ་ཡི་རྐང་ལག་རྟག་ཏུ་འཇམ་པར་འགྱུར། །སེར་སྣ་མེད་པའི་ཕན་ཡོན་འདི་དག་ཡིན། །དགེ་བའི་བཤེས་གཉེན་རྙེད་པར་མི་དཀའ་སྟེ། །དེས་ནི་སངས་རྒྱས་རྣམས་དང་ཉན་ཐོས་མཐོང་།། མཐོང་ནས་དེ་དག་དད་པས་མཆོད་པ་བྱེད། །སེར་སྣ་མེད་པའི་ཕན་ཡོན་འདི་དག་ཡིན། །སྦྱིན་པའི་ཕན་ཡོན་གྱི་ལེའུ་སྟེ། ཉི་ཤུ་བདུན་པའོ།། །།གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཡོངས་སུ་དག་པའི་ཕན་ཡོན་འདི་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཡེ་ཤེས་ཀྱིས་རྗེས་སུ་བསྐོར་ཅིང་ཡོངས་སུ་རྫོགས་པར་བྱེད་པ་དང ། སངས་རྒྱས་རྣམས་ཀྱི་རྗེས་སུ་སློབ་པ་དང ། མཁས་པ་རྣམས་ཀྱིས་མ་སྨད་པ་དང ། དམ་བཅས་པ་ལས་མི་གཡོ་བ་དང ། ནན་ཏན་ལ་གནས་པ་དང།་འཁོར་བ་ལས་འབྱོལ་བ་དང ། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་དང ། ཀུན་ནས་ལྡང་བ་མེད་པར་གནས་པ་དང ། ཏིང་ངེ་འཛིན་རབ་ཏུ་འཐོབ་པ་དང ། མི་དབུལ་བར་འགྱུར་ཏེ། གཞོན་ནུ། བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཡོངས་སུ་དག་པའི་ཕན་ཡོན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཡེ་
141b
ཤེས་ཡོངས་སུ་རྫོགས་བྱེད་ཅིང ། །སངས་རྒྱས་དག་གི་རྗེས་སུ་སློབ། །མཁས་པ་དག་གིས་མ་སྨད་པ། །རྟག་ཏུ་འཇིགས་པ་མེད་པར་འགྱུར། །དམ་བཅས་པ་ལས་མི་གཡོ་ཞིང ། །ནན་ཏན་ལ་ཡང་རབ་ཏུ་གནས། །མྱ་ངན་འདས་པ་ཐོབ་བྱེད་ཅིང ། །འཁོར་བ་ལས་ཀྱང་ཤིན་ཏུ་འབྱོལ། །ཀུན་ནས་ལྡང་བ་མེད་གནས་ཤིང ། །ཏིང་ངེ་འཛིན་རྣམས་མྱུར་དུ་འཐོབ། །དབུལ་པོར་ཡང་ནི་མི་འགྱུར་ཏེ། །ཚུལ་ཁྲིམས་ཕུང་པོར་རབ་ཏུ་གནས། །དེ་ཡི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར། །དེ་བཞིན་གཤེགས་པ་རྣམས་ཀྱི་རྗེས་སུ་སློབ། །དེ་ལྟར་དེ་ཡི་ཚུལ་ཁྲིམས་ཡོངས་དག་ཅིང ། །དེ་ལ་མཁས་པ་དག་ནི་སྨོད་མི་བྱེད། །དམ་བཅས་པ་ལས་མཁས་པ་མི་གཡོ་ཞིང ། །དེ་ལྟར་དཔའ་བོ་ནན་ཏན་གནས་པར་བྱེད། །འཁོར་བའི་ཉེས་པ་མང་པོ་མཐོང་ནས་ནི། །འབྱོལ་ཞིང་མྱ་ངན་འདའ་བར་དེ་ཡིས་འགྲོ་།དེ་ལྟར་ཚུལ་ཁྲིམས་སྟོབས་ལ་གནས་པས་ན། །དེ་ཡི་སེམས་ནི་ཀུན་ནས་ལྡང་མི་འགྱུར། །ཉོན་མོངས་མེད་པའི་ཏིང་འཛིན་མྱུར་དུ་འཐོབ། །ཚུལ་ཁྲིམས་དག་པའི་ཕན་ཡོན་འདི་དག་ཡིན། །ཚུལ་ཁྲིམས་ངེས་པར་བསྟན་པའི་ལེའུ་སྟེ། ཉི་ཤུ་བརྒྱད་པའོ།། །།གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་ལ་གནས་ཤིང་བྱམས་པ་ལ་སྤྱོད་པའི་ཕན་ཡོན་ནི་འདི་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། མེས་མི་ཚིག་།མཚོན་གྱིས་
142a
༄#། །མི་གསོད། དུག་གིས་མི་ཚུགས། ཆུས་མི་འཆི། ལྷ་རྣམས་དེ་ལ་སྲུང་བར་བྱེད། ལུས་མཚན་གྱིས་བརྒྱན་པ་ཐོབ་པར་འགྱུར། དེའི་ངན་འགྲོའི་སྒོ་ཐམས་ཅད་བཅད་པར་འགྱུར། དེ་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་རྙེད་པ་མི་དཀའ་བར་འགྱུར། དེ་བདེ་བར་ཉིན་མཚན་འདའ་བར་འགྱུར། དེའི་ལུས་ལ་དགའ་བ་དང་བདེ་བ་མི་འདོར་བར་འགྱུར་ཏེ། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་ལ་གནས་པ། བྱམས་པ་ལ་སྤྱོད་པའི་ཕན་ཡོན་ནི་འདི་བཅུའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དེ་ནི་མེས་ཀྱང་མི་ཚིག་སྟེ། །མཚོན་གྱིས་ཀྱང་ནི་གསོད་མི་འགྱུར། །ལུས་ལ་དུག་གིས་མི་ཚུགས་ཏེ། །ཆུས་ཀྱང་འཆི་བར་མི་འགྱུར་རོ། །དེ་ལ་ལྷ་རྣམས་སྲུང་བྱེད་དེ། ། སུམ་ཅུ་རྩ་གཉིས་མཚན་ཀྱང་འབྱུང ། །དེ་ཡི་ངན་འགྲོ་ཀུན་བཀག་སྟེ། །བཟོད་ལ་གནས་པའི་ཕན་ཡོན་འདི། །ཚངས་པ་དང་ནི་བརྒྱ་བྱིན་ཡང ། །དེ་ལ་རྙེད་པར་དཀའ་མི་འགྱུར། ། རྟག་ཏུ་བདེ་བར་གནས་བྱེད་ཅིང ། །དགའ་བ་དག་ཀྱང་བསམ་ཡས་འགྱུར། །དེ་ནི་མེ་དང་མཚོན་གྱིས་ཡོང་མི་གསོད། །བྱེ་བྲག་ཏུ་ནི་ཆུ་ནང་མི་འཆི་སྟེ། །ལྷ་དང་དེ་བཞིན་ཀླུ་དང་གནོད་སྦྱིན་སྲུང ། །བྱམས་ལ་གནས་པའི་ཕན་ཡོན་འདི་དག་གོ་།དེ་ཡི་ལུས་ལ་སུམ་ཅུ་གཉིས་མཚན་འབྱུང ། །དེ་ནི་ཕྱིར་ཡང་ལོག་ལྟུང་འགྲོ་མི་འགྱུར། །ཤི་འཕོས་ནས་ནི་
142b
ཚངས་པའི་གནས་སུ་སྐྱེ། །བཟོད་ལ་གནས་པའི་ཕན་ཡོན་འདི་དག་གོ་།དེ་ནི་ཉིན་མཚན་དག་ཀྱང་བདེ་བར་འདའ། །ལུས་ནི་དགའ་བས་རྟག་ཏུ་ཁྱབ་པར་འགྱུར། །བཟོད་ཅིང་དེས་པའི་སྟོབས་ལ་དེ་གནས་པས། །མཁས་པ་རྟག་ཏུ་དང་བའི་སེམས་སུ་འགྱུར། །གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པའི་ཕན་ཡོན་ནི་འདི་བཅུ་སྟེ།་བཅུ་གང་ཞེ་ན། འདི་ལྟ་སྟེ། བསྙེན་དཀའ་བར་འགྱུར་བ་དང ། སངས་རྒྱས་ཀྱིས་ཡོངས་སུ་བཟུང་བ་འཐོབ་པ་དང ། ལྷས་ཡོངས་སུ་བཟུང་བར་འགྱུར་བ་དང ། དེས་ཐོས་པའི་ཆོས་ཡོངས་སུ་མི་ཉམས་པ་དང ། སྔོན་མ་ཐོས་པའི་ཆོས་རྣམས་འཐོབ་པ་དང ། ཏིང་ངེ་འཛིན་གྱི་རིགས་འཐོབ་པ་དང ། ནད་ཉུང་བར་འགྱུར་བ་དང ། དེའི་ཟས་རྣམས་ཀྱང་ཡང་དག་པར་བདེ་བར་འཇུ་བར་འགྱུར་བ་དང ། པདྨ་ལྟ་བུར་འགྱུར་ཞིང་མདའ་སྟེའུ་ཁ་མ་ལྟར་མི་འགྱུར་བ་སྟེ། གཞོན་ནུ། བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པའི་ཕན་ཡོན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བསྙེན་དཀའ་བར་ཡང་རྟག་ཏུ་འགྱུར། །དེ་ལ་ལེ་ལོ་ཡོད་མིན་ཏེ། །ལྷ་རྣམས་ཀྱང་ནི་སྲུང་བར་བྱེད། །སངས་རྒྱས་དག་ནི་མྱུར་དུ་མཐོང ། ། སྨོན་ལམ་ཡོངས་སུ་རྫོགས་བྱེད་དེ། །ཏིང་འཛིན་རིགས་ནི་རྙེད་པར་འགྱུར། །དེ་ལ་ནད་ཀྱང་མི་འབྱུང་སྟེ། །བརྩོན་འགྲུས་ལྡན་པའི་ཡོན་ཏན་འདི། །དེ་ཡི་ཟས་དང་སྐོམ་དག་ཀྱང ། །བདེ་བར་
143a
༄#། །འཇུ་སྟེ་རྨྱ་བ་མེད། །ཆུ་ཡི་ནང་ན་ཨུཏྤལ་དག་།རིམ་གྱིས་སྐྱེ་བར་འགྱུར་བ་ལྟར། །དེ་བཞིན་བྱང་ཆུབ་སེམས་དཔའ་ཡང ། །དཀར་པོའི་ཆོས་ཀྱིས་རྣམ་པར་འཕེལ། །དེ་ཡི་ཉིན་དང་མཚན་མོ་ཡང ། །འབྲས་བུ་ཡོད་པར་འདའ་བར་འགྱུར། །བརྩོན་འགྲུས་བརྩམ་པ་དེ་བཞིན་གཤེགས། །བསྐལ་པ་དུ་མར་བསྒྲུབས་པ་ཡིས། །བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ལྡན། །དེ་ཡི་ཕན་ཡོན་འདི་དག་བཤད། །དེས་པ་བརྩོན་འགྲུས་བརྩམས་འགྱུར་ཏེ། །རྒྱལ་བདག་གིས་ཡོངས་སུ་བཟུང ། །ལྷ་ཡང་དེ་ལ་སྨོན་པ་བསྐྱེད། །སངས་རྒྱས་བྱང་ཆུབ་མྱུར་འཚང་རྒྱ། །དེ་ཡི་ཐོས་པ་ཡོང་མི་འབྲི། །ཆོས་གཞན་མང་པོ་སྨྲ་བར་བྱེད། །དེ་ཡི་སྤོབས་བ་རྒྱ་ཆེར་འཕེལ། །བརྩོན་འགྲུས་བརྩམས་པའི་ཕན་ཡོན་འདི། །ཏིང་འཛིན་རིགས་ཀྱང་མྱུར་དུ་འཐོབ། །དེ་ལ་ནམ་ཡང་ནད་མི་འབྱུང ། །དེས་ནི་ཁ་ཟས་ཅི་ཟོས་པ། །བདེ་བར་ཡོངས་སུ་འཇུ་བར་འགྱུར། །མི་གཡེལ་བརྩོན་འགྲུས་བརྩམས་པ་ཡི། །དཀར་པོའི་ཕྱོགས་ནི་ཉིན་མཚན་འཕེལ། །དེ་ལྟར་བརྩོན་འགྲུས་སྟོབས་ལྡན་པས། །རིང་པོར་མི་ཐོགས་བྱང་ཆུབ་འགྱུར། །གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་ལ་མོས་པའི་ཕན་ཡོན་ནི་འདི་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སྤྱོད་པ་ལ་གནས་པ་དང ། སྤྱོད་ཡུལ་ལ་སྤྱོད་པ་དང ། ཡོངས་སུ་གདུང་བ་མེད་པར་
143b
གནས་པ་དང ། དབང་པོ་སྦས་པར་འགྱུར་བ་དང ། དགའ་བ་མྱོང་བ་དང ། འདོད་པ་ལས་དབེན་པ་དང ། བསམ་གཏན་གསོག་གིས་ཚིམ་པ་མེད་པ་མ་ཡིན་པ་དང ། བདུད་ཀྱི་ཡུལ་ལས་ཐར་བ་དང ། སངས་རྒྱས་ཀྱི་ཡུལ་ལ་རབ་ཏུ་གནས་པ་དང ། རྣམ་པར་གྲོལ་བ་རབ་ཏུ་སྨིན་པར་བྱེད་པ་སྟེ། གཞོན་ནུ། བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་ལ་མོས་པའི་ཕན་ཡོན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སྤྱོད་པ་དག་ལ་དེ་གནས་པས། །དེ་ནི་སྤྱོད་པ་མེད་མི་འགྱུར། །རྣལ་འབྱོར་པ་ནི་སྤྱོད་ཡུལ་སྤྱོད། །སྤྱོད་ཡུལ་མ་ཡིན་རྣམ་པར་སྤོང ། །གདུང་བ་མེད་པར་དེ་གནས་ཏེ། །དབང་པོ་བསྡམས་ཤིང་སྦས་པ་ཡིན། །དེ་ནི་དགའ་བ་མྱོང་བྱེད་དེ། །བསམ་གཏན་སྒོམ་པའི་སྤྱོད་ཡུལ་ལོ། །འདོད་པའི་སྲེད་ལ་འདོད་ཆགས་བྲལ། །བསམ་གཏན་བདེ་ལ་སྟེན་བྱེད་དེ། །བདུད་ཀྱི་ཡུལ་ལས་དེ་ཐར་ཅིང ། །སངས་རྒྱས་ཡུལ་ལ་དེ་གནས་སོ། །རྣལ་འབྱོར་བྱེ་བྲག་འདི་ཡིན་ཏེ། །གཅིག་པུ་ནགས་ཁྲོད་མོས་བྱེད་ཅིང ། །རྣམ་པར་གྲོལ་བ་ཡོངས་སུ་སྐོང ། །དེ་ནི་བཅུ་པའི་གནས་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་ནི་སྤྱོད་ལ་གནས། །སྤྱོད་པ་མ་ཡིན་ཐམས་ཅད་རྣམ་པར་སྤངས། །སྤྱོད་ཡུལ་མ་ཡིན་སྤངས་ནས་སྤྱོད་ཡུལ་གནས། །ཏིང་འཛིན་བརྩོན་པའི་ཕན་ཡོན་འདི་དག་གོ་།དེ་ལ་གདུང་བ་ནམ་ཡང་གདུང་མི་འགྱུར། །འཕགས་པའི་བདེ་བར་གནས་པ་རིག་ནས་སུ། །ལུས་དང་
144a
༄#། །སེམས་རྣམས་ཀྱང་ནི་བདེ་བར་འགྱུར། །བསམ་གཏན་བརྩོན་པའི་ཕན་ཡོན་འདི་དག་གོ་།དགོན་པའི་གནས་དག་ཏུ་ཡང་བསྲུངས་ཤིང་གནས། །དེ་ལ་གཡེང་བ་ནམ་ཡང་འབྱུང་མི་འགྱུར། །དེ་ལྟར་ལུས་ནི་དབེན་པར་གྱུར་པས་ན། །ཟང་ཟིང་མེད་པའི་དགའ་བ་དེར་འཐོབ་བོ། །འདོད་པ་དག་གིས་མི་གོས་ཉོན་མོངས་མེད། །དེ་ལྟར་བདུད་ཀྱི་ཡུལ་ལས་ཐར་པས་ན། །དེ་བཞིན་གཤེགས་པའི་ཡུལ་ལ་རབ་གནས་ཏེ། །དེ་ཡི་རྣམ་གྲོལ་ཡོངས་སུ་སྨིན་པར་འགྱུར། །གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་སྤྱོད་པའི་ཕན་ཡོན་ནི་འདི་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། བདོག་པ་ཐམས་ཅད་ཡོངས་སུ་གཏོང་ལ་སྦྱིན་པས་དག་པར་རློམ་སེམས་མི་བྱེད་པ་ཡིན། ཚུལ་ཁྲིམས་མ་དྲལ་ཅིང་ཚུལ་ཁྲིམས་ལ་མི་གནས་པ་ཡིན། བཟོད་པའི་སྟོབས་ལ་གནས་ལ་སེམས་ཅན་དུ་འདུ་ཤེས་པ་ལ་མི་གནས་པ་ཡིན། བརྩོན་འགྲུས་བརྩམས་ལ་ལུས་དང་སེམས་དབེན་པ་ཡིན། བསམ་གཏན་ལ་བསམ་གཏན་དུ་བྱེད་ཅིང་མི་གནས་པའི་བསམ་གཏན་པ་ཡིན། བདུད་རྣམས་ཀྱིས་ཐུབ་པར་དཀའ་བ་ཡིན། ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་རབ་ཏུ་མི་སྒུལ་པ་ཡིན། འདུ་བྱེད་འཇུག་པ་ཐམས་ཅད་ལ་སྣང་བ་ཐོབ་པ་ཡིན། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་རྒྱ་ཆེར་འཇུག་སྟེ། ཉན་ཐོས་དང་རང་སངས་
144b
རྒྱས་ཀྱི་ས་ལ་རེ་བ་མེད་པ་ཡིན། སངས་རྒྱས་ཀྱི་བསམ་གཏན་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པ་ལ་རབ་ཏུ་འཇུག་པ་ཡིན་ཏེ། གཞོན་ནུ། བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་སྤྱོད་པའི་ཕན་ཡོན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔའ་བོ་བདོག་པ་ཐམས་ཅད་གཏོང ། །དེས་ནི་དག་པར་རློམ་སེམས་མེད། །ཚུལ་ཁྲིམས་མ་དྲལ་སྲུང་མོད་ཀྱི། །དེ་ལ་གནས་པར་བྱེད་པ་མེད། །ཤེས་རབ་ཅན་དེ་བཟོད་སྒོམ་ཡང ། །སེམས་ཅན་འདུ་ཤེས་རྣམ་པར་བཟློག་།བརྩོན་འགྲུས་བརྩམས་པ་ཡིན་མོད་ཀྱི། །ལུས་དང་སེམས་ནི་རྣམ་པར་དབེན། །བསམ་གཏན་ལ་ཡང་སྒོམ་མོད་ཀྱི། །གནས་པ་མེད་ཅིང་རྟེན་པ་མེད། །བདུད་ཀྱིས་ཐུབ་པར་དཀའ་བར་འགྱུར། །ཤེས་རབ་ལྡན་པའི་ཡོན་ཏན་འདི། །ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས། །དེ་ནི་བསྐྱོད་པ་མི་ནུས་འགྱུར། །འཁོར་བ་ན་ཡང་སྣང་བ་འཐོབ། །ཤེས་རབ་ཡོན་ཏན་འདི་འདྲའོ། །སེམས་ཅན་དག་ནི་ཐམས་ཅད་ལ། །དེ་ནི་སྙིང་རྗེ་ཆེ་བར་འགྱུར། །ཉན་ཐོས་རང་རྒྱལ་ཡེ་ཤེས་ལ། །ནམ་ཡང་རེ་བ་སྐྱེད་མི་འགྱུར། །བདོག་པ་ཐམས་ཅད་གཏོང་ཡང་རློམ་སེམས་མེད། །ཚུལ་ཁྲིམས་མ་དྲལ་ཚུལ་ཁྲིམས་མི་གནས་ཏེ། །བཟོད་པ་སྒོམ་ཡང་སེམས་ཅན་འདུ་ཤེས་མེད། །ཤེས་རབ་མོས་པའི་ཕན་ཡོན་འདི་དག་གོ་།བརྩོན་འགྲུས་བརྩམས་ཀྱང་རྣམ་པར་དབེན་པ་ཡིན། །མི་གནས་
145a
༄#། །བསམ་གཏན་བྱེད་ཅིང་རྟེན་པ་མེད། །མཁས་པ་དེ་ནི་བདུད་ཀྱིས་ཐུབ་པར་དཀའ། །ཤེས་རབ་མོས་པའི་ཕན་ཡོན་འདི་དག་གོ་།ཕ་རོལ་རྒོལ་བས་བསྐྱོད་པར་མི་འགྱུར་ཞིང ། །དེས་ནི་འདུས་བྱས་འདི་ཡི་གཏིང་རྙེད་པས། །སེམས་ཅན་དག་ལ་སྙིང་རྗེ་རྒྱ་ཆེར་སྐྱེད། །ཤེས་རབ་མོས་པའི་ཕན་ཡོན་འདི་དག་གོ་།དེ་ལྟར་སངས་རྒྱས་ཡོན་ཏན་དེ་གནས་པས། །རང་རྒྱལ་རྣམས་དང་ཉན་ཐོས་རྣམས་ལ་ནི། །དེ་དག་ནམ་ཡང་སྨོན་པ་མི་སྐྱེད་དེ། །ཤེས་རབ་མོས་པའི་ཕན་ཡོན་འདི་དག་གོ་།གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་དུ་ཐོས་པའི་ཕན་ཡོན་ནི་འདི་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པར་མི་བྱེད་པ་དང ། གནོད་སེམས་མི་སྐྱེད་པ་དང།་ཐེ་ཚོམ་རྣམ་པར་འབྱེད་པ་དང ། ལྟ་བ་དྲང་པོར་བྱེད་པ་དང ། ལམ་ལོག་པ་སྤོང་བ་དང ། ལམ་ལ་གནས་པ་དང ། མི་འཆི་བའི་སྒོར་གནས་པ་དང ། བྱང་ཆུབ་ཏུ་བསྙེན་པ་དང ། སེམས་ཅན་ཐམས་ཅད་ལ་སྣང་བར་གྱུར་པ་དང ། ངན་འགྲོ་ཐམས་ཅད་ཀྱིས་མི་འཇིགས་པ་སྟེ། གཞོན་ནུ། བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་དུ་ཐོས་པའི་ཕན་ཡོན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཡང་དག་ཇི་བཞིན་མཁྱེན་པ་ཡི། །སངས་རྒྱས་དེ་བཞིན་གཤེགས་པ་ཡིས། །མང་དུ་ཐོས་པའི་ཕན་ཡོན་ནི། །
145b
བཅུ་པོ་འདི་དག་རབ་ཏུ་བཤད། །ཉོན་མོངས་རྣམ་པར་བྱང་བ་ཡི། །ཕྱོགས་གཉིས་པོ་ནི་དེས་ཤེས་ཏེ། །ཀུན་ནས་ཉོན་མོངས་ཡོངས་སྤངས་ནས། །རྣམ་པར་བྱང་བའི་ལམ་ལ་སྟོན། །ནེམ་ནུར་རྣམ་འབྱེད་ཡེ་ཤེས་ལྡན། །ལྟ་བ་དྲང་པོར་རབ་སྲོང་ཞིང ། །ལོག་པའི་ལམ་ཡང་རྣམ་སྤངས་ཏེ། །དྲང་པོའི་ལམ་ལ་གནས་པར་བྱེད། །མི་འཆི་སྒོ་ལ་དེ་གནས་ཤིང ། །བྱང་ཆུབ་ཏུ་ཡང་ཉེ་བར་འགྱུར། །སེམས་ཅན་ལ་ཡང་སྣང་འགྱུར་ཏེ། །ངན་སོང་དག་ལ་འཇིགས་པ་མེད། །ཀུན་ནས་ཉོན་མོངས་ཆོས་མང་རབ་ཤེས་ཤིང ། །རྣམ་པར་བྱང་བའི་ཕྱོགས་ཀྱང་དེ་བཞིན་ཤེས། ། ཀུན་ནས་ཉོན་མོངས་ཡོངས་སུ་སྤངས་ནས་ནི། །རྣམ་པར་བྱང་བའི་ཆོས་ཀྱི་མཆོག་ལ་སློབ། །སྲོག་ཆགས་ཀུན་གྱི་ནེམ་ནུར་རྣམ་འབྱེད་ཅིང ། །དེ་ཡི་ལྟ་བ་རྟག་ཏུ་དྲང་པོར་འགྱུར། །དེ་ནི་ལོག་པའི་ལམ་ཡང་རྣམ་སྤངས་ཏེ། །ཞི་བ་དྲང་པོའི་ལམ་ལ་རྟག་ཏུ་གནས། །མི་འཆི་ལམ་ལ་ཁོར་མོར་གནས་འགྱུར་ཞིང ། །དྲི་མེད་བྱང་ཆུབ་ལ་ཡང་ཉེ་བར་འགྱུར། །སྲོག་ཆགས་མང་པོ་ཀུན་ལའང་སྣང་བར་འགྱུར། །དེ་ནི་ངན་འགྲོ་དག་ལའང་འཇིགས་པ་མེད། །གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་སྦྱིན་པ་ལྷུར་བྱེད་པ། གཞན་ལ་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་པའི་ཕན་ཡོན་ནི་འདི་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། བྱ་བ་མ་ཡིན་པ་རྣམ་པར་སྤོང་བ་དང ། བྱ་བ་ལ་འཇུག་པ་དང ། སྐྱེས་བུ་དམ་པའི་ཆོས་ལ་གནས་
146a
༄#། །པ་དང ། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང ། བྱང་ཆུབ་ཀྱི་སྙིང་པོ་ཐོབ་པར་བྱེད་པ་དང ། དངོས་པོ་ཡོངས་སུ་གཏོང་བ་དང ། ཉོན་མོངས་པ་ཚར་གཅོད་པ་དང ། སེམས་ཅན་ཐམས་ཅད་ལ་སྐལ་བའི་ཤས་སྦྱིན་པ་དང ། དེ་ལ་དམིགས་པའི་བྱམས་པ་སྒོམ་པ་དང ། ཚེ་འདི་ལ་བདེ་བ་འཐོབ་པ་སྟེ། གཞོན་ནུ། བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ལྷུར་བྱེད་པ། ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་པའི་ཕན་ཡོན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སུ་དག་སེར་སྣ་མེད་པར་ནི། །ཆོས་ཀྱི་སྦྱིན་པ་མཆོག་སྦྱིན་བྱེད། །དེ་ཡི་ལེགས་པ་རྣམ་བཅུར་ནི། །འཇིག་རྟེན་མགོན་པོས་རབ་ཏུ་བཤད། །བྱ་བ་མ་ཡིན་ཐམས་ཅད་སྤོང ། །མཁས་པ་བྱ་བ་རྣམས་ལ་འཇུག་།སྐྱེས་བུ་དམ་པའི་ཆོས་ལ་དད། །གཏོང་བའི་སེམས་ལ་སྟེན་པར་བྱེད། །སངས་རྒྱས་ཞིང་ཡང་རྣམ་སྦྱོང་སྟེ། །དེ་ཡི་ཞིང་ནི་བསམ་མི་ཁྱབ། །བྱང་ཆུབ་སྙིང་པོར་རྟག་ཏུ་འདུག་།ཆོས་ཀྱི་སྦྱིན་པའི་འབྲས་བུ་འདི། །དངོས་པོ་ཐམས་ཅད་གཏོང་བྱེད་ཅིང ། །ཆོས་ཀྱི་རྒྱལ་པོའི་རྗེས་སུ་སློབ། །ཉོན་མོངས་པ་ཡང་ཚར་བཅད་པ། །དེ་ལ་བྱང་ཆུབ་རྙེད་མི་དཀའ། །སེམས་ཅན་ཀུན་ལ་སྐལ་པའི་ཤས། །བྱམས་པའི་སེམས་ཀྱིས་རབ་ཏུ་སྦྱིན། །དེ་ནི་ཕྲག་དོག་མེད་འགྱུར་ཏེ། །མི་མ་ཡིན་པའི་སྐྱིད་པ་འཐོབ། །མཁས་པས་བྱ་བ་མ་ཡིན་རྣམ་སྤངས་ཏེ། །རྟོགས་པར་བྱ་བ་
146b
དག་ལ་གནས་པར་བྱེད། །མཁས་པ་སུ་དག་ཆོས་ཀྱི་སྦྱིན་པ་གཏོང ། །བདག་ཉིད་ཆེན་པོའི་ཆོས་ལ་རྟག་ཏུ་གནས། །དེ་ཡི་ཞིང་ཡང་རྣམ་པར་དག་པར་འགྱུར། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་རྣམ་པར་འཕེལ། །བྱང་ཆུབ་སྙིང་པོར་རྟག་ཏུ་ཉེ་བར་གྱུར། །ཆོས་རྣམས་བྱིན་པའི་ཕན་ཡོན་འདི་དག་གོ་།ཉོན་མོངས་མེད་ཅིང་དངོས་པོ་ཡོངས་སུ་བཏང ། །དངོས་པོའི་རང་གི་མཚན་ཉིད་རབ་ཏུ་ཤེས། །ཡོངས་སུ་འཛིན་པ་ཀུན་ལས་རྣམ་པར་གྲོལ། །དེ་ལ་ཆགས་པ་ནམ་ཡང་ཡོད་མི་འགྱུར། །མཁས་པའི་སེམས་ནི་ཤིན་ཏུ་ཉེར་གཞག་པ། །སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག་ཅེས། །དེ་ནི་བྱམས་སེམས་འགྱུར་ཞིང་ཕྲག་དོག་མེད། །ཚེ་འདི་དག་ལའང་བདེ་བ་མི་ཉུང་འགྱུར། །གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་ལ་གནས་པའི་ཕན་ཡོན་ནི་འདི་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་སྤྱོད་པ་ལ་གནས་པ་དང ། མི་གནས་པར་བསམ་གཏན་བྱེད་པ་དང ། སྐྱེ་བ་ལ་མི་སྨོན་པ་དང ། ཚུལ་ཁྲིམས་ལ་མཆོག་ཏུ་མི་འཛིན་པ་དང ། འཕགས་པ་ལ་མི་སྐུར་བ་དང ། མི་འགལ་བར་གནས་པ་དང ། དངོས་པོ་མི་དམིགས་པ་དང ། དབེན་པར་གྱུར་པ་དང ། སངས་རྒྱས་ལ་སྐུར་པ་མི་འདེབས་པ་དང ། དམ་པའི་ཆོས་འཛིན་པ་སྟེ། གཞོན་ནུ། བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་ལ་གནས་པའི་ཕན་ཡོན་ནོ། །དེ་
147a
༄#། །ལ་འདི་སྐད་ཅེས་བྱ་སྟེ། མི་དབང་གནས་པ་གང་ཡིན་པ། །སངས་རྒྱས་ཀུན་གྱི་སྤྱོད་ཡུལ་ཏེ། །དེས་ནི་རྣལ་འབྱོར་གནས་པར་བྱེད། །དེ་ལ་སྲོག་རྣམས་དམིགས་པ་མེད། །འཇིག་རྟེན་ཀུན་ལ་མི་གནས་ཤིང ། །འཕགས་པའི་བསམ་གཏན་མི་གཏོང་སྟེ། །ཆོས་ཀྱི་རང་བཞིན་མཐོང་ནས་ནི། །སྐྱེ་བ་ལ་ཡང་སྨོན་མི་བྱེད། །ཚུལ་ཁྲིམས་མཆོག་ཏུ་མི་འཛིན་ཅིང ། །ཚུལ་ཁྲིམས་ལ་ཡང་གནས་མི་བྱེད། །ཟག་པ་མེད་པའི་ལམ་གཞན་ལ། །ཅུང་ཟད་སྐུར་བར་དེ་མི་བྱེད། །འགལ་བ་མེད་པར་དེ་གནས་ཤིང ། །རྩོད་པ་དག་ཀྱང་ཡོང་མེད་དེ། །རྣལ་འབྱོར་དངོས་པོ་མི་དམིགས་ཤིང ། །རྟག་ཏུ་དབེན་པར་གནས་པར་བྱེད། །དེ་ནི་སྲོག་གི་དོན་ཕྱིར་ཡང ། །སངས་རྒྱས་སྐུར་བ་མི་འདེབས་ཏེ། །སྟོང་པ་ཉིད་ལ་དེས་གྱུར་ཅིང ། །ལུས་ཀྱི་མངོན་སུམ་འཇིགས་པ་མེད། །འཇིག་རྟེན་མགོན་པོ་ཐམས་ཅད་ཀྱི། །སངས་རྒྱས་བྱང་ཆུབ་བསམ་མི་ཁྱབ། །གུས་པར་བྱས་ནས་ཆོས་འཛིན་ཏེ། །སངས་རྒྱས་ཆོས་ལ་ནེམ་ནུར་མེད། །གང་དག་མུ་སྟེགས་མང་པོའི་ས་མ་ཡིན། །སྐྱེས་བུ་ཁྱུ་མཆོག་གི་ནི་གནས་པ་དེ། །གང་ལ་སྲོག་མེད་གང་ཟག་སེམས་ཅན་མེད། །དེ་ལ་བྱང་ཆུབ་སེམས་དཔའ་གནས་པར་བྱེད། །དེ་ལ་གནས་པ་ནམ་ཡང་ཡོད་མ་ཡིན། །མི་གནས་པར་ནི་བསམ་གཏན་བདེ་བ་སྟེན། །ཆོས་ལ་སེམས་ཅན་བདག་མེད་རྣམ་རིག་པས། །སྐྱེ་བར་ཡང་ནི་འདུ་
147b
ཤེས་ཡོང་མི་འབྱུང ། །ཆོས་རྣམས་ཀྱི་ནི་རང་བཞིན་རྣམ་པར་རིག་།ཚུལ་ཁྲིམས་ལ་ཡང་ཅུང་ཟད་གནས་པ་མེད། །ཚུལ་ཁྲིམས་ཀྱིས་ནི་དག་པར་ཡོངས་མི་སེམས། །སངས་རྒྱས་དག་ལ་རྟག་ཏུ་དད་པར་བྱེད། །ཐམས་ཅད་རང་བཞིན་སྟོང་པར་རྣམ་བསྒོམས་པས། །དེ་ལ་འགལ་བ་ནམ་ཡང་འབྱུང་མི་འགྱུར། །དེ་བཞིན་གཤེགས་པའི་དམ་ཆོས་བཟུང་ནས་ནི། །འདྲེན་པ་དག་ལ་ནམ་ཡང་མི་སྐུར་ཏོ། །གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་དུ་ཡང་དག་པར་འཇོག་ལ་མངོན་པར་བརྩོན་པའི་ཕན་ཡོན་ནི་འདི་བཅུ་སྟེ། །བཅུ་གང་ཞེ་ན།་འདི་ལྟ་སྟེ། སེམས་རྙོག་པ་མེད་པ་དང ། བག་ཡོད་པར་གནས་པ་དང ། སངས་རྒྱས་རྗེས་སུ་དྲན་པ་དང ། སྤྱོད་པ་ལ་དད་པ་དང ། ཡེ་ཤེས་ལ་ནེམ་ནུར་མེད་པ་དང ། སངས་རྒྱས་ལ་བྱས་པ་གཟོ་བ་དང ། ཆོས་མི་སྤོང་བ་དང ། ཤིན་ཏུ་བསྡམས་པར་གནས་པ་དང ། དུལ་བའི་ས་རྗེས་སུ་ཐོབ་པ་དང ། སོ་སོ་ཡང་དག་པར་རིག་པ་བཞི་མངོན་སུམ་དུ་བྱེད་པ་སྟེ། གཞོན་ནུ། བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་དུ་ཡང་དག་པར་འཇོག་ལ་མངོན་པར་བརྩོན་པའི་ཕན་ཡོན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དེ་ཡི་སེམས་ནི་རྙོག་པ་མེད། །བག་མེད་ཐམས་ཅད་རྣམ་སྤངས་ཏེ། །བག་ཡོད་ལ་ཡང་གནས་བྱེད་ཅིང ། །ཡང་དག་འཇོག་ལ་སྤྱོད་ཡུལ་བ། །འཇིག་རྟེན་མགོན་གྱི་སྤྱོད་ཐོས་ནས། །སངས་རྒྱས་ལ་ནི་
148a
༄#། །དད་པར་བྱེད། །སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ། །ཡེ་ཤེས་རྣལ་འབྱོར་ཐེ་ཚོམ་མེད། །སངས་རྒྱས་རྣམས་ལ་བྱས་པ་གཟོ། །སངས་རྒྱས་ཆོས་ལ་ཐེ་ཚོམ་མེད། །ཤིན་ཏུ་བསྡམས་ཤིང་གནས་བྱེད་དེ། །དུལ་བའི་ས་ལ་རབ་ཏུ་གནས། །ཡང་དག་རིག་པ་དེས་ཐོབ་སྟེ། །རྙེད་དང་བཀུར་སྟི་སྤངས་ནས་སུ། །གཅིག་པུ་ནགས་ཁྲོད་མོས་པར་བྱེད། །ཡང་དག་འཇོག་ལ་སྤྱོད་ཡུལ་བ། །དེ་ཡི་སེམས་ནི་རྙོག་པ་མེད་པར་འགྱུར། །བག་མེད་པ་ཡང་ཐམས་ཅད་ཡོངས་སྤངས་ཏེ། །བདག་ཉིད་ཆེན་པོ་རྟག་ཏུ་བག་ཡོད་འགྱུར། ། ཏིང་འཛིན་བརྩོན་པའི་ཕན་ཡོན་འདི་དག་གོ་།རྐང་གཉིས་གཙོ་བོ་སངས་རྒྱས་དྲན་ནས་ནི། །དེ་ཡི་སྤྱོད་པ་བླ་ན་མེད་ལ་དང ། །དེ་བཞིན་གཤེགས་པའི་མཁྱེན་ལ་ཐེ་ཚོམ་མེད། ། བསམ་གཏན་བརྩོན་པའི་ཕན་ཡོན་འདི་དག་གོ་།སངས་རྒྱས་དག་ལ་རྟག་ཏུ་བྱས་པ་གཟོ། །དེ་ནི་སྲོག་གི་ཕྱིར་ཡང་ཆོས་མི་སྤོང ། །ཐམས་ཅད་དུས་སུ་ཤིན་ཏུ་བསྡམས་པར་གནས། ། ཏིང་འཛིན་བརྩོན་པའི་ཕན་ཡོན་འདི་དག་གོ་།ཤིན་ཏུ་དུལ་བའི་ས་ནི་རྗེས་ཐོབ་ཅིང ། །ཡང་དག་རིག་པ་མྱུར་དུ་མངོན་སུམ་བྱེད། །ཚིག་གི་རྒྱུན་མི་ཆད་ཅིང་སྤོབས་པར་ལྡན། །མདོ་སྡེ་བྱེ་བ་ཁྲག་ཁྲིག་སྟོན་པར་བྱེད། །སངས་རྒྱས་བྱང་ཆུབ་མྱུར་དུ་དེ་འཛིན་ཏེ། །འདྲེན་པ་དག་གིས་བསྟན་པ་ཡོངས་སུ་སྲུང ། །དེས་ནི་ཕ་རོལ་རྒོལ་བ་ཀུན་བཅོམ་སྟེ། །སངས་རྒྱས་
148b
ཀྱི་ཡང་བྱང་ཆུབ་རྒྱས་པར་བྱེད། །བྱང་ཆུབ་སེམས་དཔའ་དེ་ནི་ཤི་འཕོས་ནས། །བདེ་བ་ཅན་གྱི་འཇིག་རྟེན་ཁམས་སུ་འགྲོ་།ཚེ་དཔག་མེད་ལས་ཆོས་བཟང་མཆོག་ཐོས་ནས། །སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་འཐོབ།། །།འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ། བམ་པོ་དགུ་པ། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགོན་པར་གནས་པ་ལྷུར་བྱེད་པ་དག་གི་ཕན་ཡོན་ནི་འདི་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། བྱ་བ་ཉུང་བར་གནས་པ་དང ། འདུ་འཛི་རིང་བ་ནས་ཀྱང་རིང་དུ་སྤོང་བ་དང ། དེ་ལ་རྩོད་པ་མེད་པར་འགྱུར་བ་དང ། གནོད་པ་མེད་པར་གནས་པ་དང ། ཟག་པ་འཕེལ་བར་མི་བྱེད་པ་དང ། རྩོད་པའི་གཞི་མི་བྱེད་པ་དང ། ཤིན་ཏུ་ཞི་བར་སྤྱོད་པ་དང ། ཤིན་ཏུ་བསྡམས་པར་གནས་པ་དང ། ཐར་པ་དང་མཐུན་པའི་སེམས་ཀྱི་རྒྱུད་དུ་འགྱུར་བ་དང ། མྱུར་དུ་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པ་སྟེ། གཞོན་ནུ། བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགོན་པར་གནས་པ་ལྷུར་བྱེད་པའི་ཕན་ཡོན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། རྟག་ཏུ་བྱ་བ་ཉུང་བར་འགྱུར། །འདུ་འཛི་དག་ཀྱང་རིང་དུ་སྤོང ། །ནགས་ཁྲོད་གཅིག་པུ་གནས་པ་ནི། །རྩོད་པ་དག་ཀྱང་དེ་ལ་མེད། །གནོད་པ་མེད་པའི་སེམས་ཀྱིས་ནི། །ཟག་པ་རྣམ་པར་འཕེལ་མི་བྱེད། །དེ་ལ་རྩོད་གཞི་མི་འབྱུང་སྟེ། །དགོན་པར་གནས་པའི་ཡོན་ཏན་འདི། །ལུས་དང་ངག་
149a
༄#། །ཡིད་རབ་བསྡམས་ཏེ། །དེ་ནི་ཉེ་བར་ཞི་བར་སྤྱོད། །ཐར་པ་དང་ནི་མཐུན་གྱུར་ཅིང ། །རྣམ་པར་གྲོལ་བ་མྱུར་དུ་རིག་།རྣལ་འབྱོར་པ་ནི་རྟག་ཏུ་བྱ་བ་ཉུང ། ། འདུ་འཛི་མང་པོའི་ཉེས་པ་ཀུན་སྤངས་ཏེ། །རྣལ་འབྱོར་པ་དག་ནམ་ཡང་རྩོད་མི་བྱེད། །དགོན་པར་གནས་པའི་ཕན་ཡོན་འདི་དག་གོ་།ནམ་ཞིག་དེ་ནི་འདུས་བྱས་སྐྱོ་གྱུར་ཅིང ། ། འཇིག་རྟེན་དུ་ནི་གང་ལའང་འདོད་པ་མེད། །ཟག་པ་དག་ཀྱང་འཕེལ་བར་མི་བྱེད་པ། །ནགས་ཁྲོད་གནས་པ་དེ་ཡི་ཕན་ཡོན་ཡིན། །དེ་ལ་རྩོད་གཞི་ནམ་ཡང་མི་འབྱུང་སྟེ། །རྟག་ཏུ་ཞི་ལ་དགའ་ཞིང་དབེན་པར་སྤྱོད། །ལུས་དང་ངག་དང་ཡིད་ཀྱང་བསྡམས་པ་སྟེ། །དགོན་པར་གནས་པ་དེ་ལ་ཡོན་ཏན་མང ། །དེ་ནི་ཐར་པ་དང་ཡང་མཐུན་གྱུར་ཏེ། །ནགས་ཁྲོད་གནས་ཤིང་རྣམ་གྲོལ་དེ་བསྟེན་པས། །རྣམ་གྲོལ་ཞི་བ་མྱུར་དུ་དེས་རྟོགས་འགྱུར། །འདི་ཀུན་དགོན་པར་གནས་པའི་ཡོན་ཏན་ཡིན། །གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་སྙོམས་སྤྱོད་པ། སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པ་ལ་གནས་པའི་ཕན་ཡོན་ནི་འདི་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་ཤེས་ཀྱི་ཁེ་འདོད་པ་མ་ཡིན་པ་དང ། དེ་སྙན་པ་འདོད་པ་མ་ཡིན་པ་དང ། དེ་རྙེད་པ་དང་བཀུར་སྟི་འདོད་པ་མ་ཡིན་པ་དང ། དེ་འཕགས་པའི་རིགས་བཞི་ལ་གནས་པ་དང ། དེ་ཚུལ་འཆོས་པ་
149b
དང།་ཁ་གསག་མེད་པར་འགྱུར་བ་དང ། དེ་བདག་ལ་མི་བསྟོད་གཞན་ལ་མི་སྨོད་པ་དང ། དེ་རྗེས་སུ་ཆགས་པ་དང ། ཁོང་ཁྲོ་བ་སྤངས་པས་གཞན་གྱི་ཁྱིམ་དུ་སྤྱོད་པ་དང ། ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་པ་དང ། དེ་སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པ་ལ་གནས་ཤིང་ཆོས་བསྟན་པ་གཟུང་བར་འགྱུར་བ་ཡིན་ཏེ། གཞོན་ནུ། བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་སྙོམས་སྤྱོད་པ། སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པ་ལ་གནས་པའི་ཕན་ཡོན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སྦྱངས་པ་དག་ལ་གང་གནས་པ། །ཤེས་ཀྱི་ཁེ་ཡང་མི་འདོད་ཅིང ། །སྙན་པ་ལ་ཡང་མི་སྨོན་ཏེ། །རྙེད་དང་མ་རྙེད་མཚུངས་པའི་ཡིད། །སྦྱངས་པ་དག་ལ་གང་གནས་པ། །འཕགས་པའི་རིགས་ནི་མི་གཏོང་ཞིང ། །ཚུལ་འཆོས་པ་དང་ཁ་གསག་རྣམས། །ཐམས་ཅད་རིང་དུ་རྣམ་པར་སྤོང ། །བདག་ཉིད་ལ་ནི་མི་བསྟོད་ཅིང ། །གཞན་དག་ལ་ཡང་སྨོད་མི་བྱེད། །ཁོང་ཁྲོ་རྗེས་སུ་ཆགས་མེད་ཅིང ། །ཟང་ཟིང་མེད་པར་ཆོས་སྟོན་ཏེ། །དེ་ཡི་ཚིག་ཀྱང་གཟུང་བར་འགྱུར། །བསོད་སྙོམས་ཡོན་ཏན་འདི་དག་གོ་།ཤེས་ཀྱི་ཁེ་དང་སྙན་དང་རྙེད་མི་འཚོལ། །འཕགས་པའི་རིགས་བཞི་ལ་ནི་གནས་འགྱུར་ཏེ། །མཁས་པ་ཚུལ་འཆོས་ཁ་གསག་མེད་པ་ཡིན། །སྦྱངས་ལ་བརྩོན་པའི་ཡོན་ཏན་འདི་འདྲའོ། །བདག་ལ་མི་བསྟོད་གཞན་ལ་མི་སྨོད་ཅིང ། །རྩུབ་པོར་སྨྲས་ཀྱང་འཁྲུག་
150a
༄#། །པར་ཡོང་མི་འགྱུར། །བསྔགས་པ་ཐོས་ཀྱང་དགའ་བ་མི་སྐྱེད་དེ། །དེ་ནི་བསོད་སྙོམས་དག་གིས་མགུ་བར་འགྱུར། །ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད་པར་སྦྱིན། ། དེ་ནི་རྙེད་དང་བཀུར་སྟི་མི་འཚོལ་ཏེ། །དེ་ཡིས་བཤད་པ་དག་ཀྱང་གཟུང་བར་འགྱུར། །སྦྱངས་པར་བརྩོན་པའི་ཕན་ཡོན་འདི་དག་ཡིན། །གཞོན་ནུ། དེ་ལྟ་བུའི་ཆོས་ཀྱི་ཡོན་ཏན་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགོན་པ་ལ་གནས་པ་ནི་སངས་རྒྱས་ཀྱི་གཏེར་རྙེད་པར་འགྱུར། ཆོས་ཀྱི་གཏེར་རྙེད་པར་འགྱུར། ཡེ་ཤེས་ཀྱི་གཏེར་རྙེད་པར་འགྱུར། སྔོན་གྱི་མཐའ་དང ། ཕྱི་མའི་མཐའ་དང ། ད་ལྟར་བྱུང་བ་ཤེས་པའི་གཏེར་རྙེད་པར་འགྱུར་རོ། །གཞོན་ནུ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་གཏེར་རྙེད་པར་འགྱུར་ཞེ་ན། གཞོན་ནུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབེན་པ་ན་སྤྱོད་ཅིང་དགོན་པར་གནས་ནས་མངོན་པར་ཤེས་པ་ལྔ་འཐོབ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ལྷའི་མིག་དང ། ལྷའི་རྣ་བ་དང ། ཕ་རོལ་གྱི་སེམས་ཤེས་པ་དང ། སྔོན་གྱི་གནས་རྗེས་སུ་དྲན་པ་དང ། རྫུ་འཕྲུལ་གྱི་ཡུལ་ཏེ། གཞོན་ནུ། མངོན་པར་ཤེས་པ་འདི་ལྔ་ཐོབ་པར་འགྱུར་རོ། །དེ་མིའི་ལས་འདས་པའི་ལྷའི་མིག་གིས་ཤར་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་རྣམས་མཐོང་ངོ ། །དེ་
150b
བཞིན་དུ་ལྷ་དང ། ནུབ་དང ། བྱང་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་རྣམས་མཐོང་སྟེ། དེ་སངས་རྒྱས་མཐོང་བ་དང་མི་འབྲལ་བར་འགྱུར་རོ། །གཞོན་ནུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་གཏེར་རྙེད་པ་ཡིན་ནོ། །གཞོན་ནུ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་གཏེར་རྙེད་པ་ཡིན་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཕྱོགས་བཅུ་ན་ཆོས་ཅི་སྟོན་པ་དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལྷའི་རྣ་བའི་ཁམས་ཀྱིས་ཐོས་ཏེ། དེ་ཆོས་ཉན་པ་དང་མི་འབྲལ་བར་འགྱུར་རོ། །གཞོན་ནུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་གཏེར་རྙེད་པ་ཡིན་ནོ། །གཞོན་ནུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་ཀྱི་གཏེར་རྙེད་པ་ཡིན་ཞེ་ན། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དེ་དང་ལྡན་པས་ཆོས་ཐམས་ཅད་འཛིན་ཏེ། ཀུན་བཟུང་ནས་མི་བརྗེད་ཅིང་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། གང་གི་དོན་གང་ཡིན་པ་དེའང་རབ་ཏུ་ཤེས་སོ། །གཞོན་ནུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་ཀྱི་གཏེར་རྙེད་པ་ཡིན་ནོ། །གཞོན་ནུ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྔོན་གྱི་མཐའ་དང ། ཕྱི་མའི་མཐའ་དང ། ད་ལྟར་བྱུང་བ་ཤེས་པའི་གཏེར་རྙེད་པ་ཡིན་ཞེ་ན། དེ་མངོན་པར་ཤེས་པས་འདས་
151a
༄#། །པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སེམས་ཅན་ཐམས་ཅད་ཀྱི་སེམས་དང ། སྤྱོད་པ་ཤེས་པ་ལ་འཇུག་སྟེ། གཞོན་ནུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྔོན་གྱི་མཐའ་དང ། ཕྱི་མའི་མཐའ་དང ། ད་ལྟར་བྱུང་བ་ཤེས་པའི་གཏེར་རྙེད་པ་ཡིན་ནོ། །གཞོན་ནུ། མདོར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུའི་ཆོས་ལ་གནས་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་འགྱུར་ཏེ། དེ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སའང་མ་ཡིན་ན་ཕ་རོལ་རྒོལ་བ་ཐམས་ཅད་ལྟ་ཅི་སྨོས། དེ་ལ་འདི་སྐད་ཅེས་བྱ་སྟེ། མཁས་པ་རྟག་ཏུ་དགོན་གནས་ཏེ། །སངས་རྒྱས་གཏེར་དང་ཆོས་ཀྱི་གཏེར། །ཡེ་ཤེས་གཏེར་དང་སྔོན་མཐའི་གཏེར། ། མངོན་ཤེས་ལྔ་ཡང་མྱུར་དུ་འཐོབ། །ཕན་ཡོན་བཅུའི་ལེའུ་སྟེ། ཉི་ཤུ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་ལྷའི་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་བདེ་བའང་སྤངས་ཏེ་རབ་ཏུ་འབྱུང་ངོ་ཞེས་གཞོན་ནུ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །གཞོན་ནུ། རབ་ཏུ་བྱུང་ནས་ཀྱང་སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པ་ལ་གནས་ཤིང་དབེན་པར་གནས་པ་དང ། བཟོད་པ་དང ། དེས་པ་ཕུན་སུམ་ཚོགས་པར་བྱའོ། །གཞོན་ནུ། མགོ་
151b
དང་གོས་ལ་མེ་འབར་བ་བཞིན་དུ་བརྩོན་འགྲུས་བརྩམས་ཏེ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་མཉན་པར་བྱ། གཟུང་བར་བྱ། ཀུན་ཆུབ་པར་བྱ། བཅང་བར་བྱ། བཀླག་པར་བྱ། རབ་ཏུ་གདོན་པར་བྱ། ལུང་མནོད་ཅིང་ཁ་ཏོན་དུ་བྱ། ཉོན་མོངས་པ་མེད་པའི་བསྒོམ་པས་བསྒོམ་པར་བྱ། མང་དུ་བྱ། གཞན་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །གཞོན་ནུ། བསེ་རུ་ལྟ་བུར་\?\་གྱུར་པས་གཉིས་སུ་མེད་པར་དགོན་པ་དང་ནགས་འདབ་ཏུ་རྟག་ཏུ་གནས་པར་བྱའོ། །གཞོན་ནུ། བདག་ཉིད་ཡོངས་སུ་གཏོང་བས་ཀྱང་སེམས་ཅན་དེ་དག་གི་དོན་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་དོན་དེ་ཉིད་བརྗོད་པའི་ཕྱིར། ཟླ་འོད་གཞོན་ནུར་གྱུར་པ་ལ་སྔོན་བྱུང་བའི་ལེའུ་འདི་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཡང་དག་པར་རབ་ཏུ་བསྟན་ཏོ། །འདས་པའི་བསྐལ་པ་བརྒྱ་མང་རབ་དྲན་ཏེ། །གྲགས་པ་མཐའ་ཡས་འདྲེན་པ་གང་བྱུང་བ། །ལྷ་མི་ཀླུ་ཡི་ཚོགས་ཀྱིས་མཆོད་པ་སྟེ། །མཚན་ནི་གཟི་བརྗིད་ཚོགས་རྒྱལ་རྒྱལ་བ་ཡིན། །དགེ་སློང་བྱེ་བ་ཕྲག་བཅུ་དྲུག་མངོན་ཤེས། །ཡང་དག་རིག་དང་དབང་གི་ཕ་རོལ་ཕྱིན། །སྦྱངས་ཚུལ་ཡོ་བྱད་བསྙུངས་པ་ཞི་པའི་ཡིད། །དེ་ཡི་དུས་ན་དེ་ཡི་ཚོགས་རྣམས་བྱུང ། །གྲོང་ཁྱེར་བྱེ་བ་བརྒྱ་ཕྲག་བདུན་ཅུ་དྲུག་།དཔག་ཚད་ལྔ་ཡི་ཚད་དང་མཉམ་པས་ཏེ། །རིན་ཆེན་སྣ་བདུན་བྱེ་བྲག་འཕགས་
152a
༄#། །པའི་མཆོག་།དེ་ཚེ་ཛམྦུའི་གླིང་འདིར་བྱུང་བར་གྱུར། །དེ་ཚེ་གྲོང་མཆོག་དམ་པ་དེ་ཀུན་ཀྱང ། །སྐྱེད་མོས་ཚལ་བརྒྱ་མང་པོས་རབ་ཏུ་བརྒྱན། །སྐྱེད་མོས་ཚལ་ཀུན་སྟུག་པའི་སྤྲིན་བཞིན་དུ། །མེ་ཏོག་འབྲས་བུས་བརྒྱན་ཅིང་ཤིང་རྣམས་རྒྱས། །བཟའ་ཤིང་རིགས་ཀྱང་སྣ་ཚོགས་མཛེས་པ་དག་།ལ་ཀུ་ཨ་མྲ་ཛམྦུ་བ་ནས་དཀྲིགས། ། ཀར་ནི་ཙམྤ་པུར་ན་བརྒྱ་ཡིས་ཀྱང ། །སྐྱེད་མོས་ཚལ་མཆོག་དེ་དག་རབ་ཏུ་བརྒྱན། །ནྱ་གྲོ་ངྷ་ལས་བྱ་མང་སྒྲ་འབྱིན་ཏེ། །ཁུ་བྱུག་ཀ་ལ་པིངྐ་རྨ་བྱ་བརྒྱ། །ཤང་ཤང་ཏེའུ་དང་ཀུན་ལ་སྒྲ་འབྱིན་པ། །བྱ་ཚོགས་མང་པོ་དེ་ཚེ་སྙན་པར་སྒྲོག་།ངང་པའི་རྒྱལ་པོ་ངང་སྐྱ་འདྲ་བ་དང ། །བུང་བ་ཀུན་ལ་སྒྲ་དབྱངས་མཆོག་སྒྲོག་སྟེ། །ཡན་ལག་བཀྲ་ཞིང་ཚོན་ཆེ་ཁ་དོག་འབར། །ཤིན་ཏུ་ཡིད་འོང་སྒྲ་འཇམ་དགའ་བ་འབྱིན། །དེ་ཡི་དུས་ན་བྱ་མང་དེ་དག་འདུས་གྱུར་ཏེ། །ཀ་ལ་པིངྐ་རྨ་བྱ་ནེ་ཙོ་དང ། །ཁུ་བྱུག་རི་སྐེགས་བྱ་རྣམས་སྣ་ཚོགས་པ། །བྱ་མང་དེ་དག་སྣ་ཚོགས་སྒྲ་ཡང་འབྱིན། །སྐྱེད་མོས་ཚལ་བརྒྱ་དག་ན་དེ་དག་གནས། །བཏང་ཟུང་མྱ་ངན་འཚང་དང་པཪྴ་ཀ་། ཏི་མུགྟ་མེ་ཏོག་འདབ་མ་དང ། །པདྨ་ཨུཏྤལ་ཀུ་མུད་པདྨ་དཀར། །པདྨ་འདབ་སྟོང་བརྒྱ་ཡིས་རབ་ཏུ་བརྒྱན། །མེ་ཏོག་དེ་དག་རྫིང་བུ་མཛེས་པར་བྱེད། །དྲི་ཞིམ་སྤོས་མཆོག་དམ་པས་སོ་སོར་བརྒྱན། །རྫིང་བུ་སྡུག་ཅིང་ཤིན་ཏུ་མཛེས་པར་གྱུར། །དེ་
152b
ཚེ་ཛམྦུའི་གླིང་འདིར་རྒྱལ་པོ་ནི། །མི་དབང་བརྟན་པས་བྱིན་ཞེས་བྱ་བ་བྱུང ། །དེ་ཡི་བུ་ཡང་བརྒྱ་ཕྲག་ལྔ་ཡོད་དེ། །བྱང་བཞིན་བཟང་ཞིང་ཤིན་ཏུ་བལྟ་ན་སྡུག་།དེ་ཚེ་རྒྱལ་སྲིད་ཞི་ཞིང་བདེ་བར་གྱུར། །གཙེ་བ་མེད་ཅིང་དབྱངས་དགའ་རྣལ་དུ་བབ། །ཛམྦུའི་གླིང་ཡང་མེ་ཏོག་མང་པོས་བརྒྱན། །ལྷ་ཡི་གནས་དང་མ་ཚུངས་ཤིང་བྱེ་བྲག་མེད། །དེ་ཚེ་སྡིག་མེད་སྟོབས་བཅུ་ལྡན་པ་མི། །རྒྱལ་བ་དེ་ནི་ཏིང་འཛིན་མཆོག་འདི་འཆར། །སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ལ་སུ་ཡང་མི་སྐྱེ་འཆི་བ་མེད། །སེམས་ཅན་མིང་དང་སྲོག་ཀྱང་མི་རྙེད་དེ། །ཆོས་འདི་རྣམས་ནི་རྨི་ལམ་ཆུ་ཤིང་འདྲ། །སྒྱུ་མ་ལྟ་བུ་ནམ་མཁའི་གློག་འདྲ་སྟེ། །ཆུ་ཡི་ཟླ་བ་འདྲ་ཞིང་སྨིག་རྒྱུ་བཞིན། །མི་གང་འཇིག་རྟེན་འདིར་ཡང་ཤི་ནས་ནི། །འཇིག་རྟེན་གཞན་དུ་འཕོ་ཞིང་འགྲོ་མེད་ཀྱང ། ། ལས་བྱས་རྣམས་ནི་ནམ་ཡང་མེད་མི་འགྱུར། །འཁོར་བ་ན་ཡང་དཀར་གནག་འབྲས་བུ་སྨིན། །རྟག་པ་མ་ཡིན་ཆད་པར་མི་འགྱུར་ཏེ། །ལས་བསགས་མེད་ཅིང་གནས་པ་དག་ཀྱང་མེད། ། དེ་ཡང་བྱས་ནས་རེག་པར་མི་འགྱུར་མིན། །གཞན་གྱིས་བྱས་པ་ཚོར་བར་འགྱུར་བའང་མེད། །འཕོ་བ་མེད་ཅིང་ཕྱིར་ཡང་འོད་བ་མེད། །ཐམས་ཅད་ཡོད་པའང་མ་ཡིན་མེད་པའང་མིན།། འདི་ནི་ལྟ་གནས་འཇུག་པ་དག་པ་མིན། །སེམས་ཅན་སྤྱོད་པ་རབ་ཞི་འཇུག་པ་མེད། །བདེ་གཤེགས་སྤྱོད་ཡུལ་རྒྱལ་བའི་ཡོན་ཏན་ནི། །སྐྱེ་མེད་ཞི་བ་མཚན་མ་མེད་པའི་གནས། །
153a
༄#། །སྟོབས་དང་གཟུངས་རྣམས་དང་ནི་སྟོབས་བཅུའི་སྟོབས། །འདི་ནི་སངས་རྒྱས་ཁྱུ་མཆོག་གྱུར་པའི་མཆོག་།དཀར་པོའི་ཆོས་མཆོག་ཡོན་ཏན་བསགས་པ་སྟེ། །ཡོན་ཏན་ཡེ་ཤེས་གཟུངས་དང་སྟོབས་རྣམས་དང ། །རྫུ་འཕྲུལ་རྣམ་པར་འཕྲུལ་བ་བྱ་བའི་མཆོག་།མངོན་ཤེས་མཆོག་ལྔ་འཐོབ་པ་དམ་པའི་ཚུལ། །འདིར་ནི་རང་བཞིན་གང་ནའང་ཤེས་པ་མེད། །འགྲོ་དང་འདུག་མེད་མཁས་པའི་ཆོས་ཀྱི་འགྲོས། །ཆོས་ཀྱི་དབྱིངས་ནི་གར་ཡང་མི་འགྲོ་སྟེ། །དེ་འདྲའི་འགྲོ་བ་འགྲོ་མེད་ཆོས་ཀྱི་འགྲོས། ། དབྱངས་ཀྱི་ཚོགས་མེད་ངོ་བོ་ཉིད་ཀྱི་འགྲོས། །འགྲོ་བའི་རང་བཞིན་གང་དུའང་མི་གནས་ཏེ། །མི་གནས་མི་རྟེན་རང་བཞིན་འཇུག་པ་ནི། །རྒྱལ་བའི་སྤྱོད་ཡུལ་རྡུལ་བྲལ་ཞི་བའི་གནས། །ཞི་བ་རབ་ཞི་ཉེ་བར་ཞི་བའི་འགྲོས། །འགྲོ་བ་དེ་ནི་གར་ཡང་མི་གནས་ཏེ། །རྟག་ཏུ་དངོས་པོའི་རང་བཞིན་རྗེས་སུ་སོང ། །མཁས་ཤིང་མི་གཡོ་མཐོང་དཀའ་ཤིན་ཏུ་གནས། །དེ་ནི་མི་གཡོ་བདག་ཉིད་གནས་པ་སྟེ། །མི་གནས་མ་འོངས་རང་བཞིན་གནས་པ་ཡིན། །རང་བཞིན་གནས་པ་བཤད་པར་མི་ནུས་ཏེ། །དེ་ནི་སྟོང་པ་མི་གཡོ་ཆོས་ཀྱི་གནས། །དབྱངས་ཀྱིས་བཤད་ཀྱང་དབྱངས་ཀྱི་འཇུག་པ་མེད། །དབྱངས་ཀྱི་རང་བཞིན་འཇུག་པ་ཆོས་ཀྱི་འགྲོས། །དབྱངས་ཀྱི་ཚོགས་གནས་གང་ནའང་ཡོད་མ་ཡིན། །དེ་ལྟར་
153b
རང་བཞིན་འཇུག་པ་ཆོས་ཀྱི་འགྲོས། །འགྲོས་ཀྱི་སྒྲར་གསུངས་སེམས་ཅན་འགྲོ་བ་མེད། །ཆོས་ཀྱི་རང་བཞིན་མཁས་དོན་འགྲོ་བ་སྟེ། །དབྱངས་ཀྱང་བརྗོད་དེ་སེམས་ཅན་འགྲོ་བ་མེད།། དབྱངས་རྣམས་མི་རྙེད་སེམས་ཅན་འགྲོ་བ་མེད། །མཐའ་དང་མཐའ་མེད་མ་ཡིན་དབུས་འགྲོ་མེད། །ཡོད་མེད་མ་ཡིན་ཕྱོགས་སུ་འགྲོ་བ་མེད། །རང་བཞིན་འགྲོ་བ་ཅི་འདྲ་ཤེས་པ་ནི། ། རྒྱལ་བ་མཆོག་གི་བསྟན་པ་འདི་དག་མཉམ། །སྡུལ་བྲལ་རྣམ་པར་དག་པ་དོན་དམ་གནས། །ཞི་ཞིང་རབ་ཞི་རྡུལ་མེད་རྡུལ་བྲལ་བ། །རྟོག་དང་རློམ་སེམས་མེད་པ་རབ་ཞི་གནས། ། རྒྱལ་བ་ཐུགས་རྗེའི་མཆོག་ལྡན་སྟོན་པར་མཛད། །འདི་ལ་ཡི་གེ་སྤྱོད་པ་ཡོད་མ་ཡིན། །འགྲོ་བ་ཡངས་ཤིང་ཡངས་དོག་འགྲོ་བ་སྟེ། །སངས་རྒྱས་དག་གིས་བསྙེན་ཅིང་རྒྱལ་བས་བསྟོད། སྣང་བའི་ཆོས་ཀྱི་ཚུལ་ནི་འཇུག་པ་ཕྲ། །དེ་ལ་གནས་ནས་བདེ་གཤེགས་མཚུངས་མེད་པ། །ཆོས་ཀྱི་གཏེར་ནི་རྡུལ་བྲལ་ཡངས་པ་དང ། །རིན་ཆེན་ཆོས་རྣམས་རྡུལ་བྲལ་དོན་དམ་སྟོང ། ། ཞི་བའི་དོན་ལ་འཇུག་པ་སྟོན་པར་མཛད། །རྐང་གཉིས་གཙོ་བོས་ཏིང་འཛིན་འདི་བཤད་པ། །རྒྱལ་པོ་བརྟན་བྱིན་གྱིས་ནི་དེ་ཚེ་ཐོས། །དེ་ནི་བྱེ་བ་ཁྲག་ཁྲིག་བརྒྱད་ཅུ་དང ། །རྒྱལ་བ་སྙིང་རྗེ་ཅན་དྲུང་རྟག་ཏུ་འོངས། །རྒྱལ་བ་སྟོབས་ལྡན་གུས་པ་རབ་བསྐྱེད་དེ། །ཞབས་ལ་མི་ཡི་བདག་པོ་ཕྱག་བཙལ་ནས། །དེ་ཚེ་སྟོབས་བཅུ་ལྡན་པའི་སྤྱན་སྔར་འདུག་།རབ་ཏུ་དགའ་ཞིང་སོར་
154a
༄#། །བཅུ་ཐལ་མོ་སྦྱར། །དེ་ཡི་སྤྱོད་པ་ཡོངས་སུ་དག་རིག་ནས། །དབང་པོ་དག་ལ་དབང་གི་ཕ་རོལ་ཕྱིན། །མི་མཆོག་རྒྱལ་བ་མོས་པ་མཁྱེན་པ་ཡིས། །དེ་ལ་ཏིང་འཛིན་དམ་པ་འདི་བཤད་དོ། །རྒྱལ་པོ་དེ་ནི་དོན་དམ་འདི་ཐོས་ཚེ། །འཕགས་པའི་དགའ་བ་མཚུངས་མེད་སྐྱེས་ནས་སུ། །གླིང་བཞི་དག་ཀྱང་ཐམས་ཅད་རྣམ་སྤངས་ཏེ། །འདོད་པ་བོར་ནས་ཁྱིམ་ནས་མངོན་པར་བྱུང ། །རྒྱལ་བར་འགྱུར་ཞེས་བྱང་ཆུབ་དོན་དུ་ཡང ། །ནམ་ཚེ་རྒྱལ་པོས་ས་བོར་རབ་བྱུང་ཆེ། །ཛམྦུའི་རྒྱལ་མཚན་འདི་ཡི་མི་ཀུན་ཀྱང ། །འདོད་པའི་ཡོན་ཏན་རྣམ་སྤངས་རབ་ཏུ་བྱུང ། །དེ་ཚེ་སྟོབས་བཅུའི་ཡོན་ཏན་རྒྱ་ཆེ་སྟེ། །བརྩོན་ཡིད་དགེ་སློང་མ་དང་དགེ་སློང་མང ། །དེ་ཚེ་མ་རྨོས་མ་བཏབ་རྩི་འཁྲུངས་ཏེ། །ལྷ་རྣམས་ཀྱང་ནི་གཡོག་དང་བསྙེན་བཀུར་བྱེད། །དུར་སྨྲིག་ཆོས་གོས་གསུམ་དག་བྱུང་བར་གྱུར། །དྲ་བ་མཉམ་ཞིང་དྲུབ་ལེགས་དཔེ་མེད་ལ། །དྲི་མ་མེད་ཅིང་རྡུལ་བྲལ་གསེར་བརྒྱན་པ། ། སངས་རྒྱས་ཡོན་ཏན་བསོད་ནམས་སྟོབས་ལས་བྱུང ། །གཞོན་ནུ་ལྟོས་ཤིག་རྒྱལ་མཆོག་དེ་ཡང་ནི། །ས་རྣམས་ཐམས་ཅད་རྣམ་སྤངས་རབ་བྱུང་ན། །ཟད་པའི་དུས་ན་སེམས་ཅན་མང་པོ་དག་།ཤིན་ཏུ་ལོངས་སྤྱོད་ཆུང་ཡང་ཁྱིམ་མི་གཏོང ། །ཤིང་སྒྲོག་དང་ནི་བཅིང་བ་ཆད་པ་མང ། །གཤེ་ཞིང་སྐྱོ་བསྡུག་བསྔལ་མི་དགའ་དང ། །བླ་ཡི་ཆད་པ་མང་པོ་བཟོད་
154b
པར་བྱེད། །ལོངས་སྤྱོད་ཆུང་རབ་ཁྱིམ་ན་བཟའ་བ་མེད། །ཤིན་ཏུ་ཚེ་ཡང་ཐུང་ལ་ནོར་ཡང་མེད། །རབ་ཏུ་བག་ཆུང་བསོད་ནམས་སྟོབས་ཀྱང་མེད། །མི་མཁས་བཟོ་ཡི་གནས་ཀྱང་མི་ཤེས་ཏེ། །དབུལ་པོར་གྱུར་ཅིང་ཁྱིམ་ན་ནོར་ཡང་མེད། །དྲི་མ་མ་དག་གཞན་གྱི་བུད་མེད་ཆགས། །ཕྲག་དོག་བྱེད་ཅིང་ཤིན་ཏུ་བཙལ་བ་མེད། །ཉོན་མོངས་ཆོས་ལྡན་ཚུལ་ལ་མི་གནས་ཀྱང། །ངེད་ནི་སངས་རྒྱས་ཉིད་དུ་འགྱུར་ཞེས་སྨྲ། །གསུག་གིས་སླུ་ཞིང་བབ་ཆོལ་བྱེད་པ་དག་།ང་ནི་ཕྱུག་པོ་འཇིག་རྟེན་ཆོས་ནོར་སྦྱིན། །གནོད་པ་བྱེད་ཅིང་ཚུལ་འཆོས་སྒྱུ་མ་དག་།ངེད་ནི་སངས་རྒྱས་ཉིད་དུ་འགྱུར་ཞེས་སྨྲ། །གཞན་དག་བ་སོན་ཅིང་བཅིང་དང་གཙེ་ལ་དགའ། །ཚུལ་ཁྲིམས་འཆལ་བ་མ་རུངས་ཞེ་སྡང་ཡིད། །བྱས་པ་མི་གཟོ་དབྱེན་བྱེད་འཚེ་བར་གནས། ། བཙུན་པ་བྱང་ཆུབ་སྤྱོད་པ་སྟོན་ཅེས་སྨྲས། །གང་ལས་དེས་ནི་བྱང་ཆུབ་སྤྱོད་ཐོས་པ། །དེ་ཉིད་ལ་ནི་ཁོང་ཁྲོ་རབ་བསྐྱེད་ནས། །མཁས་པས་འཁྲུལ་པའི་ཚིག་འགའ་ཐོས་ན་ཡང ། །དེ་ལ་མི་སྙན་བརྒྱ་དག་སྒྲོག་པར་བྱེད། །གཞོན་ནུ་ང་ཡི་ཚིག་འདི་ཐོས་ནས་ནི། །དེ་དག་དང་ནི་སྟེན་པར་མ་བྱེད་ཅིང ། །བྱང་ཆུབ་དམ་པ་རེག་པར་འདོད་ན་ནི། །རྨི་ལམ་དུ་ཡང་དེ་ལ་ཡིད་མི་རྟོན། ། སྦྱངས་ཚུལ་བསྙུངས་པ་ཡོན་ཏན་དུ་མ་བརྗོད། །ཡོན་ཏན་བསྐལ་པ་མང་པོ་བརྒྱར་བཤད་ཀྱང ། །དེ་ཡི་ཡོན་ཏན་དག་ལ་མི་གནས་ན། །བྱང་ཆུབ་ཞི་བ་མཆོག་ནི་རྟོགས་མི་འགྱུར། །ཁོར་
155a
༄#། །མོར་ཡང་ནི་དགེ་ཞིང་འཇམ་པར་གྱིས། །ཚུལ་ཁྲིམས་དག་ཅིང་རྟག་ཏུ་དང་བའི་ཡིད། །ཁོར་མོར་ཚུལ་ཁྲིམས་ཡོངས་སུ་དག་པར་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་ཐོབ་འགྱུར། །ང་རྒྱལ་མ་བྱེད་ཐ་བ་མ་བསྐྱེད་པར། །རྟག་ཏུ་ཡིད་ནི་ཡོངས་སུ་དག་པར་གྱིས། །ང་རྒྱལ་རྒྱགས་དང་འཆབ་པ་ཀུན་སྤོངས་ལ། །ཏིང་འཛིན་མཆོག་འདིར་རབ་ཏུ་ཐོབ་པར་གྱིས། །རྟག་ཏུ་ཡོན་ཏན་ལས་ནི་རྒྱལ་བ་དྲན། །གསེར་མཆོག་མདོག་འདྲ་ཤིན་ཏུ་འོད་མཛད་པ། །མཚན་མོ་གནམ་ལ་སྐར་མས་གང་བ་ལྟར། །ཐུབ་པའི་སྐུ་ནི་མཚན་གྱིས་ཡོངས་སུ་རྒྱས། །འཆག་ཅིང་འདུག་དང་འགྲེང་ཞིང་ཉལ་བ་ན། །མི་གང་ཐུབ་པའི་ཟླ་བ་དྲན་བྱེད་པ། །དེ་ཡི་མདུན་ན་རྟག་ཏུ་སྟོན་པ་བཞུགས། ། དེ་ནི་རྒྱ་ཆེར་མྱ་ངན་འདས་པར་འགྱུར། །གདུགས་དང་རྒྱལ་མཚན་བླ་རེ་བ་དན་མཆོག་།ཕྱེ་མ་བྱུག་པ་མང་པོ་ཀུན་ཐོགས་ལ། །རྟག་ཏུ་བདེ་བར་གཤེགས་ལ་མཆོད་པ་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་འཐོབ། །སྤོས་མཆོག་ཕྲེང་བ་མེ་ཏོག་བདུག་པ་དང ། །རོལ་མོ་སིལ་སྙན་མང་པོ་རབ་ཐོགས་ལ། །རྒྱལ་བའི་མཆོད་རྟེན་དག་ལ་མཆོད་པ་གྱིས། ། རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་འཐོབ། །གླུ་གར་བཟང་པོ་སྣ་ཚོགས་མང་པོ་དང ། །ཡིད་གཙང་བཞད་གད་རོལ་མོ་བཟང་པོ་དང ། །རྟག་པར་མར་མེའི་ཕྲེང་སྡུག་བཟང་པོ་ཡིས།།
155b
མཚུངས་པ་མེད་ལ་མཆོད་བཟང་རབ་ཏུ་གྱིས། །འཁར་རྔ་དང་ནི་སྒྲ་སྙན་རྫ་རྔ་བརྒྱ། །རྔ་དང་གླིང་བུའི་སྒྲ་མཆོག་སྣ་ཚོགས་དང ། །སྒྲ་སྙན་རོལ་མོའི་ཡོན་ཏན་སྣ་ཚོགས་ཀྱིས། །དང་བའི་ཡིད་ལྡན་འདྲེན་པ་མཆོད་པར་གྱིས། །སངས་རྒྱས་སྐུ་གཟུགས་ཤིན་ཏུ་མཛེས་པ་དག་།རིན་ཆེན་བྱི་དོར་ལེགས་པར་བྱས་པ་ཡང ། །བལྟ་ན་སྡུག་ཅིང་ཤིན་ཏུ་བཟང་པོ་གྱིས། །རིང་པོར་མི་ཐོགས། ཏིང་འཛིན་མཆོག་འདི་འཐོབ། །དེ་བཞིན་གསེར་དག་དང་ན་དངུལ་དག་དང ། །ཙནྡན་གྱི་ནི་སྐུ་གཟུགས་བཟང་པོ་དག་།མཛེས་ཤིང་ཤིན་ཏུ་བལྟ་ན་སྡུག་པ་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་འཐོབ། །འཇིམ་པ་དང་ནི་དེ་བཞིན་རྡོ་བ་དང ། །ཤིང་དང་རི་མོར་བྲིས་པའི་སྐུ་གཟུགས་དག་།མཛེས་ཤིང་ཤིན་ཏུ་བལྟ་ན་སྡུག་པ་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་འཐོབ། །རྟག་ཏུ་ནགས་ཁྱེད་དབེན་པར་བསྟེན་པར་གྱིས། །གྲོང་དང་གྲོང་ཁྱེར་དགའ་བ་རྣམ་སྤོངས་ལ། །བསེ་རུ་ལྟ་བུར་གཉིས་སུ་མེད་པར་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་འཐོབ། །ང་ནི་ཆོས་རྗེ་ཁྱོད་ནི་ང་ཡི་བུ། །ང་ཡི་ཏིང་འཛིན་སྤྱོད་པ་རྗེས་སུ་སློབས། །ང་ནི་དེ་ཚེ་ཕྱོགས་སུ་གྲགས་པ་ཡི། །མི་དབང་བརྟན་པས་བྱིན་ཞེས་བྱ་བར་གྱུར། །ཏིང་འཛིན་ཞི་བའི་མཆོག་འདི་འཚོལ་བའི་ཕྱིར། །དས་སྔོན་སངས་རྒྱས་མཐའ་ཡས་མཆོད་བྱས་པ། །རྟག་པར་ངས་ནི་ཚུལ་ཁྲིམས་རྣམས་དག་བསྲུངས། །ང་ཡིས་སྟོབས་
156a
༄#། །བཅུ་དག་ལ་རི་མོར་བྱས། །ཏིང་འཛིན་ཞི་བའི་མཆོག་འདི་འཚོལ་བའི་ཕྱིར། །ངས་སྔོན་བུ་དང་ཆུང་མ་ཡོངས་བཏང་སྟེ། །མགོ་དང་རྐང་ལག་མིག་མཆོག་བཟང་པོ་བྱིན། །ཞུམ་པའི་སེམས་སུ་ནམ་ཡང་ཡོངས་མ་བྱས། །ཏིང་འཛིན་ཞི་བའི་མཆོག་འདི་འཚོལ་བའི་ཕྱིར། །ནོར་འབྲུ་བྲན་ཕོ་བྲན་མོ་བརྒྱ་མང་དང ། །རིན་ཆེན་མང་པོ་ངས་ནི་ཡོངས་བཏང་སྟེ། །སློང་བ་མང་པོ་ཤིན་ཏུ་ཚིམ་པར་བྱས། །ཏིང་འཛིན་ཞི་བའི་མཆོག་འདི་འཚོལ་བའི་ཕྱིར། །ངས་སྔོན་གསེར་དང་མུ་ཏིག་ཤེལ་མང་དང ། །དུང་དང་མན་ཤེལ་དང་ནི་བཻ་ཌཱུརྱ། །ནོར་བུ་གཟུགས་གཙང་བྱུ་རུ་འབྲུ་རྣམས་བཏང ། །ཏིང་འཛིན་ཞི་བའི་མཆོག་འདི་འཚོལ་བའི་ཕྱིར། །ངས་ནི་རྣམ་པ་སྣ་ཚོགས་རྒྱན་རྣམས་དང ། །མུ་ཏིག་ཕྲེང་མཆོག་དེ་བཞིན་སེང་གེ་ཅན། །རིན་ཆེན་དྲ་བ་བཟང་ཞིང་མང་བ་བཏང ། །ཏིང་འཛིན་ཞི་བའི་མཆོག་འདི་འཚོལ་བའི་ཕྱིར། །ངས་སྔོན་གོས་མཆོག་ཕྲ་མོ་བྱེ་བ་དག ། ཡོངས་སུ་གཙང་བཀྲ་ཤི་དུ་ཀུལ་མཆོག་།གསེར་གྱིས་སྤྲས་པ་མང་པོ་ཡོངས་སུ་བཏང ། །ཏིང་འཛིན་ཞི་བའི་མཆོག་འདི་འཚོལ་བའི་ཕྱིར། །རྟ་དང་བལ་གླང་ཤིང་རྟ་སྣ་ཚོགས་དང། །བུ་དང་ཆུང་མ་རབ་སྡུག་ངས་བཏང་སྟེ། །ཡིད་མི་བདེ་བ་ནམ་ཡང་མ་བྱུང་ངོ ། །ཏིང་འཛིན་ཞི་བའི་མཆོག་འདི་འཚོལ་བའི་ཕྱིར། །འཚོལ་བས་སྡུག་བསྔལ་ཉོན་མོངས་
156b
གྱུར་པ་ཡི། །ཤིན་ཏུ་དབུལ་བའི་མི་དག་ངས་མཐོང་ནས། །དེ་དག་ངས་ནི་དབུལ་བ་མེད་པར་བྱས། །ཏིང་འཛིན་ཞི་བའི་མཆོག་འདི་འཚོལ་བའི་ཕྱིར། །རྟ་དང་བལ་གླང་ཤིང་རྟ་ཁྲག་ཁྲིག་དག་།ནོར་བུ་རིན་ཆེན་བརྒྱན་པའི་དྲ་བས་གཡོགས། །ངས་སྔོན་སློང་བ་དག་ལ་སྦྱིན་པ་བྱས། །ཏིང་འཛིན་ཞི་བའི་མཆོག་འདི་འཚོལ་བའི་ཕྱིར། །ངས་སྔོན་སྐྱེད་མོས་ཚལ་ནི་མང་པོ་དག་།བྱེ་བ་ཁྲག་ཁྲིག་ལེགས་པར་བརྒྱན་བྱས་ཏེ། །ཡིད་ཀྱང་དགའ་ཞིང་སྙིང་རྗེ་བསྐྱེད་ནས་བྱིན། །ཏིང་འཛིན་ཞི་བའི་མཆོག་འདི་འཚོལ་བའི་ཕྱིར། །གྲོང་དང་གྲོང་ཁྱེར་ཡུལ་འཁོར་གྲོང་འདབ་ཀྱང ། །ངས་སྔོན་ལེགས་པར་བརྒྱན་ནས་ཡོངས་སུ་བཏང ། །བྱིན་ནས་རྟག་ཏུ་དགའ་བ་མྱོང་བར་བྱས། །ཏིང་འཛིན་ཞི་བའི་མཆོག་འདི་འཚོལ་བའི་ཕྱིར། །རིན་ཆེན་ཕུང་པོ་རི་རབ་མཉམ་པ་དང ། །དེ་བཞིན་གོས་དང་རྒྱན་རྣམས་མང་པོ་ཡང ། །ངས་སྔོན་སློང་བདག་ལ་སྦྱིན་པ་བྱས། །ཏིང་འཛིན་ཞི་བའི་མཆོག་འདི་འཚོལ་བའི་ཕྱིར། །ཤིན་ཏུ་དབུལ་བ་ངས་ནི་ཕྱུག་པོར་བྱས། །རབ་ཏུ་ཉོན་མོངས་གྱུར་པ་ངས་བསྐྱབས་ཏེ། །སྡུག་བསྔལ་གཙེས་པ་མང་པོ་བདེ་བར་བྱས། །ང་ནི་ས་སྟེང་དབང་ཕྱུག་གྱུར་པའི་ཚེ། །སྐྱེ་བོའི་ཚོགས་རྣམས་སྡུག་བསྔལ་མཐོང་ནས་ནི། །སྙིང་རྗེ་བསྐྱེད་ནས་བདེ་བར་གྱུར་ཅིག་ཅེས། །དེ་དག་ལ་ནི་ང་ཡིས་རྒྱལ་སྲིད་བཏང ། །གཞོན་ནུ་ངས་ནི་ངོ་མཚར་བྱས་པ་དང ། །བསྐལ་པ་བརྒྱ་མང་དཀའ་བ་ཅི་སྤྱད་པ། །
157a
༄#། །ངས་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ། །དེ་དག་བཤད་ཀྱང་ཟད་པར་མི་ནུས་སོ། །ཏིང་འཛིན་ཞི་བའི་མཆོག་འདི་འཚོལ་བའི་ཕྱིར། །ངས་ནི་ངོ་མཚར་དཀའ་བ་སྤྱད་པ་ནི། །བདེ་བར་གཤེགས་པའི་སྤྱོད་ལམ་དད་པ། །མི་རྣམས་སེམས་ནི་མྱོས་ཤིང་བསླད་པར་འགྱུར། །གཞོན་ནུ་ཁྱོད་ལ་ཤིན་ཏུ་བསྒོ་བར་བྱ། །དད་པར་གྱིས་ཤིག་ང་ལ་མི་བདེན་མེད། །བདེ་གཤེགས་རྫུན་གྱི་ཚིག་ནི་མི་གསུང་སྟེ། །ཐུགས་རྗེ་རྒྱལ་བ་རྟག་ཏུ་བདེན་པར་གསུང ། །ཇི་ལྟར་ཏིང་འཛིན་མཆོག་ཀྱང་འཐོབ་འགྱུར་ཞིང ། ། སེམས་ཅན་ཁྲག་ཁྲིག་སྡུག་བསྔལ་ཐར་བྱ་ཞེས། །བསྐལ་པ་མང་པོར་སྤྱོད་པ་འདི་དག་དང ། །གཞན་ཡང་ངས་ནི་རྣམ་པ་མང་པོ་སྦྱངས། །སྐད་ཅིག་གང་ལ་ཏིང་འཛིན་འདི་ཡང་ནི། །ང་ཡིས་རབ་ཏུ་ཐོབ་པར་གྱུར་པའི་ཚེ། །ཏིང་འཛིན་དམ་པ་ཡེ་ཤེས་ཆེན་པོའི་ལམ། །ངས་ཐོབ་སངས་རྒྱས་ཁྲག་ཁྲིག་མང་པོ་མཐོང ། །རྫུ་འཕྲུལ་དག་ཀྱང་མཐའ་ཡས་ངས་ཐོབ་སྟེ། །ཞིང་བརྒྱ་དག་ཏུ་རྣམ་པར་སྤྲུལ་པས་འགྲོ་།སོང་ནས་གནས་ནི་སྙིང་རྗེ་ལྡན་པ་ལ། །དྲི་བ་བྱེ་བ་ཁྲག་ཁྲིག་མང་པོ་དྲིས། །བདེ་གཤེགས་དག་གིས་ང་ལ་ཅི་བསྟན་པ། །དེ་ཚེ་དྲི་བ་བྱེ་བ་ཁྲག་ཁྲིག་བཟུང ། །ང་ཡིས་མ་ལུས་ཐམས་ཅད་བཟུང་བྱས་ཏེ། །ཚིག་གཅིག་ཙམ་ཡང་ང་ལ་ཉམས་པ་མེད། །དྲི་བ་ཁྲག་ཁྲིག་བྱེ་བ་མང་པོ་ཡི། །ཡང་དག་པ་ཡི་ཚུལ་
157b
དེ་ངས་ཐོས་ནས། །རྡུལ་བྲལ་ཞི་བའི་གནས་དེ་ངས་བཤད་དེ། །སེམས་ཅན་མང་པོ་ཡེ་ཤེས་ལམ་ལ་བཀོད། །ངས་ནི་ཏིང་འཛིན་འདི་ལ་གནས་ནས་སུ། །བསྐལ་པ་བརྒྱར་ཡང་ཡང་དག་ཚུལ་བསླབས་ཏེ། །ངས་སྔོན་སེམས་ཅན་བྱེ་བ་ཁྲག་ཁྲིག་རྣམས། །རྡུལ་དང་བྲལ་བའི་ལམ་མཆོག་དམ་པར་བཀོད། །གང་གིས་སྔོན་གྱི་བདེ་བར་གཤེགས་པ་དག་།རྡུལ་དང་བྲལ་བའི་ཚུལ་འདི་སྟོན་པ་རྣམས། །མ་མཐོང་བས་ནི་དོན་དམ་སྟོང་པ་ཡི། །ཏིང་འཛིན་མཆོག་ལ་དད་པར་མི་ནུས་སོ། །མི་གང་དང་ཅིང་མཁས་ལ་ཆོ་ག་ཤེས། །ཡང་དག་ཚུལ་ཟབ་ཚུལ་རྣམས་ཐོས་པ་ནི། །དེ་དག་མི་སྐྲག་དངང་བར་མི་འགྱུར་ཏེ། །ཐོས་ནས་རྟག་ཏུ་ཡིད་ཀྱང་རངས་པར་འགྱུར། །དེ་དང་དེ་དག་བྱང་ཆུབ་འདི་འཛིན་ཏེ། །དེ་དག་རྗེས་སུ་སྐྱེས་པའི་ང་ཡི་བུ། །དེ་དག་ཨུ་དུམྤ་རའི་མེ་ཏོག་འདྲ། །དེ་ཕྱིར་བསྐལ་པ་བརྒྱར་ཡང་ངས་སྤྱོད་དོ། །ཏིང་འཛིན་མཆོག་འདི་མི་གང་འཛིན་པ་ནི། །དེ་དག་ལོག་པར་ལྟུང་བའི་འཇིགས་པ་མེད། །རྟག་ཏུ་མི་ཁོམ་བརྒྱད་དང་དེ་བྲལ་ཏེ། །སངས་རྒྱས་ཁྲག་ཁྲིག་ཤིན་ཏུ་མང་པོ་མཐོང ། །གང་གི་ལག་ན་ཏིང་འཛིན་མཆོག་ཡོད་པ། །རྒྱལ་བ་བྱམས་པ་གྲགས་པ་མཐའ་ཡས་བཞིན། །སེམས་ཅན་རྣམས་ཀྱི་དོན་མང་བྱེད་འགྱུར་ཞེས། །བློ་གྲོས་མཐའ་ཡས་དེ་ནི་ངས་ལུང་བསྟན། །ཏིང་འཛིན་མཆོག་འདི་མི་གང་འཛིན་པ་ནི། །དེ་དག་དྲན་དང་ལྡན་ཞིང་བློ་གྲོས་ལྡན། །རྟོགས་
158a
༄#། །ལྡན་ཡེ་ཤེས་འཕགས་པ་ཐོས་པ་འཛིན། །དེ་ཡི་སྤོབས་པ་དག་ཀྱང་རྒྱ་ཆེར་འགྱུར། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །ལྷ་རྣམས་ཀྱིས་ཀྱང་མཆོད་པར་བྱ་བ་ཡིན། །མིས་ཀྱང་རྟག་ཏུ་ཕྱག་བྱར་འོས་པ་སྟེ། །ཁོར་མོར་འབྱུང་པོའི་ཚོགས་ཀྱིས་མངོན་པར་སྲུང ། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །དེ་དག་མེ་དང་ཆུར་ཡང་མི་འཆི་ཞིང ། །དེ་ལ་དུག་དང་མཚོན་གྱིས་མི་ཚུགས་ཏེ། །དགྲ་དག་གིས་ཀྱང་བརྒལ་བར་མི་ནུས་འགྱུར། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །དེ་དག་ནགས་ཁྲོད་ཤོང་གནས་རྟག་པར་ཡང ། །ལྷ་དག་ཁོར་མོར་བསྙེན་བཀུར་བྱེད་པར་འགྱུར། །གནོད་སྦྱིན་མང་པོ་དེ་ཡི་གཡོག་ཀྱང་བྱེད། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །ཡེ་ཤེས་དག་ཀྱང་རྒྱ་མཚོ་འདྲ་བར་འགྱུར། །ཐུབ་པའི་ཡོན་ཏན་བརྗོད་ལ་ཐོགས་པ་མེད། །སངས་རྒྱས་ཡོན་ཏན་ཡང་དག་རྗོད་པར་བྱེད། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །དེ་ཡི་ཐོས་པ་མཐའ་ཡས་མུ་མེད་དེ། །ཚད་རྙེད་མི་འགྱུར་ཇི་ལྟར་ནམ་མཁའ་བཞིན། །ཡེ་ཤེས་སྒྲོན་མ་འཛིན་ཅིང་རབ་རིབ་སེལ། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །རྟག་པར་འཇམ་ཞིང་རིགས་པའི་ཚིག་སྨྲ་སྟེ། །འཁོར་གྱི་ནང་དུ་དགའ་བར་འགྱུར་བ་སྟོན། །སེང་གེ་བཞིན་དུ་དེ་ནི་སྒྲ་རྣམས་སྒྲོག་།མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །དེ་ནི་སྨན་པ་དཔྱད་མཁན་
158b
འདྲ་བར་ཡང ། །མང་པོའི་རྟེན་དང་དཔུང་གཉེན་སྐྱབས་སུ་འགྱུར། །འཇིག་རྟེན་དགན་སྣང་བར་གྱུར་ཅིང་སྤྱོད། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །འཁྲིག་པ་དག་ལ་ཡིད་ཀྱང་དགའ་མི་བྱེད། །ཞི་གནས་དགའ་ཞིང་བསམ་གཏན་བདེ་བ་རེག་།རབ་ཏུ་ཞི་བའི་དབྱིངས་སུ་ཞི་བར་སྨྲ། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །དེ་ཡིད་མཚན་མ་དག་ལ་མི་དགའ་སྟེ། །མཚན་མ་མང་པོ་ཐམས་ཅད་རྣམ་པར་བཤིག་།མཁས་པ་རྟག་ཏུ་མཉམ་པར་བཞག་ཅིང་སྤྱོད། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །དེ་ཡི་མིག་ཀྱང་ཐ་མལ་མ་ཡིན་འཐོབ། །དེས་ནི་རྒྱལ་བ་མཐའ་ཡས་མཐོང་བར་འགྱུར། །མཐའ་ཡས་མིག་ལྡན་དེ་ནི་ཁྱུ་མཆོག་འགྱུར། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །ཁྲུང་ཁྲུང་སྒྲ་དབྱངས་འཇམ་ཞིང་མཉེན་དང་ལྡན། །ཀ་ལ་པིངྐ་རྔ་ཡི་དབྱངས་སུ་འགྱུར། །གླུ་དབྱངས་ལྡན་ཞིང་སྒྲ་སྐད་འཇམ་པར་འགྱུར། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །སྤྲིན་གྱི་འབྲུག་སྒྲ་བསྒྲགས་པའི་སྐད་རྣམས་དང ། །ངང་པའི་སྒྲ་དབྱངས་བཞིན་དུ་འཇམ་པར་སྒྲོག་།དབྱངས་ཀྱི་ཡན་ལག་ལྔ་བརྒྱར་ལྡན་པའི་སྒྲ། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །བསྐལ་པ་བྱེ་བ་མང་པོ་ཁྲག་ཁྲིག་ཏུ། །དབྱངས་ཀྱི་ཡན་ལག་སྣ་ཚོགས་ལྡན་པ་ཡི། །སྒྲ་དབྱངས་སྙན་པ་བསམ་གྱིས་མི་ཁྱབ་འབྱུང ། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །ཟས་ལ་ཡི་
159a
༄#། །ཀྱང་ཆགས་པར་མི་འགྱུར་ཏེ། །ལྷུང་བཟེད་ཆོས་གོས་དག་ལ་དགའ་མ་ཡིན། །འདོད་པ་ཉུང་ཞིང་ཆོག་ཤེས་ཡོ་བྱད་བསྙུངས། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །བདག་ཉིད་ལ་ཡང་བསྟོད་པར་མི་འགྱུར་ཞིང ། །གར་ཡང་གཞན་ལ་མི་སྙན་མི་བརྗོད་དེ། །རྟག་ཏུ་བསམ་གཏན་དགའ་ཞིང་ཕྲ་བའི་སེམས། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །རྟག་ཏུ་བདག་ཉིད་ལ་ཡང་རྟོག་འགྱུར་ཏེ། །གཞན་གྱི་འཁྲུལ་པ་དག་ནི་དེ་མི་འཚོལ། །འཇིག་རྟེན་ཀུན་དང་དེ་ནི་མི་འཕྲོད་མེད། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །སྤྱོད་པ་ཡོངས་དག་སེམས་ལ་ཉོན་མོངས་མེད། །རྟག་ཏུ་གཡོ་ཡང་མེད་ཅིང་འདྲིད་པ་མེད། །ཁོར་མོར་འཇམ་ཞིང་རྣམ་པར་ཐར་ལ་དགའ། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །རྟག་ཏུ་གཏོང་ལ་ཤིན་ཏུ་མོས་པར་འགྱུར། །དེ་ནི་སེར་སྣའི་སེམས་ལ་དགའ་མི་བྱེད། །ཁོར་མོར་ཚུལ་ཁྲིམས་དང་ཡང་ལྡན་པར་འགྱུར། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །བྱད་བཞིན་བཟང་ཞིང་བལྟ་སྡུག་མཛེས་པ་སྟེ། །མདོག་ཀྱང་གསེར་མཆོག་འདྲ་བར་སྣང་བར་བྱེད། །སུམ་ཅུ་རྩ་གཉིས་མཚན་རྣམས་འཆང་བར་འགྱུར། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །དེ་དག་རྟག་པར་རབ་ཏུ་མཛེས་པར་འགྱུར། །ཁོར་མོར་རྟོག་ཅིང་སྐྱེ་བོ་མང་པོ་ལ། །ཕངས་ཤིང་སྡུག་སྟེ་ལྟ་བས་མི་
159b
ངོམས་འགྱུར། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །ལྷ་དང་ཀླུ་དང་དེ་བཞིན་གནོད་སྦྱིན་རྣམས། །རྟག་ཏུ་ཡི་རང་དགའ་ཞིང་མགུ་ནས་ནི། །གྲོང་དུ་ཞུགས་ནས་དེ་ཡི་བསྔགས་པ་སྨྲ། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །ཚངས་པ་བརྒྱ་བྱིན་དབང་སྒྱུར་མང་པོ་དག་།རྟག་པར་དེ་ལ་རིམ་གྲོ་རབ་ཏུ་བྱེད། །དེ་ཡི་ཡིད་ཀྱང་ཁེངས་པར་ཡོང་མི་འགྱུར། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །དེ་ལ་ངན་འགྲོའི་འཇིགས་པ་མི་འབྱུང་སྟེ། །མི་ཁོམ་མེད་ཅིང་ལོག་ལྟུང་འཇིགས་པ་མེད། །ལོག་ལྟུང་འཇིགས་པ་ཀུན་ལས་ཡོངས་སུ་གྲོལ། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །སངས་རྒྱས་ཆོས་མཆོག་ཞིབ་མོ་ཐོས་ནས་ཀྱང ། །དེ་ལ་ནེམ་ནུར་ཡིད་གཉིས་མི་འབྱུང་སྟེ། །ཡེ་ཤེས་ཟབ་མོའི་རྗེས་སུ་སོང་བ་ཡིན། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། ཕྲ་བའི་ཆོས་རྣམས་གང་དག་ཅི་ཐོས་ཀྱང ། །ཐམས་ཅད་ལ་ནི་དབང་གི་ཕ་རོལ་སོང ། །གཏན་ཚིགས་ཞིབ་ཅིང་སྟོབས་དང་ལྡན་པར་འགྱུར། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །རྒྱལ་བས་གསུང་ནི་དེ་སྐད་རབ་བཤད་དེ། །རྟག་པར་བདག་ནི་དེ་ལྟར་བྱ་སྙམ་ན། །གཟུངས་ནི་བྱེ་བྲག་འཕགས་པ་མཆོག་ཐོབ་འགྱུར། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །ནམ་ཚེ་དེ་ཡང་འཆི་བའི་དུས་བྱེད་པ། །འོད་དཔག་མེད་པ་ཐུགས་རྗེར་ལྡན་པ་ནི། །དགེ་སློང་ཚོགས་བཅས་དེ་ཡི་མདུན་ན་བཞུགས། །མི་གང་ཏིང་
160a
༄#། །འཛིན་མཆོག་འདི་འཛིན་པ་ནི། །དེ་དག་གཟུངས་རྣམས་རབ་ཏུ་ཐོབ་པར་འགྱུར། །ཆོས་ཀྱི་གཏེར་ལ་དབང་བའི་ཕ་རོལ་ཕྱིན། །སྤོབས་དང་ལྡན་ཞིང་ཚིག་ཀྱང་རྒྱུན་མི་ཆད། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །ཆོས་འཛིན་དེ་དག་གང་དུ་སོང་བར་ཡང ། །འགྲོ་བ་དག་ལ་ཀུན་ཏུ་སྣང་བར་འགྱུར། །ཤིན་ཏུ་སྤྱོད་པ་ཞི་ཞིང་ཡིད་རབ་ཞི། །རབ་ཏུ་དགའ་དང་དྲི་མེད་འོད་བྱེད་དང ། །འོད་འཕྲོ་ཤིན་ཏུ་སྦྱང་དཀའ་མངོན་གྱུར་དང ། །རིང་དུ་སོང་དང་མི་གཡོ་ལེགས་པའི་བློ། །ཆོས་སྤྲིན་ས་བཅུ་པོ་ཡང་འཐོབ་པར་འགྱུར། །ཚེ་དང་ལས་དང་ཡོ་བྱད་མོས་པ་དང ། །སྨོན་ལམ་རྫུ་འཕྲུལ་སྐྱེ་བའི་སྟོབས་རྣམས་དང ། །ཆོས་དང་སེམས་དང་དེ་བཞིན་ཡེ་ཤེས་ཆེ། །དབང་བཅུ་འདི་དག་དཔའ་བོས་ཐོབ་པར་འགྱུར། །མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །མཁས་པ་ཆོས་ཀྱི་མཛོད་མཆོག་རྣམ་འབྱེད་ཅིང ། །ཆོས་ཀྱི་སྐུ་ལ་དབང་བའི་ཕ་རོལ་ཕྱིན། །དེ་ནི་འགྲོ་བ་ཀུན་གྱི་ཐེ་ཚོམ་གཅོད། །སེམས་ཅན་ཐམས་ཅད་བཅོམ་ལྡན་སྙིང་རྗེ་ཅན། །སྲིད་པའི་མཐར་ཕྱིན་བདེ་གཤེགས་གྱུར་པ་ལ། །བསྐལ་པ་མང་པོ་བརྒྱ་འམ་གངྒཱ་ཡི། །བྱེ་མ་སྙེད་དམ་ལྷག་པར་མཆོད་བྱས་པས། །ཟད་པའི་དུས་ནི་མི་གང་ལ་ལ་ཡིས། །འདིར་ཡང་ཏིང་ངེ་འཛིན་འདི་ཐོས་ནས་སུ། །ཡི་རང་ཞེས་ནི་ཚིག་གཅིག་སྨྲས་ན་ཡང ། །སྔ་མའི་བསོད་ནམས་ཕུང་པོས་
160b
ཆར་མི་འཕོད། །གཞོན་ནུ་སུ་དག་ཞི་བའི་སྤྱོད་པ་འདི། །དོན་དམ་སྟོང་པ་ཏིང་ངེ་འཛིན་གྱི་མཆོག་།རབ་ཏུ་འདོན་དང་དེ་བཞིན་གླེགས་བམ་བྱས། །ཆོས་སྨྲ་བློ་གྲོས་དམ་པ་གནས་པ་ཡིན། གཟི་བརྗིད་ཚོགས་ཀྱི་རྒྱལ་པོའི་ལེའུ་སྟེ། སུམ་ཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཅི་ནས་བདག་སེམས་ཅན་ཐམས་ཅད་ཀྱི་སྒྲ་དང་སྐད་ཤེས་པ་རྟོགས་ཤིང ། དབང་པོ་མཆོག་དང་མཆོག་མ་ཡིན་པ་རྣམ་པར་རིག་ནས་ཆོས་བསྟན་ཏོ་སྙམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་གཞོན་ནུ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་མཉན་པར་བྱ།་གཟུང་བར་བྱ། ཀུན་ཆུབ་པར་བྱ། བཅང་བར་བྱ། བཀླག་པར་བྱ། རབ་ཏུ་གདོན་པར་བྱ། ལུང་མནོད་ཅིང་ཁ་ཏོན་དུ་བྱ། ཉོན་མོངས་པ་མེད་པའི་སྒོམ་པས་བསྒོམ་པར་བྱ། མང་དུ་བྱ། གཞན་ལའང་རྒྱ་ཆེར་རབ་ཏུ་བསྟན་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཐར་པ་འདོད་པ་ཏིང་འཛིན་རྫུལ་བྲལ་འདི་འཛིན་ན། །དེས་ནི་འདས་པའི་འདྲེན་པ་ཚད་མེད་རྣམས་ཀྱང་མཐོར། །སྔོན་གྱི་སྲིད་པར་བརྩོན་བྱས་འཇིག་རྟེན་མགོན་པོས་དྲིས། །བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་མཆོག་ལ་གནས། །
161a
༄#། །ཐར་པ་འདོད་པ་ཏིང་འཛིན་རྡུལ་བྲལ་འདི་འཛིན་ན། །ལྷ་དང་མི་ཡི་བདེ་བ་གྱ་ནོམ་རྙེད་པར་འགྱུར། །ལྷ་དང་མི་ཡི་མཆོད་པ་དམ་པ་དེས་འཐོབ་སྟེ། །བསམ་གཏན་བདེ་དང་འཕགས་པའི་བདེ་བ་མཆོག་ཀྱང་འཐོབ། །ཐར་པ་འདོད་པ་ཏིང་འཛིན་རྡུལ་བྲལ་འདི་འཛིན་ན། །བསྔགས་པ་རྒྱ་ཆེར་ཐོས་ཀྱང་དེ་ནི་དགའ་མི་འགྱུར། །མི་སྙན་པ་དག་ཐོས་ཀྱང་ཞུམ་པར་མི་འགྱུར་ཏེ། །འཇིག་རྟེན་ཆོས་བརྒྱད་དག་གིས་མི་སྒུལ་རི་བོ་བཞིན། །ཐར་པ་འདོད་པ་ཏིང་འཛིན་རྡུལ་བྲལ་འདི་འཛིན་ན། །དགེ་ཞིང་མཉེན་པར་སྨྲ་ལ་འཇམ་པའི་ཚིག་དང་ལྡན། །ཁྲོ་གཉེར་མེད་ཅིང་རྟག་ཏུ་གསོང་པོར་སྨྲ་བར་འགྱུར། །བཞིན་ཡང་འཛུམ་ཞིང་འདྲེན་པ་དག་གི་རྗེས་སུ་སློབ། །ཐར་པ་འདོད་པ་ཏིང་འཛིན་རྡུལ་བྲལ་འདི་འཛིན་ན། །དེས་ཤིང་འགྲོགས་ན་བདེ་ལ་འཇམ་པའི་སེམས་སུ་འགྱུར། །རྟག་པར་རབ་ཏུ་དུལ་ཞིང་དུལ་བའི་ས་ལ་གནས། །འཇམ་ཞིང་དགའ་བའི་ཚིག་སྨྲ་ཤིན་ཏུ་བདེ་བར་ཟེར། ། ཐར་པ་འདོད་པ་ཏིང་འཛིན་རྡུལ་བྲལ་འདི་འཛིན་ན། །དེ་ནི་གཏམ་བྱེད་འགྱུར་ཡང་རྩོད་ཅིང་འཐབ་པ་མེད། །ཞེ་སྡང་ཐ་བ་དེ་དག་མ་ལུས་རྣམ་སྤངས་ཏེ། །རྟག་པར་རབ་ཏུ་དགའ་ཞིང་དེ་ལ་མཉེན་པ་ཡིན། །ཐར་པ་འདོད་པ་ཏིང་འཛིན་རྡུལ་བྲལ་འདི་འཛིན་ན། །མཁས་པ་རྟག་ཏུ་གཏོང་ལ་མོས་པར་རབ་འགྱུར་ཏེ། །ཤིན་ཏུ་སྡུག་བསྔལ་སྐྱེ་བོ་མཐོང་ནས་ཁ་
161b
ཟས་སྦྱིན། །གཏོང་ལ་ཤིན་ཏུ་དགའ་ཞིང་བདག་ཉིད་སྤྱོད་མི་དགའ། །ཐར་པ་འདོད་པ་ཏིང་འཛིན་རྡུལ་བྲལ་འདི་འཛིན་ན། །ལྷ་ཡང་བརྒྱ་སྟོང་དེ་ལ་སྨོན་པ་ཤིན་ཏུ་སྐྱེད། །ཀླུ་དང་ལྷ་མིན་གནོད་སྦྱིན་རྟག་ཏུ་གཡོག་བྱེད་དེ། །ནགས་དང་ནགས་འདབས་གནས་པ་དེ་ལ་སྲུང་བར་བྱེད། །ཚིག་ནི་ཐོགས་པ་མེད་ཅིང་ཚངས་པའི་སྒྲ་དབྱངས་ཏེ། །ངང་པའི་སྒྲ་སྐད་མི་འམ་ཅི་ཡི་གླུ་ཡི་དབྱངས། །དབྱངས་ཀྱི་ཡན་ལག་ལྔ་བརྒྱ་དགའ་བའི་སྒྲ་སྐད་དེ། །སྒྲ་སྒྲགས་ཤིན་ཏུ་གྲགས་པའི་སྒྲ་ཡི་མཆོག་ཏུ་འགྱུར། །ཇི་སྙེད་ཞིང་རྣམས་དེ་དག་སྐྱེས་བུ་ལ་ལ་ཡིས། ། ཕྲ་བའི་རྡུལ་དུ་བྱས་པ་ཤེས་པར་ནུས་ཀྱང་ནི། །ཏིང་འཛིན་རྡུལ་བྲལ་མཆོག་འདི་མི་གང་འཛིན་པ་དག་།དེ་ཡི་དབྱངས་སྒྲ་དེ་བས་ཤིན་ཏུ་མང་བར་འགྱུར། །ཏིང་འཛིན་རྡུལ་བྲལ་འདི་ཡང་མི་གང་འཛིན་པ་ནི། །དབང་བཅུ་འཐོབ་ཅིང་ས་ཡང་བརྒྱད་དང་གཉིས་འཐོབ་སྟེ། །མཁས་པས་སངས་རྒྱས་ཆོས་རྣམས་བསམ་ཡས་འཐོབ་པར་འགྱུར། །བདུད་རྣམས་ཐམས་ཅད་བཏུལ་ནས་བྱང་ཆུབ་དམ་པ་རིག་།ཕན་ཡོན་གྱི་ལེའུ་སྟེ། སུམ་ཅུ་རྩ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཇི་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་པར་བྱ་སྙམ་པའི་བྱང་ཆུབ་སེམས་དཔའ་སེམས་
162a
༄#། །དཔའ་ཆེན་པོ་དེས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་མཉན་པར་བྱ། གཟུང་བར་བྱ། ཀུན་ཆུབ་པར་བྱ། བཅང་བར་བྱ། བཀླག་པར་བྱ། རབ་ཏུ་གདོན་པར་བྱ། ལུང་མནོད་ཅིང་ཁ་ཏོན་དུ་བྱ། ཉོན་མོངས་པ་མེད་པའི་སྒོམ་པས་བསྒོམ་པར་བྱ། མང་དུ་བྱ། གཞན་ལའང་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བ་གང་ཤེས་པ། །དེ་ལ་འདོད་ཆགས་ལྡང་བ་མེད་ཅིང་ཞེ་སྡང་མེད། །ཁྱུ་མཆོག་ལ་ནི་ནམ་ཡང་གཏི་མུག་ལྡང་བ་མེད། །དེས་ནི་ཉོན་མོངས་མ་ལུས་ཐམས་ཅད་སྤངས་པ་ཡིན། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བ་གང་ཤེས་པ། །དེ་ནི་བདེ་གཤེགས་ཐུགས་སྲས་བསླབས་པ་ཡོང་མི་འདོར། །དཔའ་བོ་བུད་མེད་དབང་དུ་ནམ་ཡང་མི་འགྲོ་སྟེ། །དེ་དང་དེར་ནི་བདེ་གཤེགས་བསྟན་པའི་དགའ་བ་མྱོང་།། ཆོས་ཀྱི་རང་བཞིན་ཚུལ་གྱི་རིགས་པ་གང་ཤེས་པ། །དེ་ནི་མཁས་པ་བློ་ལྡན་ཡེ་ཤེས་ཆོག་ཤེས། །དེ་དང་དེ་ནི་སངས་རྒྱས་མཐའ་ཡས་མུ་མེད་མཐོང ། །དེ་ནི་གཟུགས་དང་ཡེ་ཤེས་མཐའ་ཡས་རབ་ཏུ་ཤེས། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བ་གང་ཤེས་པ། །དེ་ནི་རིང་པོར་མི་ཐོགས་རྐང་གཉིས་གཙོ་བོར་འགྱུར། །དེ་དང་དེ་ནི་སྨན་པ་དཔྱད་ཤེས་བདེ་བ་
162b
སྦྱིན་པར་འགྱུར། །དེ་ནི་སྡུག་བསྔལ་ཟུག་རྔུ་ཐམས་ཅད་འབྱིན་པར་བྱེད། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བ་གང་ཤེས་པ། །དེ་ནི་སེམས་ཅན་འདི་དག་སྡུག་བསྔལ་ན་རིག་ནས། །དེ་ནི་རྟག་ཏུ་བདུད་རྩི་དག་གི་རྔ་དག་རྡུང ། །དེ་དང་དེ་ནི་རིང་པོར་མི་ཐོགས་འདྲེན་པར་འགྱུར། །དེ་ནི་སྨན་གྱི་ཚུལ་ལ་མཁས་པ་སྨན་པའི་མཆོག་།ཐམས་ཅད་ནད་ཀྱི་གཞི་དང་གང་གིས་འཐར་པ་ཤེས། །དེ་ནི་ཡང་དག་ཚུལ་ལ་བསླབས་པ་བློ་གྲོས་ལྡན། །བསླབས་ནས་ཤིན་ཏུ་འཁྱམས་པའི་སེམས་ཅན་མང་པོ་འགྲོལ། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བ་གང་ཤེས་པ། །དེ་ནི་སྟོང་པ་ཉིད་ཀྱི་ཚུལ་མཁས་བློ་གྲོས་དཔའ། །དེ་ནི་འཇིག་རྟེན་རྟག་ཏུ་མ་ཆགས་བསོད་སྙོམས་ཟ། །དེ་ནི་སེམས་ཅན་མང་པོ་བྱང་ཆུབ་མཆོག་ལ་འགོད། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བ་གང་ཤེས་པ། །དེ་ནི་མི་ཡི་ཟླ་བ་བཟོད་པའི་སྟོབས་ཀྱིས་འཕགས། །དེ་ནི་རྡོ་དང་དབྱུག་པས་བརྡེགས་ཀྱང་མི་ཁྲོ་སྟེ། །དེ་ནི་ལུས་དང་ཡན་ལག་བཅད་ཀྱང་འཁྲུག་པ་མེད། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བ་གང་ཤེས་པ། །དེ་ནི་བཟོད་པའི་སྟོབས་ལ་གནས་པ་སྟོབས་ལྡན་ཡིན། །དེ་ནི་རབ་ཏུ་ཞི་བའི་བཟོད་པའི་དངོས་མི་གཏོང ། །དེ་ནི་བློ་དཔའ་བཟོད་པའི་སྟོབས་ལ་རློམ་སེམས་མེད། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བ་གང་ཤེས་པ། །དེ་ནི་བདག་བཅད་སྙམ་དུ་ནམ་ཡང་སེམས་མི་འགྱུར། །དེ་ཡིས་སྲིད་པ་ཐམས་ཅད་རྣམ་བཤིག་རྟག་ཏུ་སྟོང ། །དེ་ཡི་འདུ་
163a
༄#། །ཤེས་ཐམས་ཅད་མ་ལུས་རབ་ཏུ་སྤངས། །དེ་དང་དེ་དག་ཆོས་ཀྱི་རང་བཞིན་དམ་པ་སྟོན། །དེ་དག་རིང་པོར་མི་ཐོགས་བླ་མེད་བྱང་ཆུབ་རིག་།གང་དག་ཆོས་ཀྱི་རང་བཞིན་སྤྱོད་ཡུལ་ངེས་རྟོགས་པ། །དེ་དག་གིས་ནི་སྦྱིན་པ་མཐའ་ཡས་མུ་མེད་བྱིན། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བ་གང་ཤེས་པ། །དེ་ནི་མདོ་སྡེ་བྱེ་བ་མཐའ་ཡས་འཆད་པར་བྱེད། །དེ་ལས་ལྷག་པར་གངྒཱའི་ཀླུང་གི་བྱེ་མ་སྙེད། །བཤད་ཀྱང་དེ་ཡི་སྤོབས་པའི་རྒྱུན་ནི་ཆད་པ་མེད། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བ་གང་ཤེས་པ། །དེ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་སྟོང་དུ་ཡང ། །ཡེ་ཤེས་དག་ནི་རྟག་ཏུ་འཕགས་པ་རི་རབ་བཞིན། །ཆོས་རྣམས་སྟོན་པ་དག་ནི་ཟད་པར་ཡོང་མི་འགྱུར། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བ་གང་ཤེས་པ། །སྤོབས་པ་ཡངས་ཤིང་རྒྱ་ཆེ་བསམ་གྱིས་མི་ཁྱབ་འགྱུར། །བྱང་ཆུབ་དམ་པ་རྟག་ཏུ་ཁོར་མོར་འཚོལ་བ་ན། །མདོ་སྡེ་དག་ཀྱང་བྱེ་བ་མཐའ་ཡས་རབ་ཏུ་འཆད། །ཆོས་འདི་ཐམས་ཅད་དངོས་པོ་མེད་པར་གང་ཤེས་པ། །རྐང་གཉིས་གཙོ་བོས་ཆོས་གང་ཇི་སྙེད་བཤད་པ་ཡང ། །དེ་དག་ཐམས་ཅད་ཐོས་ནས་ཡོངས་སུ་རྫོགས་པར་འཛིན། །དེ་ནི་ཚིག་གཅིག་ལ་ཡང་ཐེ་ཚོམ་འབྱུང་མི་འགྱུར། །ཆོས་ཀྱི་རང་བཞིན་རྟག་ཏུ་སྟོང་པར་གང་ཤེས་པ། །དེ་ནི་རྟག་ཏུ་བྱེ་བྲག་འཕགས་ཤིང་གཏོང་ལྡན་འགྱུར། །སྡུག་བསྔལ་དག་ལ་བདེ་བ་སྦྱིན་པའི་
163b
སྦྱིན་བདག་ཡིན། །སེམས་ཅན་སྡུག་བསྔལ་མཐོང་ནས་རིན་ཆེན་ཚིམ་པར་བྱེད། །ཆོས་ཀྱི་རང་བཞིན་རྟག་ཏུ་སྟོང་པར་གང་ཤེས་པ། །དེ་ནི་རྟག་ཏུ་ཛམྦུའི་རྒྱལ་མཚན་རྒྱལ་བོར་འགྱུར། ། དུས་ཀུན་དུ་ཡང་སྲོག་ཆགས་རྣམས་ལ་བྱམས་ལྡན་ཏེ། །རྟག་ཏུ་མཐའ་ཡས་པ་ཡི་བདེ་བ་བྱེད་པར་འགྱུར། །ཆོས་ཀྱི་རང་བཞིན་རྟག་ཏུ་སྟོང་པར་གང་ཤེས་པ། །དཔའ་བོ་བུ་དང་བུ་མོ་བྲན་དག་གཏོང་བར་བྱེད། །མགོ་དང་ལག་པ་དེ་བཞིན་རྒྱལ་སྲིད་ཡོངས་སུ་གཏོང ། །ཁྱུ་མཆོག་དེ་ཡི་ཡིད་ནི་ཞུམ་པར་ཡོང་མི་འགྱུར། །ཆོས་ཀྱི་རང་བཞིན་རྟག་ཏུ་སྟོང་པར་གང་ཤེས་པ། །དེ་ཡི་ལུས་དང་ཡན་ལག་གལ་ཏེ་བཅད་གྱུར་ཀྱང ། །རྨི་ལམ་ན་ཡང་དེ་ཡི་ཡིད་ལ་ཁོང་ཁྲོ་མེད། །དེས་ནི་འདྲེན་པ་རྐང་གཉིས་གཙོ་བོ་མཆོད་པ་ཡིན། །ཆོས་ཀྱི་རང་བཞིན་རྟག་ཏུ་སྟོང་པར་གང་ཤེས་པ། །དེས་ནི་འདས་པའི་འདྲེན་པ་ཐམས་ཅད་མཆོད་པ་ཡིན། །དེ་བཞིན་མ་བྱོན་པ་ཡི་རྐང་གཉིས་གཙོ་བོ་མཆོད། །དེས་ནི་འདྲེན་པ་བཞུགས་པ་ཐམས་ཅད་རི་མོར་བྱས། ། གང་དག་མདོ་སྡེ་འདི་ཐོས་ཟད་པའི་འདུས་ལ་འཛིན། །དེ་ནི་མཁས་པ་བདེ་བར་གཤེགས་པའི་མཛོད་འཆང་ཡིན། །དེ་ནི་གཟུངས་མཆོག་དག་ལ་རབ་ཏུ་གནས་པ་སྟེ། །དེ་ནི་རིང་པོར་མི་ཐོགས་འཇིག་རྟེན་འདྲེན་པར་འགྱུར། །གང་གིས་མདོ་སྡེ་འདི་དག་རབ་བཤད་མི་བརྗོད་པ། །མཁས་པ་དེ་ནི་ལོང་བར་ནམ་ཡང་མི་འགྱུར་ཏེ། །བསྐལ་པ་མང་པོར་ཡན་ལག་མ་
164a
༄#། །ཚང་ཡོང་མི་འགྱུར། །དེས་ནི་མི་ཁོམ་བརྒྱད་པོ་དག་ཀྱང་རྟག་ཏུ་སྤངས། །དེ་ནི་ངན་འགྲོར་ནམ་ཡང་འགྲོ་བར་མི་འགྱུར་ཏེ། །རྟག་ཏུ་མཚན་རྣམས་འཆང་ཞིང་བྱད་བཞིན་བཟང་པོར་འགྱུར། །མངོན་ཤེས་ལྔ་པོ་དེ་དག་རྟག་པར་དེས་བསྒོམས་ཏེ། །དཔའ་བོ་དེ་ནི་རྟག་ཏུ་བདེ་གཤེགས་སྤྱན་སྔར་གནས། །ཡེ་ཤེས་ཅན་དེ་འཕྲུལ་བ་མང་པོ་སྤྲུལ་བྱས་ནས། །ཞིང་རྣམས་བྱེ་བ་མང་པོར་འདུལ་བའི་དོན་ཕྱིར་གཏོང ། །སངས་རྒྱས་སྤྲུལ་པ་མང་པོ་གང་གིས་མཐོང་གྱུར་པ། །དེ་ཡིས་སེམས་ཅན་མང་པོ་བྱང་ཆུབ་མཆོག་ཏུ་བཙུད། །གང་དག་མདོ་སྡེ་འདི་ཐོས་ཟད་པའི་དུས་ལ་འཛིན། །དེ་ནི་དྲན་ལྡན་བློ་གྲོས་ལྡན་ཞིང་ཤེས་རབ་ཅན། །དེ་ནི་རྟག་ཏུ་མཐུ་དང་བརྩོན་འགྲུས་སྟོབས་ཀྱིས་བརྟན། །གཟི་བརྗིད་ཆེན་པོ་ཆོས་ཀྱི་ཕ་རོལ་ཕྱིན་པར་འགྱུར། །ཟད་པའི་དུས་ལ་ཏིང་འཛིན་ཞི་བ་འཛིན་པ་ནི། །དཔའ་བོ་དེ་ཡང་ཚངས་པའི་གནས་ལ་ཤིན་ཏུ་གནས། །དེས་ནི་མྱུར་དུས་ཡང་བརྒྱད་དང་གཉིས་དག་འཐོབ། །དེ་ནི་མྱུར་ཞིང་མགྱོགས་པར་བདུད་རྣམས་ཤིན་ཏུ་འདུལ། །གང་གིས་མདོ་སྡེ་ཞི་བ་འདི་ནི་རྟག་བསྒོམ་པ། །དབང་དང་ལྡན་ཞིང་མངོན་པར་འཕགས་པ་སྟོབས་དང་ལྡན། །དེ་ནི་སེམས་ཅན་དམ་པ་སེམས་ཅན་དོན་ཕྱིར་བརྩོན། །དེ་ནི་བྱང་ཆུབ་ཤིང་དྲུང་བྱང་ཆུབ་མཆོག་རྟོགས་གྱུར། །གང་གིས་ཆོས་འདི་རྣམས་ནི་སྟོང་པར་གོམས་
164b
བྱས་པ། །དེ་དག་འོད་ཟེར་བྱེ་བ་སྟོང་རྣམས་རྟག་ཏུ་འགྱེད། །ཉི་མའི་དཀྱིལ་འཁོར་དག་ཀྱང་ཐམས་ཅད་གཟི་མེད་བྱས། །དཔའ་བོ་དེ་དག་མི་རིང་འཇིག་རྟེན་འདྲེན་པར་འགྱུར། །ངས་སྔོན་སྤྱོད་ཡུལ་ཞི་བ་འདི་ནི་རབ་ཏུ་བསྒོམས། །བསྐལ་པ་མང་པོ་བྱེ་བ་ཁྲག་ཁྲིག་སྟོང་དུ་ཡང ། །ལམ་འདིར་ངས་ནི་ནམ་ཡང་བརྩོན་འགྲུས་རྒྱུན་མ་བཅད། །དེ་ཚེ་མར་མེ་མཛད་ཀྱིས་རྒྱལ་པར་ལུང་ཡང་བསྟན། །མདོ་སྡེ་འདི་ལ་ཁྱེད་ཀྱང་ང་ཡི་རྗེས་སུ་སློབས། །ཚུལ་འདི་ཟབ་ཅིང་དམ་པའི་དོན་རྣམས་བསྟན་པ་སྟེ། །འདི་ལ་མུ་སྟེགས་ལོག་པ་མང་པོ་འདི་དག་འཁྱམས། །བྱང་ཆུབ་ལ་ནི་སྨད་བྱས་ངན་སོང་འཇིགས་པར་ལྟུང ། །བསྐལ་པ་མང་པོ་བྱེ་བ་ཁྲག་ཁྲིག་སྟོང་དུ་ཡང ། །དེ་དག་སྡུག་བསྔལ་མི་བཟད་ཚ་བ་དེར་མྱོང་ནས། །བསྐལ་པ་ཁྲག་ཁྲིག་མང་པོ་དག་ནི་འདས་ནས་ཀྱང ། །དེ་ནི་དེ་དག་མི་འཆི་འཐོབ་པའི་རྒྱུར་འགྱུར་རོ། །གང་དག་ཕྱི་དུས་འཇིགས་ལ་བདེ་བར་གཤེགས་པ་ཡི། །མདོ་སྡེ་རབ་ཏུ་ཞི་བ་འདི་ནི་སྲུང་བྱེད་པ། །དེ་དག་བྱང་ཆུབ་མཆོག་རབ་འདི་ནི་རྙེད་མི་དཀའ། །དེ་དང་དེ་དག་ཕྱི་དུས་ཆོས་འཛིན་ལུང་བསྟན་ཡིན། །ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་པར་བསྟན་པའི་ལེའུ་སྟེ། སུམ་ཅུ་རྩ་གཉིས་པའོ།། །། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ། བམ་པོ་བཅུ་པ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་བྱང་ཆུབ་སེམས་
165a
༄#། །དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་མངོན་པར་ཤེས་པ་ཆེན་པོའི་བྱི་དོར་བྱ་བ་ཡོངས་སུ་སྦྱང་བར་འདོད་པས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་མཉན་པར་བྱ། གཟུང་བར་བྱ། ཀུན་ཆུབ་པར་བྱ། བཅང་བར་བྱ། བཀླག་པར་བྱ། རབ་ཏུ་གདོན་པར་བྱ། ལུང་མནོད་ཅིང་ཁ་ཏོན་དུ་བྱ། ཉོན་མོངས་པ་མེད་པས་བསྒོམ་པར་བྱ། མང་དུ་བྱ། གཞན་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །གཞོན་ནུ། ཆོས་ཐམས་ཅད་ལ་མངོན་པར་ཤེས་པ་ཆེན་པོའི་བྱི་དོར་བྱ་བ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མེད་ཅིང་ཚུལ་ཁྲིམས་ཀྱི་ཕུང་པོ་མཆོག་ཏུ་མི་འཛིན་པ། ཏིང་ངེ་འཛིན་གྱི་ཕུང་པོ་རློམ་སེམས་མེད་པ། ཤེས་རབ་ཀྱི་ཕུང་པོ་རྒྱུ་བ་མེད་པ། རྣམ་པར་གྲོལ་བའི་ཕུང་པོ་དབེན་པར་མཐོང་བ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དེ་དག་དང་ལྡན་པས་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་ཐམས་ཅད་ཀྱིས་རྣམ་པར་འཕྲུལ་ཞིང་སེམས་ཅན་རྣམས་ལ་ཆོས་སྟོན་པ་འདི་ནི། གཞོན་ནུ། ཆོས་ཐམས་ཅད་ལ་མངོན་པར་ཤེས་པ་ཆེན་པོའི་བྱི་དོར་བྱ་བ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ལ་མངོན་པར་ཤེས་པ་ཆེན་པོའི་
165b
བྱི་དོར་བྱ་བ་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ཟླ་འོད་གཞོན་ནུར་གྱུར་པ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། །མངོན་ཤེས་ཆེན་པོ་ཡོངས་སྦྱངས་པ། ། རྩོད་པ་མེད་པར་བསྟན་པ་སྟེ། །རྩོད་པ་དག་ལ་གང་སྤྱོད་ཅིང ། །འཛིན་པར་བྱེད་པ་དེ་མི་ཐར། །མངོན་ཤེས་དེ་ཡི་ཤེས་རབ་སྟེ། །སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ། །འཛིན་པ་ལ་ནི་གང་གནས་པ། །དེ་ལ་ཡེ་ཤེས་ཡོང་མི་འགྱུར། །གང་དག་སྒྲ་ཡིས་བསྟན་པ་ཡི། །ཆོས་རྣམས་མང་པོ་བསམ་མི་ཁྱབ། །སྒྲ་དེ་ལ་ཡང་གང་ཆགས་པ། །དགོངས་པའི་བཤད་པ་མི་ཤེས་སོ། །ཅི་ལ་དགོངས་ཏེ་བཤད་པ་ཡི། །དགོངས་པ་དག་ནི་མི་ཤེས་པ། །ཆོས་ཉིད་ལ་ནི་མ་བསླབས་པས། །ཆོས་མ་ཡིན་པ་ཆོས་སུ་འཆད། །འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་གང་བཤད་པ། །ཆིག་འབྲུ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་བརྗོད་པར་ནུས་མ་ཡིན། །ཆིག་གཅིག་རྣམ་པར་བསྒོམས་ན་ནི། །དེ་དག་ཐམས་ཅད་བསྒོམས་པར་འགྱུར། །སངས་རྒྱས་ཇི་སྙེད་ཐམས་ཅད་ཀྱིས། །ཆོས་རྣམས་མང་པོ་རབ་བཤད་པ། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །མི་གང་དོན་ལ་མཁས་པ་དག་།ཚིག་འདི་བསླབས་པར་གྱུར་པ་ལ། །སངས་རྒྱས་ཆོས་རྣམས་དཀོན་མ་ཡིན། །ཆོས་ཀུན་སངས་རྒྱས་ཆོས་ཡིན་ཏེ། །ཆོས་ཉིད་ལ་ཡང་གང་བསླབས་པ། །ཆོས་ཉིད་རབ་ཏུ་ཤེས་པ་ནི། །ཆོས་ཉིད་དང་ཡང་འགལ་མི་བྱེད། །ཚིག་ཀུན་ཀྱང་ནི་
166a
༄#། །སངས་རྒྱས་ཚིག་།སྒྲ་ཀུན་དངོས་པོ་མེད་པ་སྟེ། །ཕྱོགས་བཅུ་དག་ཏུ་བཙལ་ན་ཡང ། །སངས་རྒྱས་ཚིག་ནི་མི་རྙེད་དོ། །ཚིག་འདི་སངས་རྒྱས་ཚིག་ཡིན་ཏེ། ། ཕྱོགས་བཅུ་དག་ཏུ་རབ་བཙལ་ཀྱང ། །བླ་མེད་འདི་ནི་མི་རྙེད་དེ། །མ་རྙེད་རྙེད་པར་མི་འགྱུར་རོ། །སངས་རྒྱས་ཚིག་ནི་བླ་ན་མེད། །ལྟག་ན་མེད་པ་སངས་རྒྱས་ཚིག་།དེ་ལ་རྡུལ་ཙམ་མི་རྙེད་པས། །དེ་ཚེ་བླ་ན་མེད་ཅེས་བརྗོད། །ཆོས་ནི་རྡུལ་ཙམ་མི་རྙེད་དེ། །རྡུལ་ཙམ་སྒྲར་ནི་བཤད་པ་ཡིན། །རྡུལ་ཙམ་རྙེད་པར་མ་གྱུར་ཀྱང ། །འཇིག་རྟེན་དུ་ནི་སྒྲ་ཡིས་བཤད། །ཆོས་རྣམས་རྙེད་མེད་རྙེད་པ་སྟེ། །རྙེད་པ་ལ་ཡང་རྙེད་པ་མེད། །དེ་ལྟར་ཆོས་རྣམས་གང་ཤེས་པ། །བྱང་ཆུབ་དམ་པ་རྟོགས་པར་འགྱུར། །བྱང་ཆུབ་བླ་མེད་ངེས་རྟོགས་ནས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཆོས་ཀྱི་འཁོར་ལོ་རབ་བསྐོར་ནས། །སངས་རྒྱས་ཆོས་རྣམས་སྟོན་པར་བྱེད། །སངས་རྒྱས་ཡེ་ཤེས་བླ་མེད་ནི། །བྱང་ཆུབ་སེམས་དཔའ་རྟོགས་པར་བྱེད། །སངས་རྒྱས་ཡེ་ཤེས་རྟོགས་བྱེད་པས། །སངས་རྒྱས་ཞེས་ཀྱང་དེ་ཕྱིར་བརྗོད། །དངོས་མེད་སྨོན་པ་མེད་པ་དང ། །མཚན་མ་མེད་དང་སྟོང་པ་ཉིད། །རྣམ་ཐར་སྒོ་ནི་འདི་དག་གིས། །སྒོ་དག་སངས་རྒྱས་རབ་ཏུ་སྟོན། །མིག་དང་རྣ་བ་སྣ་དག་དང ། །ལྕེ་དང་ལུས་དང་དེ་བཞིན་ཡིད། །དེ་དག་རང་བཞིན་སྟོང་པར་ནི། །སངས་རྒྱས་དག་གིས་རབ་ཏུ་བཤད། །རེ་ལྟ་བུ་ཡི་ཆོས་རྣམས་
166b
ཀྱི། །རང་བཞིན་དག་ནི་སུས་ཤེས་པ། །ཆོས་ཀྱི་མཚན་ཉིད་ཤེས་པས་ན། །དེ་ནི་རྩོད་པར་མི་བྱེད་དོ། །འདི་ནི་བྱང་ཆུབ་སེམས་དཔའ་དག་།དཔའ་བོ་སྐྱོབ་པའི་སྤྱོད་ཡུལ་ཏེ། །ཆོས་རྣམས་སྟོང་པར་ཤེས་པ་ནི། །དེ་དག་ནམ་ཡང་ནེམ་ནུར་མེད། །ཆོས་ཀྱི་རང་བཞིན་ཤེས་པས་ན། །དེ་ཕྱིར་སངས་རྒྱས་ཞེས་བྱ་སྟེ། །སེམས་ཅན་བསམ་གྱིས་མི་ཁྱབ་ཅིང ། །དཔག་ཏུ་མེད་པ་བྱང་ཆུབ་འདུལ། །སངས་རྒྱས་སྒྲས་ནི་གང་བྱས་པ། །ཚུལ་ཁྲིམས་སྒྲས་ཀྱང་དེ་བྱས་ཏེ། །སངས་རྒྱས་སྒྲ་དང་ཚུལ་ཁྲིམས་སྒྲ། །དེ་དག་གཉི་ག་མཚན་ཉིད་གཅིག་།འཇིག་རྟེན་སྒྲ་དག་བརྗོད་པ་ནི། །རབ་དང་འབྲིང་དང་ཐ་མ་རྣམས། །མཉམ་པར་བཞག་པའི་སྒྲ་གཅིག་ལ། །སངས་རྒྱས་སྒྲས་ནི་བསྟན་པ་ཡིན། །སངས་རྒྱས་སྒྲ་ནི་ཡུལ་མི་གནས། །ཕྱོགས་ལའང་གནས་པ་མ་ཡིན་བརྗོད། །སྐྱེས་དང་འགགས་པ་མ་ཡིན་ཏེ། །དེ་བཞིན་གཅིག་དང་ཐ་དད་མིན། །དེ་དག་གསར་རམ་རྙིང་མ་ཡིན། །དེ་དག་ལ་ནི་རློམ་སེམས་མེད། །སེར་པོ་མ་ཡིན་སྔོན་པོ་མིན། །དཀར་པོ་མ་ཡིན་དམར་པོ་མིན། །བརྗོད་དུ་མེད་ཅིང་གཟུང་མེད་པར། །དེ་ལྟར་དབྱངས་ཀྱིས་བསྟན་མོད་ཀྱི། །དེ་ནི་དབྱངས་ཀྱི་ས་མ་ཡིན། །ཐུབ་པ་དག་གི་ཆོ་འཕྲུལ་འདི། །སངས་རྒྱས་མྱ་ངན་འདས་པ་ཡི། ། སངས་རྒྱས་སྐུ་གཟུགས་སྣང་གྱུར་ཏེ། །དེ་གནས་ཡིད་ལ་བྱས་པ་ན། །ཆོ་འཕྲུལ་རྣམས་ཀྱང་དེ་ཡིས་མཐོང ། །གང་གིས་མྱ་ངན་འདས་རེག་པ། །སེམས་ཅན་དེ་ནི་མི་རྙེད་དེ། །དེ་བཞིན་ཆོས་
167a
༄#། །རྣམས་རབ་བསྟེན་ཅིང ། །སེམས་ཅན་མང་པོ་གྲོལ་བར་བྱས། །ཇི་ལྟར་ཉི་མ་ཟླ་བ་དག་།འཁར་བའི་སྣོད་དུ་སྣང་བ་ཡང ། །རང་གི་གཟུགས་ནི་མི་འཕོ་ལྟར། ། ཆོས་ཀྱི་མཚན་ཉིད་དེ་འདྲ་འོ། །ཆོས་རྣམས་མིག་ཡོར་ལྟ་བུར་ཡང ། །གང་གིས་ངོ་བོ་ཉིད་ཤེས་པ། །དེ་དག་གཟུགས་ཀྱི་ལུས་སུ་ནི། །སངས་རྒྱས་སྐུ་ལ་མི་བལྟའོ། །ཆོས་འདི་ལུས་གཟུགས་མེད་པ་སྟེ། །འདི་ལ་ལུས་གཟུགས་གང་ཡང་མེད། །ཆོས་གང་ལུས་གཟུགས་མེད་པ་ནི། །དེ་ནི་སངས་རྒྱས་སྐུ་ལུས་སོ། །སུ་དག་ཆོས་ཀྱི་སྐུར་ལྟ་བ། །དེ་དག་གིས་ནི་འདྲེན་པ་མཐོང ། །རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུ། །དེ་ནི་རྫོགས་པའི་སངས་རྒྱས་མཐོང ། །རྟེན་ཅིང་སོ་སོར་བསྟན་པ་སྟེ། །སོ་སོ་མ་ཡིན་སོ་སོར་བཤད། །དགེ་སྦྱོང་ཉིད་ནི་སུ་འདོད་པ། ། འཇུག་པ་འདི་ནི་རིག་པར་གྱིས། །གང་དག་བདག་གིས་ཐོབ་སྙམ་པ། །དེ་ཕྱིར་མ་ཐོབ་པ་ཞེས་བྱ། །གང་གིས་དགེ་སྦྱོང་ཉིད་མ་ཐོབ། །དེ་ཕྱིར་དགེ་སྦྱོང་ཞེས་ཀྱང་བྱ། །སུ་དག་བསླབ་པར་མ་གྱུར་བ། །ཟབ་མོའི་ཆོས་འདི་ག་ལ་སྨྲ། །དེ་དག་ཟབ་མོའི་མིང་དུ་ཡང ། །ཡོངས་སུ་བརྗོད་པར་མི་ནུས་སོ། །ཕུང་པོ་ལྔ་ནི་དངོས་མེད་དེ། །མེད་པ་ལས་ནི་འདི་དག་བྱུང ། །སུ་ཡི་ཕུང་པོ་བྱུང་བ་ཡང ། །དེ་ལ་སློང་བར་བྱེད་པ་མེད། །ཕུང་པོའི་མཚན་ཉིད་གང་ཡིན་པ། །ཆོས་ཀུན་དེ་ཡི་མཚན་ཉིད་ཡིན། །དེ་ཡི་མཚན་ཉིད་ཡོད་བཤད་དེ། །མཚན་ཉིད་ཀྱང་ནི་
167b
ཡོད་མ་ཡིན། །ཇི་ལྟར་བར་སྣང་ནམ་མཁའ་བཞིན། །ཆོས་ཀྱི་མཚན་ཉིད་དེ་འདྲ་བར། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ། །ད་ལྟར་བྱུང་པའང་མཐོང་བར་འགྱུར། །ནམ་མཁའ་གཟུང་བ་མེད་པར་བཤད། །དེ་ལ་གཟུང་བ་མི་རྙེད་དེ། །ཆོས་ཀྱི་རང་བཞིན་འདི་ཉིད་ཡིན། །གཟུང་བ་མེད་པ་ནམ་མཁའ་འདྲ། །དེ་ལྟ་བུར་ནི་ཆོས་བསྟན་ཏེ། །དེ་ལ་གང་ཡང་མཐོང་བ་མེད། །སུ་དག་ཆོས་འདི་མི་མཐོང་བ། །དེ་ཡི་ཆོས་རྣམས་བསམ་མི་ཁྱབ། །ཆོས་འདི་རྣམས་ནི་རང་བཞིན་མེད། །འདི་དག་རང་བཞིན་མི་རྙེད་དེ། །སངས་རྒྱས་བྱང་ཆུབ་སུ་བརྩོན་པ། །རྣལ་འབྱོར་བ་ཡི་སྤྱོད་ཡུལ་འདི། །དེ་ལྟ་བུར་ནི་སུས་ཤེས་པ་།དེ་ནི་ཆོས་ལ་མི་ཆགས་ཏེ། །ཆོས་རྣམས་ལ་ཡང་མི་ཆགས་པས། །ཆོས་ཀྱི་འདུ་ཤེས་རབ་ཏུ་རྟོགས། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡིས། །ཆོས་རྣམས་ཐམས་ཅད་རྣམ་པར་བཤིག་།ཆོས་ཀྱི་འདུ་ཤེས་རྣམ་བཤིག་ནས། །སངས་རྒྱས་ཆོས་ལ་རློམ་སེམས་མེད། །མཐའ་དེ་རློམ་སེམས་མ་བྱས་པ། །བརྟགས་ནས་མཐར་ནི་བཤད་པ་སྟེ། །དེ་ལྟར་མཐའ་ནི་སུས་ཤེས་པ། །བསྐལ་པ་བྱེ་བར་རློམ་སེམས་མེད། །བྱིས་པས་སྔོན་གྱི་མཐའ་བརྟགས་པས། །འཁོར་བ་རྣམས་སུ་འཁོར་འགྱུར་ཏེ། །ཕྱོགས་བཅུ་དག་ཏུ་བཙོལ་ན་ཡང ། །དེ་ཡི་གནས་ནི་མི་རྙེད་དོ། །འཁོར་བ་སྟོང་པར་རིག་ནས་ནི། །རྒྱལ་བའི་ཐུགས་སྲས་ཆགས་མི་འགྱུར། །བྱང་ཆུབ་དོན་ཕྱིར་སྤྱོད་མོད་ཀྱི། །དེ་དག་སྤྱོད་པ་མི་རྙེད་དོ། །
168a
༄#། །ནམ་མཁའ་ལ་ནི་བྱ་རྗེས་བཞིན། །དེ་དག་རྙེད་པར་མི་འགྱུར་ཏེ། །དེ་འདྲའི་རང་བཞིན་བྱང་ཆུབ་དེ། །བྱང་ཆུབ་སེམས་དཔས་རྟོགས་པར་འགྱུར། །སྒྱུ་མ་བྱེད་པ་རབ་བསླབས་པ། །སྒྱུ་མ་དག་ནི་སྟོན་པ་ལྟར། །རྣམ་པ་སྣ་ཚོགས་གཟུགས་རྣམས་ཀྱང ། །གཟུགས་ནི་དམིགས་པར་མི་འགྱུར་རོ། །རྙེད་དང་མི་རྙེད་རློམ་སེམས་མེད། །རྙེད་པ་ལ་ཡང་རྙེད་མེད་དེ། །ཡེ་ཤེས་དེ་ནི་སྒྱུ་མ་འདྲ། །སྒྱུ་མ་དེ་ལ་གནས་པ་མིན། །དེ་བཞིན་ཆོས་རྣམས་སྟོང་པ་ལ། །བྱིས་པའི་བློ་ཡིས་རྣམ་བརྟགས་ནས། །རྣམ་པར་རྟོག་ལ་སྤྱོད་པ་དག ། འགྲོ་བ་དྲུག་ཏུ་གཞོལ་བར་འགྱུར། །ཕུང་པོ་སྐྱེ་རྒ་ཉེར་འགྲོ་སྟེ། །དེ་དག་སྐྱེ་བ་ཟད་མི་འགྱུར། །སྐྱེ་ཞིང་འཆི་བའི་ཕུང་པོ་རྣམས། །དེ་དག་སྡུག་བསྔལ་མཐའ་ཡས་སོ། །སྐྱེ་ཞིང་འཁོར་བ་སྡུག་བསྔལ་ཏེ། །བྱིས་པའི་བློ་ཡིས་བརྟགས་པས་ན། །དེ་དག་རྟོག་པ་མི་ཟད་དེ། །དེ་དག་བསྐལ་པ་བྱེ་བར་འཁོར། །མི་སྦྱོར་བ་དང་རབ་སྦྱོར་དང ། །ལས་ཀྱི་སྦྱོར་ལ་གང་གནས་དང ། །ལས་རྣམས་ལེན་པ་གང་དགའ་བ། །དེ་དག་ལས་ལས་མི་ཐར་རོ། །ལས་ཀྱི་ཆུ་བོས་ཁྱེར་བ་དེ། །ལས་ནི་རྟག་ཏུ་ཟད་མི་འགྱུར། །བདུད་ཀྱི་ཕྱོགས་ལ་གང་གནས་པ། །ཡང་དང་ཡང་ནི་འཆི་བར་འགྱུར། །བདུད་ཀྱིས་ཟིལ་ནོན་ཤེས་རབ་འཆལ། །ཉོན་མོངས་པ་ཡི་ལས་རྣམས་ཀྱིས། །སྐྱེ་བ་དེ་དང་དེ་དག་ཏུ། །སྐྱེ་ཞིང་འཆི་བ་མྱོང་བར་འགྱུར། །སོ་སོའི་སྐྱེ་བོ་ལོང་བ་ཡི། །བྱིས་
168b
པ་དེ་དག་འཆི་བར་འགྱུར། །དེ་དག་བཏག་ཅིང་རྣམ་པར་གཞོམ། །དེ་དག་འགྲོ་བ་མི་བཟད་འགྱུར། །བྱིས་པའི་བློ་ཅན་མཚོན་ཆ་ཡིས། །གཅིག་ལ་གཅིག་ནི་གསོད་པ་བྱེད། །དེ་ལྟ་བུར་ནི་སྦྱོར་བ་དག་།དེ་དག་སྦྱོར་བ་རབ་ཏུ་འཕེལ། །ངའི་བུ་ང་ཡི་ནོར་སྙམ་དུ། །བྱིས་པའི་བློ་ཡིས་རབ་བཏགས་ཏེ། །མེད་པའི་ཆོས་རྣམས་བཏགས་པས་ན། །འཁོར་བ་དག་ནི་ཕྱིར་ཞིང་འཕེལ། ། འཁོར་བ་དག་ནི་འཕེལ་བྱེད་ཅིང ། །སོ་སོའི་སྐྱེ་བོ་དེ་དག་འཁོར། །སོ་སོ་ཐ་དད་འགྲོ་བས་ན། །སོ་སོའི་སྐྱེ་བོར་བརྗོད་པ་ཡིན། །སངས་རྒྱས་བསྟན་པ་བོར་ནས་ནི། །ཆོས་རྣམས་མང་པོ་རབ་ཏུ་འཆད་བདུད་ཀྱི་དབང་དུ་སོང་བས་ན། །དེ་དག་ཐར་པ་རྙེད་མི་འགྱུར། །འདོད་པའི་ཕྱིར་ནི་བྱིས་པ་རྣམས། །བུད་མེད་རུལ་ལ་སྟེན་བྱེད་དེ། །འགྲོ་བ་རུལ་བར་འགྲོ་འགྱུར་ཞིང ། །དེས་ནི་ངན་འགྲོར་ལྟུང་བར་འགྱུར། །འཇིགས་པ་ཆེན་པོའི་ཞགས་པ་ནི། །བུད་མེད་ཞགས་པ་མི་བཟད་པས། །སངས་རྒྱས་རྣམས་ཀྱིས་འདོད་པ་དང ། །བུད་མེད་བསྟེན་པའང་མ་བསྔགས་སོ། །ལམ་འདི་བྱང་ཆུབ་མི་འགྱུར་བས། །བུད་མེད་རྣམས་ལ་མ་རྟོན་པར། །སྦྲུལ་གདུག་ཤིན་ཏུ་ཁྲོ་བོ་ལྟར། །མཁས་པས་དེ་ནི་རྣམ་པར་སྤོང ། །སངས་རྒྱས་ཀུན་གྱིས་བསྟན་པ་ནི། །བྱང་ཆུབ་ལམ་ལ་སྒོམ་པར་བྱེད། །ལམ་དེ་གོམས་པར་བསྒོམས་བྱས་ན། །བླ་མེད་སངས་རྒྱས་འགྲུབ་པར་འགྱུར། །དེ་དག་བླ་ན་མེད་འགྱུར་ཏེ། །འཇིག་རྟེན་གྱི་ནི་མཆོད་རྟེན་འགྱུར། །བླ་ན་མེད་པའི་ཡེ་ཤེས་
169a
༄#། །ཀྱིས། །སངས་རྒྱས་བླ་ན་མེད་པར་འགྱུར། །གསོ་སྦྱོང་དག་ལ་བསྙེན་བྱེད་ཅིང ། །ཚུལ་ཁྲིམས་ཕུང་པོར་ཡང་དག་འཛུད། །སེམས་ཅན་བྱེ་བ་བསམ་མི་ཁྱབ། \?\ ། བྱང་ཆུབ་ཏུ་ཡང་ཡང་དག་འཛུད། །དེ་དག་སེམས་ཅན་རྣམས་ཀྱི་ནི། །བསམ་ཡས་དཔག་མེད་དོན་བྱེད་དེ། །དཔའ་བོ་ཤེས་རབ་ཆེན་པོ་དེ། །བདུད་རྩི་ཡི་ནི་རྔ་ཡང་རྡུང ། །བདུད་ཀྱི་གནས་རྣམས་གཡོ་བྱེད་ཅིང ། །བདུད་ཀྱི་རིས་ཀྱང་གཡོ་བར་བྱས། །བདུད་རྣམས་བྱེ་བ་བསམ་མི་ཁྱབ། །བྱང་ཆུབ་ལ་ནི་ཡང་དག་འཛུད། །ཕ་རོལ་རྒོལ་བ་ཚར་གཅོད་ཅིང ། །མུ་སྟེགས་ཅན་ནི་ཕམ་པར་བྱེད། །རི་དང་རྒྱ་མཚོར་བཅས་པ་ཡི། །ས་ཡང་རབ་ཏུ་གཡོ་བར་བྱེད། །ཁྱུ་མཆོག་གྱུར་པ་དུ་མ་ཡིས། །ལུས་ཀྱི་རྣམ་པར་སྤྲུལ་བྱེད་ཅིང ། །ཤེས་རབ་ཆེན་པོ་དེ་དག་ནི། ། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་སྟོན། །ཞིང་རྣམས་བྱེ་བ་གཡོ་བྱེད་དེ། །གངྒཱ་ཡི་ནི་བྱེ་མ་སྙེད། །དེ་དག་བདུད་རྣམས་ཕམ་བྱས་ནས། །སངས་རྒྱས་གྲགས་པ་ཆེན་པོར་འགྱུར། །དེ་དག་ཞིང་རྣམས་སྤྲུལ་བྱེད་དེ། །རིན་པོ་ཆེ་ཡིས་རྣམ་པར་བརྒྱན། །མེ་ཏོག་འབྲས་བུ་ཕུན་སུམ་ཚོགས། །དྲི་དང་ལྡན་ཞིང་ཡིད་དུ་འོང ། །ཁང་བ་དང་ནི་གཞལ་མེད་ཁང ། །ཁང་པ་བརྩེགས་པ་པུ་ཤུར་བཅས། །དཔའ་བོ་དེ་དག་སྤྲུལ་པ་བྱེད། །རྫིང་བུ་ཡིད་དུ་འོང་བ་དག་།ཡན་ལག་བརྒྱད་ལྡན་ཆུ་ཡིས་གང ། །དང་ཞིང་བསིལ་ལ་རྙོག་པ་མེད། །དེ་ལས་ཆུ་ནི་སུས་འཐུངས་པ། །སྲིད་
169b
པ་གསུམ་ཡང་སྤོང་བར་འགྱུར། །བླ་ན་མེད་པའི་ཆུ་འཐུངས་ནས། །དེ་དག་ཕྱིར་ཡང་མི་ལྡོག་འགྱུར། །བླ་ན་མེད་པའི་ཡེ་ཤེས་ཀྱིས། །སངས་རྒྱས་བླ་ན་མེད་པར་འགྱུར། །བླ་མེད་ཞི་བའི་འཇུག་པར་ནི། །འགྲོ་བར་ཤིན་ཏུ་རིག་པར་གྱིས། །འཇུག་པ་འདི་ནི་མི་ཤེས་པས། །དམིགས་པ་ཅན་དག་ཤིན་ཏུ་བརླག་།སུ་དག་དེ་ལ་རྟེན་གྱུར་ཅིང ། །དེ་དག་སྐལ་མཉམ་སེམས་ཅན་དེ། །མནར་མེད་པར་ནི་དེ་འགྲོ་སྟེ། །མི་བཟད་པ་ནི་ཆེན་པོར་ལྟུང ། །དེ་ཡི་སྡུག་བསྔལ་དྲག་པོ་ནི། །བརྗོད་པར་ནུས་པ་མ་ཡིན་ཏེ། །བྱང་ཆུབ་སེམས་དཔའ་སྐྱོབ་པ་དང ། །ངས་ནི་དེ་དག་རབ་ཏུ་ཤེས། །འདི་འདྲ་ཟབ་མོ་མཐོང་དཀའ་ཡི། །ཆོས་ལ་སུ་དག་ནེམ་ནུར་བྱེད། །སུ་དག་དམིགས་ལ་གནས་པ་ཡི། །བྱིས་པ་དག་གིས་མ་ཡིན། །བླ་མེད་སངས་རྒྱས་ཞིང་དུ་ནི། །གང་གིས་དེ་དག་འགྲོ་འགྱུར་བ། །གཟུགས་སྟོན་པ་ནི་དུ་མ་ཡི། །བཀོད་པ་དག་ནི་སྤྲུལ་པར་བྱེད། །སངས་རྒྱས་ཞིང་ནི་ཇི་སྙེད་ཀྱི། །གཟུགས་འགྲུབ་ཕུན་སུམ་ཚོགས་ཡོད་པ། ། དེ་དག་ཐམས་ཅད་འདིར་ཡང་ནི། །བྱང་ཆུབ་སེམས་དཔའ་འཕྲུལ་ཆེ་སྟོན། །ཆོས་ཆེན་གྱི་ནི་གོ་བགེས་ཏེ། །དཔའ་ཆེན་སྟོབས་ཀྱང་ཆེ་བ་དག་།སྟོང་པའི་དོན་ཆེན་རྡོ་རྗེ་ཡིས། །གདབ་པ་དག་ཀྱང་དེ་དག་འདེབས། །འོད་ཟེར་བྱེ་བ་ཕྲག་སྟོང་དག་།གངྒཱ་ཡི་ནི་བྱེ་མ་སྙེད། །དེ་ཡི་ལུས་ལས་འབྱུང་བར་འགྱུར། །དེས་ནི་འཇིག་རྟེན་རབ་ཏུ་སྣང ། །དེ་དག་བུད་མེད་མི་ཆགས་
170a
༄#། །ཏེ། །དེ་དག་ཡིད་བྱུང་མི་བྱེད་ལ། །བུད་མེད་འདུ་ཤེས་རང་བཞིན་གྱིས། །འདུ་ཤེས་དེ་དག་རྣམ་པར་བཤིག་།དཔའ་བོ་དེ་དག་གར་གནས་པ། །སངས་རྒྱས་ཞིང་དེ་མི་སྟོང་སྟེ། །དེ་དག་ལ་ནི་སྡིག་ཅན་བདུད། །བར་ཆད་བྱེད་པར་ག་ལ་འགྱུར། །ལྟ་བ་དག་ལ་དེ་གནས་པས། །སངས་རྒྱས་མང་པོ་མཉེས་མ་བྱས། །གནོད་སེམས་ཀྱིས་ནི་ཉེར་བརྟན་ཅིང ། །འདོད་དང་ཆགས་ལ་རབ་ཏུ་གནས། །ལྟ་ལ་གནས་པ་དེ་དག་ཀུན། །བདུད་ཡིན་པར་ནི་རིག་པར་བྱ། །དེ་ལ་སྡིག་ཅན་བདུད་རྣམས་ཀྱང ། །བར་ཆད་བྱེད་པར་མི་འཇུག་གོ་།སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ། །ཡེ་ཤེས་དེ་ལྟར་སུས་ཤེས་པ། །འདུ་ཤེས་ཐམས་ཅད་རྣམ་བཤིག་ནས། །འདུ་ཤེས་དག་པ་མི་ལྡོག་གནས། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ། །ད་ལྟར་མཐའ་ཡང་མཐོང་བར་འགྱུར། །དེ་ལྟར་ཆོས་རྣམས་བསྟན་མོད་ཀྱི། །དེ་ལ་ཅུང་ཟད་བསྟན་པ་མེད། །ཡེ་ཤེས་ཀྱིས་ཀྱང་ཤེས་པ་མེད། །མི་ཤེས་པས་ཀྱང་ཞུམ་མི་འགྱུར། །ཡེ་ཤེས་མི་ཤེས་རྣམ་བརྟགས་ནས། །སངས་རྒྱས་ཡེ་ཤེས་བརྗོད་པ་ཡིན། །རྣམ་རིག་ཚིག་དང་བརྡ་རྣམས་ནི། །བྱང་ཆུབ་སེམས་དཔས་རབ་ཏུ་ཤེས། །དེ་ནི་སེམས་ཅན་དོན་རྣམས་ཀྱང ། །དཔག་མེད་བསམ་ཡས་བྱེད་པར་འགྱུར། །འདུ་ཤེས་ཀུན་ཏུ་ཤེས་པའི་ཕྱིར། །འཛིན་པར་ཡང་ནི་དེ་བསྟན་ཏེ། །འདུ་ཤེས་དེ་ནི་མི་འཛིན་པ།
170b
དབེན་པའི་དོན་དུ་རབ་ཏུ་བསྟན། །དབེན་པ་གང་ཡིན་འདུ་ཤེས་ཏེ། །འདུ་ཤེས་གང་ཡིན་བསྟན་པ་དེ། །འདུ་ཤེས་རང་བཞིན་ཡེ་ཤེས་དེ། །དེ་ལྟར་འདུ་ཤེས་མེད་པར་འགྱུར། །འདུ་ཤེས་འདི་ནི་སྤང་སྙམ་དུ། །གང་གི་འདུ་ཤེས་འབྱུང་བ་ནི། །འདུ་ཤེས་སྤྲོས་ལ་སྤྱོད་པ་སྟེ། །འདུ་ཤེས་ལས་ནི་དེ་མི་འཐར། །སུ་ཡི་འདུ་ཤེས་འདི་དག་བྱུང ། །སུ་ཡི་འདུ་ཤེས་འདི་བསྐྱེད་བྱས། །སུས་ནི་འདུ་ཤེས་རེག་པར་བྱས། །སུས་ནི་འདུ་ཤེས་བཀག་པར་གྱུར། །གང་གི་འདུ་ཤེས་འབྱུང་བ་ནི། །སངས་རྒྱས་ཀྱིས་ཀྱང་ཆོས་མ་བརྙེས། །འདིར་ནི་དོན་དེ་བསམ་པར་གྱིས། །དེ་ནས་འདུ་ཤེས་མེད་པར་འགྱུར། །ནམ་ཚེ་འདུ་ཤེས་སྐྱེས་པ་ན། །སུ་ཡི་འདུ་ཤེས་ཡིན་ཞེས་བརྗོད། །སེམས་ཀྱི་རྒྱུད་ཀྱི་རྣམ་ཐར་ཡང ། །དེ་ལ་ཇི་ལྟར་རུང་བར་འགྱུར། །གང་ཚེ་རྣམ་ཐར་རེག་པ་ན། །བསམ་པ་ཐམས་ཅད་བསམ་པ་མེད། །གང་ཚེ་བསམ་པ་བསམ་མེད་པ། །དེ་ཚེ་བསམ་དུ་མེད་པར་འགྱུར། །བསམ་པའི་ས་ལ་གནས་ནས་ནི། །མཐར་གྱིས་རྣམ་པར་བསམ་བྱས་ཏེ། །བསམ་པ་ཐམས་ཅད་རྣམ་སྤངས་ན། །དེ་ནས་བསམ་དུ་མེད་པར་འགྱུར། །འདི་ནི་དཀར་ཆོས་རྣམ་སྨིན་ཏེ། །འདུ་བྱེད་མེད་པས་མཐོང་བར་འགྱུར། །སེམས་ཅན་ཀུན་གྱིས་རྣམ་བསམ་པ། །སྐད་ཅིག་གཅིག་ལ་རབ་ཏུ་ཤེས། །སེམས་ཅན་ཅི་འདྲ་དེ་བཞིན་བསམ། །བསམ་བཞིན་རྒྱལ་བ་དེ་འདྲ་སྟེ། །སངས་རྒྱས་བསམ་དུ་མེད་པ་ཡིས། །བསམ་པ་འདི་ནི་རབ་ཏུ་བསྟན། །གཅིག་པུ་དབེན་སོང་
171a
༄#། །གང་སེམས་པ། །ནམ་ཞིག་སེམས་པ་མེད་པར་འགྱུར། །བསམ་པ་དག་ནི་མི་སེམས་ན། །བསམ་པ་ཐམས་ཅད་མེད་པར་འགྱུར། །ཤི་འཕོས་དུས་བྱས་ཤི་བའི་ཚེ། །གང་གི་བསམ་པ་རབ་འཇུག་པ། །བསམ་པའི་རྗེས་སུ་རྣམ་ཤེས་འབྲང ། །བསམ་ལས་དེ་ནི་མི་ཐར་ཏོ། །སུ་དག་བུད་མེད་འདུ་ཤེས་གནས། །དེ་དག་འདོད་ཆགས་རབ་ཏུ་འཕེལ། །འདུ་ཤེས་དག་ནི་རྣམ་བཤིག་ན། །འདོད་ཆགས་ཀྱིས་ནི་གོས་མི་འགྱུར། །བསམ་པ་འདི་ནི་བསམ་པ་ཆེ། །ཆོས་ཀྱི་བསམ་པ་བླ་ན་མེད། །ཆོས་ཀྱི་བསམ་པ་འདི་ཡིས་ནི། །ཡང་དག་བསམ་པ་རབ་ཏུ་འབྱུང ། །ཚུལ་མ་ཡིན་པ་རྣམ་བསམས་པས། །བསམ་པ་བསམ་ཡས་མང་པོ་དག་།ཡུན་རིང་དུས་སུ་རྣམ་བསམས་ཀྱང ། །བསམ་པ་དག་ནི་ཟད་མ་གྱུར། །གང་དག་མིང་ལ་སེམས་པ་ཡང ། །ཟད་པ་ལ་ནི་ཡེ་ཤེས་མེད། །སྒྲ་ཤེས་པ་ལ་ཟད་པ་མེད། །ཟད་པའི་ཆོས་ཉིད་དེ་ཡིན་ནོ། །སྒྲ་དང་རྣམ་རིག་ཚིག་གི་ལམ། །ཟད་པའི་སྒྲར་ནི་བསྟན་པ་སྟེ། །ཆོས་དེ་རྣམས་ནི་བྱེ་བྲག་མེད། །ཤེས་བཞིན་ཟད་པ་དེ་བཞིན་ཏེ། །མ་སྐྱེས་ཤིང་ནི་མ་འགགས་པ། །མཚན་མ་མེད་ཅིང་མཚན་ཉིད་མེད། །བསྐལ་པ་བྱེ་བར་བཤད་ཀྱང་ནི། །མཚན་མ་མེད་པར་བསྟན་པ་ཡིན། །དངོས་པོ་ཐམས་ཅད་རྣམ་བཤིག་ནས། །དངོས་པོ་མེད་ལ་རབ་གནས་པ། །དངོས་པོ་གཞན་དུ་མ་བསྟན་ཏེ། །དངོས་མེད་པ་
171b
ཡང་གཞན་མི་བསྟན། །དངོས་མེད་སྒྲས་ནི་རིག་བྱས་ཏེ། །དངོས་པོ་མེད་པ་རབ་ཏུ་བསྟན། །སངས་རྒྱས་དག་ནི་ཀུན་གྱིས་ཀྱང ། །དངོས་པོ་མེད་པ་བལྟར་མི་ནུས། །དངོས་པོ་ཀུན་གྱི་དངོས་པོ་ནི། །དངོས་པོ་མེད་པར་དེ་བསྟན་ཏེ། །དེ་ལྟར་དངོས་པོ་རྣམ་རིག་ན། །དངོས་པོ་མེད་པར་འགྱུར་ཞེས་བསྟན། །དངོས་པོ་མེད་པ་དེ་ཡང་ནི། །སུས་ཀྱང་ནམ་དུ་རེག་མི་ནུས། །དངོས་པོ་མེད་པ་རེག་པ་ཡིས། །ཀུན་རྫོབ་ཏུ་ནི་དེ་བསྟན་ཏོ། །འཇིག་རྟེན་སངས་རྒྱས་བདག་འགྱུར་སྙམ། །དེ་ལྟར་གང་གི་བློ་འགྱུར་བ། །སྲིད་པའི་སྲེད་པས་ཡོངས་མི་གཟིར། །མཁས་པ་བྱང་ཆུབ་རྟོགས་པར་འགྱུར། །བྱང་ཆུབ་སེམས་དཔའ་མཉམ་བཞག་པ། །ཆོས་ནི་གང་ལའང་སྨོན་མི་བྱེད། །ཅིའང་མེད་ཅིང་དམིགས་པ་མེད། །དེ་ནི་བྱང་ཆུབ་བརྗོད་པ་ཡིན། །བྱང་ཆུབ་ཏུ་ནི་ངེད་ཞུགས་ཞེས། །མང་དུ་དེ་སྐད་སྨྲ་མོད་ཀྱི། །འཇུག་པ་འདི་ནི་མི་ཤེས་པས། །དེ་དག་སངས་རྒྱས་བྱང་ཆུབ་རིང ། །འདུ་བྱེད་ཐམས་ཅད་སྟོང་པར་ནི། །སྒྲ་ཡིས་ཆོས་རྣམས་རབ་ཏུ་བཤད། །སྒྲ་ཡི་རང་བཞིན་གང་ཡིན་པ། །ཟབ་ཅིང་ཕྲ་སྟེ་མཐོང་བར་དཀའ། །མངོན་ཤེས་ཆེ་ལ་མདོ་སྡེ་འདི། །ངེས་པར་བསྟན་ཞེས་བྱ་བ་ཡིན། །བྱང་ཆུབ་སེམས་དཔའི་དོན་ཕྱིར་ནི། །སངས་རྒྱས་རྣམས་ཀྱིས་བསྟན་མཛད་དོ། །ཀུན་ནས་ཉོན་མོངས་ཇི་སྙེད་པ། །གཉེན་པོ་ཐམས་ཅད་དེ་ཡིས་བཅོམ། །མངོན་པར་ཤེས་ལ་རབ་གནས་ཤིང ། །དེ་དག་རྫུ་འཕྲུལ་ཤིན་ཏུ་བསྒོམས། །བསམས་
172a
༄#། །ནས་ཤེས་ལ་དེ་གནས་ཏེ། །ཤེས་པ་དེ་ཡང་རྣམ་པར་བཤིག་།བསམ་གྱིས་མི་ཁྱབ་དཔག་མེད་ཀྱི། །ཡེ་ཤེས་ཐོབ་པས་ངོམས་པ་མེད། །ཏིང་ངེ་འཛིན་དང་རྫུ་འཕྲུལ་ཕྱིར། །དེ་དག་མངོན་པར་འདུ་བྱེད་མེད། །དཔའ་པོའི་རྣམ་སྨིན་དེ་ཡིན་ཏེ། དུས་ཀུན་དུའང་མཉམ་པར་བཞག་།རྣམ་སྨིན་སྐྱེས་པའི་རྫུ་འཕྲུལ་གྱིས། །ཞིང་ནི་བྱེ་བར་དེ་འགྲོ་སྟེ། །འཇིག་རྟེན་སྒྲོན་མ་མཐོང་བ་ནི། །གངྒཱ་དག་གི་བྱེ་མ་སྙེད། །དེ་དག་འཆི་འཕོ་སྐྱེ་བ་ཡང ། །སེམས་གཞན་དུ་ནི་སྒྱུར་བར་བྱེད། །སེམས་ལ་དབང་ཡང་ཐོབ་པས་ན། །དེ་དག་ལུས་ནི་འོད་གསལ་ལོ། །སངས་རྒྱས་དག་གི་ཉན་ཐོས་གང ། །བསྒོམས་པའི་རྫུ་འཕྲུལ་གནས་པ་ནི། །འདུ་བྱེད་མེད་པའི་རྫུ་འཕྲུལ་ལ། །དེ་དག་བཅུ་དྲུག་ཆར་མི་ཕོད། །ལྷ་རྣམས་ཀྱིས་ཀྱང་དེ་དག་གི ། བསམ་པ་ཤེས་པར་མི་ནུས་ཏེ། །འཇིག་རྟེན་གྱི་ནི་མགོན་པོ་དང ། །དེ་དག་མཚུངས་གནས་མ་གཏོགས་སོ། །དེ་དག་སྤྱི་ཅེར་མི་འགྱུར་ཏེ། །མགོ་ལ་སྐྲ་དཀར་མི་འབྱུང་ཞིང ། །རགས་པའི་རྒ་བ་མི་འབྱུང་སྟེ། །དེ་བཞིན་སྡུག་བསྔལ་འཆི་བ་མེད། །ཐེ་ཚོམ་ཡིད་གཉིས་མི་འབྱུང་སྟེ། །དེ་དག་ལ་ནི་ནེམ་ནུར་མེད། །མདོ་སྡེ་བྱེ་བ་བརྒྱ་རྣམས་ན། །ཉིན་མཚན་དུ་ཡང་དེ་དག་འཚོལ། །ཇི་སྙེད་ཀུན་ནས་ཉོན་མོངས་ཀྱི། །བག་ལ་ཉལ་ནི་རབ་ཏུ་སྤངས། །དེ་དག་སེམས་ཅན་ཐམས་ཅད་ལ། །རྟག་ཏུ་མཉམ་པའི་སེམས་སུ་འགྱུར། །ཏིང་འཛིན་བྱེ་བ་ཁྲག་
172b
ཁྲིག་རྣམས། །ཕྱོགས་བཅུ་དག་ཏུ་ངེས་པར་སྟོན། །དྲིས་པ་བྱེ་སྟོང་རྣམས་ཀྱང ། །མི་གནས་པར་ནི་ལུང་སྟོན་ཏོ། །ཕོ་དང་མོར་ནི་འདུ་ཤེས་དང ། །འདུ་ཤེས་ཐམས་ཅད་རྣམ་པར་བཤིག་།དངོས་མེད་འདུ་ཤེས་གནས་ནས་ནི། །ཡང་དག་ངེས་པར་སྟོན་པར་བྱེད། །ཡོངས་སུ་དག་པའི་ཡེ་ཤེས་ཀྱིས། །ཇི་བཞིན་དུ་ནི་ཆོས་སྟོན་ཏོ། །ཆོས་རྣམས་ཡང་དག་བསྟན་ལ་བརྩོན། །ཏིང་འཛིན་ཡེ་ཤེས་སྤྱོད་ཡུལ་ལྡན། །དེ་ཡི་ཏིང་འཛིན་སྤྱོད་པ་ཡང ། །དངོས་པོ་དག་ལ་མི་གནས་ཏེ། །དེ་ཡི་ཚིག་ཀྱང་དོན་མེད་མིན། །ཆོས་བསྟན་པ་ཡང་འབྲས་བུ་ཡོད། །མདོ་སྡེ་འདི་ལ་སུ་དགའ་བ། །དེས་ནི་མིར་འགྱུར་ལེགས་པར་འཐོབ། །མི་ཁོམ་ཐམས་ཅད་རབ་ཏུ་སྤངས། །སངས་རྒྱས་ཀུན་ལ་བྱས་པ་གཟོ། །གང་གིས་རིན་ཆེན་མདོ་འདི་ལས། །ཚིག་བཞིའི་ཚིགས་བཅད་བཟུང་བ་ཡང ། །དེས་ནི་འཁོར་བ་གང་བོར་བ། །བསྐལ་པ་བསམ་གྱིས་མི་ཁྱབ་བོ། །མདོ་སྡེ་འདི་ལ་སུ་དགའ་བ། །དེ་དག་སངས་རྒྱས་ཀུན་གྱིས་གཟིགས་དེ་ནི་སངས་རྒྱས་རི་མོར་བྱས། །མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར། །མདོ་སྡེ་འདི་ལ་སུ་དགའ་བ། །དེ་དག་ཆོས་རྣམས་ཐམས་ཅད་ལ། །ཐེ་ཚོམ་དང་ནི་ནེམ་ནུར་མེད། །དེ་དག་མྱ་ངན་འདས་དང་ཉེ། །བྱ་རྒོད་ཕུང་པོར་དེ་བཞིན་གཤེགས། །དཔའ་བོ་ཆེན་པོ་དེ་ཡིས་མཐོང ། །ཐམས་ཅད་སངས་རྒྱས་ལུང་བསྟན་ཏེ། །རྒྱལ་བ་བྱམས་པ་མཐོང་བར་འགྱུར། །སངས་རྒྱས་བྱམས་
173a
༄#། །པ་མཐོང་ནས་ནི། །བཟོད་པ་བཟང་པོ་ཐོབ་པར་འགྱུར། །གང་སུ་ཟད་པའི་དུས་ལ་ཡང ། །མདོ་སྡེ་འདི་ལ་རབ་གནས་པ། །དེ་དག་ཡང་དག་མཐའ་ལ་གནས། ། ཡང་དག་མཐའ་ནི་བསམ་མི་ཁྱབ། །བསམ་གྱིས་མི་ཁྱབ་མཐའ་ལ་ནི། །དེ་དག་ནེམ་ནུར་ཡོད་མ་ཡིན། །རྡུལ་ཕྲན་ཙམ་ཡང་རྣམ་པ་ཀུན། །དེ་དག་ལ་ཡང་ཐེ་ཚོམ་མེད། །རྡུལ་ཙམ་རབ་ཏུ་སྤངས་པ་ནི། །དེ་དག་བྱང་ཆུབ་རྙེད་མི་དཀའ། །ཟད་དུས་ཤིན་ཏུ་འཇིགས་པ་ལ། །དཀའ་བ་དག་ནི་སྤྱད་བྱས་ཏེ། །མདོ་སྡེ་རིན་ཆེན་འདི་བསླབས་ན། །སྤོབས་པ་དག་ཀྱང་མི་ཟད་འགྱུར། །མདོ་སྡེ་འདི་ནི་རབ་བཏོན་ན། །སངས་རྒྱས་རྣམས་ཀྱི་མཛོད་བསྲུངས་ཏེ། །འདི་ནི་སངས་རྒྱས་ཀུན་མཆོད་པ། །ཆོས་ཀྱི་མཆོད་པ་བསམ་མི་ཁྱབ། །མ་རུངས་ཟད་པའི་དུས་ལ་ནི། །མདོ་སྡེ་འདི་དག་གང་འཛིན་པ། །དེ་དག་ཡེ་ཤེས་རྙེད་མི་དཀའ། །སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ། །གང་གིས་སྔོན་གྱི་སངས་རྒྱས་ལས། །མདོ་སྡེ་འདི་དག་བཟུང་བ་ནི། ། དེ་དག་ལུས་ལ་འཆང་གྱུར་ཏེ། །ཟད་པའི་དུས་ལ་རབ་ཏུ་འདོན། །སངས་རྒྱས་ཞིང་ནི་བྱེ་བར་ཡང ། །འཇིག་རྟེན་མགོན་པོའི་སྤྱན་སྔར་ཡང ། །ཤཱཀྱ་སེང་གེའི་སྤྱོད་པ་རྣམས། །དེ་དག་སྒྲ་ཡང་སྒྲོག་པར་འགྱུར། །དེ་དག་སངས་རྒྱས་སྤྱན་སྔར་ནི། །རྟག་ཏུ་སེང་གེའི་སྒྲ་སྒྲོག་སྟེ། །མཐའ་ཡས་པ་ཡི་སྤོབས་པ་ཡིས། །སངས་རྒྱས་བྱང་ཆུབ་འདི་ཡང་སྨྲ། །ཟད་དུས་འཇིགས་
173b
པ་ཆེན་པོའི་ཚེ། །བྱང་ཆུབ་འདི་ནི་གང་སྲུང་བ། །བུ་རམ་ཤིང་གི་རིགས་སྐྱེས་རྣམས། །སངས་རྒྱས་རྣམས་ཀྱིས་ལུང་བསྟན་ཡིན། །དེ་དག་གཟུགས་ནི་ཕུན་སུམ་ཚོགས། །མཚན་རྣམས་ཀྱིས་ཀྱང་རྣམ་པར་བརྒྱན། །སངས་རྒྱས་བྱེ་བར་ཕྱག་འཚལ་དུ། །རྣམ་པར་འཕྲུལ་བས་འགྲོ་བར་འགྱུར། །སྒྱུ་མ་ཡི་ནི་མེ་ཏོག་དག་།གསེར་གྱི་མདོག་འདྲར་སྣང་བ་དང ། །བཻ་ཌཱུརྱ་དང་ཤེལ་དག་དང ། །དངུལ་གྱི་ཡང་ནི་མེ་ཏོག་རྣམས། །རིན་ཆེན་རིགས་རྣམས་ཐམས་ཅད་ཀྱང ། །དེ་ཡི་ལག་ནས་འབྱུང་བར་འགྱུར། །བྱང་ཆུབ་ལམ་རྣམས་འཚོལ་བའི་ཕྱིར། །དེ་དག་སངས་རྒྱས་རྣམས་ལ་འཐོར། །མཆོད་པ་རྣམ་པ་སྣ་ཚོགས་དང ། །རོལ་མོ་སྒྲུབ་པ་ཕུན་སུམ་ཚོགས། །གངྒཱ་ཡི་ནི་བྱེ་མ་སྙེད། །བ་སྤུའི་ཁུང་ནས་འབྱུང་བར་འགྱུར། །སེམས་ཅན་བྱེ་བ་བསམ་མི་ཁྱབ། །གང་དག་སྒྲ་འདི་ཐོས་པ་ནི། །སངས་རྒྱས་ཡེ་ཤེས་བླ་མེད་ལས། །དེ་དག་ཕྱིར་ཡང་མི་ལྡོག་འགྱུར། །སངས་རྒྱས་བྱེ་བ་དེ་དག་གི་།བསྔགས་པ་བསམ་གྱིས་མི་ཁྱབ་བརྗོད། །བསམ་གྱིས་མི་ཁྱབ་ཞིང་རྣམས་སུ། །དེ་དག་སྒྲ་ཡང་ཐོས་པར་འགྱུར། །གང་གིས་སྒྲ་དེ་ཐོས་པ་ནི། །དེ་དག་འདུ་ཤེས་འགགས་པར་འགྱུར། །འདུ་ཤེས་དག་ནི་འགགས་ནས་སུ། ། སངས་རྒྱས་མཐའ་ཡས་མཐོང་བར་འགྱུར། །དེ་འདྲ་བ་ཡི་ཡེ་ཤེས་ཀྱིས། །བྱང་ཆུབ་སྤྱོད་པ་སྤྱད་ནས་ནི། །སེམས་ཅན་ཀུན་གྱི་དོན་བྱས་ནས། །དོན་བྱེད་པ་ཡི་རྒྱལ་བར་འགྱུར། །གང་གིས་
174a
༄#། །ཏིང་འཛིན་བཟུང་བ་ཡི། །མཁས་པས་འདིར་ནི་གང་འཐོབ་པ། །ཡོན་ཏན་ཕན་ཡོན་འདི་དག་སྟེ། །གཞན་ཡང་དཔག་ཏུ་མེད་པར་འགྱུར། །བུད་མེད་ཀྱིས་ཀྱང་མདོ་སྡེ་འདི། །ཐོས་ནས་ཚིགས་བཅད་གཅིག་བཟུང་ན། །བུད་མེད་དངོས་པོ་རྣམ་བསྒྱུར་ནས། །ཆོས་སྨྲ་བར་ཡང་དེ་འགྱུར་རོ། །དེ་ནི་ཕྱིས་ཀྱང་བུད་མེད་ཀྱི། །དངོས་པོ་འཛིན་པར་མི་འགྱུར་ཏེ། །མཚན་རྣམས་ཀྱིས་ནི་ལེགས་བརྒྱན་ཅིང ། །རྟག་ཏུ་བྱད་བཞིན་བཟང་པོར་འགྱུར། །མདོ་སྡེ་མཆོག་རབ་འདི་ཡི་ནི། །ཡོན་ཏན་དག་ཀྱང་མཆོག་བཤད་པ། །དེ་ལ་དེ་དག་ཐམས་ཅད་འབྱུང ། །བྱང་ཆུབ་ཉིད་ཀྱང་མྱུར་དུ་འཐོབ། །སངས་རྒྱས་ཀུན་གྱི་སྤྱོད་ཡུལ་ཏེ། །མདོ་སྡེ་འདི་ནི་བཟུང་ནས་སུ། །དེ་དག་སྐྱེ་བ་ཐམས་ཅད་དུ། །རྟག་ཏུ་འཇིགས་པ་མེད་པར་འགྱུར། །ཏིང་འཛིན་ཞི་བ་བཤད་པ་ནི། །བྱང་ཆུབ་སེམས་དཔའ་སྐྱེད་པ་སྟེ། །བྱང་ཆུབ་རྟོགས་པར་སུ་འདོད་པ། །མདོ་སྡེ་འདི་ནི་བརྗོད་པར་གྱིས། །དེ་དག་ཐུབ་དབང་བསྙེན་པ་སྟེ། །སངས་རྒྱས་བྱང་ཆུབ་ཉེ་བར་འགྱུར། །དེ་དག་རིང་པོར་མི་ཐོགས་པར། །མཉམ་གཞག་ཞི་བའི་ས་འདི་ཐོབ། །བྱང་ཆུབ་སེམས་དཔའ་དཔའ་བོ་དག་།བྱང་ཆུབ་དེ་ལ་རྟག་གནས་ནས། །སངས་རྒྱས་དག་ནི་བྱེ་བ་རྣམས། །གངྒཱའི་བྱེ་སྙེད་མཐོང་བར་འགྱུར། །ཏིང་འཛིན་རྡུལ་བྲལ་ཞི་བ་འདི་ནི་དེས་ཐོབ་ནས། །ས་བདག་འཁོར་ལོས་བསྒྱུར་བའི་རྒྱལ་པོར་དེ་འགྱུར་ཏེ། །
174b
སངས་རྒྱས་རྡུལ་བྲལ་ཤིན་ཏུ་སེམས་ཞི་རྣམས་མཐོང་ནས། །འཇིག་རྟེན་མགོན་པོ་དེ་དག་ཚིགས་བཅད་བརྒྱས་བསྟོད་འགྱུར། །ཤིན་ཏུ་གྲགས་པ་ཆེན་པོ་ལྷ་དང་མི་ཡི་མཆོག་།འདྲེན་པ་དག་ལ་མཆོད་པ་མཚུངས་མེད་དེས་བྱས་ཏེ། །དེས་ནི་རྒྱལ་སྲིད་མཆིལ་མ་བཞིན་དུ་ཡོངས་སྤངས་ནས། །གཙང་ཞིང་རྣམ་པར་དག་པས་ཚངས་པའི་སྤྱད་པ་སྤྱོད། །དེ་ནི་ཐུབ་པ་མཆོག་གི་བསྟན་ལ་རབ་བྱུང་ནས། །ཏིང་འཛིན་རྡུལ་བྲལ་ཞི་བ་འདི་ཡང་རབ་ཐོབ་སྟེ། །དེ་ཡང་ཚིག་དགེ་ངག་ཀྱང་ཤིན་ཏུ་འཇམ་གྱུར་ནས། །བློ་ལྡན་བྱིན་གྱི་བརླབས་ཀྱིས་མདོ་སྡེ་བྱེ་བ་འཆད། །སྟོང་པ་མཚན་མེད་མཆོག་ཏུ་གྱ་ནོམ་ཞི་བའི་མཆོག་།རབ་ཏུ་ཞི་ཆོས་སྤྱད་པ་ཞིབ་ཅིང་ཐོགས་པ་མེད། །ཤིན་ཏུ་ཞི་བརྟག་ཏུ་རྡུལ་བྲལ་རང་བཞིན་སྟོང ། །ཏིང་འཛིན་འདི་ཐོབ་སྐྱེ་བོ་མང་ལ་རབ་ཏུ་སྟོན།། བློ་ནི་རྟག་ཏུ་ཟབ་ཅིང་བློ་ཡང་མཐའ་ཡས་ཏེ། །བློ་ཡང་རྒྱ་ཆེ་དཔག་ཏུ་མེད་པའི་དོན་ལྡན་བློ། །ཟབ་ཅིང་ཞི་བའི་ཏིང་ངེ་འཛིན་འདི་ཐོབ་ནས་ནི། །འཇིག་རྟེན་ཐམས་ཅད་དུ་ཡང་སྣང་བ་ཐོབ་པར་འགྱུར། །རྡུལ་དང་བྲལ་བའི་ཏིང་འཛིན་ཞི་བ་འདི་རྙེད་ན། །དེ་ནི་ཚངས་པར་སྤྱོད་པ་རྟག་ཏུ་གཙང་བར་འགྱུར། །དྲི་ང་མེད་ཅིང་རྟག་ཏུ་ཀུན་ནས་ཉོན་མོངས་མེད། །སེམས་ཅན་བྱེ་བ་གཞན་ཡང་དེ་ལ་འགོད་པར་འགྱུར། །རྡུལ་དང་བྲལ་བའི་ཏིང་འཛིན་ཞི་བ་འདི་བཟུང་ན། །ཤེས་རབ་ཤིན་ཏུ་རྣོ་ཞིང་ཤེས་རབ་མཆོག་ཏུ་འགྱུར། །དེ་ཐོས་རྒྱ་མཚོར་འགྱུར་ཞིང་རྟག་ཏུ་བློ་མཐའ་
175a
༄#། །ཡས། །ངག་དགེ་བློ་གྲོས་མཁས་ཤིང་ཆོ་ག་ཤེས་པར་འགྱུར། །རྡུལ་དང་བྲལ་བའི་ཏིང་འཛིན་ཞི་བ་འདི་བཟུང་ན། །ལས་ཀྱི་གནས་དང་དེ་བཞིན་བཟོ་ཡི་གནས་རྣམས་དང ། །སྨན་གྱི་གནས་རྣམས་དང་ནི་དེ་བཞིན་རྩི་ཡི་གནས། །བརྟན་པ་དེ་ནི་ཐམས་ཅད་ཀྱི་ཡང་ཕ་རོལ་ཕྱིན། །རྡུལ་དང་བྲལ་བའི་ཏིང་འཛིན་ཞི་བ་འདི་བཟུང་ན། །སྙན་དངགས་བསྟན་བཅོས་བཞད་གད་རོལ་མོ་དང ། །གླུ་དང་གར་ལ་ཤིན་ཏུ་མཁས་ཤིང་ཕ་རོལ་ཕྱིན། །འཇིག་རྟེན་ན་ཡང་རྟག་ཏུ་སློབ་དཔོན་འགྱུར་བ་ཡིན། །རྡུལ་དང་བྲལ་བའི་ཏིང་འཛིན་ཞི་བ་འདི་བཟུང་ན། །བྱང་ཆུབ་སྤྱོད་པ་ཞི་བ་དམ་པ་མཆོག་སྤྱོད་ཅིང ། །དེ་ནི་རྟག་པར་གཡོག་དང་རབ་ཏུ་ལྡན་པར་འགྱུར། །ཕྱོགས་ཀྱང་རྟག་ཏུ་མི་ཕྱེད་མཐུན་ཞིང་འཚམ་བར་འགྱུར། །རྡུལ་དང་བྲལ་བའི་ཏིང་འཛིན་ཞི་བ་འདི་བཟུང་ན། །མཁས་པ་དེ་ལ་མྱ་ངན་དག་གི་ཟུག་རྔུ་དང ། །མཁས་པའི་སེམས་ལ་ནམ་ཡང་གནོད་པ་མི་འབྱུང་སྟེ། །ཐམས་ཅད་དུས་སུ་རྟག་པར་ནད་ཀྱང་མེད་པར་འགྱུར། །རྡུལ་དང་བྲལ་བའི་ཏིང་འཛིན་ཞི་བ་འདི་བཟུང་ན། །ལུས་ཀྱི་ནད་དང་དེ་བཞིན་སེམས་ཀྱི་ནད་རྣམས་དང ། །སོ་ཡི་ནད་དང་དེ་བཞིན་མགོ་ཡི་ནད་རྣམས་ཀྱང ། །འཚོ་བའི་འཇིག་རྟེན་དག་ན་དེ་ལ་ནད་མི་འབྱུང ། །རྡུལ་དང་བྲལ་བའི་ཏིང་འཛིན་ཞི་བ་འདི་བཟུང་ན། །མི་ཡི་འཇིག་རྟེན་ནད་རྣམས་མང་པོ་ཅི་ཡོད་པ། །ལུས་ཀྱི་
175b
ནད་དང་དེ་བཞིན་སེམས་ཀྱི་ནད་རྣམས་དང ། །དེ་ལ་ནད་ཀྱང་དེ་དག་རྟག་ཏུ་ཡོང་མི་འབྱུང ། །རྡུལ་དང་བྲལ་བའི་ཏིང་འཛིན་ཞི་བ་འདི་བཟུང་ན། །སེམས་ལ་ཀུན་ནས་ཉོན་མོངས་པ་ནི་གང་ཡོད་དང ། །ལུས་ལ་ཡང་ནི་ནད་ཀྱི་རྣམ་པ་གང་ཡོད་པ། །ཀུན་ནས་ཉོན་མོངས་མང་པོ་དེ་དག་དེ་ལ་མེད། །རྡུལ་དང་བྲལ་བའི་ཏིང་འཛིན་ཞི་བ་འདི་བཟུང་ན། །བར་སྣང་ནམ་མཁའ་དག་ལ་གོས་པ་མེད་པ་ལྟར། །རྣམ་པར་དག་ཅིང་རྒྱ་ཆེ་རབ་ཏུ་འོད་གསལ་ཏེ། །དེ་བཞིན་དེ་ཡི་སེམས་ཀྱང་རྣམ་པར་དག་པར་འགྱུར། །རྡུལ་དང་བྲལ་བའི་ཏིང་འཛིན་ཞི་བ་འདི་བཟུང་ན། །ཟླ་བའི་འོད་དང་དེ་བཞིན་ཉི་མའི་འོད་རྣམས་ནི། །དག་ཅིང་གཟུང་དུ་མེད་ལ་རབ་ཏུ་འོད་གསལ་བ། །དེ་བཞིན་དེ་ཡི་སེམས་ཀྱང་ཤིན་ཏུ་འོད་གསལ་འགྱུར། །ཇི་ལྟར་ཚོན་རྩི་ཐོགས་ནས་བར་སྣང་ནམ་མཁའ་ལ། །རྣམ་པ་མང་པོ་དུ་མའི་གཟུགས་རྣམས་བྲི་བར་དཀའ། །དེ་བཞིན་རྡུལ་བྲལ་ཞི་བའི་ཏིང་འཛིན་འདི་བསྒོམས་ན། །དེ་ཡི་སེམས་ལ་རི་མོར་བྲི་བ་སླ་མ་ཡིན། །རླུང་ནི་ཇི་ལྟར་ཕྱོགས་བཞི་དག་ནས་ལངས་པ་དང ། །ཐོགས་པ་མེད་པར་ཕྱོགས་རྣམས་ཀུན་ཏུ་འགྲོ་བར་འགྱུར། །དེ་ཡི་སེམས་ཀྱི་རྒྱུད་ཀྱང་རླུང་དང་འདྲར་འགྱུར་ཏེ། །དེ་ནི་འཇིག་རྟེན་དག་ན་ཐོགས་མེད་མ་ཆགས་འགྲོ་།རླུང་ལངས་པ་ནི་རྒྱ་མོས་གཟུང་དུ་རུང་ཡང་སྲིད། །རླུང་ནི་ཞགས་པ་དག་གིས་བཅིང་བར་ནུས་གྱུར་ཀྱང ། །རྡུལ་དང་བྲལ་བ་ཞི་བའི་ཏིང་འཛིན་འདི་བསྒོམས་ན། །དེ་ཡི་སེམས་
176a
༄#། །ནི་རབ་ཏུ་ཤེས་པར་སླ་མ་ཡིན། །གཟུགས་བརྙན་དག་ནི་ཆུ་ཡི་ནང་དུ་གཟུང་བར་རུང ། །འབྲུ་མར་གང་བའི་སྣོད་དང་ཆུ་ཡི་ནང་དུ་འབྱུང ། །དེ་བཞིན་རྡུལ་བྲལ་ཞི་བའི་ཏིང་འཛིན་འདི་བསྒོམས་ན། །དེ་ཡི་སེམས་ནི་རབ་ཏུ་ཤེས་པར་སླ་མ་ཡིན། །སྤྲིན་ལས་འབྲུག་ཟེར་གློག་གི་འཁྲི་ཤིང་བྱུང་བ་དག་།མི་དག་གི་ནི་ལག་པས་གཟུང་བར་ནུས་གྱུར་ཀྱང ། །རྡུལ་དང་བྲལ་བ་ཞི་བའི་ཏིང་འཛིན་འདི་ཐོབ་ན། །དེ་ཡི་སེམས་ཀྱི་ཚད་ནི་ཤེས་པར་སླ་མ་ཡིན། །ཕྱོགས་བཅུའི་སངས་རྒྱས་ཞིང་ན་སེམས་ཅན་ཅི་ཡོད་པ། །སེམས་ཅན་དེ་དག་གི་ནི་སྒྲ་སྐད་གཟུང་ནུས་ཀྱང ། །བྱང་ཆུབ་སེམས་དཔའ་ནམ་ཞིག་ཏིང་འཛིན་འདི་ཐོབ་ན། །དེ་ཡི་སེམས་ཀྱི་མཐའ་ནི་ཤེས་པར་སླ་མ་ཡིན། །དེས་ནི་རྡུལ་བྲལ་ཞི་བའི་ཏིང་འཛིན་འདི་ཐོབ་ནས། །ཀུན་ནས་ཉོན་མོངས་མེད་ཅིང་གོས་པ་མེད་པར་འགྱུར། །ནམ་ཞིག་དེས་ནི་ཏིང་འཛིན་ཞི་བ་ཐོབ་པའི་ཚེ། །ཕྱིར་ཡང་སྲིད་པ་གསུམ་ལ་ནམ་ཡང་ཆགས་མི་བྱེད། ། ནམ་ཞིག་རྡུལ་དང་བྲལ་བའི་ཏིང་འཛིན་འདི་ཐོབ་ན། །འདོད་པ་དག་ལ་མི་སྲེད་གཟུགས་ལ་མི་སྲེད་དེ། །བུད་མེད་དག་ལ་མི་སྲེད་སེམས་ཀྱང་འཁྲུལ་པ་མེད། །ཞི་ཞིང་རབ་ཏུ་ཞི་བ་གོས་པ་མེད་པར་འགྱུར། །ནམ་ཞིག་རྡུལ་དང་བྲལ་བའི་ཏིང་འཛིན་འདི་ཐོབ་ན། །བུ་ལ་མི་སྲེད་བུ་མོ་དག་ལའང་སྲེད་མི་འགྱུར། །ཆུང་མ་དག་ལའང་མི་སྲེད་གཡོག་ལའང་སྲེད་པ་མེད། །རབ་
176b
ཏུ་ཞི་བའི་སྤྱོད་ཅིང་གོས་པ་མེད་པར་འགྱུར། །གསེར་ལ་མི་སྲེད་ནོར་རྣམས་ལ་ཡང་སྲེད་མེད་དེ། །མཐོ་རིས་མི་སྲེད་རིན་ཆེན་རྫས་ལ་ཆགས་མི་འགྱུར། །སེམས་ཀྱང་ཤིན་ཏུ་རྣམ་པར་དག་ཅིང་མི་རྟོགས་པ། །འདི་ནི་ཏིང་ངེ་འཛིན་རྣམས་ཐོབ་པའི་བྱེ་བྲག་ཡིན། །རྒྱལ་སྲིད་འདོད་ཕྱིར་ཚངས་པར་སྤྱོད་པ་དེ་མི་སྤྱོད། །མཁས་པ་མཐོ་རིས་སྲེད་པས་རྟག་ཏུ་སྦྱིན་མི་བྱེད། །བྱང་ཆུབ་སེམས་དཔའ་བྱང་ཆུབ་འདོད་པས་སྦྱིན་བྱེད་དེ། །འདི་ནི་ཏིང་ངེ་འཛིན་དག་ཐོབ་པའི་བྱེ་བྲག་གོ་།རྒྱལ་པོའི་སྲིད་ཕྱིར་དཀའ་ཐུབ་བརྟུལ་ཞུགས་མི་སྤྱོད་དེ། །སྲིད་པ་གསུམ་དུ་དབང་ཕྱུག་འདོད་པའི་ཕྱིར་མ་ཡིན། །སྐྱེ་བོ་མང་ལ་ཕན་ཕྱིར་བྱང་ཆུབ་སྲེད་པ་ཡིས། །དེ་ནི་རྡུལ་དང་བྲལ་བའི་ཏིང་འཛིན་འདི་སྒྲུབ་བོ། །གླུ་ལ་མི་སྲེད་གང་ལའང་སྲེད་པ་མ་ཡིན་ཏེ། །སྤོས་ལ་མི་སྲེད་བཏུང་བ་དག་ལའང་སྲེད་མ་ཡིན། །ཟས་ལའང་མི་སྲེད་གོས་ལ་ཡང་ནི་སྲེད་མི་འགྱུར། །འདི་ནི་ཏིང་ངེ་འཛིན་དག་ཐོབ་པའི་བྱེ་བྲག་ཡིན། །མིག་ལ་མི་སྲེད་རྣ་བ་ལ་ཡང་སྲེད་མ་ཡིན། །སྣ་ལ་མི་སྲེད་ལྕེ་ལ་སྲེད་པ་མ་ཡིན་ཞིང ། །ལུས་ལ་མི་སྲེད་སེམས་ལ་ཡང་ནི་སྲེད་མི་འགྱུར། །འདི་ནི་ཏིང་ངེ་འཛིན་དག་ཐོབ་པའི་བྱེ་བྲག་ཡིན། །ཁྱིམ་ལ་མི་སྲེད་དགོན་པར་སྲེད་པ་མ་ཡིན་ཏེ། ། གཙུག་ལག་ཁང་ལ་མི་སྲེད་གྲོང་ལའང་སྲེད་མི་འགྱུར། །ཡུལ་འཁོར་མི་སྲེད་གྲོང་ཁྱེར་ལའང་མི་སྲེད་དེ། །འདི་ནི་ཏིང་ངེ་འཛིན་དག་ཐོབ་པའི་བྱེ་བྲག་ཡིན། །སྦྱིན་ལ་མི་སྲེད་ཚུལ་ཁྲིམས་
177a
༄#། །དག་ལ་སྲེད་མི་འགྱུར། །བཟོད་ལ་མི་སྲེད་བརྩོན་འགྲུས་ལའང་སྲེད་མ་ཡིན། །བསམ་གཏན་མི་སྲེད་ཤེས་རབ་ལའང་མི་སྲེད་དེ། །འདི་ནི་ཏིང་ངེ་འཛིན་དག་ཐོབ་པའི་བྱེ་བྲག་ཡིན། །སེམས་ཅན་ལའང་མི་སྲེད་སྲོག་ལ་མི་སྲེད་ཅིང ། །སངས་རྒྱས་དག་ལ་མི་སྲེད་ཆོས་ལ་སྲེད་མི་བྱེད། །དགེ་འདུན་མི་སྲེད་བྱང་ཆུབ་ལའང་སྲེད་མི་འགྱུར།། འདི་ནི་ཏིང་ངེ་འཛིན་དག་ཐོབ་པའི་བྱེ་བྲག་ཡིན། །ཡོད་ལ་མི་སྲེད་མེད་པ་ལའང་སྲེད་མ་ཡིན། །དབུས་ལ་མི་སྲེད་མཐའ་ལའང་སྲེད་པར་མི་འགྱུར་ཞིང ། །ཀུན་ལ་མི་སྲེད་སྲེད་པ་མེད་པའང་མ་ཡིན་ཏེ། །འདི་ནི་ཏིང་ངེ་འཛིན་དག་ཐོབ་པའི་བྱེ་བྲག་ཡིན། །རྡུལ་དང་བྲལ་བའི་ཏིང་འཛིན་ཞི་བ་འདི་ཐོབ་ན། །དེ་ལ་འདོད་ཆགས་ནམ་ཡང་གནོད་པ་མི་སྐྱེད་དེ། །སུ་དག་བུད་མེད་སྲེད་པ་དེ་ནི་སེམས་འཁྲུལ་འགྱུར། །འདི་ལྟར་དེས་ནི་འདོད་ཆགས་རང་བཞིན་ཡོངས་སུ་ཤེས། །རྡུལ་དང་བྲལ་བ་ཞི་བའི་ཏིང་འཛིན་འདི་ཐོབ་ན། །དེ་ལ་ནམ་ཡང་ཞེ་སྡང་གནོད་པ་མི་སྐྱེད་དེ། །མཁས་པས་འདི་ལྟར་གནོད་སེམས་རབ་ཏུ་བཤིག་པའི་ཕྱིར། །བྱམས་པར་བྱེད་ཅིང་ཞེ་སྡང་ཐམས་ཅད་ཤིན་ཏུ་བཅོམ། །དེ་ལ་ནམ་ཡང་གཏི་མུག་གནོད་པ་མི་སྐྱེད་དེ། ། ཤེས་རབ་ཀྱིས་ནི་གཏི་མུག་མ་རིག་ངེས་པར་བསལ། །ཡེ་ཤེས་རབ་རིབ་མེད་པ་དཔག་ཏུ་མེད་པ་ཐོབ། །ཏིང་འཛིན་ཐོབ་པའི་ཡོན་ཏན་འདི་དག་དཔག་ཏུ་མེད། །མི་གཙང་བས་ནི་འདོད་
177b
ཆགས་རྟག་ཏུ་ཚར་བཅད་དེ། །བྱམས་པ་ཡིས་ཀྱང་ཞེ་སྡང་ཁོར་མོར་མ་ལུས་བཅོམ། །ཤེས་རབ་ཀྱིས་ནི་གཏི་མུག་ཉོན་མོངས་དྲ་བ་བསལ། །ཏིང་འཛིན་ཐོབ་པ་འཇིག་རྟེན་ཀུན་ན་རབ་ཏུ་མཛེས། །དེ་ལ་ནམ་ཡང་གཉིད་ནི་གནོད་པ་མི་བསྐྱེད་དེ། །དེས་ནི་ཉེ་བའི་ཉོན་མོངས་རྣམ་མང་རྣམ་པར་བཤིག་།དེ་ནི་གོས་པ་མེད་ཅིང་ཤིན་ཏུ་བྲལ་བར་འགྱུར། །ཏིང་འཛིན་ཐོབ་པའི་ཡོན་ཏན་འདི་དག་དཔག་ཏུ་མེད། །བྱང་ཆུབ་སེམས་དཔའ་གང་དག་ཏིང་འཛིན་འདི་འཛིན་པ། །དེ་ལ་ནམ་ཡང་ཆགས་པ་གནོད་པར་མི་འགྱུར་ཏེ། །འདི་ལྟར་དེ་ནི་དུས་ཀུན་ཏུ་ཡང་གཏོང་ལ་དགའ། །བདོག་པ་ཐམས་ཅད་གཏོང་ཞིང་བདེ་བ་སྦྱིན་པར་འགྱུར། །བྱང་ཆུབ་སེམས་དཔའ་གང་དག་ཏིང་འཛིན་འདི་འཛིན་པ། །དེ་ནི་དཔེ་མེད་པ་ཡི་མཐུ་དང་ལྡན་པར་འགྱུར། །དེ་ནི་རྟག་པར་སྟོབས་དང་རྗེས་སུ་ལྡན་འགྱུར་ཏེ། །འཇིག་རྟེན་ན་ནི་དེ་དང་མཉམ་པ་སུ་ཡང་མེད། །ནམ་ཚེ་འཇིག་རྟེན་དུའང་འཁོར་ལོས་བསྒྱུར་བ་ཡི། །མི་ཡི་རྒྱལ་པོར་དེ་འགྱུར་ཛམྦུའི་གླིང་དུ་འོངས། །དེ་ཚེ་སྐྱེ་བོ་མང་པོས་ཤིན་ཏུ་མཆོད་པར་འགྱུར། །ཁྱད་པར་ཐོབ་པས་རབ་རིབ་མེད་ཅིང་ཤེས་རབ་མཆོག་།སུ་དག་གཙོ་བོར་གྱུར་ཅིང་རིགས་ཆེ་རིན་ཆེན་མཆོག་།ལོངས་སྤྱོད་ཆེ་ཞིང་གཡོག་བྲན་མང་ལ་དབང་ཡང་ཆེ། །གང་ལ་རྟ་དང་བལ་གླང་ཤིང་རྟ་བཞོན་མཆོག་ཡོད། །གསེར་དང་ནོར་བུ་རིན་ཆེན་འགྲོན་བུ་རབ་ཏུ་མང ། །སངས་རྒྱས་ཡེ་ཤེས་དམ་པ་འདི་ལ་
178a
༄#། །སུ་དད་པ། །དེ་དག་འཛམ་གླིང་རིན་ཆེན་རིགས་ཞེས་བྱ་བ་ཡིན། །དེ་ནི་རིན་ཆེན་རིགས་མཆོག་དེ་རུ་སྐྱེས་ནས་ཀྱང ། །གཉེན་བཤེས་ཤིན་ཏུ་མང་པོའི་ཚོགས་ཀྱི་དོན་ཀྱང་བྱེད། །ཛམྦུའི་གླིང་འདི་དག་ན་མ་དད་གང་ཡོད་པ། །དེ་དག་བག་ཡོད་པས་ནི་དད་པ་སྐྱེད་པར་བྱེད། །སེམས་ཅན་ཚོགས་རྣམས་བྱང་ཆུབ་སེམས་ལ་གང་བཀོད་པ། །དེ་དག་སངས་རྒྱས་རང་བྱུང་རྒྱལ་བ་མཆོག་ཏུ་འགྱུར། །དེ་དག་མཚུངས་པ་མེད་པའི་བྱང་ཆུབ་མཆོག་ཐོབ་ནས། །སངས་རྒྱས་ཞིང་དུ་མཚུངས་མེད་འཁོར་ལོ་རབ་ཏུ་བསྐོར། །དེ་ཚེ་ཆོས་ཀྱི་འཁོར་ལོ་འདི་ནི་སུས་ཤེས་པ། །དེ་དག་མ་ལུས་མི་སྐྱེའི་ཆོས་ལ་གནས་པར་འགྱུར། །བྱང་ཆུབ་སེམས་དཔའ་དེ་དག་ཤིན་ཏུ་མང་བྱེད་དེ། །དེ་དག་རྟག་ཏུ་སེམས་ཅན་རྣམས་ཀྱིས་མཆོད་པར་འགྱུར། །དེ་དག་དུས་ཀུན་ཏུ་ཡང་མཚུངས་མེད་དོན་བྱེད་དེ། །དེ་དག་སེམས་ཅན་མིག་ནི་རབ་རིབ་མེད་པར་བྱེད། །བྱང་ཆུབ་སེམས་དཔའ་གང་དག་རབ་དགའ་བྱམས་པའི་སེམས། །གོས་པ་མེད་པ་དེ་དག་དེ་ཚེ་སངས་རྒྱས་འགྱུར། །དེ་ཚེ་བྱང་ཆུབ་སེམས་དཔའ་དེ་དག་གར་གནས་པ། །སེམས་ཅན་དག་གི་དོན་ཀྱང་ཚད་མེད་བྱེད་པར་འགྱུར། ། ཚངས་སྤྱོད་མཚུངས་མེད་ཚུལ་ཁྲིམས་རྣམ་དག་རབ་ཏུ་བསྲུང ། །བསྐལ་པ་མཐའ་ཡས་མང་པོར་ཏིང་འཛིན་སྒོམ་པར་བྱེད། །རྟག་ཏུ་བསམ་གཏན་རྣམ་པར་ཐར་ལ་ཤིན་ཏུ་
178b
ངེས། །དེ་ཚེ་བྱང་ཆུབ་སེམས་དཔའ་དེ་དག་སངས་རྒྱས་སྲས། །དེ་དག་རྫུ་འཕྲུལ་རྐང་པ་རྟག་ཏུ་བསྙེན་བྱེད་ཅིང ། །ཞིང་རྣམས་མཐའ་ཡས་རྣམ་པ་མང་པོར་དེ་སོང་ནས། །བདེ་བར་གཤེགས་པས་རབ་ཏུ་བཤད་པའི་ཆོས་ཉན་ཏེ། །གཟུངས་ལ་རབ་ཏུ་གནས་པར་ཐམས་ཅད་འཛིན་པར་བྱེད། །བྱང་ཆུབ་སེམས་དཔའ་གང་དག་གཟུངས་ལ་གནས་པ་ནི། །མདོ་སྡེ་དཔག་ཏུ་མེད་པ་མཐའ་ཡས་རབ་ཏུ་སྟོན། །བྱང་ཆུབ་སེམས་དཔའ་གང་དག་གཟུངས་ལ་གནས་པ་ནི། །སེམས་ཅན་དག་གི་དོན་ཀྱང་དཔག་ཏུ་མེད་པ་བྱེད། །སེམས་ཅན་འཆི་འཕོ་སྐྱེ་བ་དང ། །འགྲོ་བ་དང་ནི་འོང་བ་ཤེས། །དེས་ནི་ཅི་འདྲའི་ལས་བྱས་པ། །རྣམ་པར་སྨིན་པ་དེ་འདྲར་འགྱུར། །ལས་རྣམས་འཕོ་བར་འགྱུར་བ་ཡང ། །རྡུལ་ཙམ་ཡང་ནི་མི་རྙེད་དེ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་ནི། །དེ་དག་གི་ཡང་དེ་ཤེས་སོ། །སྟོང་པ་བདག་ཉིད་ཆེན་པོ་ཡི། །གནས་པ་དག་གི་དམ་པ་ཡིན། །སེམས་ཅན་བྱེ་བ་བསམ་ཡས་ཀྱང ། །ཐེག་པ་ཆེ་ལ་རབ་ཏུ་འགོད། །དེ་ལ་སྟོན་པར་བྱེད་པ་ན། །སེམས་ཅན་འདུ་ཤེས་མི་འཇུག་སྟེ། །ཆོས་རྣམས་འཇུག་པ་མེད་པར་ནི། །བྱང་ཆུབ་སེམས་དཔའ་རབ་ཏུ་སྟོན། །ཆོས་རྣམས་རབ་ཏུ་སྟོན་པ་ན། །དམིགས་པ་དག་ནི་མི་འབྱུང་སྟེ། །ཡེ་ཤེས་བརྟན་ལ་རབ་གནས་ཤིང ། །སྟོང་པ་ཉིད་ལ་གནས་པར་འགྱུར། །སྟོན་པ་ཀུན་གྱི་གནས་པ་ཡི། །ཏིང་འཛིན་འདི་ནི་བསྟན་བྱས་ནས། །བུད་མེད་འདུ་ཤེས་
179a
༄#། །རང་བཞིན་གྱིས། །དེ་ལ་འདུ་ཤེས་མི་འབྱུང་ངོ ། །བུད་མེད་འདུ་ཤེས་རྣམ་བཤིག་ནས། །བྱང་ཆུབ་སྙིང་པོར་འདུག་པར་འགྱུར། །བྱང་ཆུབ་སྙིང་པོར་འདུག་ནས་ནི། །བདུད་ཀྱི་འདུ་ཤེས་རྣམ་པར་ལྡོག་།མཁས་པ་དེས་ནི་བདུད་རྣམས་དང ། །བདུད་ཀྱི་སྡེ་ཡང་མི་མཐོང་སྟེ། །བདུད་ཀྱི་བུ་མོ་གསུམ་པོ་ཡང ། །དེས་ནི་མཐོང་བར་མི་འགྱུར་རོ། ། བྱང་ཆུབ་སྙིང་པོར་འདུག་ནས་ནི། །འདུ་ཤེས་ཐམས་ཅད་རབ་ཏུ་སྤོངས། །འདུ་ཤེས་ཐམས་ཅད་རབ་སྤངས་ནས། །ས་འདི་ཐམས་ཅད་གཡོས་པར་གྱུར། །རི་རབ་རྒྱ་མཚོར་བཅས་པ་དག་།ཕྱོགས་བཅུ་ན་ཡང་ཅི་ཡོད་གཡོས། །ཕྱོགས་བཅུ་དག་ན་སེམས་ཅན་རྣམས། །ཀུན་གྱིས་དེ་ནི་མི་ཤེས་སོ། །ས་དག་རབ་ཏུ་གཡོས་པ་འདི། །བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཡིན། །བྱང་ཆུབ་དམ་པ་འཚང་རྒྱ་བ། །དེ་ཚེ་ས་ཡང་ལན་དྲུག་གཡོས། །འདུས་བྱས་ཆོས་ནི་ཇི་སྙེད་དང ། །ཆོས་གང་འདུས་མ་བྱས་པ་ཡང ། །ཆོས་དེ་ཐམས་ཅད་རབ་རྟོགས་ཏེ། ། ཆོས་ཀྱི་སྒྲར་ནི་བསྟན་པ་ཡིན། །འདི་ལ་རྟོགས་བྱེད་གང་ཡང་མེད། །སེང་གེའི་སྒྲ་ནི་འབྱུང་མོད་ཀྱི། །འབྱུང་བ་དག་ཀྱང་རྣམ་རིག་ནས། །འོད་བྱེད་སངས་རྒྱས་ཉིད་དུ་འགྱུར། །རྟེན་ཅིང་ཆོས་རྣམས་འབྱུང་བར་འགྱུར། །རྟེན་ཅིང་ཆོས་རྣམས་རབ་ཏུ་སྐྱེ། །ཆོས་རྣམས་ཀྱི་ནི་རྟེན་པ་ཡང ། །མཁས་པ་དེ་དག་ཐམས་ཅད་ཤེས། །ཆོས་ཀུན་གྱི་ནི་ཆོ་ག་ཤེས། །སྟོང་ཉིད་
179b
རྟོགས་པར་ཁོང་དུ་ཆུད། །དེ་དག་འགྲོ་བ་རབ་ཤེས་ཏེ། །ཆོས་ཀུན་རྟོགས་པར་ཁོང་དུ་ཆུད། །དེ་ཡི་འགྲོ་བ་བཙལ་ན་ཡང ། །བྱང་ཆུབ་སེམས་དཔས་མི་རྙེད་དེ། །འདི་ལྟར་སངས་རྒྱས་ཐམས་ཅད་ཀྱི། །འགྲོ་བ་བསམ་ཡས་དེ་ཡིས་རིག་།འགྲོ་བ་ཐམས་ཅད་ཤེས་པ་གང ། །དེ་ནི་འགྲོ་བ་དེར་འགྲོ་སྟེ། །དམ་ཆོས་མཚན་ཉིད་རིག་པས་ན། །ངན་སོང་ཐམས་ཅད་ཆད་པ་ཡིན། །དམ་ཆོས་མཚན་ཉིད་རིག་ནས་ནི། །ཞིང་རྣམས་ཐམས་ཅད་རྣམ་པར་ལྟ། །ཞིང་ཀུན་ལ་ཡང་རྣམ་བལྟས་ནས། །བྱང་ཆུབ་སྙིང་པོར་འདུག་པར་འགྱུར། །བྱང་ཆུབ་སྙིང་པོར་འདུག་ནས་སུ། ། སེང་གེ་ཡི་ནི་སྒྲ་སྒྲོག་སྟེ། །དེ་བཞིན་ཞིང་རྣམས་བྱེ་བ་སྙེད། །བསམ་ཡས་དཔག་མེད་གྲགས་པར་བྱེད། །ཞིང་དེ་རྣམས་ཀྱང་གཡོ་བྱེད་ཅིང ། །སངས་རྒྱས་དཔའ་བོ་གྲགས་ཆེན་དག་།སེམས་ཅན་ཇི་ལྟར་འདུལ་བ་བཞིན། །སེམས་ཅན་ཁ་ལོ་སྒྱུར་ཞིང་འདུལ། །བྱང་ཆུབ་དམ་པ་རེག་ནས་ནི། །བྱང་ཆུབ་སྙིང་པོ་དེ་ལས་ལངས། །དཔག་མེད་བསམ་གྱིས་མི་ཁྱབ་པ། །སེམས་ཅན་འདུལ་བའང་རྣམ་པར་འདུལ། །དེ་ནས་རྫོགས་པའི་སངས་རྒྱས་ནི། །སངས་རྒྱས་སྤྲུལ་པ་མཐའ་ཡས་སྤྲུལ། །ཞིང་རྣམས་བྱེ་བ་སྟོང་དུ་ཡང ། །སངས་རྒྱས་སྤྲུལ་པ་འགྲོ་བར་འགྱུར། །སེམས་ཅན་བྱེ་བ་བསམ་ཡས་རྣམས། །བྱང་ཆུབ་མཆོག་ལ་རབ་ཏུ་འགོད། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །ཆོས་ཀྱི་མཆོག་ཀྱང་སྟོན་པར་བྱེད། །ཡེ་ཤེས་ཆེན་པོ་དེ་འདྲ་སྟེ། །སངས་རྒྱས་ཡེ་
180a
༄#། །ཤེས་བསམ་མི་ཁྱབ། །དེ་ཕྱིར་འདུན་པ་རབ་བསྐྱེད་ཅིང ། །བྱང་ཆུབ་འདུན་པ་བླ་ན་མེད། །སངས་རྒྱས་དང་ནི་ཆོས་རྣམས་དང ། །འདུས་པའི་དམ་པ་དགེ་འདུན་ལ། །བྱང་ཆུབ་སེམས་དཔའ་དཔའ་བོ་རྣམས། །བྱང་ཆུབ་མཆོག་འཚོལ་གུས་པ་སྐྱེད། །ཞུམ་པ་མེད་པའི་སེམས་ཀྱིས་ཀྱང ། །གཡེལ་བ་མེད་པར་རི་མོ་གྱིས། །དེ་ནས་འོད་བྱེད་སངས་རྒྱས་སུ། །རིང་པོར་མི་ཐོགས་འགྲོ་བར་འགྱུར། །བྱང་ཆུབ་སེམས་དཔའ་གང་དག་ཀྱང ། །ཞིང་རྣམས་སྟོང་ནས་ལྷགས་པ་རྣམས། །འཇིག་རྟེན་སྒྲོན་མ་རང་མཐོང་སྟེ། །ཆོས་ཀྱིས་མཆོག་ཀྱང་འཆད་པར་མཛད། །དཔའ་བོ་ཆེན་པོ་འདྲེན་པ་ལ། །རིན་ཆེན་ཆེན་པོས་འཐོར་བར་བྱེད། །མནྡཱ་ར་བའི་མེ་ཏོག་དག་།བྱང་ཆུབ་ཕྱིར་ནི་འཐོར་བར་བྱེད། །བླ་ན་མེད་པའི་སངས་རྒྱས་ཞིང ། །ཞིང་འདི་རབ་ཏུ་རྒྱན་པར་བྱེད། །ཕྱོགས་དང་ཕྱོགས་ནི་ཀུན་ཏུ་ཡང ། །རིན་པོ་ཆེ་ཡི་དྲ་བས་གཡོགས། །བ་དན་དག་ཀྱང་གདགས་བྱས་ཤིང ། །རྒྱལ་མཚན་བྱེ་བ་མངོན་པར་སྒྲེང ། །དུ་མ་ཡི་ནི་རྒྱན་རྣམས་ཀྱིས། །ཞིང་འདི་ཤིན་ཏུ་ལེགས་པར་བརྒྱན། །ཁང་པ་བརྩེགས་པ་བྱེད་པར་འགྱུར། །རིན་ཆེན་ཀུན་གྱིས་རྣམ་པར་སྤྲས། །ཁང་པ་པུ་ཤུ་སྟེགས་བུ་དག་།ཡིད་དུ་འོང་བ་གྲངས་མེད་རྣམས། །གཞལ་མེད་ཁང་དང་ཟླ་གམ་དང ། །སྐར་ཁུང་དེ་བཞིན་བྱ་རྒྱ་བྲེས། །རིན་ཆེན་སྣ་ཚོགས་བརྒྱན་པ་ཡི། །བདུག་པའི་
180b
སྣོད་དུ་བདུག་པ་བདུགས། །བདུག་པ་དག་ནི་བདུགས་པ་ཡིས། །སངས་རྒྱས་ཞིང་འདི་རབ་ཏུ་གང ། །དེ་ཡི་དྲི་ནི་ཡིད་འོང་བ། །ཞིང་ཡང་བྱེ་བ་སྟོང་དུ་ལྡང ། དེ་དག་ཀུན་ཏུ་ཁྱབ་བྱས་ནས། །སྤོས་ཀྱི་ཆར་ཡང་རབ་ཏུ་འབེབས། །གང་གིས་དྲི་དེ་མནམས་པ་ཡང ། །དེ་དག་སངས་རྒྱས་འདྲེན་པར་འགྱུར། །དེ་དག་འདོད་ཆགས་ཟུག་རྔུ་སྤངས། །ཞེ་སྡང་སྲེད་པ་ཡོང་མེད་དེ། །རྒྱ་མོ་ཆེན་པོ་རྣམ་པར་དྲལ། །མུན་པ་ཀུན་ཀྱང་མེད་པར་འགྱུར། །དེར་ནི་རྫུ་འཕྲུལ་ཐོབ་གྱུར་ཏེ། །དབང་སྟོབས་བྱང་ཆུབ་ཡན་ལག་དང ། །བསམ་གཏན་ཐར་པ་རྣམ་པར་རེག་།དེ་དག་སྦྱིན་པར་འོས་པར་འགྱུར། །སྟན་ཡང་ཡིད་དུ་འོང་བ་རྣམས། །བྱེ་བ་ཕྲག་ལྔ་རབ་བཤམས་ཏེ། །རིན་ཆེན་དྲ་བས་བརྒྱན་པ་ཡི། །གོས་རྣམས་བྱེ་བ་རབ་ཏུ་བཏིང ། །དེ་ལ་དཔའ་བོ་གྲགས་པ་ཆེ། །བྱང་ཆུབ་སེམས་དཔའ་དེ་དག་འདུག་།མཚན་དང་དེ་བཞིན་དཔེ་བྱད་ཀྱིས། །དེ་དག་ཤིན་ཏུ་རྣམ་པར་འབར། །སངས་རྒྱས་ཞིང་འདི་ཐམས་ཅད་ཀྱང ། །རིན་ཆེན་ཤིང་གིས་ལེགས་བརྒྱན་ཏེ། ། ཡན་ལག་བརྒྱད་ལྡན་ཆུས་གང་བ། །རྫིང་བུ་དག་ནི་རྣམ་པར་སྤྲུལ། །རྫིང་བུའི་འགྲམ་ན་གནས་པ་རྣམས། །དེ་དག་དེ་ལས་ཆུ་འཐུངས་ནས། །ཐམས་ཅད་སྲེད་པ་བསལ་ནས་ནི། །འཇིག་རྟེན་གྱི་ཡང་མཆོད་རྟེན་འགྱུར། །ཐ་དད་པ་ཡི་ཞིང་ནས་ཀྱང ། །བྱང་ཆུབ་སེམས་དཔའ་ལྷགས་པ་རྣམས། །ཤཱཀྱ་སེང་གེ་སྐྱོབ་པ་ཡི། །སངས་རྒྱས་བསྔགས་བརྗོད་པར་བྱེད། །སྒྲ་དེ་སུ་
181a
༄#། །དག་ཐོས་པ་ནི། །དེ་དག་འཇིག་རྟེན་འདྲེན་པར་འགྱུར། །ཕན་ཡོན་བསམ་གྱིས་མི་ཁྱབ་པ། །མདོ་སྡེ་འདི་ནི་ངས་རབ་བཤད། །པདྨ་བྱེ་བ་བསམ་མི་ཁྱབ་འདབ་མ་དག་ནི་གསེར་ལས་བྱས། །སྙིང་པོ་སྤྲུལ་གྱི་སྙིང་པོ་སྟེ། །དེར་ནི་དེ་དག་རབ་ཏུ་སྤྲུལ། །ཡལ་ག་དག་ཀྱང་བཻ་ཌཱུརྱ། །ཁོག་པ་དག་ནི་ཤེལ་ཡིན་ཏེ། །ཟེ་བ་དཔལ་གྱི་སྙིང་པོ་ཅན།། དེར་ནི་མཛེས་པ་རྣམས་ཀྱང་སྤྲུལ། །དེ་དག་དྲི་ཡང་བསམ་མི་ཁྱབ། །རྒྱུན་མི་ཆད་པར་འབྱུང་བ་ཡིས། །ཞིང་རྣམས་བྱེ་བ་ཀུན་ཏུ་གང ། །པདྨའི་དྲི་ནི་བསམ་མི་ཁྱབ། །ཡིད་དུ་འོང་བར་འབྱུང་བ་ཡི། །དྲི་དེ་སུ་ཡིས་བསྣམས་པ་ཡང ། །དེ་དག་རབ་ཏུ་སེམས་དགའ་ཞིང ། །ནད་རྣམས་ཐམས་ཅད་ཞི་བར་འགྱུར། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །མ་ལུས་པར་ནི་ཟད་འགྱུར་ཏེ། །དེ་དག་ཉེས་པ་གསུམ་ཟད་ནས། །སངས་རྒྱས་བདེ་བ་སྦྱིན་པར་འགྱུར། །དེ་དག་ལས་ནི་སྒྲ་འབྱུང་སྟེ། །སངས་རྒྱས་སྒྲ་ནི་བསམ་མི་ཁྱབ། །དམ་པའི་ཆོས་དང་དགེ་འདུན་སྒྲ། །རྣམ་པ་ཀུན་ནི་འབྱུང་བར་འགྱུར། །སྟོང་པ་ཉིད་དང་མཚན་མེད་དང ། །སྨོན་པ་མེད་པའི་སྒྲ་འབྱུང་སྟེ། །དེ་ཐོས་སེམས་ཅན་བྱེ་བ་མང ། །ཕྱིར་མི་ལྡོག་པར་རབ་ཏུ་འགྱུར། །སྒྲ་དེ་དག་ནི་བྱུང་བ་ཡང ། །ཞིང་རྣམས་བྱེ་བར་འགྲོ་བར་འགྱུར། །སེམས་ཅན་བྱེ་བ་བསམ་ཡས་རྣམས། །སངས་རྒྱས་ཡེ་ཤེས་འགོད་པར་བྱེད། །རྨ་བྱ་ཀ་ལ་པིངྐ་དང །
181b
ཤང་ཤང་ཏེའུ་དང་བྱ་རྣམས་ཀྱང ། །དེ་དག་རབ་ཏུ་སྒྲ་འབྱིན་པ། །སངས་རྒྱས་སྒྲ་ནི་བླ་ན་མེད། །ཀུན་ལ་རི་སྐེགས་ཁྲུང་ཁྲུང་དང ། །ཁུ་བྱུག་དང་ནི་བྱ་རྣམས་ཏེ། །དེ་དག་སྒྲ་ནི་འབྱིན་པ་ཡང ། ། བསམ་གྱིས་མི་ཁྱབ་ཆོས་སྒྲ་འབྱིན། །ནེ་ཙོ་ངང་པ་ཀ་ལནྟ། །ངུར་པ་དང་ནི་ས་ར་ས། །དེ་དག་སྒྲ་རྣམས་འབྱིན་པ་ནི། །བླ་མེད་དགེ་འདུན་སྒྲ་ཡང་འབྱིན། །ལྷ་དག་གི་དང་མི་ཡི་ནི། །བྱ་རྣམས་ཇི་སྙེད་གང་ཡོད་པ། །དཀོན་མཆོག་གསུམ་གྱི་བསྔགས་པ་རྣམས། །དེ་དག་ཀུན་ཏུ་སྒྲ་ཡང་འབྱིན། །རིན་པོ་ཆེ་ཡི་ཤིང་རྣམས་ནི། །བྱེ་བྲག་འཕགས་ཤིང་བལྟ་ན་སྡུག་།ཡིད་འོང་ནོར་བུའི་ཤིང་རྣམས་ཀྱང ། །ཞིང་འདི་ཉིད་དུ་རྣམ་པར་སྤྲུལ། །ཤིང་འདི་ཀུན་ལ་རྒྱན་རྣམས་ཀྱི། །ཆུན་པོ་ཐམས་ཅད་རབ་ཏུ་འཕྱང ། །སངས་རྒྱས་དག་གི་མཐུ་ཡིས་ནི། །ཞིང་འདི་ཉིད་དུ་མངོན་པར་སྤྲུལ། །ཞིང་འདི་ན་ནི་མི་སྣང་བ། །དེ་ལྟ་བུ་ཡི་བཀོད་པ་ནི། །ཞིང་ཀུན་ན་ཡང་ཡོད་མེད་དེ། །དེ་ཚེ་ཤིན་ཏུ་བྱེ་བྲག་འཕགས། །གོང་མ་བཞིན་དུ་འདི་དག་རྣམས། །ཤཱཀྱ་སེང་གེ་སྐྱོབ་པས་བཤད། །བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས། །ཡེ་ཤེས་དེ་ལ་ནེམ་ནུར་མེད། །གང་གི་མཐའ་འདི་རྟོགས་པ་ནི། །དེ་དག་འཇུག་པ་བསམ་ཡས་ཏེ། །ཡེ་ཤེས་ཀྱིས་ནི་རྣམ་པར་འཕེལ། །འབབ་ཆུ་དག་གིས་རྒྱ་མཚོ་བཞིན། །དེ་དག་ལ་ཡང་མཐའ་མི་རྙེད། །རྒྱ་མཚོ་དག་ནི་འཐུང་བ་བཞིན། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ། །བསམ་གྱིས་མི་
182a
༄#། །ཁྱབ་འདི་དག་བཤད། །དཔའ་བོ་མཐའ་འདིར་གནས་པ་ཡི། །བྱང་ཆུབ་སེམས་དཔའ་གྲགས་ལྡན་རྣམས། །དབྱངས་ཀྱི་ཡན་ལག་རྣམ་འབྱིན་པ། །གངྒཱ་ཡི་ནི་བྱེ་མ་སྙེད། །དེ་བས་དབྱངས་ཀྱང་བསམ་ཡས་ཏེ། །བྱང་ཆུབ་སེམས་དཔའ་རློམ་སེམས་མེད། །རློམ་སེམས་རབ་ཏུ་སྤངས་པ་ན། །བྱང་ཆུབ་ཏུ་ཡང་ཉེ་བར་འགྱུར། །དེ་དག་སྲོག་གི་ཕྱིར་ཡང་ནི། །ཚུལ་ཁྲིམས་འདྲལ་བར་མི་བྱེད་དེ། །བྱང་ཆུབ་སེམས་དཔའ་བཀའ་ཐུབ་བརྟན། །དེ་ནི་མི་འདྲལ་སྤྱོད་པར་བྱེད། །འདོད་པ་ཡི་ནི་འདུ་ཤེས་ཀྱིས། །དེ་ཀུན་ཕྱིར་ཡང་མི་འདྲལ་ཏེ། །འདུ་ཤེས་ཐམས་ཅད་སྤངས་པ་ལ། །ཏིང་འཛིན་དག་ནི་དཔག་ཏུ་མེད། །མཉམ་པར་བཞག་པས་དེ་སྤྱོད་དེ། །ཏིང་འཛིན་ལ་ཡང་ཆགས་པ་མེད། །ཆགས་པ་མེད་ཅིང་བག་ཡོད་པས། །དེ་ནི་འཇིག་རྟེན་ཆགས་མི་བྱེད། །འཇིག་རྟེན་ཁམས་ནི་འདས་ནས་ཀྱང ། །བདེ་བ་ཅན་དུ་དེ་འགྲོ་སྟེ། །དེར་སོང་ནས་ནི་དེ་ཡིས་ཀྱང ། །སངས་རྒྱས་འོད་དཔག་མེད་པ་མཐོང ། །བྱང་ཆུབ་སེམས་དཔའ་དཔའ་བོ་གང ། །མཚན་རྣམས་ཀྱིས་ནི་ལེགས་པར་བརྒྱན། །མངོན་ཤེས་ལྔ་ལྡན་ཤེས་རབ་ཆེ། །གཟུངས་རྣམས་སྤྱོད་ཡུལ་གྱུར་པ་དག ། ཞིང་རྣམས་བྱེ་བར་རབ་འགྲོ་ཞིང ། །སངས་རྒྱས་ཞབས་ལ་ཕྱག་ཀྱང་འཚལ། །སངས་རྒྱས་ཞིང་ནི་བསམ་ཡས་སུ། །སྣང་བར་བྱེད་ཅིང་འགྲོ་བར་འགྱུར། །སྐྱོན་རྣམས་ཐམས་ཅད་
182b
རབ་སྤངས་ཤིང ། །ཉོན་མོངས་ཐམས་ཅད་རྣམ་པར་སྦྱངས། །ཉོན་མོངས་ཐམས་ཅད་རྒྱུན་བཅད་དེ། །རྒྱལ་བར་སྐྱེ་བ་གཅིག་གིས་གནས། །ཞིང་དེ་ནས་ནི་མི་རྣམས་ཀྱང ། །ངན་སོང་དུ་ཡང་མི་འགྲོ་སྟེ། །ཞིང་དེར་ངན་སོང་ཐམས་ཅད་ཀྱང ། །མ་ལུས་པར་ནི་ཆད་པར་འགྱུར། །སྐྱོབ་བ་འོད་ནི་དཔག་མེད་པ། །འཇིག་རྟེན་མགོན་པོས་བཤད་པ་སྟེ། །དེ་ལ་ནེམ་ནུར་མ་བྱེད་ཅིག་།བདེ་བ་ཅན་དུ་འགྲོ་བར་འགྱུར། །མདོ་སྡེ་རིན་ཆེན་འདི་ཡི་བསྔགས་པ་རྣམས། །བུད་མེད་གང་ཐོས་སེམས་ཀྱང་དད་འགྱུར་བ། །སྐྱེས་བུ་མཁས་པ་མཆོག་ཏུ་མྱུར་འགྱུར་ཏེ། །རྫུ་འཕྲུལ་གྱིས་ནི་ཞིང་སྟོང་བྱེ་བར་འགྲོ་།མཆོད་པ་ཚད་མེད་རྣམ་མང་ཇི་སྙེད་པ། །ཞིང་ནི་བྱེ་བ་ཁྲག་ཁྲིག་གཏམས་སྙེད་དུ། །སྐྱེས་བུ་མཆོག་ལ་མཆོད་པ་དེ་བྱས་པས། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད། །ཚུལ་ཁྲིམས་ཏིང་འཛིན་རྟག་ཏུ་བསྙེན་བྱས་ཏེ། །བསམ་གཏན་རྣམ་ཐར་དེ་བཞིན་ཚད་མེད་དང ། །སྟོང་པ་མཚན་མེད་རྟག་ཏུ་བསྙེན་བྱས་ན། །རིང་པོར་མི་ཐོགས་འཇིག་རྟེན་བདེ་གཤེགས་འགྱུར། །བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཚོགས་གནས་པ། །དེས་ནི་ང་ལ་མཆོད་པ་རབ་མཆོག་བྱས། །ཟད་དུས་ཐ་མར་བྱང་ཆུབ་སེམས་གནས་པ། །དེས་ནི་སངས་རྒྱས་ཐམས་ཅད་རྟག་ཏུ་མཆོད། །ཟད་དུས་མི་བཟད་པ་ལ་བྱང་ཆུབ་སེམས་དཔའ་གང ། །བདེ་བར་གཤེགས་པས་བསྟན་པའི་ཆོས་མཆོག་འདི་སྲུང་བ། །དེ་དག་ང་ཡི་སྲས་ཏེ་ཕྱི་དུས་ཆོས་
183a
༄#། །སྐྱོང་བ། །དེ་དག་སངས་རྒྱས་བྱེ་བ་སྟོང་གིས་ཡོངས་སུ་གཏད། །མདོ་སྡེ་འཛིན་པའི་ཕན་ཡོན་གྱི་ལེའུ་སྟེ། སུམ་ཅུ་རྩ་གསུམ་པའོ།། །།འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ། བམ་པོ་བཅུ་གཅིག་པ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འདོད་པ་དང ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་མཚན་མ་མེད་པ་ལ་གནས་ཏེ་དེ་བཞིན་གཤེགས་པ་བཞུགས་པའམ། ཡོངས་སུ་མྱ་ངན་ལས་འདས་པ་དག་གི་དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་ལ་མཆོད་པ་རྒྱ་ཆེར་བྱ་བ་ལ་མངོན་པར་བརྩོན་པར་བྱའོ། །གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་ཐམས་ཅད་ལ་དམིགས་པའི་སེམས་བསྐྱེད་པས་ཏིང་ངེ་འཛིན་འདི་འདོད་པ་དང ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་མཚན་མ་མེད་པ་ལ་གནས་ཤིང་ལས་ཀྱི་རྣམ་པར་སྨིན་པ་ལ་མི་རེ་བས་རང་གི་ལུས་དང་སྲོག་གིས་ཀྱང་དེ་བཞིན་གཤེགས་པ་བཞུགས་པའམ། ཡོངས་སུ་མྱ་ངན་ལས་འདས་པ་དག་གི་མཆོད་རྟེན་ལ་མཆོད་པ་མངོན་པར་འདུ་བྱ་བ་རྒྱ་ཆེར་བྱའོ། །ཆོས་ཐམས་ཅད་
183b
ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདིའང་སྐད་གསང་མཐོ་ཞིང་ཡིད་དུ་འོང་བ་དང ། བྱེ་བྲག་ཏུ་འཕགས་པའི་ཚིག་དང་ཡི་གེ་རྒྱུན་ཆགས་པས་སྙིང་རྗེ་ཆེན་པོ་ལ་དམིགས་པའི་སེམས་དང ། ཡིད་ལ་བྱེད་པས་གཞན་ལ་རྒྱ་ཆེར་རབ་ཏུ་བསྟན་པར་བྱའོ། །རབ་ཏུ་གདོན་པར་བྱའོ། །བཤད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ། ཆོས་ཐམས་ཅད་ཀྱི་རྩ་བ་དང།་གཞི་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་ཡིན་ནོ། །གཞོན་ནུ། གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང ། ཐབས་ཀྱིས་བརྟན་པའི་བརྩོན་འགྲུས་དང་ལྡན་པས་དེ་བཞིན་གཤེགས་པ་བཞུགས་པའམ། ཡོངས་སུ་མྱ་ངན་ལས་འདས་པ་དག་གི་དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་ལ་མཆོད་པ་རྒྱ་ཆེར་བྱ་བ་ལ་བརྩོན་པར་གྱུར་ཅིང ། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་གཞན་དག་ལའང་རྒྱ་ཆེར་རབ་ཏུ་སྟོན་པ་དེའི་ཚེ། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་ལ་གནས་པར་འགྱུར་ཏེ། དེ་ཆོས་གང་ལའང་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་དམིགས་པའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་ལ་གནས་པ་ནི་སྨོན་ལམ་ཐམས་ཅད་ལ་གནས་པར་འགྱུར་རོ། །
184a
༄#། །གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོན་ལམ་ཐམས་ཅད་ལ་གནས་པ་ནི་བདག་དང་སེམས་ཅན་ཀུན་གྱི་སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། ཏིང་ངེ་འཛིན་འདིའང་མྱུར་དུ་ཐོབ་ཅིང ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་བྱའོ། །གཞོན་ནུ། རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། གཞོན་ནུ། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་བས་ཆེས་གྲངས་མེད་པ། ཡངས་པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པ། དཔག་ཏུ་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དབྱངས་བྱིན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ ། །གཞོན་ནུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་ངེས་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ། ཟག་པ་ཟད་པ་དགྲ་བཅོམ་པ་ཉིད་ལ་བཀོད་དེ།་རབ་ཏུ་བཀོད་ཅིང་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཡང་རབ་
184b
ཏུ་བཀོད་ནས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །གཞོན་ནུ། དེའི་ཚེ་དེའི་དུས་ན་ཛམྦུའི་གླིང་ན་རྒྱལ་པོ་དཔལ་དབྱངས་ཞེས་བྱ་བས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ལ་མཆོད་པ་བྱ་བའི་ཕྱིར་མཆོད་རྟེན་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཁྲི་བཞི་སྟོང་བྱས་ཏེ། མཆོད་རྟེན་རེ་རེ་ལའང་མར་མེའི་ཡོན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཁྲི་བཞི་སྟོང་བཙུགས་སོ། །དེ་བཞིན་དུ་མཆོད་རྟེན་རེ་རེ་ལའང་རོལ་མོ་དང ། སིལ་སྙན་དང ། མེ་ཏོག་དང ། བདུག་པ་དང ། སྤོས་དང ། ཕྲེང་བ་དང།་བྱུག་པ་དང ། ཕྱེ་མ་དང ། ན་བཟའ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཁྲི་བཞི་སྟོང་ཕུལ་ལོ། །གཞོན་ནུ། འདི་ལྟར་རྒྱལ་པོ་དཔལ་དབྱངས་ཀྱིས་མཆོད་རྟེན་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་ལ་མཆོད་པ་བྱས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུའི་བྱང་ཆུབ་སེམས་དཔའ་མང་པོ་བསོགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་ལ་བརྩོན་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱང་ཆོས་སྨྲ་བ་ཡིན་ཏེ། སྤོབས་པ་རྒྱུན་མི་ཆད་པ། ཏིང་ངེ་འཛིན་རབ་ཏུ་ཐོབ་པ། ཆགས་པ་མེད་པའི་གཟུངས་རབ་ཏུ་ཐོབ་པ། ཡང་དག་པའི་ཡོན་ཏན་གྱི་ཆོས་
185a
༄#། །སྟོན་པ། ཡོངས་སུ་དག་པའི་ཆོས་སྟོན་པ། བྱང་ཆུབ་སེམས་དཔའི་དབང་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཤ་སྟག་གོ་།གཞོན་ནུ། དེའི་ཚེ་དེའི་དུས་ན་འཁོར་དེའི་ནང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདེ་བས་བྱིན་ཞེས་བྱ་བ་ཡོད་དེ། བྱིས་པ་གཞོན་ནུ་སྐྲ་ནག་པ། དང་པོའི་ལང་ཚོ་དང་ལྡན་པ། ན་ཚོད་དར་ལ་བབ་པ། འདོད་པ་ལ་རྣམ་པར་མ་རྩེས་ཤིང ། གཞོན་ནུར་ཚངས་པར་སྤྱད་པ། བསྙེན་པར་རྫོགས་ནས་ལོ་གཅིག་ལོན་པ་ཞིག་ཡོད་དོ། །གཞོན་ནུ། དེའི་ཚེ་དེའི་དུས་ན་རྒྱལ་པོ་དཔལ་དབྱངས་ཀྱིས་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེ་དག་ལ་གསོལ་པ་བཏབ་པ། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ཡང་དག་པར་སྡུད་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་གཟུངས་ཆེན་པོ་དང ། ཐབས་ལ་མཁས་པ་དང ། དབང་དང་འདུལ་བ་ཆགས་པ་མེད་པ་མངོན་པར་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་གསོལ་བ་བཏབ་ནས།་དེའི་ནུབ་མོ་མཆོད་རྟེན་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་རྣམས་ཀྱི་མདུན་དུ་མར་མེའི་ཡོན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་རབ་ཏུ་འབར་བར་བྱས་ཏེ། ཁྱམས་ཀྱི་དཀྱིལ་འཁོར་ཡང་ཕྱག་དར་བྱས་ཤིང་ཆག་ཆག་བཏབ་ནས་རབ་ཏུ་བྱུག་པ་བྱས། མེ་ཏོག་མངོན་པར་བཀྲམ་ཞིང ། མལ་སྟན་སྣ་ཚོགས་བཏིང་སྟེ། རྒྱལ་པོ་དཔལ་དབྱངས་དེ་བཙུན་
185b
མོའི་\?\་འཁོར་དང་བཅས། གྲོང་དང་ཡུལ་མི་འཁོར་དང་བཅས། གྲོང་མིར་བཅས་པ་ཁྱིམ་གྱི་ནང་ནས་བྱུང་སྟེ། རོལ་མོ་དང ། སིལ་སྙན་དང ། ཕེག་རྡོབ་པ་དང ། མེ་ཏོག་དང ། བདུག་པ་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། ཕྱེ་མ་དང ། ན་བཟའ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་རྣམས་ཐོགས་ནས་མཆོད་རྟེན་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་རྣམས་ལ་མཆོད་པ་བྱས་ནས་ཆོས་མཉན་པའི་ཕྱིར་བཙུན་མོའི་འཁོར་དང་བཅས་ཏེ་ཁང་ཐོག་ཏུ་དོང་ངོ ། །ལྷ་དང་མིའི་འཁོར་ཀྱང་ཆོས་ཉན་པའི་ཕྱིར་མང་དུ་ཚོགས་ཏེ་བྱང་ཆུབ་སེམས་དཔའ་བདེ་བས་བྱིན་གྱིས་དེ་དག་མཐོང་བ་དང ། མར་མེའི་ཡོན་དུ་ཕུལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་རབ་ཏུ་འབར་བར་བྱས་པས་དེའི་འོད་ཀྱིས་གཅིག་ཏུ་ཁྱབ་སྟེ། ལྷ་དང་མིའི་སྐྱེ་བོ་མང་པོ་རྣམས་ཆོས་ཉན་པར་ཚོགས་པར་རིག་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་ནི་ཐེག་པ་ཆེན་པོ་ལ་ཞུགས་པ་ཡིན་ན། ད་བདག་ཏིང་ངེ་འཛིན་འདི་འདོད་པའི་ཕྱིར་དེ་བཞིན་གཤེགས་པ་ལ་མཆོད་པ་ཞིག་བྱ་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པ་ཇི་ལྟ་བུས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ངོ་མཚར་དུ་འགྱུར་བ་དང ། ཡི་རངས་པ་དང ། དགའ་བ་དང ། མགུ་བ་དང ། ཡིད་བདེ་བ་སྐྱེས་པར་འགྱུར་ཞིང ། ཆོས་ཀྱི་སྣང་བ་ཐོབ་པ་དང ། རྒྱལ་པོ་དཔལ་དབྱངས་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་པ་ཐམས་ཅད་དང་ལྡན་པ་
186a
༄#། །འདིའང་ཟིལ་གྱིས་མནན་ཏེ། རྒྱལ་པོ་དཔལ་དབྱངས་བཙུན་མོའི་འཁོར་དང་ཞབས་འབྲིང་བར་བཅས་པའང་ངོ་མཚར་དུ་གྱུར་ཅིང་ཡི་རངས་པ་དང ། རབ་ཏུ་དགའ་བ་དང ། མགུ་བ་དང ། ཡིད་བདེ་བ་སྐྱེ་བར་འགྱུར་བར་མཆོད་པར་བྱའོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདེ་བས་བྱིན་དེ་ལྟར་སེམས་དགའ་ཞིང་ཡིད་བདེ་བ་སྐྱེས་ཏེ། ཆོས་ཉན་པའི་སྐྱེ་བོའི་ཚོགས་ཆེན་པོ་འདུས་པར་རིག་ནས་དེའི་ནུབ་མོ་དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་མདུན་དུ་འདུག་ནས་ལག་པ་གཡས་པ་རས་ཀྱིས་དཀྲིས་ཏེ་འབྲུ་མར་གྱི་ནང་དུ་བཅུག་གོ་།འབྲུ་མར་གྱི་ནང་དུ་བཅུག་ནས་འབར་བར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདེ་བས་བྱིན་ལྷག་པའི་བསམ་པ་ལ་ཞུགས་པ། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་ཤིང ། བྱང་ཆུབ་ཡོངས་སུ་འཚོལ་བའི་ལག་པ་གཡས་པ་ད་ལྟར་འབར་ཡང་སེམས་དང་བཞིན་གྱི་མདོག་འགྱུར་བ་མེད་དོ། །གཞོན་ནུ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདེ་བས་བྱིན་གྱི་ལག་པ་གཡས་པ་བསྲེགས་ནས་རབ་ཏུ་འབར་ཞིང་མེར་གྱུར་ཏེ། མེ་ལྕེ་གཅིག་ཏུ་འབར་བར་གྱུར་མ་ཐག་ཏུ་དེའི་ཚེ་ས་ཆེན་པོ་འདིའང་རབ་ཏུ་གཡོས་པར་གྱུར་ཏོ། །དེའི་ལག་པ་གཡས་པ་འབར་བར་བྱིས་པའི་འོད་དེས་མར་མེ་ཡོན་དུ་ཕུལ་བ་
186b
བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་རྣམས་མོག་མོག་པོར་བྱས་པར་གྱུར་ཏེ། ཕྱོགས་ཐམས་ཅད་དུའང་སྣང་བ་ཆེན་པོ་བྱུང་ངོ ། །འོད་དེས་ཕྱོགས་ཐམས་ཅད་སྣང་བར་གྱུར་ཏེ་ཀུན་ཏུ་ཁྱབ་པར་གྱུར་པ་དང ། དེ་དགའ་ཞིང་ཡིད་བདེ་བ་སྐྱེས་ནས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདིའང་སྐད་འཇམ་ཞིང་ཡིད་དུ་འོང་བ་དང ། ཚིག་བྱེ་བྲག་ཏུ་འཕགས་པ་དང ། ཚིག་དང་ཡི་གེ་རྒྱུན་ཆགས་པས་འཁོར་དེ་དག་ཐམས་ཅད་ལ་རྒྱ་ཆེར་གོ་བར་བྱེད་ཅིང་ཡང་དག་པར་རབ་ཏུ་བསྟན་ཏོ། །དེར་སུམ་ཅུ་རྩ་གསུམ་རིས་ཀྱི་ལྷ་ཁྲི་ཉིས་སྟོང་ཆོས་ཉན་པར་འདུས་པ་དེ་དག་དགའ་ཞིང་ཡིད་བདེ་བ་སྐྱེས་ནས་ལྷའི་མཆོད་པ་སྣ་ཚོགས་བྱེད་པར་གྱུར་ཏོ། །ལྷའི་བུ་མོ་རྣམས་ཀྱང་ལྷའི་རོལ་མོ་དག་བྱེད་དོ། །རྒྱལ་པོ་དཔལ་དབྱངས་ཁང་པའི་སྟེང་ན་འདུག་པ་བདག་གི་མི་མང་པོས་བསྐོར་ཅིང་མདུན་དུ་བདར་ཏེ་བཙུན་མོའི་འཁོར་གྱི་ནང་ན་འདུག་པ། གསོ་སྦྱོང་ཡན་ལག་བརྒྱད་དང་ལྡན་པ་ཡང་དག་པར་བཟུང་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདེ་བས་བྱིན་གྱི་ལག་པ་འབར་བར་བྱས་ཏེ། འོད་དེ་དག་ཐམས་ཅད་ཟིལ་གྱིས་མནན་ཅིང་ལྷའི་འོད་མིའི་ལས་འདས་པས་སྣང་བར་བྱས་པ་མཐོང་ནས་དེ་འདི་སྙམ་དུ་སེམས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་ཆེན་པོ་ཐོབ་པ་ཡིན་ནོ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
187a
༄#། །བདེ་བས་བྱིན་ལ་ཤིན་ཏུ་དགའ་བ་དང ། དད་པ་དང ། གུས་པ་ཉེ་བར་བཞག་སྟེ། རི་མོར་བཅས་ཤིང་དགེ་བའི་རྩ་བ་དང ། བསོད་ནམས་ཀྱི་ཕུང་པོ་ཆེན་པོས་བརྟན་པས་བཙུན་མོའི་འཁོར་བརྒྱད་ཅུ་དང་ལྷན་ཅིག་ཁང་པའི་སྟེང་དེ་ནས་བདག་ཉིད་མཆོངས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདེ་བས་བྱིན་བལྟ་བ་དང་རབ་ཏུ་དགའ་བར་བྱ་བའི་ཕྱིར་མཆོངས་ཏེ་སོང་ངོ ། །དེ་གུས་པ་ལས་བྱུང་བའི་དགེ་བའི་རྩ་བས་ཚེ་དེ་ཉིད་ལ་འཁོར་དང་བཅས་པ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་ཡོངས་སུ་གཟུང་བ་ཐོབ་བོ། །དེ་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དག་གིས་ཡོངས་སུ་བཟུང་བས་རྒྱལ་པོ་དཔལ་དབྱངས་ཀྱང་འཁོར་དང་བཅས་པ་ཁྲུ་སྟོང་ཕྲག་བརྒྱར་ཚང་བའི་ཁང་བའི་སྟེང་ནས་མཆོངས་ན། དེའི་ལུས་ལ་གནོད་པའམ། སེམས་ལ་གནོད་པའམ། སེམས་ཞུམ་པར་གྱུར་པ་མེད་དོ། །དེ་ནས་རྒྱལ་པོ་དཔལ་དབྱངས་ལག་པ་གཉིས་བསྒྲེང་སྟེ། སྐྱེ་བོའི་ཚོགས་ཆེན་པོ་དང་ལྷན་ཅིག་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདེ་བས་བྱིན་གྱི་ལག་པ་བསྲེགས་ཤིང་རབ་ཏུ་འབར་བ་མཐོང་ནས་སྐད་ཆེན་པོ་ཕྱུང་སྟེ་ཆོ་ངེས་བཏབ་བོ། །
187b
དེ་ནས་རྒྱལ་པོ་དེ་སྐྱེ་བོའི་ཚོགས་ཆེན་པོ་དང་ལྷན་ཅིག་དུ་ཞིང་མཆི་མ་ཕྱུང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདེ་བས་བྱིན་གྱི་མདུན་དུ་འདུག་གོ་།གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདེ་བས་བྱིན་གྱིས་རྒྱལ་པོ་དཔལ་དབྱངས་མཐོང་སྟེ། མཐོང་ནས་དེ་ལ་སྨྲས་པ། ཅིའི་སླད་དུ་རྒྱལ་པོ་ཆེན་པོ་ཁྱོད་སྐྱེ་བོའི་ཚོགས་ཆེན་པོ་འདི་དག་དང་བདག་གི་མདུན་ན་བཞུགས་ཤིང་སྐད་ཆེན་པོ་ཕྱུང་སྟེ། ཆོ་ངེས་བཏབ་ནས་བཤུམས་ཤིང་མཆི་མ་འབྱིན་པ་མཛད། དེ་སྐད་ཅེས་སྨྲས་པ་དང ། རྒྱལ་པོ་དཔལ་དབྱངས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདེ་བས་བྱིན་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་སྨྲས་པ། ཤེས་རབ་ཆེན་པོ་བདེ་བས་བྱིན། །ཆོས་སྨྲ་བ་ནི་མཁས་པ་ཡི། །ཡན་ལག་མཚང་རིག་ནས་ནི། །སྐྱེ་བོ་འདི་དག་དེ་ཕྱིར་དུ། །གཟི་བརྗིད་ཕུང་པོས་འཕགས་པ་ཡི། །འདི་ལྟ་བུ་ཡི་གཟུགས་འདི་ཡང ། །ལག་པ་ཉམས་པར་ཤེས་ནས་ནི། །བདག་ཀྱང་ཤིན་ཏུ་སྡུག་བསྔལ་ལོ། །ཁྱོད་ཀྱི་ལག་པ་འབར་བྱས་པ། །དེ་ཡི་འོད་ནི་ཕྱོགས་བཅུར་བཏང ། །ཁྱོད་ལས་བྱུང་བའི་ལྷ་རྫས་ཀྱིས། །མར་མེ་འདི་དག་མི་གསལ་བྱས། །ས་འདི་རབ་ཏུ་གཡོས་གྱུར་ཏེ། །ཁྱོད་ཀྱི་སེམས་ནི་ཞུམ་པ་མེད། །དེ་ནས་བདག་གི་སེམས་སྐྱེས་པ། །མཁས་པ་ཐ་མལ་མ་ཡིན་སྙམ། །བདག་ནི་བཙུན་མོའི་འཁོར་བཅས་པ། །ཁྲུ་ནི་སྟོང་ཕྲག་བརྒྱ་པ་ཡི། །ཁང་པའི་སྟེང་ནས་མཆོངས་གྱུར་ན། །བདག་གི་ལུས་
188a
༄#། །ལ་གནོད་པ་མེད། །ལེགས་སོ་ཡེ་ཤེས་ངོ་མཚར་ཁྱོད། །ལེགས་སོ་སེམས་ཀྱང་བླ་ན་མེད། །བརྩོན་འགྲུས་རབ་བརྩམས་ལེགས་པ་སྟེ། །བསམ་པ་ཆེ་བ་ལེགས་པ་ཡིན། །གང་གི་ལག་པ་འབར་བྱས་ཀྱང ། །ཁྱོད་ལ་ནམ་ཡང་གཡོ་བ་མེད། །དགའ་ཞིང་རངས་པ་སྐྱེས་ནས་སུ། །ཕྱིར་ཡང་ཆོས་ནི་རབ་ཏུ་འཆད། །ཇི་ལྟར་ཟླ་བ་ཉ་བ་དང ། །ནམ་མཁའི་དཀྱིལ་ན་ཉི་མ་བཞིན། །རི་རབ་རི་ཡི་རྒྱལ་པོ་ལྟར། །གྲོགས་པོ་དེ་ལྟར་ཤིན་ཏུ་མཛེས། །བདག་ཀྱང་དེ་བཞིན་མཁས་པ་ཡི། །སྨོན་ལམ་ཡོངས་སུ་རྫོགས་པར་བགྱི། །ལུས་ལ་ཕངས་པ་རབ་སྤངས་ཏེ། །བདག་གིས་སྲོག་ཆགས་དོན་རྣམས་བགྱི། །ཆོས་ཀྱི་དགའ་བས་རངས་གྱུར་ཏེ། །བདག་གི་དགའ་བ་བསམ་མི་ཁྱབ། །འདི་ལྟར་ཡན་ལག་མ་ཚང་བ། ། དེས་ནི་རབ་ཏུ་སྡུག་བསྔལ་ལོ། །ལྷ་དང་ཀླུ་ཡི་མཆོད་པ་ཡིས། །བདེ་བས་བྱིན་གྱིས་རྒྱལ་པོ་ལ། །མཐའ་ཡས་པ་ཡི་སྤོབས་པ་ཡིས། །ཚིགས་སུ་བཅད་པ་འདི་དག་སྨྲས། །གང་ལ་ལག་པ་མེད་པ་ཡང ། །དེ་ནི་ཡན་ལག་མ་ཚང་མིན། །སུ་ལ་ཚུལ་ཁྲིམས་མེད་པ་དག་།དེ་ནི་ཡན་ལག་མ་ཚང་ཡིན། །རུས་པ་ཡི་ནི་ལུས་འདི་ཡིས། །བསམ་གྱིས་མི་ཁྱབ་སྦྱིན་པའི་གནས། །འཇིག་རྟེན་ཀུན་གྱི་མཆོད་པའི་རྟེན། །དེ་བཞིན་གཤེགས་པ་བདག་གིས་མཆོད། །སྟོང་གསུམ་དག་ནི་མཐའ་ཡས་པ། །རིན་པོ་ཆེ་ཡིས་ཡོངས་བཀང་སྟེ། །སངས་
188b
རྒྱས་ཡེ་ཤེས་འཚོལ་བའི་ཕྱིར། །འཇིག་རྟེན་མགོན་ལ་རབ་ཏུ་སྦྱིན། །འཇིག་རྟེན་པ་ཡི་མཆོད་ཡོད་ཀྱང ། །སུ་དག་ཆོས་རྣམས་སྟོང་རིག་ནས། །ལུས་དང་སྲོག་ཀྱང་གཏོང་བ་ཡི། །མཆོད་པ་དེ་དག་བསམ་མི་ཁྱབ། །བདེན་པའི་ཚིག་ནི་བརྗོད་པར་བགྱི། །རྒྱལ་པོ་ཆེན་པོ་བདག་ལ་གསོན། །སྐྱེ་བོའི་ཚོགས་འདི་ཐམས་ཅད་ཀྱང ། །ཚིགས་བཅད་འདི་ཡི་དོན་རིག་བགྱི། །བདེན་པ་གང་གིས་སངས་རྒྱས་སུ། །འཇིག་རྟེན་མཆོད་རྟེན་བདག་འགྱུར་ན། །བདེན་པ་དེ་ཡིས་ས་འདི་ཡང ། །རྣམ་པ་དྲུག་ཏུ་གཡོས་གྱུར་ཅིག་།ཚིག་འདི་དག་ནི་སྨྲས་པ་དང ། །ས་ཡང་རབ་ཏུ་གཡོས་པར་གྱུར། །ངོ་མཚར་གྱུར་ཅིང་རྨད་བྱུང་སྟེ། །ལྷ་རྣམས་བྱེ་བ་རབ་ཏུ་དགའ། །ལྷ་དང་མི་དག་དགའ་ནས་ནི། །བྱང་ཆུབ་ཏུ་ཡང་སེམས་བསྐྱེད་དེ། །དཔག་མེད་བསམ་གྱིས་མི་ཁྱབ་པ། །ཐེག་པ་མཆོག་ལ་གནས་པར་གྱུར། །དགེ་སློང་བདེ་བས་བྱིན་པ་ཡིས། །ཇི་སྙེད་ཀྱི་ནི་དོན་བྱས་པ། །དེ་ནི་མི་ཟད་བསམ་མི་ཁྱབ། །སངས་རྒྱས་དག་གི་ཡེ་ཤེས་འཇུག་།བདེན་པ་གང་གིས་ཆོས་དེ་ནི། །ལག་པ་ཞེས་ཀྱང་བྱ་མེད་ན། །བདེན་པ་དེ་ཡིས་སྔོན་ལྟར་བདག་།ལག་པ་མྱུར་དུ་བྱུང་བར་ཤོག་།བདེན་པ་གང་གིས་ཆོས་དེ་ནི། །བདེ་བས་བྱིན་པ་ཡོད་མ་ཡིན། །ཕྱོགས་བཅུ་རྣམས་སུ་བཙལ་ན་ཡང ། །སྟོང་པ་ཡིན་པས་མི་དམིགས་སོ། །སྒྲ་གང་འབྱུང་བར་འགྱུར་བ་ཡང ། །དེ་ནི་སྟོང་པར་རིག་པར་གྱིས། །སྒྲ་ནི་བྲག་ཆ་ལྟ་བུ་སྟེ། །ཆོས་རྣམས་དེ་ལྟར་ཤེས་པར་
189a
༄#། །གྱིས། །ནམ་ཞིག་འཇིགས་པ་མེད་འགྱུར་ཞིང ། །སྟོང་པ་རྟོགས་པར་ཁོང་དུ་ཆུད། །བདེན་པ་ཡི་ནི་ཚིག་དེ་ཡིས། །འཇིག་རྟེན་ཐམས་ཅད་འཚིག་མི་འགྱུར། ། སྲིད་གསུམ་སེམས་ཅན་ཇི་སྙེད་པ། །ལྷ་རྣམས་དང་ནི་མི་རྣམས་ཀྱང ། །ཐམས་ཅད་མཁྱེན་པའི་གཟི་བརྗིད་ཀྱིས། །ཐམས་ཅད་མཉམ་པར་བཞག་པར་ཤོག་།ཇི་སྙེད་ལྷ་དང་མི་དག་གིས། །འཚེ་བར་གྱུར་པ་ཅི་ཡོད་པ། །ཕྱིར་མི་ལྡོག་པའི་གཟི་བརྗིད་ཀྱིས། །དེ་དག་ཐམས་ཅད་ཞི་བར་ཤོག་།ཚིགས་བཅད་འདི་དག་བཤད་པ་དང ། །ལག་པ་ཡང་ནི་སླར་སྐྱེས་ཏེ། །བདེ་བས་བྱིན་པ་དེ་ཡི་ལུས། །མཚན་རྣམས་ཀྱིས་ནི་རྣམ་པར་བརྒྱན། །ལྷ་ཡང་བྱེ་བ་ཕྲག་སྟོང་རྣམས། །བར་སྣང་ལ་ནི་འདུག་ནས་སུ། །དེ་ཚེ་མེ་ཏོག་མནྡཱ་རས། །དགེ་སློང་དེ་ལ་འཐོར་བར་བྱེད། །མི་མ་ཡིན་པའི་མེ་ཏོག་གིས། །ཛམྦུའི་གླིང་འདི་གང་བར་གྱུར། །ལྷ་མོ་བྱེ་བ་ཁྲག་ཁྲིག་རྣམས། །གླུ་དབྱངས་རོལ་མོ་རབ་ཏུ་བྱེད། །དེ་ཚེ་བདེ་བས་བྱིན་པ་ཡིས། །སྒྲ་འདི་དག་ནི་ཕྱུང་བ་ན། །རྣམ་འཕྲུལ་འདི་ནི་སངས་རྒྱས་དག་།བྱེ་བ་སྟོང་གིས་གཟིགས་པར་གྱུར། །རང་རང་གི་ནི་ཞིང་དག་ཏུ། །དགེ་སློང་ཕ་དང་དགེ་སློང་མ། །དགེ་བསྙེན་མ་དང་དགེ་བསྙེན་ལ། །གྲགས་པ་ཆེན་པོ་གོ་བར་མཛད། །དགེ་སློང་བདེ་བས་བྱིན་པ་དེ། །མཁས་ཤིང་སྟོབས་ཀྱང་ཆེ་བ་སྟེ། །སངས་རྒྱས་ཀྱི་ནི་ཡེ་ཤེས་ཕྱིར། །དེས་ནི་ལག་པ་འབར་
189b
བར་བྱས། །དེ་ཡིས་ཞིང་རྣམས་སྟོང་དག་དང ། །གངྒཱ་ཡི་ནི་བྱེ་མ་སྙེད། །མར་མེ་དེས་ནི་སྣང་བྱས་ཏེ། །སྲེག་པའི་བསྐལ་པ་བྱུང་བ་བཞིན། །མེ་ཏོག་དང་ནི་ཕྱེ་མ་ཡིས། །ཞིང་རྣམས་ཐམས་ཅད་གང་བར་གྱུར། །ས་གཞི་དག་ནས་ཡན་ཆད་དུ། །པུས་ནུབ་ཙམ་དུ་གང་བར་གྱུར། །རིན་ཆེན་མེ་ཏོག་ཐམས་ཅད་ཀྱིས། །སངས་རྒྱས་ཞིང་ནི་གང་བར་གྱུར། །བདེ་བས་བྱིན་ལ་མཆོད་པའི་ཕྱིར། །ཀླུ་རྣམས་མུ་ཏིག་ཆར་པ་འབེབས། །རིན་ཆེན་བཀོད་པ་ཐམས་ཅད་ཀྱིས། །ཞིང་འདི་རབ་ཏུ་བརྒྱན་པར་གྱུར། །བདེ་བས་བྱིན་ལ་མཆོད་པའི་ཕྱིར། །མུ་ཏིག་རིན་ཆེན་ཤིན་ཏུ་བཀྲམ། །ལྷ་དང་ཀླུ་དང་གནོད་སྦྱིན་དང ། །མི་འམ་ཅི་དང་ལྟོ་འཕྱེར་བཅས། །གངྒཱ་ཡི་ནི་བྱེ་མ་སྙེད། །བྱང་ཆུབ་མཆོག་ལ་ཞུགས་པར་གྱུར། །བྱ་རྒོད་སྤུངས་པའི་རི་ལ་ཡང ། །སངས་རྒྱས་ཤཱཀྱ་སེང་གེ་ནི། །དགེ་སློང་དག་གི་དགེ་འདུན་མདུན། །རྒྱལ་བ་སེང་གེའི་སྒྲ་སྒྲོག་པ། །བསྐལ་པ་བྱེ་བ་སྟོང་དུ་ནི། །བྱང་ཆུབ་སྤྱད་པ་སྤྱོད་པ་ན། །ང་ནི་བདེ་བས་བྱིན་པར་གྱུར། །མ་ཕམ་པ་ནི་དཔལ་དབྱངས་ཡིན། །དགེ་སློང་བདེ་བས་བྱིན་པ་ནི། །མཐོང་མ་ཐག་ཏུ་དེ་ཡི་ཚེ། །བུད་མེད་དག་ཀྱང་མཐའ་ཡས་པ། །བུད་མེད་དངོས་པོ་རྣམ་པར་ལོག་།མི་དབང་གིས་ནི་ལུང་བསྟན་ཏེ། །དེ་དག་ཕྱིར་ཡང་ལྡོག་པ་མེད། །འཇིག་རྟེན་ཀུན་གྱི་འདྲེན་པ་སྟེ། །རང་འབྱུང་འགྱུར་ཞེས་ལུང་ཡང་བསྟན། །སྦྱངས་པའི་ཡོན་ཏན་བསྟན་པ་ཡི། །མཁས་པས་མདོ་སྡེ་འདི་
190a
༄#། །ཐོས་ནས། །ལུས་ལ་ཕངས་པར་མ་བྱེད་པར། །ཆོས་འདི་རྗེས་སུ་བསླབ་པར་གྱིས། །བ་དེ་བས་བྱིན་གྱི་ལེའུ་སྟེ། སུམ་ཅུ་རྩ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་བ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འདོད་པ་དང ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་དགེ་བའི་རྩ་བ་རྣམས་ལ་ཉེ་བར་གནས་ན་ཆོས་ཀྱི་སྦྱིན་པའམ་ཟང་ཟིང་གི་སྦྱིན་པ་ལ་བརྩོན་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སྦྱིན་པ་དེའང་བསྔོ་བ་བཞིས་ཡོངས་སུ་བསྔོ་བར་བྱའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། ཐབས་ལ་མཁས་པ་གང་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཐབས་མཁས་པ་དེ་དག་ཐོབ་པར་འགྱུར་བར་སྦྱིན་པ་འདིའི་དགེ་བའི་རྩ་བ་བསྐྱེད་པར་བྱའོ་ཞེས་བྱ་བ་འདི་ནི་བསྔོ་བ་དང་པོའོ། །དགེ་བའི་བཤེས་གཉེན་གང་དག་ལས་ཐབས་མཁས་པ་ཐོས་ཤིང་འཛིན་པར་འགྱུར་བ་དང ། ཀུན་ཆུབ་པར་བྱ་བ་དང ། འཆང་བ་དང ། ཀློག་པར་འགྱུར་བ་དང ། གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་དགེ་བའི་བཤེས་གཉེན་
190b
དེ་དག་དང་བདག་རྟག་ཏུ་འགྲོགས་པར་གྱུར་ཅིག་ཅེས་དེ་ལྟར་སྦྱིན་པའི་དགེ་བའི་རྩ་བ་བསྐྱེད་པར་བྱའོ་ཞེས་བྱ་བ་འདི་ནི་བསྔོ་བ་གཉིས་པའོ། །ལོངས་སྤྱོད་ཐོབ་པ་གང་འཇིག་རྟེན་ཐམས་ཅད་འཚོ་བར་འགྱུར་བའི་ལོངས་སྤྱོད་ཐོབ་པ་དེ་དག་དང་བདག་ཕྲད་པར་གྱུར་ཅིག་ཅེས་དེ་ལྟར་སྦྱིན་པའི་དགེ་བའི་རྩ་བ་དེས་བསྐྱེད་པར་བྱའོ་ཞེས་བྱ་བ་འདི་ནི་བསྔོ་བ་གསུམ་པའོ། །བདག་གི་ལུས་གྲུབ་བས་སེམས་ཅན་རྣམས་ལ་ཆོས་ཀྱི་ཕན་གདགས་པ་དང ། ཟང་ཟིང་གི་ཕན་གདགས་པ་དང ། ཕན་གདགས་པ་གཉིས་ཀྱིས་ཕན་འདོགས་པར་འགྱུར་བའི་བདག་གི་ལུས་གྲུབ་པར་གྱུར་ཅིག་ཅེས་སྦྱིན་པའི་དགེ་བའི་རྩ་བ་བསྐྱེད་པར་བྱའོ་ཞེས་བྱ་བ་འདི་ནི་བསྔོ་བ་བཞི་པ་སྟེ། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསྔོ་བ་འདི་བཞིས་དགེ་བའི་རྩ་བ་རྣམས་བསྔོ་བར་བྱའོ། ། གཞན་ཡང ། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་བྱུང་བའང་རུང་ཁྱིམ་པའང་རུང་སྟེ། ཏིང་ངེ་འཛིན་འདི་འདོད་པ་དང ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལ་གཡོ་མེད་པས་བསྟེན་པར་བྱ། བསྙེན་པར་བྱ། རིམ་གྲོ་བྱའོ། །དེ་ལ་གཡོ་མེད་པ་དེ་ནི་ཏིང་ངེ་འཛིན་འདི་འཛིན་པའི་དགེ་སློང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ན་བར་གྱུར་ཅིང་ནད་མི་བཟད་པས་བཏབ་པར་གྱུར་བ་ལ་རང་གི་ཤ་དང་ཁྲག་གིས་
191a
༄#། །ཀྱང་དགེ་སློང་དེ་ན་བ་དེ་ལས་བསླང་བར་སྤྲོ་བར་བྱའོ། །གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ཏིང་ངེ་འཛིན་འདི་འདོད་པ་དང ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་གཡོ་བ་མེད་ཅིང་འཇིགས་པ་མེད་པས་རང་གི་ཤ་དང་ཁྲག་ཀྱང་ཡོངས་སུ་བཏང་སྟེ། དགེ་སློང་ཆོས་སྨྲ་བ་ན་བ་ལས་བསླང་བར་བྱའོ། །གཞོན་ནུ། རྣམ་གྲངས་དེས་འདི་ལྟར་རིག་པར་བྱ་སྟེ། གཞོན་ནུ། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ། ཡངས་པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པ། དཔག་ཏུ་མེད་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྨོན་ལམ་བསམ་གྱིས་མི་ཁྱབ་པ། ཁྱད་པར་དུ་འཕགས་པའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། གཞོན་ནུ། སྨོན་ལམ་བསམ་གྱིས་མི་ཁྱབ་པ་ཁྱད་པར་དུ་འཕགས་པའི་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་གང་གི་ཉིན་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་
191b
པར་རྫོགས་པར་སངས་རྒྱས་པ་དེའི་ཉི་མ་མ་འདས་པར་སངས་རྒྱས་ཀྱི་སྤྲུལ་པ་གྲངས་མེད་དཔག་ཏུ་མེད་པ་མངོན་པར་སྤྲུལ་ནས་སེམས་ཅན་ཚད་མེད་པ་གདུལ་བ་བྱས་ཏེ། ཟག་པ་ཟད་པ་དགྲ་བཅོམ་པ་ཉིད་ལ་བཀོད་ནས། སེམས་ཅན་ཚད་མེད་པ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་བཀོད་ནས་ཉི་མ་དེ་མ་འདས་པར་ཡོངས་སུ་མྱ་ངན་ལས་འདས་སོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དེའི་དམ་པའི་ཆོས་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་གནས་པར་གྱུར་ཏོ། །གཞོན་ནུ། བཅོམ་ལྡན་འདས་སྨོན་ལམ་བསམ་གྱིས་མི་ཁྱབ་པ་ཁྱད་པར་དུ་འཕགས་པའི་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་ནུབ་པའི་དུས་ཀྱི་ཚེ་ལྔ་བརྒྱ་ཐ་མར་གྱུར་པ་ན་དགེ་སློང་དམིགས་པའི་ལྟ་བ་ཅན་མང་པོ་བྱུང་སྟེ། དེ་དག་འདི་ལྟ་བུའི་མདོ་སྡེ་ལ་མི་སྲེད་མི་མོས་ཤིང་ཕྱིར་ཟློག་པར་བྱེད། སྤོང་བར་བྱེད་དེ། མདོ་སྡེ་འདི་ལྟ་བུ་འཛིན་པའི་དགེ་སློང་དག་ལའང་གནོད་པར་བྱེད་ཅིང་སྲོག་ཀྱང་གཅོད་པར་བྱེད་དེ། རྙེད་པ་དང་བཀུར་སྟི་ལ་ཆགས་པ་དེ་དག་གིས་མདོ་སྡེ་འདི་ལྟ་བུ་འཛིན་པའི་དགེ་སློང་སྟོང་སྲོག་བཅད་པར་གྱུར་ཏོ། །གཞོན་ནུ། དེའི་ཆེ་དེའི་དུས་ན་རྒྱལ་པོ་ཡེ་ཤེས་ཀྱི་སྟོབས་ཞེས་བྱ་བ་ཛམྦུའི་གླིང་ལ་དབང་བ། དམ་པའི་ཆོས་ཡོངས་སུ་འཛིན་ལ། སྔོན་གྱི་སྨོན་ལམ་ཕུན་སུམ་ཚོགས་པ་ཞིག་བྱུང་སྟེ། གཞོན་ནུ། ཡང་དེའི་
192a
༄#། །ཚེ་དེའི་དུས་ན་ཛམྦུའི་གླིང་འདིར་དགེ་སློང་ཡང་དག་བློ་གྲོས་ཞེས་བྱ་བ་ཏིང་ངེ་འཛིན་འདི་འཛིན་པ། ཆོས་སྨྲ་བ་རྒྱལ་པོ་དེའི་ཕོ་བྲང་དུ་འགྲོ་ཞིང ། དགེ་བའི་བཤེས་གཉེན་བྱེད་པ། ཕན་པར་འདོད་པ། སྙིང་བརྩེ་བ་དོན་དུ་འདོད་པ་ཞིག་བྱུང་སྟེ། རྒྱལ་པོ་དེའང་དེ་ལ་རྒྱུན་མི་ཆད་པར་བལྟ་བས་མི་ངོམས་ཏེ་རྟག་ཏུ་འདོད་པར་གྱུར་ཏོ། །དེའང་བསྟན་པ་དང ། ཆོས་ཀྱི་གཏམ་བྱ་བ་དང ། ཉེ་བར་འགྲོ་བ་དང ། བསྙེན་བཀུར་བྱ་བ་དང ། ཡོངས་སུ་དྲི་བ་དང ། བཟུང་བ་དང་ཚིག་གིས་གོ་བར་བྱེད་ནུས་ཤིང་དགེ་སློང་ཆོས་སྨྲ་བ་དེ། སེམས་ཅན་དག་གི་གཡོ་བ་དང ། སྤྱོད་ལམ་དང ། མོས་པ་དང ། ཁམས་དང ། བག་ཆགས་ལ་མཁས་ཏེ། སེམས་ཅན་རྣམས་ཀྱི་དབང་པོ་དང་སྟོབས་དང་བརྩོན་འགྲུས་ཀྱི་རིམ་པ་ཤེས་ཤིང ། ཁམས་དང་བག་ཆགས་ལའང་མཁས། བདེན་པ་དང་མཚམས་སྦྱར་བ་ལའང་མཁས། མཚམས་དབྲལ་བ་དང་ཚིག་གི་ལན་གཏན་ལ་དབབ་པ་ལའང་མཁས། སྤོབས་པ་ཟབ་ཅིང་སེམས་ཅན་ཐམས་ཅད་འདུལ་བའི་ཆོ་ག་ལའང་མཁས། གསོང་པོར་སྨྲ་ཞིང་བཞིན་ལ་ཁྲོ་གཉེར་མེད་པ། སེམས་ཆེན་པོར་གྱུར་པ་ལ་གནས་པ། སྙིང་རྗེ་ཆེན་པོ་ལ་བརྩོན་པ། ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མ་ནོན་པ་ཡིན་ནོ། །གཞོན་ནུ། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཡེ་ཤེས་ཀྱི་སྟོབས་ཀྱི་བུ་མོ་སྐྱེས་ནས་ལོ་བཅུ་དྲུག་ལོན་པ།
192b
བྱད་བཞིན་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ། ཁ་དོག་བཟང་ཞིང་རྒྱས་པའི་མཆོག་དང་ལྡན་པ་ཡེ་ཤེས་ལྡན་ཞེས་བྱ་བ་ཞིག་བྱུང་སྟེ། དེའི་སློབ་དཔོན་ནི་དགེ་སློང་ཡང་དག་བློ་གྲོས་ཞེས་བྱ་བ་ཡིན་ཏེ། དགེ་བའི་ཆོས་རྣམས་ལ་ཡང་དག་པར་སྟོན་པ། ཡང་དག་པར་གཟེངས་བསྟོད་པ། ཡང་དག་པར་རབ་ཏུ་དགའ་བར་བྱེད་པ། ཡང་དག་པར་འཛིན་དུ་འཇུག་པ་ཡིན་ནོ། །གཞོན་ནུ། དེའི་ཚེ་དེའི་དུས་ན་དགེ་སློང་ཆོས་སྨྲ་བ་དེའི་བརླ་གཉིས་ལ་འབྲུམ་བུ་མེ་དབལ་ནག་པོ་ཆེན་པོ་གསོ་དཀའ་ཞིང་སྨན་དཀོན་པ་ཞིག་བྱུང་སྟེ། ན་བ་དེ་སྨན་པ་དག་གིས་སྤངས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཡེ་ཤེས་ཀྱི་སྟོབས་བཙུན་མོའི་འཁོར་དང་བཅས་པ། སྲས་དང ། སྲས་མོ་དང ། ཞབས་འབྲིང་བར་བཅས་པ་དགེ་སློང་དེ་ན་བར་རིག་ནས་རབ་ཏུ་དུ་ཞིང་མཆི་མ་བྱུང་ངོ ། །བུད་མེད་བརྒྱད་ཁྲིར་བཅས་པ་དང ། གྲོང་དང་གྲོང་ཁྱེར་གྱི་མི་རྣམས་སུ་བཅས་པ་དང ། ཡུལ་འཁོར་བ་དང ། གྲོང་འདབ་པ་དང ། ཡུལ་གྱི་མི་དང ། རྩིས་པ་དང ། བློན་པོ་དང ། བློན་པོ་ཆེན་པོ་དང ། སྒོ་བ་དང ། འཁོར་རྣམས་སུ་བཅས་པ་དེ་དག་ཐམས་ཅད་ཀྱང་དགེ་སློང་དེ་ན་བར་ཐོས་ནས་རབ་ཏུ་ངུ་ཞིང་མཆི་མ་འབྱིན་ཏེ། དགེ་སློང་འདི་འཆི་བའི་དུས་བྱེད་པར་གྱུར་ཏ་རེ་ཞེས་སྐད་འཛེར་ཏོ། །གཞོན་ནུ། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཡེ་ཤེས་སྟོབས་ལ་ལྷ་མོ་སྔེན་སྣག་གི་གཉེན་མཚམས་སུ་གྱུར་པ་ཞིག་ཡོད་དེ། དེ་རྒྱལ་པོ་དེའི་ཕྱི་
193a
༄#། །བཞིན་འབྲང་བས་རྨི་ལམ་དུ་བསྟན་པ། རྒྱལ་པོ་ཆེན་པོ། གལ་ཏེ་དགེ་སློང་འདི་ལ་མིའི་ཤ་དང་ཁྲག་གསར་པ་མ་རུལ་བས་འབྲུམ་བུ་མེ་དབལ་ནག་པོ་འདི་ལ་བྱུགས་ཏེ། མིའི་ཤ་གསར་པ་མ་རུལ་བ་ལས་རོ་སྣ་ཚོགས་སུ་གཡོས་བྱས་ཏེ་བྱིན་ན་དགེ་སློང་འདི་ནད་འདི་ལས་འཚོ་བར་འགྱུར་རོ་ཞེས་ཟེར་རོ། །དེ་ནས་རྒྱལ་པོ་ཡེ་ཤེས་ཀྱི་སྟོབས་མཚན་མོ་དེ་འདས་པ་དང་གཉིད་ཀྱིས་ལོག་པ་ལས་སད་དེ་བཙུན་མོའི་འཁོར་གྱི་ནང་དུ་འོངས་ནས་རྨི་ལམ་གྱི་རྣམ་པ་དེ་དག་བཙུན་མོའི་འཁོར་རྣམས་ལ་བཟླས་ཏེ། ངའི་རྨི་ལམ་འདི་ལྟ་བུ་ཞིག་མཐོང་ངོ་ཞེས་བཟླས་ནས་གོ་བར་བྱས་ན། གཞོན་ནུ། དེ་ལྟར་བུད་མེད་ཀྱི་ཁྱིམ་དེ་དང ། རྒྱལ་པོའི་ཕོ་བྲང་དེ་ནས་དགེ་སློང་དེ་ལ་རྩི་དེ་སྦྱིན་པར་སུའང་སྤྲོ་བ་མེད་དོ། ། རྒྱལ་པོའི་བུ་མོ་ཡེ་ཤེས་ལྡན་ཡང་རྨི་ལམ་དེ་ལྟ་བུ་ཞིག་རྨིས་ནས་སད་པ་དང་བཙུན་མོའི་འཁོར་གྱི་ནང་དུ་སོང་སྟེ། རྨི་ལམ་གྱི་རྣམ་པ་དེ་དག་མ་དང ། ཞབས་འབྲིང་བ་རྣམས་ལ་གཏམ་བྱས་ཀྱང་དགེ་སློང་དེ་ལ་རྩི་དེ་སྦྱིན་པར་སུའང་སྤྲོ་བ་མེད་དོ། །དེ་ནས་རྒྱལ་པོའི་སྲས་མོ་ཡེ་ཤེས་ལྡན་དེ་དགའ་ཞིང་མགུ་།ཡི་རངས་ཤིང་རབ་ཏུ་དགའ་བ་དང ། མོས་པ་དང ། ཡིད་བདེ་བ་སྐྱེས་ནས་འདི་ལྟ་བུར་བརྩོན་པར་བྱས་ཏེ། འདི་ལྟར་བདག་གིས་རྩི་འདི་དག་བདག་གི་ལུས་ལས་བཅད་དེ་ཇི་སྐད་བསྟན་པ་བཞིན་དུ་ཁྲག་གསར་བ་དང་ཤ་གསར་བ་སྦྱིན་པར་
193b
བྱའོ། །རྒྱལ་པོའི་ཕོ་བྲང་ན་བདག་ནི་ཐམས་ཅད་ཀྱི་ནང་ན་གཞོན་ཞིང་ཆུང་སྟེ། ལུས་དང ། ངག་དང ། ཡིད་ཀྱི་ལས་ཀྱང་ཀུན་ནས་ཉོན་མོངས་པ་མ་ཡིན་ལ། ཀུན་ནས་ཉོན་མོངས་པ་མེད་པའི་ཡེ་ཤེས་བཙལ་བར་འདོད་པས་ཆོས་སྨྲ་བ་ཀུན་ནས་ཉོན་མོངས་པ་མེད་པ་ལ་བདག་གི་ལུས་ཀྱི་ཤ་དང་ཁྲག་ཕུལ་ཏེ། དགེ་སློང་འདི་ཅི་ནས་ནད་འདི་ལས་སོས་པར་བྱའོ་སྙམ་མོ། །དེ་ནས་རྒྱལ་པོའི་བུ་མོ་ཡེ་ཤེས་ལྡན་དེ་རང་གི་གནས་སུ་སོང་ནས་མཚོན་རྣོན་པོ་ཐོགས་ཏེ་ཆོས་ལ་ཞུགས་པའི་ཡིད་ཀྱིས་བདག་གི་བརླ་ལས་ཤ་བཅད་ནས། རོ་སྣ་ཚོགས་དང་ལྡན་པ་གྱི་ནོམ་པར་གཡོས་བྱས་ནས། ཁྲག་ཀྱང་ཐོགས་ཏེ་འཕགས་པ་དེའི་དྲུང་དུ་སོང་ནས་རྒྱལ་པོ་ཡེ་ཤེས་སྟོབས་ཀྱི་མདུན་དུ་འདུག་སྟེ། ཁྲག་གིས་འབྲུམ་བུ་མེ་དབལ་ནག་པོ་དེ་བྱུགས་ནས། གཡོས་ལེགས་པར་བྱས་པའི་ཟས་དེ་དགེ་སློང་དེ་ཟར་བཅུག་སྟེ། འགྲངས་པར་བྱེད་ཅིང་ལེགས་པར་བསྟབས་སོ། །དེ་ནས་དགེ་སློང་དེ་མི་ཤེས། མ་རིག་།མ་དོགས་པས་ཟས་དེ་ཟོས་སོ། །ཟས་དེ་ཟོས་མཐག་ཏུ་དགེ་སློང་དེའི་ན་ཚ་ཐམས་ཅད་མེད་པར་གྱུར་ཏེ་ནད་དེ་ཐམས་ཅད་ཀྱང་སོས་སོ། །དེ་ཡོངས་སུ་གདུང་བ་དང་བྲལ་ཞིང་བདེ་བ་དང་ལྡན་པས་དེ་ལྟ་དེ་ལྟ་བུར་ཆོས་བསྟན་ཏེ། བཙུན་མོའི་འཁོར་དེ་དང ། གྲོང་པ་དང ། ཡུལ་མི་དང ། ཡུལ་འཁོར་པ་འདུས་པ་དེ་དག་ལས་སྲོག་ཆགས་ཁྲི་ཉིས་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །དེ་ནས་
194a
༄#། །རྒྱལ་པོ་ཡེ་ཤེས་སྟོབས་ཀྱིས་བདག་གི་བུ་མོ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བུ་མོ་ཁྱོད་ཀྱིས་ཁྲག་འདི་ག་ལས་རྙེད། །མི་ཡི་ཤ་འདི་དག་ཀྱང་གང་ནས་བླངས། །བུ་མོ་ཁྱོད་ཀྱིས་ཁ་ཟས་འདི་བྱས་པས། །ཆོས་སྨྲ་འདི་ཡང་འདི་ལྟར་བདེ་བར་གྱུར། །སྣ་ཚོགས་བྲོ་དང་ལྡན་པའི་གཡོས་བྱས་པ། །བསད་པ་ཡིན་ནམ་དེ་སྟེ་ཤི་བ་རྙེད། །བུ་མོ་ཁྱོད་ཀྱིས་ཁྲག་འདི་ག་ལས་རྙེད། །དེས་ནི་སྡིག་པའི་ནད་ལས་འདི་ཐར་བྱས། །བུ་མོ་དེས་ནི་ཕ་ཡི་ཚིག་ཐོས་ནས། །བུ་མོ་ཡེ་ཤེས་ལྡན་གྱིས་འདི་སྐད་སྨྲས། །ཞུམ་སེམས་མེད་པར་ཚིག་ཀྱང་རབ་སྨྲས་ཏེ། །བདག་ནི་ཅི་མཆི་ཡབ་ཁྱོད་གསན་དུ་གསོལ། །ལྷ་ཡིས་བསྟན་པའི་རྨི་ལམ་དག་།བདག་གིས་མཐོང་བར་གྱུར་ཏོ་ཡབ། །ས་ཡི་བདག་པོ་བདག་ལ་གསོན། ། ཡང་དག་དོན་ནི་མཁྱེན་པར་མཛོད། །ལྷ་དེས་བདག་ལ་འདི་སྐད་སྟོན། །མི་ཡི་ཤ་དང་ཁྲག་རྣམས་ནི། །དགེ་སློང་འདི་ལ་སུས་བྱིན་ན། །སྡིག་པའི་ནད་ལས་ཐར་བར་འགྱུར། །བདག་ནི་མལ་ནས་ལངས་ནས་སུ། །བཙུན་མོའི་འཁོར་དུ་མཆིས་ནས་ནི། །བདག་གིས་དེ་ཚོ་རྨི་ལམ་རྣམས། །མ་ཡི་གཙོ་ལ་བཟླས་ཤིང་སྨྲས། །བྲན་མོ་རྣམས་ལ་བདག་གིས་བསྒོ། ། འདི་ལྟ་བུ་དག་སུ་བྱེད་ནུས། །མི་ཡི་ཁྲག་དང་ཤ་རྣམས་ནི། །ཁུ་བར་བཅོས་པ་གཡོས་བྱས་ཏེ། །ཟས་སུ་རབ་ཏུ་སྦྱིན་བྱ་ཞིང ། །ཁྲག་དག་གིས་ཀྱང་བྱུགས་ནས་སུ། །མེ་དབལ་ནག་
194b
པོ་འདི་ལས་ཀྱང ། །དགེ་སློང་ཇི་ལྟར་ཐར་བར་བྱ། །ཆོ་ག་མྱུར་དུ་མ་བྱས་ན། །རྩི་སྨན་དག་ནི་མ་བྱས་པས། །དགེ་སློང་འདི་ནི་ནད་འདི་ཡིས། །མྱུར་དུ་འཆི་བའི་དུས་བྱེད་འགྱུར། །རང་གི་ཤ་དང་ཁྲག་གཏོང་བ། །སྲིད་པ་གསུམ་ན་སེམས་ཅན་གང ། །མཁས་པ་སུ་ཞིག་འདི་མཐོང་ནས། །ལུས་ལ་ཡང་ནི་གནས་པར་བྱེད། །བཙུན་མོའི་འཁོར་དུ་བདག་གིས་གོ་བར་བགྱིས། །བུད་མེད་གཅིག་ཀྱང་སྦྱིན་ཞེས་མི་མཆི་ནས། །བདག་ལ་དགེ་སློང་དེ་ཕངས་བདག་ཕངས་ཀྱང ། །བྱང་ཆུབ་ཕྱིར་ནི་བདག་གིས་ཤ་ཁྲག་བཏང ། །བྱང་ཆུབ་ཞི་བ་མྱ་ངན་མེད་འཚོལ་བ། །དེ་དག་ལུས་ལ་མོས་ཤིང་རྟེན་པ་མིན། །བདག་ཉིད་ལ་ཡང་རྡུལ་ཙམ་ཕངས་པ་མེད། །བདག་ཉིད་བཏང་ཡང་ཡིད་ནི་མི་དགའ་མེད། །བཙུན་མོའི་འཁོར་རྣམས་དེ་ཐོས་ནས། །ཐམས་ཅད་རྨུགས་པ་བཞིན་དུ་གྱུར། །བྱ་བ་དེ་དག་སྦྱར་བར་ནི། །སུ་ཡང་སྤྲོ་བར་མ་གྱུར་ཏོ། །དེ་ནས་བདག་གི་སེམས་སྐྱེས་པ། །དགེ་སློང་འདི་ནི་ཟས་བྱིན་ཏེ། །བདག་གི་ཤ་ཡང་བཅད་ནས་ནི། །ཁྲག་རྣམས་ཀྱིས་ཀྱང་བསྐུ་བར་བྱ། །བདག་གི་བརླ་ལས་ཤ་བཅད་དེ། །ཤ་རྣམས་དང་ནི་ཁྲག་བླངས་ནས། །ཤ་ཡི་སྣ་གུ་བདག་གིས་བསྐལ། །བྲོ་བ་སྣ་ཚོགས་གཡོས་ལེགས་བགྱིས། །དགེ་སློང་ན་བ་དེ་ལ་ནི། །མི་ཤ་ཡི་ནི་ཁ་ཟས་དང ། །ཁྲག་རྣམས་ཀྱིས་ཀྱང་བྱུག་པ་དག་།བདག་གིས་ཡབ་ཀྱི་སྤྱན་སྔར་སྩལ། །མི་ཡི་བདག་པོ་བདག་གི་ཚིག་ལ་གསོན། །ས་བདག་མི་ཤ་དག་ནི་མ་རྙེད་
195a
༄#། །ནས། །བདག་གི་བྲལ་ལས་ཤ་དག་བཅད་ནས་སུ། །དེ་བསྒྲུབས་ཆོས་སྨྲ་འདི་ལ་སྩལ་པ་ལགས། །བདག་གིས་བླ་མེད་བྱང་ཆུབ་དོན་ཕྱིར་དུ། །རང་གི་ལུས་ཀྱིས་དོན་ཆེན་འདི་དག་བགྱིས། །དགེ་སློང་འདི་ཡང་ཐར་བགྱིས་མི་བདེ་མེད། །བདག་གིས་བསོད་ནམས་དག་ནི་ཚད་མེད་བགྱིས། །བུ་མོ་དེ་ལ་རྒྱལ་པོས་འདི་སྐད་སྨྲས། །བུ་མོ་ཁྱོད་ཀྱིས་རྩིར་ནི་བྱ་བའི་ཕྱིར། །ཇི་ལྟར་ལུས་ལས་རང་གི་ཤ་བཅད་ན། །ཁྱོད་ཀྱི་ལུས་ལ་ན་ཚར་མ་གྱུར་ཏམ། །རྒྱལ་པོའི་བུ་མོ་བློ་ལྡན་འཇིགས་མེད་པས། །དེ་ཚེ་སྨྲས་པ་རྒྱལ་པོས་བདག་གསོན། །ལས་ཀྱི་རྣམ་སྨིན་བསམ་ཡས་དེ་འདྲ་བས། །དེ་དག་གསན་ནས་ཚུལ་བཞིན་མཁྱེན་པར་མཛོད། །ཡབ་གཅིག་སྡིག་པའི་ལས་རྣམས་བགྱིས་པ་ཡིས། །སེམས་ཅན་སེམས་དམྱལ་མི་བཟད་ལྟུང་གྱུར་ཏེ། །ཤ་མེད་གྱུར་ནས་ཕྱིར་ཡང་ཤ་དག་སྐྱེ། །ལས་ཀྱི་འབྲས་བུ་བསམ་གྱིས་མི་ཁྱབ་གཟིགས། །སྡིག་པའི་ལས་ཀྱིས་ཤ་ཁྲག་མེད་གྱུར་ཅིང ། ། སྐད་ཅིག་ཏུ་ཡང་ཤ་ཁྲག་འབྱུང་འགྱུར་ན། །དགེ་བའི་ལས་དང་མོས་པ་དེ་དག་ལས། །ཤ་དང་ཁྲག་རྣམས་སྐྱེ་བ་སྨོས་ཅི་འཚལ། །ཤ་བཅད་བདག་ལ་ན་ཚ་མ་མཆིས་ཏེ། །ཁྲག་ལྟུང་བདག་ལ་གཡོ་བ་ཡོང་མ་མཆིས། །བདག་གི་ཤ་རྣམས་ཐམས་ཅད་བཅད་ན་ཡང ། །ཆོས་ཀྱི་ལུས་ལ་རྨ་དང་སྐྱོན་མ་མཆིས། །བདག་གིས་ཆོས་ལ་དགའ་བ་མཆོག་བསྐྱེད་
195b
ནས། །རང་གི་བརླ་ལས་ཤ་བཅད་རབ་ཏུ་སྩལ། །རྨ་དང་སྡུག་བསྔལ་བདག་ལ་མ་མཆིས་ཏེ། །བདག་གི་ལུས་ཀྱང་སྔོན་གྱི་བཞིན་དུ་གྱུར། །འདི་འདྲ་བ་ཡི་ཆོས་སྨྲ་འདི་ལྟ་བུ། །བརྒྱ་ལམ་ན་ཡང་ཛམྦུའི་གླིང་དུ་འབྱུང ། །ཡབ་གཅིག་ཨུ་དུམྦ་རའི་མེ་ཏོག་བཞིན། །བསྐལ་པ་བྱེ་བ་མང་ལ་རེས་འགའ་གདའ། །ཇི་ལྟར་ཛམྦུའི་ཆུ་བོ་གསེར་འབར་བ། །སེམས་ཅན་ལྟ་བས་ངོམས་པར་མི་འགྱུར་ཏེ། །དེ་བཞིན་དུ་ནི་ཆོས་སྨྲ་དེ་འདྲ་བ། །ལྷ་དང་མི་དག་མཐོང་བས་ཆོག་མི་ཤེས། །སྐྱེ་བོ་སྐོམ་པ་དང་བའི་ཆུ་འཐུངས་ནས། །སྐོམ་པས་གདུངས་པ་སྐོམ་པ་མེད་པར་འགྱུར། །དེ་བཞིན་ཆོས་སྨྲ་མཁས་པ་འདི་དག་ཀྱང ། །ཆོས་ཀྱི་བདུད་རྩིས་སྲོག་ཆགས་སྲེད་པ་སེལ། །དགེ་སློང་མི་བཟད་ན་བ་འདི་ལ་ཡང ། །ཤ་དང་ཁྲག་ནི་བདག་གིས་རབ་ཏུ་བཏང ། །ཆོས་སྨྲ་བ་ནི་མེ་དབལ་རབ་ཞི་སྟེ། །བདག་གིས་སངས་རྒྱས་བསྔགས་པའི་རིམ་གྲོ་བགྱིས། །མང་དུ་ཐོས་ཤིང་སྤྱོད་དང་ལྡན་པ་སྟེ། །ཏིང་འཛིན་དམ་པ་འདི་ནི་འཛིན་པ་ལ། །འདི་ལྟར་བདག་གིས་རང་གི་ཤ་བཏང་བས། །ཆོས་འདི་རྣམས་ཀྱང་བདག་གིས་ཐོབ་པར་ཤོག་།ཇི་ལྟར་སྤོས་རབ་དྲི་ཞིམ་ཡིད་འོང་བ། །དུས་འབྲང་དང་ནི་ཙནྡན་དམར་པོ་ཡི། །དེ་དག་ཕྱོགས་བཅུ་རྣམས་སུ་ལྡང་བ་ལྟར།། ཆོས་སྨྲ་དེ་ཡི་དྲི་ཡང་དེ་བཞིན་ནོ། །ཇི་ལྟར་རི་རབ་ཕྱོགས་སུ་རབ་སྣང་ཞིང ། །ཀུན་ནས་མཛེས་པ་མཐོང་ན་དགའ་བར་འགྱུར། །ཕྱོགས་སུ་རབ་ཏུ་སྣང་ཞིང་གསལ་བར་བགྱིད། །དེ་
196a
༄#། །བཞིན་ཆོས་སྨྲ་འདི་ཡང་རི་རབ་འདྲ། །ཇི་ལྟར་མཆོད་རྟེན་ལ་ལ་ཞིག་པ་ནི། །སྐྱེས་བུ་མཁས་པས་བཅོས་ཤིང་སླར་བསླང་སྟེ། །མཆོད་རྟེན་དེ་ལ་དད་པར་བགྱིད་པ་ནི། །དེ་ལྟར་བསླང་བ་དེ་ཡང་དེ་ཡི་རྒྱུ། །དེ་བཞིན་ཆོས་ཀྱི་མཆོད་རྟེན་ན་བ་ཡང ། །ཆོས་ལ་གུས་པར་རང་གི་ཤ་དང་ནི། །ཁྲག་གིས་བྱུག་པ་དག་གིས་ཐར་བར་བགྱིས། ། ཛམྦུའི་གླིང་དུ་བདག་གིས་མར་མེ་བལྟམ། །དགེ་སློང་འདི་ནི་འཆི་བའི་དུས་བགྱིས་ན། །ཛམྦུའི་གླིང་དུ་ཏིང་འཛིན་སྒྲ་ཡང་ནི། །སེམས་ཅན་རྣམས་ལ་རྟག་ཏུ་ནུབ་པར་འགྱུར། །འདི་གསོས་པས་ནི་ཏིང་འཛིན་རྣམས་ཀྱང་འཐོབ། །དགེ་སློང་འདི་ནི་འཇིག་རྟེན་ཀུན་གྱི་སྐྱབས། །འཇིག་རྟེན་ལྡོངས་པ་དག་ལ་མིག་སྦྱིན་པ། །འདོད་ཆགས་དང་ནི་ཞེ་སྡང་གཏི་མུག་ལ། ། སྨན་པའི་རྒྱལ་པོ་ཆེན་པོ་གསོ་བར་བགྱིད། །ཆེན་པོར་གྱུར་པར་རྟག་ཏུ་སེམས་གནས་ཏེ། །དེ་ཡི་སྤྱོད་པ་དག་ནི་ཚད་མི་རྙེད། །ངེས་པའི་དོན་དང་ཚིག་ལ་ཤིན་ཏུ་བསླབས། །ཕ་རོལ་རྒོལ་བ་ཀུན་གྱིས་ཟིལ་མི་ནོན། །ཆོས་སྨྲ་བ་ལ་རིམ་གྲོ་མཆོག་བགྱིས་པས། །བསྐལ་པ་བྱེ་བ་ཕྲག་ནི་སྟོང་དུ་ཡང ། །བདག་ལ་ཕྱིར་ཡང་ལོག་ལྟུང་འཇིགས་མ་མཆིས། །བུད་མེད་དངོས་པོར་བདག་ནི་ཕྱིས་མི་འགྱུར། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་ཤིན་ཏུ་དཀའ་བར་སྤྱད་པ་ངོ་
196b
མཚར་རྨད་དུ་བྱུང་བའི་བྱང་ཆུབ་སེམས་དཔའི་ཆོས་འདི་ཐོས་ནས་ཆོས་སྨྲ་བ་ན་བ་ལ་སྨན་ཤིན་ཏུ་དཀོན་པས་རིམ་གྲོ་བྱ་བ་ལ་བརྩོན་ཞིང་བདག་གི་ཤ་དང་ཁྲག་གིས་ཀྱང་རིམ་གྲོར་བྱས་ཏེ།་ཐན་སོར་མོ་གཅིག་ཙམ་སྦྱིན་པས་ཀྱང་འགྲོ་བའི་ཆོས་ཀྱི་མཆོད་རྟེན་ལ་རིམ་གྲོར་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་སྔོན་བྱུང་བའི་གཏམ་ངེས་པར་བསྟན་པ་འདི་རྒྱ་ཆེར་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཡང་དག་པར་རབ་ཏུ་བསྟན་ཏོ། །གང་གིས་གངྒཱའི་བྱེ་སྙེད་སངས་རྒྱས་ཞིང ། །རིན་ཆེན་བཀང་ནས་འདྲེན་ལ་ཕུལ་བ་བས། ། གང་གིས་རྐང་པའི་སོར་མོ་གཅིག་བྱིན་ན། །དེ་བས་བསོད་ནམས་མཆོག་འདི་བྱེ་བྲག་འཕགས། །བུ་མོ་དེ་ནི་འདི་ནས་ཤི་འཕོས་ནས། །སངས་རྒྱས་བྱེ་བ་སྟོང་དག་མཐོང་བར་གྱུར། །ཀུན་གྱི་བསྟན་པ་ལ་ཡང་རབ་བྱུང་ནས། །ཏིང་འཛིན་ཞི་བའི་མཆོག་འདི་རབ་ཏུ་བཟུང ། །རྐང་གཉིས་གཙོ་བོ་དེ་དག་ཐམས་ཅད་ནི། །ཡོངས་སུ་མྱ་ངན་འདས་པ་ཕྱི་དུས་ན། །དེ་ནི་རྟག་པར་རབ་ཏུ་བྱུང་གྱུར་ཏེ། །བདེ་གཤེགས་སྲས་མོ་ཀུན་ནས་ཉོན་མོངས་མེད། །མར་མེ་མཛད་པ་དེ་བཞིན་གཤེགས་པ་ཡི། །བསྟན་པ་ལ་ཡང་ཚངས་པར་སྤྱོད་པ་སྤྱད། །དེར་ཡང་བུད་མེད་དངོས་པོ་བསྒྱུར་ནས་སུ། །དེ་ཚེ་དེ་ནི་དགེ་སློང་ཆོས་སྨྲར་གྱུར། །རྟག་ཏུ་དམ་པའི་ཆོས་ནི་ཡོངས་འཛིན་པ། །མི་དབང་ཡེ་ཤེས་སྟོབས་ནི་བྱམས་པ་ཡིན། །མར་མེ་མཛད་ནི་ཆོས་སྨྲ་དེར་གྱུར་ཏེ། །
197a
༄#། །དེ་ཚེ་ང་ནི་རྒྱལ་པོའི་བུ་མོར་གྱུར། །ལྷ་མོ་སྔོན་གྱི་སྣག་གི་གཉེན་གྱུར་པ། །མི་དབང་ཡེ་ཤེས་སྟོབས་ཀྱི་ཕྱིར་འབྲང་ཞིང ། །རྒྱལ་པོའི་རྨི་ལམ་དུ་ཡང་སྟོན་པ་ནི། །མི་འཁྲུགས་སྤྱད་པ་སྤྱོད་ཚེ་དེར་གྱུར་ཏོ། །ཏིང་འཛིན་འདི་ནི་རབ་ཏུ་འདོད་པའི་ཕྱིར། །གཡོ་སྒྱུ་ཐམས་ཅད་ཡོངས་སུ་སྤངས་ནས་སུ། །བདག་གི་ཤ་དག་དང་ནི་ཁྲག་གིས་ཀྱང། །ཆོས་སྨྲ་བ་ལ་ངས་ཀྱང་རིམ་གྲོ་བྱས། །དགེ་སློང་ན་བ་ན་ཚས་གཟིར་བ་དེ། །གང་དག་མཐོང་ནས་དེ་ཚེ་དུས་པ་ཡང ། །ཕྱིར་མི་ལྡོག་པར་དེ་དག་རབ་གྱུར་ཏེ། །ལོག་པར་ལྟུང་བའི་སར་ནི་ཡོང་མ་སོང ། །དེ་དག་རྟག་ཏུ་མིག་ཀྱང་ན་བ་མེད། །ཀླད་པའི་ནད་མེད་རྣ་བའི་ནད་མེད་དེ། །སྣ་ཡི་ནད་མེད་ལྕེ་ཡི་ནད་ཀྱང་མེད། །སོ་ཡང་ན་བར་ནམ་ཡང་མ་གྱུར་ཏོ། །དགེ་སློང་ན་བ་དེ་ཚེ་སུས་བསྙེན་པ། །དེ་དག་རྟག་ཏུ་ཀུན་ནས་མཛེས་པར་གྱུར། །སུམ་ཅུ་རྩ་གཉིས་བསོད་ནམས་བརྒྱ་པའི་མཚན། །དཔལ་དང་གཟི་བརྗིད་དག་གིས་ལུས་ཀྱང་འབར། ། དེ་དག་ང་ཡི་བསྟན་ལ་རབ་བྱུང་ནས། །རབ་ཏུ་འཇིག་དུས་བྱང་ཆུབ་དམ་པ་འདི། །དེ་བཞིན་གཤེགས་པའི་མཛོད་ཀྱང་བཟུང་ནས་ནི། །སངས་རྒྱས་བྱེ་བ་སྟོང་དག་མཐོང་བར་འགྱུར། ། བྱང་ཆུབ་མཆོག་འདི་ལེགས་པར་བཟུང་ནས་སུ། །རྟག་ཏུ་རི་མོ་བྱས་ཤིང་བཅང་བྱས་ན། །དེ་དག་སྐྱེ་དགུའི་དོན་ཆེན་བྱས་ནས་ནི། །མི་ཡི་གཙོ་བོ་མི་འཁྲུགས་མཐོང་བར་འགྱུར། །
197b
དེ་དག་སྤྱོད་པ་བླ་མེད་འདི་ཐོས་ནས། །དགའ་བ་ཟང་ཟིང་མེད་པ་འཕགས་པ་འཐོབ། །དེ་དག་བདག་གི་སྔོན་སྤྱད་ཐོས་ནས་ནི། །སངས་རྒྱས་དག་ལ་མཆོད་པ་རྒྱ་ཆེར་བྱེད། །དགེ་སློང་མཁས་པ་ཚུལ་ཁྲིམས་ལྡན་མཐོང་ནས། །གཡོ་མེད་པར་ནི་རྟག་ཏུ་བསྙེན་པར་བྱ། །ཞེ་སྡང་ཐ་བ་དག་ཀྱང་རྣམ་སྤངས་ཏེ། །དགེ་སློང་ཆོས་སྨྲ་རྟག་ཏུ་བསྙེན་པར་གྱིས། །གནོད་སེམས་ཁྲོ་བ་དག་ཀྱང་རྣམ་སྤངས་ལ། །ང་ཡི་སྲས་པོ་ཆོས་སྐྱོང་མཆོད་པར་གྱིས། །བསྐལ་པ་བྱེ་བ་མང་པོར་ལོང་བ་དང ། །ལོག་པར་ལྟུང་ཞིང་སྡུག་བསྔལ་གྱུར་ཏ་རེ། །གཅིག་ལ་གཅིག་ཀྱང་གནོད་སེམས་བྱས་ན་ནི། །དེ་ལ་ཚུལ་ཁྲིམས་ཐོས་པ་སྐྱོབ་མི་ནུས། །བསམ་གཏན་མི་སྐྱོབ་དགོན་གནས་སྐྱོབ་མི་ནུས། །སྦྱིན་པ་མི་སྐྱོབ་སངས་རྒྱས་མཆོད་པ་མིན། །ཡེ་ཤེས་ལྡན་གྱི་ལེའུ་སྟེ། སུམ་ཅུ་རྩ་ལྔ་པའོ།། །།དེ་ནས་ཡང་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་
198a
༄#། །པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེའི་ཕྱིར་ཀུན་དགའ་བོ་བདག་གི་སྟན་ལ་འདུག་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང ། དྲིས་པ་དེ་དང་དེ་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། ། དེ་སྐད་ཅེས་བཀའ་སྩལ་པ་དང ། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞུས་པ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་བདག་ལ་སྐབས་ཕྱེའོ། །བདེ་བར་གཤེགས་པ་བདག་ལ་སྐབས་ཕྱེའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་གནང་བ་དང ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྟན་ལ་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་གི་རྒྱུ་གང་གི་རྐྱེན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་མཐའ་ཡས་པ་སྤྱོད་པ་དག་ལག་པ་བཅད་པ་དང ། རྐང་པ་བཅད་པ་དང ། རྣ་བ་བཅད་པ་དང ། སྣ་བཅད་པ་དང ། མིག་དབྱུང་བ་དང ། མགོ་བཅད་པ་དང ། ལུས་བཅད་པ་དང ། ཡན་ལག་བཅད་པར་གྱུར། སྡུག་བསྔལ་རྣམ་པ་སྣ་ཚོགས་གཞན་དག་ཀྱང་མྱོང་བར་གྱུར་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཉམས་པར་མི་འགྱུར་བའི་རྒྱུ་གང་ལགས། རྐྱེན་
198b
གང་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཡང་དག་པར་སྒྲུབ་པ་ན། ངས་སྡུག་བསྔལ་ཇི་སྙེད་མྱོང་བར་གྱུར་པ་ཁྱོད་ཀྱིས་ཤེས་ཤིང་དེ་དག་དྲན་ན་ཅིའི་ཕྱིར་དེ་བཞིན་གཤེགས་པ་ལ་འདི་ཡོངས་སུ་འདྲི་བར་སེམས། ཀུན་དགའ་བོ། འདི་ལྟ་སྟེ། དཔེར་ན། འདི་ལ་སྐྱེས་བུ་ལ་ལ་ཞིག་རྐང་པ་ནས་སྤྱི་བོའི་བར་དུ་འབར་བར་གྱུར་ཏེ། རབ་ཏུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་པ་དེ་ལ་སྐྱེས་བུ་ལ་ལ་ཞིག་དར་ཉེ་བར་འོངས་ཏེ། འདི་སྐད་དུ། ཀྱེ་སྐྱེས་བུ་ཚུར་ཤོག་།ལུས་ལ་མེ་འབར་བ་མ་ཞི་བར་འདོད་པའི་ཡོན་ཏན་ལྔ་དང་ཕྲད་ཅིང་ལྡན་པར་རྩེས་ཤིག་།དགའ་བར་གྱིས་ཤིག་།ཡོངས་སུ་སྤྱོད་ཅིག། ཅེས་ཟེར་ན། ཀུན་དགའ་བོ། འདི་ཇི་སྙམ་དུ་སེམས། སྐྱེས་བུ་དེ་ལུས་ལ་མེ་འབར་བ་མ་ཞི་བར་འདོད་པའི་ཡོན་ཏན་ལྔ་དང་ཕྲད་ཅིང་ལྡན་པར་གྱུར་ཏེ་རྩེ་བ་དང ། དགའ་བ་དང ། ཡོངས་སུ་སྤྱོད་པར་བྱེད་དམ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས། དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། ཡོངས་སུ་བརྟག་པ་བཟུང་སྟེ། སྐྱེས་བུ་དེ་ལུས་ལ་མེ་འབར་བ་མ་ཞི་བར་འདོད་པའི་ཡོན་ཏན་ལྔ་དང་ཕྲད་ཅིང་ལྡན་པར་གྱུར་ཏེ་རྩེ་བ་དང ། དགའ་བ་དང ། ཡོངས་སུ་སྤྱོད་པ་བྱེད་དུ་ཟིན་ཀྱང་དེ་བཞིན་གཤེགས་པ་སྔོན་བྱང་
199a
༄#། །ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་རྣམས་ངན་སོང་གསུམ་གྱི་སྡུག་བསྔལ་བར་གྱུར་ཅིང་དབུལ་བ་དག་མཐོང་ནས་ཡིད་བདེ་བའམ་སེམས་དགའ་བ་མ་བྱུང་ངོ ། །ཀུན་དགའ་བོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཚུལ་ཁྲིམས་མ་ཉམས་པ་དང ། ཚུལ་ཁྲིམས་མ་ཞིག་པ་དང ། ཚུལ་ཁྲིམས་འདྲེན་མ་མ་ཡིན་པ་དང ། ཚུལ་ཁྲིམས་སྲ་སྲེར་མ་གྱུར་བ་དང ། ཚུལ་ཁྲིམས་མ་འབགས་པ་དང ། ཚུལ་ཁྲིམས་མ་གཡོས་པ་དང ། ཚུལ་ཁྲིམས་མ་བླངས་པ་དང ། ཚུལ་ཁྲིམས་མ་འཁྲུགས་པ་དང ། ཚུལ་ཁྲིམས་མི་ཡང་བ་དང ། ཚུལ་ཁྲིམས་གཞན་ལ་སྟོན་པ་མ་ཡིན་པ་དང ། ཚུལ་ཁྲིམས་མི་སླུ་བ་དང ། ཚུལ་ཁྲིམས་དྲང་བ་དང ། ཚུལ་ཁྲིམས་དམ་བཅས་པ་བཞིན་དུ་བྱེད་པ་དང ། ཚུལ་ཁྲིམས་སེམས་ཅན་རྣམས་ལ་ཕན་གདོགས་པ་ཡིན་ཏེ། དེ་ལྟ་བུའི་ཚུལ་ཁྲིམས་དང་ལྡན་པར་འགྱུར་རོ། །ཀུན་དགའ་བོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱད་པ་མཐའ་ཡས་པ་སྤྱོད་པ་དེ་དག་ནི་ལག་པ་བཅད་པས་ཡོངས་སུ་ཉམས་པར་མི་འགྱུར། རྐང་པ་བཅད་པས་ཡོངས་སུ་ཉམས་པར་མི་འགྱུར། རྣ་བ་བཅད་པ་དང་སྣ་བཅད་པས་ཡོངས་སུ་ཉམས་པར་མི་འགྱུར། མིག་ཕྱུང་བ་དང་མགོ་བཅད་པས་ཡོངས་སུ་ཉམས་པར་མི་
199b
འགྱུར།་ལུས་དང་ཡན་ལག་བཅད་པས་ཡོངས་སུ་ཉམས་པར་མི་འགྱུར་ཏེ། སྡུག་བསྔལ་སྣ་ཚོགས་ཀྱང་མི་མྱོང་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱའོ།། །།འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ། བམ་པོ་བཅུ་གཉིས་པ། ཀུན་དགའ་བོ། རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། ཀུན་དགའ་བོ། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པ། གཞལ་དུ་མེད་པ། མཚུངས་པ་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རིན་པོ་ཆེའི་པདྨའི་ཟླ་བ་རྣམ་པར་དག་པ་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ ། །ཡང་དེའི་ཚེ་དེའི་དུས་ན་རིན་པོ་ཆེའི་པདྨའི་ཟླ་བ་རྣམ་པར་དག་པ་མངོན་པར་འཕགས་པའི་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚེའི་ཚད་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་དགུར་གྱུར་ཏོ། །ཉི་མ་ཐམས་ཅད་ལ་ཉིན་རེ་ཞིང་ཡང་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་
200a
༄#། །སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་ལྡོག་པ་ལ་བཀོད་དོ། །རབ་ཏུ་བཀོད་ཅིང་ཡོངས་སུ་མྱ་ངན་ལས་འདས་ནས་སེམས་ཅན་གྲངས་མེད་དཔག་ཏུ་མེད་རྣམས་ཟག་པ་ཟད་པ་དགྲ་བཅོམ་པ་ཉིད་ལ་བཀོད་དོ། །རབ་ཏུ་བཀོད་ཅིང་ཡོངས་སུ་མྱ་ངན་ལས་འདས་ན་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་བཀོད་དེ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །ཀུན་དགའ་བོ། དེའི་ཚེ་བཅོམ་ལྡན་འདས་རིན་པོ་ཆེའི་པདྨའི་ཟླ་བ་རྣམ་པར་དག་པ་མངོན་པར་འཕགས་པའི་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཡོངས་སུ་མྱ་ངན་ལས་འདས་ནས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་ནུབ་པར་འགྱུར་བའི་དུས་ཀྱི་ཚེ་དམ་པའི་ཆོས་རབ་ཏུ་འཇིག་པར་འགྱུར་བ་ན། ཀུན་དགའ་བོ། རྒྱལ་པོ་དཔའ་བས་བྱིན་ཞེས་བྱ་བ་ཞིག་བྱུང་སྟེ། རྒྱལ་པོ་དཔའ་བས་བྱིན་དེ་ལ་བཙུན་མོའི་འཁོར་ནི་བུད་མེད་བརྒྱད་ཁྲི་བཞི་སྟོང་ཡོད་དོ། །བུ་ཕོ་ནི་སྟོང་ཡོད་དོ། །བུ་མོ་ནི་ལྔ་བརྒྱ་ཡོད་དོ། །དེའི་ཚེ་དེའི་དུས་ན་རྒྱལ་པོ་དཔ་འབས་བྱིན་གྱི་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་ཞེས་བྱ་བ་ཡངས་ཤིང་རྒྱ་ཆེ་ལ་སྒོ་བཞི་ཡོད་པ། སྟེགས་བུ་དང ། སྒོ་ཁང་དང ། རྟ་བབས་དང ། སྐར་ཁུང་དང ། པུ་ཤུ་དང ། ཁང་པ་དང ། ཁང་པ་བརྩེགས་པ་དང ། སྐྱེད་མོས་
200b
ཚལ་གྱིས་བརྒྱན་ཅིང་རྣམ་པར་བཀྲ་བ། བལྟ་ན་སྡུག་པ། ལྷའི་གནས་བཞིན་སྣང་བ། སེམས་ཅན་གྲངས་མེད་དཔག་ཏུ་མེད་པའི་གནས་སུ་གྱུར་པ་ཞིག་ཡོད་དོ། །ཀུན་དགའ་བོ། དེའི་ཚེ་དེའི་དུས་ན་མདོ་སྡེ་འདི་ལྟ་བུ་དག་ནི་སྐྱེ་བོ་མང་པོས་སྨད་ཅིང་སྐྱེ་བོ་མང་པོས་སྤངས་ཏེ། སྐྱེ་བོ་མང་པོ་དང་མི་འཕྲོད་ཅིང་སྐྱེ་བོ་མང་པོས་བོར་བར་གྱུར་ཏེ། འཇིགས་པ་ཆེན་པོ་མི་བཟད་པའི་དུས་སུ་གྱུར་པ། གཙེ་བ་མང་ཞིང་ཆར་ཆེས་པའི་དུས་ཀྱི་ཚེ། ཆར་མི་འབབ་པའི་དུས་ཀྱི་ཚེ། དུས་མ་ཡིན་པར་ཆར་འབབ་པའི་དུས་ཀྱི་ཚེ། སྦྲུལ་འབྱུང་བའི་དུས་ཀྱི་ཚེ། ལྕེ་འབབ་པའི་དུས་ཀྱི་ཚེ། མུ་གེ་འབྱུང་པའི་དུས་ཀྱི་ཚེ། ལོག་བར་ལྟ་བའི་དུས་ཀྱི་ཚེ། ཡང་དག་པ་མ་ཡིན་པར་ལྟ་བའི་དུས་ཀྱི་ཚེ། མུ་སྟེགས་ཅན་གྱི་གསང་སྔགས་ཡོངས་སུ་འཚོལ་བའི་དུས་ཀྱི་ཚེ། སངས་རྒྱས་ཀྱི་བྱང་ཆུབ་རབ་ཏུ་འཇིག་བར་འགྱུར་བའི་དུས་ཀྱི་ཚེ། བྱང་ཆུབ་སེམས་དཔའ་བདུན་སྟོང་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་དང ། ལྗོངས་ནས་བསྐྲད་ནས་དེ་དག་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་དང་ལྷན་ཅིག་ཀུན་ཏུ་བཟང་པོ་ཞེས་བྱ་བའི་ནགས་ཁྲོད་དེར་རྟེན་ཅིང་གནས་ཏེ་དགེ་སློང་དེ་དག་ལ་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་སྟོན་ཏོ། །ཀུན་དགའ་བོ། ནགས་ཁྲོད་དེའང་དུས་ཐམས་ཅད་དུ་སྣང་བའི་མེ་ཏོག་སྣ་ཚོགས་དང ། སྙེ་མ་དང་འཁྲི་ཤིང་དང་འབྲས་བུ་དག་དང་ལྡན་པ། དཔག་བསམ་གྱི་ཤིང་དང་འདྲ་བ། ཤིང་སྣ་ཚོགས་ཀྱིས་གང་ཞིང་སའི་གཞིའང་
201a
༄#། །གཟུགས་དང་ཁ་དོག་དུ་མ་དང ། ས་བོན་དང་མྱུ་གུ་ཐམས་ཅད་ཀྱིས་བརྒྱན་པ། བྲག་དང་རྡོ་བ་སྣ་ཚོགས་མཛེས་ཤིང་དྲི་མ་མེད་པ། ཡངས་ཤིང་མཐོ་བ་དང་གསེར་གྱི་རི་དག་གིས་མཛེས་པར་བྱས་ཤིང་སྡུག་པ། གྲུབ་པའི་རིག་སྔགས་འཆང་དང ། དྲི་ཟའམ། སྐྱེས་བུའམ། དྲང་སྲོང་དང་མི་འམ་ཅི་དག་གནས་པ། བྱད་གཟུགས་དང་ཁ་དོག་ཆེ་ཞིང་རྣམ་པ་སྣ་ཚོགས་མང་པོ་གནས་པ། སངས་རྒྱས་དུ་མ་བཞུགས་བཞུགས་པ། དགའ་ཚལ་དང་འདྲ་བ་ཀུན་ཏུ་བཟང་ཞིང་རྣལ་འབྱོར་དང་མཐུན་པའི་ནགས་ཚལ་དམ་པ་ཀུན་ཏུ་བཟང་པོ་དེ་ན་བྱང་ཆུབ་སེམས་དཔའ་དེ་དག་རྣལ་འབྱོར་ལ་རྗེས་སུ་བརྩོན་ཞིང་གནས་པར་གྱུར་ཏོ། །ཡང་ཀུན་དགའ་བོ། ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་དེ་གཅིག་པུ་དབེན་པར་སོང་ནས།་ནང་དུ་ཡང་དག་འཇོག་ལ་ཞུགས་ཏེ། ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་བལྟས་ན། བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་མང་པོ་དགེ་བའི་རྩ་བ་བསྐྱེད་པ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདིར་སྐྱེས་ཏེ། དེ་དག་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་མཉན་པ་རྙེད་ན་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། གལ་ཏེ་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་མཉན་པ་མ་རྙེད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པ་དག་མཐོང་ངོ ། །དེ་ནས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་
201b
དྲན་ཞིང་ཤེས་བཞིན་དུ་ཏིང་ངེ་འཛིན་དེ་ལས་ལངས་ནས་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་ག་ལ་ཡོད་པ་དེར་སོང་སྟེ་བྱིན་ནས་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག་།ཁོ་བོ་ནི་འགྲོའོ། །གྲོང་དང ། གྲོང་ཁྱེར་དང ། གྲོང་འདབ་དང ། ལྗོངས་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་དུ་སོང་ལ་སེམས་ཅན་རྣམས་ལ་ཆོས་བསྟན་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེ་དག་གིས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ནགས་ཁྲོད་འདི་ནས་གྲོང་དང ། གྲོང་ཁྱེར་དང།་གྲོང་འདབ་དང ། ལྗོངས་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་དུ་འགྲོ་བ་འདི་ནི་ཁོ་བོ་ཅག་འདོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་ལྷག་པའི་ང་རྒྱལ་ཅན་མང་པོ་དམ་པའི་ཆོས་སྤོང་བ་དག་བྱུང་བའི་དུས་ལ་བབ་ཀྱི། དེ་དག་ཚེ་དང་ལྡན་པའི་སྲོག་གཅོད་པར་གྱུར་ན་མ་ལེགས་སོ། །ཚེ་དང་ལྡན་པ་ནི་ཤིན་ཏུ་མཛེས་ཤིང་བྱད་བཞིན་བཟང་ལ་བལྟ་ན་སྡུག་སྟེ། དང་པོའི་ལང་ཚོ་དང་ལྡན་ཞིང ། ན་ཚོད་དར་ལ་བབ་སྟེ། མདོག་ནི་གསེར་བཙོམ་བཟང་པོ་འདྲ། དཔྲལ་བ་ནི་དུང་དང་ཟླ་བ་དང་མེ་ཏོག་ཀུནདའི་ཁ་དོག་ལྟ་བུའི་མཛོད་སྤུས་བརྒྱན། སྐྲ་དང་གཙུག་ཏོར་ནི་མཐོན་མཐིང་ལ་ལྕང་ལོར་འཁྱིལ་བ་ཡིན་པས་རྒྱལ་པོའམ། རྒྱལ་པོའི་བློན་པོའམ། དེ་དང་འདྲ་བ་གཞན་དག་
202a
༄#། །ཀྱང་ཕྲག་དོག་དང་འཇུངས་པས་ནོན་པའི་སེམས་ཀྱིས་ཁྱོད་ཀྱི་སྲོག་བཅད་ན་མ་ལེགས་སོ། །དེ་ནས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་ཀྱིས་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེ་ལ་འདི་སྐད་དུ་གལ་ཏེ་ཁོ་བོས་བདག་ཉིད་བསྲུང་བ་བྱས་ན་ཁོ་བོས་འདས་པ་དང ། མ་བྱོན་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་བསྲུང་བར་མི་འགྱུར་རོ། །ཞེས་ཟེར་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བདག་ཏུ་འདུ་ཤེས་འདི་ལ་གནས་ནས་སུ། །བསྟན་པ་འདི་ལ་བསྲུང་བར་ཡོང་མི་ནུས། །མི་བཟད་ཕྱི་དུས་བདེ་བར་གཤེགས་པ་ཡི། །བྱང་ཆུབ་བསྟན་པ་བཀོད་པ་ཆེན་པོ་ཡིན། །གང་གིས་བདག་ཏུ་འདུ་ཤེས་ཀུན་སྤངས་ཤིང ། །སེམས་ཅན་འདི་དང་གང་ཟག་སྨྲ་གནས་དང ། ། གཟུགས་དང་སྒྲ་དང་དྲི་དང་རོ་རྣམས་དང ། །རེག་བྱ་སྤོང་བ་དེ་ནི་བསྟན་པ་བསྲུང ། །བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། །དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང ། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང ། །བདེ་གཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ། ། ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་བྱེ་བྲག་འཕགས། །སྐྱེས་བུ་ཁྱུ་མཆོག་གི་ནི་དམ་པའི་ཆོས། །འཇིག་པར་འགྱུར་ཚེ་གང་དག་བཏང་སྙོམས་
202b
སྒོམ། །དེ་ཡིས་རྒྱལ་བ་བཀུར་སྟི་བྱས་མ་ཡིན། །འདྲེན་པ་དག་ལ་རི་མོར་དེས་མ་བྱས། །ཁྱེད་བདེ་རང་གི་དོན་གྱིས་ལ། །བདག་ཉིད་རབ་ཏུ་བསྲུང་བར་གྱིས། །ཁྱེད་ནི་རྟག་ཏུ་བྱམས་གནས་ཤིང། །འདུལ་བ་འདི་ལ་བག་ཡོད་གྱིས། །མ་འདྲེས་དག་གཙང་དྲི་མེད་པ། །ཚུལ་ཁྲིམས་དྲང་པོར་བསྲུང་བར་གྱིས། །གང་གིས་ཚུལ་ཁྲིམས་དྲི་མ་མེད། །སངས་རྒྱས་བསྔགས་པ་བསྲུངས་པ་ནི། །དེ་ཡིས་ཇི་སྙེད་སྔོན་བྱུང་བ། །བདེ་གཤེགས་ཐམས་ཅད་རི་མོར་བྱས། །དེ་ཡིས་ཐམས་ཅད་བསྐྱབས་པ་ཡིན། །སྐྱེ་བོའི་ཚོགས་རྣམས་བྱང་ཆུབ་བཀོད། །སྔོན་གྱི་སངས་རྒྱས་དག་གིས་བསྟོད་པ་ཡི། །ཚུལ་ཁྲིམས་དྲི་མ་མེད་པ་སུས་བསྲུངས་པ། །དེ་དག་གིས་ནི་སེམས་ཅན་མང་པོ་ཡང ། །སེམས་ཅན་དམྱལ་བ་དང་ནི་སྡིག་ལས་དྲངས། །ཆོས་མཆོག་རིན་ཆེན་སྦྱིན་པ་སྦྱིན་པར་གྱིས། །བཟོད་པ་དག་ཀྱང་རྟག་ཏུ་བསྲུང་གྱིས་ལ། །དགོན་པར་གནས་ཤིང་ཏིང་འཛིན་མཁས་པ་དང ། །འཇམ་ཞིང་མཉེན་པ་དག་ཀྱང་བསྒོམ་པར་གྱིས། །རྣམ་པ་ཀུན་ཏུ་རྩོད་པ་མ་བྱེད་པར། །སྤྱད་པ་བཞི་མཆོག་འདི་ལ་རྣམ་པར་སྤྱོད། །བདག་ནི་སེམས་ཅན་རྣམས་ཀྱང་བསྐྱབ་པའི་ཕྱིར། །གྲོང་དང་རྒྱལ་པོའི་ཕོ་བྲང་འགྲོ་བར་བྱ། །བློ་གྲོས་ཆེ་འཆང་སེམས་ཅན་དམ་པའི་མཆོག་།དྲང་སྲོང་དེ་ནི་འགྲོ་བར་བྱས་པ་དང ། །ཁ་ཅིག་རྐང་པ་ལ་ཡང་འཇུ་བར་བྱེད། །སྙིང་རྗེ་བར་ཡང་ངུ་ཞིང་མཆི་མ་ཟག་།མཁས་པ་བློ་གྲོས་ཆེན་པོ་མ་བཞུད་པར། །སྒྲ་
203a
༄#། །འཇམ་ཡིད་དུ་འོང་ཞིང་མཛེས་པ་ཡི། །ཞིང་འདི་རྣམས་ལ་གཟིགས་ཤིང་རྟོག་པ་མཛོད། །བདག་ཉིད་བསྲུང་བ་མཛོད་ལ་མ་བཞུད་ཅིག་།སྔོན་གྱི་སྟོབས་བཅུ་འདྲེན་པ་དེ་དག་ཀྱང ། །དབང་པོ་ཞི་ཞིང་ཤིན་ཏུ་ངེས་པ་རྣམས། །ནགས་ཚལ་བྲག་དང་རི་ཡི་རྩེར་གཤེགས་ནས། །བྱང་ཆུབ་དམ་པ་དག་ནི་ཐུགས་སུ་ཆུད། །བྱང་ཆུབ་རྒྱུར་ཡང་སྤྱོད་པ་དམ་པ་སྤྱད། །དེ་དག་བསོད་ནམས་ཡེ་ཤེས་མཆོག་དང་ལྡན། །དེ་དག་རྗེས་སློབས་ནགས་ཁྲོད་གནས་པར་མཛོད། །བརྟུལ་ཞུགས་བཟང་པོ་འདི་ནས་མ་བཞུད་ཅིག ། ལུས་ནི་ཤིན་ཏུ་མཛེས་པའི་མཚན་གྱིས་བརྒྱན། །ཁྱོད་ཀྱི་སྐྲ་ཡང་མཐོན་མཐིང་ཁ་དོག་སྟེ། །གསེར་གྱི་ཁ་དོག་དང་འདྲ་འོད་བྱེད་པ། །ས་འདི་ཀུན་ཀྱང་རབ་ཏུ་སྣང་བར་གྱུར། །ཁྱོད་ཀྱི་མཛོད་སྤུ་བཞིན་གྱི་སྨིན་མཚམས་ན། །ཤིན་ཏུ་མཛེས་པ་དུང་དང་འདྲ་བའི་འོད། །རྒྱལ་པོ་དག་ཀྱང་དེ་བཞིན་སྲིད་ཀྱི་ཕྱིར། །ཕྲག་དོག་བསྐྱེད་ནས་ཁྱོད་ཀྱི་ལུས་བཤིག་འགྱུར། །དེ་ནས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་ཀྱིས་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེ་ལ་ཚིགས་སུ་བཅད་པས་སྨྲས་པ། ཇི་སྙེད་སྔོན་གྱི་བདེ་གཤེགས་བྱུང་བ་ནི། །ཐམས་ཅད་མཁྱེན་ཅིང་ཟག་པ་ཟད་པ་རྣམས། །དེ་དག་ཐམས་ཅད་འཇིག་རྟེན་དོན་མཛད་དེ། །སྲིད་པ་གསུམ་དུ་བྱང་ཆུབ་དམ་པ་རྟོགས། །སྤྱད་པའི་དམ་པ་བྱང་ཆུབ་རྒྱུ་སྤྱད་དེ། །དེ་དག་བསོད་ནམས་ཡེ་ཤེས་མཆོག་
203b
དང་ལྡན། །དེ་ཡི་རྗེས་བསླབས་བྱང་ཆུབ་སེམས་དཔའ་ཡང ། །སེམས་ཅན་ཁྲག་ཁྲིག་རྣམས་ཀྱི་སྐྱབས་བྱེད་འདོད། །དྲང་སྲོང་མཁས་པ་ཀུན་གྱིས་བསྐོར་བྱས་ཏེ། །རྐང་པ་ལ་ཡང་ཕྱག་འཚལ་ཤུགས་ཕྱུང་ནས། །མི་བཟད་སྙིང་རྗེ་བར་ནི་སྒྲ་འབྱིན་ཅིང ། །ཉམ་ཐག་མི་བདེ་ཆོ་ངེས་འདེབས་པར་བྱེད། །ཁ་ཅིག་རབ་ཏུ་འགྱེལ་ཅིང་བརྒྱལ་ནས་སུ། །ས་ལ་ལྷུང་བ་སཱ་ལ་བཅད་འགྱེལ་བཞིན། །འོན་ཀྱང་དྲང་སྲོང་སེམས་ཅན་དོན་འདོད་པ། །བསོད་ནམས་བསག་པས་དེ་ལས་ཕྱིར་མི་ལྡོག་།དྲང་སྲོང་ཆོས་གོས་ལྷུང་བཟེད་ཐོགས་ནས་ཆས། །ཇི་ལྟར་སེང་གེ་རལ་བ་ཅན་དག་བཞིན། །དེ་ནི་ཆོས་ཀྱི་རང་བཞིན་གནས་པས་ན། །དེ་ལ་ཡོན་ཏན་ཉེས་པར་བྱ་བ་མེད། །འཇིག་རྟེན་འདི་ན་ནགས་ཁྲོད་བདག་གནས་པས། །སེམས་ཅན་ངན་སོང་སོང་ན་མ་ལེགས་ཞེས། །དེ་ནི་སེམས་ཅན་བརྒྱལ་བའི་དོན་གྱི་ཕྱིར། །གྲོང་ཁྱེར་ཕོ་བྲང་མཆོག་ཏུ་སོང་བར་གྱུར། །དེ་ནས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང།་ལྗོངས་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་དུ་འོངས་ནས་སེམས་ཅན་རྣམས་ལ་ཆོས་བསྟན་ཏེ། དེའི་སྔ་དྲོ་དེར་འོངས་ནས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་དགུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་བཀོད་དོ། །ད་དུང་རྒྱལ་པོའི་ཕོ་བྲང་དེར་མ་ཕྱིན་པས་དེ་མཐར་གྱིས་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་པ་
204a
༄#། །དེར་ཕྱིན་པ་དང་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་པ་དེར་ཉེ་བར་སོང་སྟེ། ཤིང་བླག་ཤ་དང་སཱ་ལའི་དྲུང་དུ་འདུག་གོ་།དེ་དེའི་ནུབ་མོ་འདས་པ་དང་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་པར་གྱུར་ཏེ། ཞུགས་ནས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་ལྡོག་པར་བཀོད་ཀྱང་ད་དུང་ཟས་ཀྱི་བྱ་བ་མ་བྱས་སོ། །དེ་ཟས་གཅད་པ་བཅད་ནས་རྒྱལ་བོའི་ཕོ་བྲང་འཁོར་རིན་ཆེན་ལྡན་ནས་བྱུང་སྟེ། བཅོམ་ལྡན་འདས་ཀྱི་སེན་མོའི་མཆོད་རྟེན་གང་ན་ཡོད་པ་དེར་སོང་སྟེ། འགྲེང་བཞིན་དུ་ཉིན་མཚན་འདས་པར་བྱས་སོ། །དེ་དེའི་ནུབ་མོ་འདས་ནས་དེ་སྔ་དྲོ་གཉིས་པ་ལ་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་ནས་སྲོག་ཆགས་བྱེ་བ་ཕྲག་ཉི་ཤུ་རྩ་གསུམ་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་ལྡོག་པར་བཀོད་དེ་ད་དུང་ཟས་ཀྱི་བྱ་བ་མ་བྱས་སོ། །དེ་ཟས་གཉིས་པ་གཅད་པ་བཅད་ནས་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་ནས་བྱུང་སྟེ། བཅོམ་ལྡན་འདས་ཀྱི་སེན་མོའི་མཆོད་རྟེན་གང་ན་ཡོད་པ་དེར་སོང་སྟེ། འགྲེང་བཞིན་དུ་ཉིན་མཚན་འདས་པར་བྱས་སོ། །དེ་དེའི་ནུབ་མོ་འདས་ནས་དེ་སྔ་དྲོ་གསུམ་པ་ལ་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་ནས་སྲོག་ཆགས་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་ལྡོག་པར་བཀོད་དེ་ད་དུང་ཟས་ཀྱི་བྱ་བ་མ་བྱས་སོ། །དེ་ཟས་གསུམ་
204b
པ་གཅད་པ་བཅད་ནས་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་ནས་བྱུང་སྟེ། བཅོམ་ལྡན་འདས་ཀྱི་སེན་མོའི་མཆོད་རྟེན་གང་མ་ཡོད་པ་དེར་སོང་ནས་འགྲེང་བཞིན་དུ་ཉིན་མཚན་འདས་པར་བྱས་སོ། །དེ་དེའི་ནུབ་མོ་འདས་ནས་དེ་སྔ་དྲོ་བཞི་པ་ལ་རྒྱལ་པཱི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་ནས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བཀོད་དེ་ད་དུང་ཟས་ཀྱི་བྱ་བ་མ་བྱས་སོ། །དེ་ཟས་བཞི་པ་གཅད་པ་བཅད་ནས་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་ནས་བྱུང་སྟེ།་བཅོམ་ལྡན་འདས་ཀྱི་སེན་མོའི་མཆོད་རྟེན་གང་ན་ཡོད་པ་དེར་སོང་ནས་འགྲེང་བཞིན་དུ་ཉིན་མཚན་འདས་པར་བྱས་སོ། །དེ་དེའི་ནུབ་མོ་འདས་ནས་དེ་སྔ་དྲོ་ལྔ་པ་ལ་བཙུན་མོའི་འཁོར་གྱི་ནང་དུ་སོང་ནས་བུད་མེད་བརྒྱད་ཁྲི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བཀོད་དོ། །གྲོང་ཁྱེར་དེ་ནས་ཀྱང་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བཀོད་དེ་ད་དུང་ཟས་ཀྱི་བྱ་བ་མ་བྱས་སོ། །དེ་ཉི་མ་ལྔ་ཟས་གཅད་པ་བཅད་ནས་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་ནས་བྱུང་སྟེ། བཅོམ་ལྡན་འདས་ཀྱི་སེན་མོའི་མཆོད་རྟེན་གང་ན་ཡོད་པ་དེར་སོང་ནས་འགྲེང་བཞིན་དུ་ཉིན་མཚན་འདས་པར་བྱས་སོ། །དེ་དེའི་ནུབ་མོ་འདས་ནས་སྔ་དྲོ་དྲུག་
205a
༄#། །པ་ལ་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་ནས་རྒྱལ་པོའི་བུ་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བཀོད་དེ་ད་དུང་ཟས་ཀྱི་བྱ་བ་མ་བྱས་སོ། །དེ་ཉི་མ་དྲུག་ཟས་གཅད་པ་བཅད་ནས་རྒྱལ་པཱི་ཕོ་བྲང་འཁོར་རིན་ཆེན་ལྡན་ནས་བྱུང་སྟེ། བཅོམ་ལྡན་འདས་ཀྱི་སེན་མོའི་མཆོད་རྟེན་གང་ན་ཡོད་པ་དེར་སོང་ནས་འགྲེང་བཞིན་དུ་ཉིན་མཚན་འདས་པར་བྱས་སོ། །དེ་དེའི་ནུབ་མོ་འདས་ནས་དེ་སྔ་དྲོ་བདུན་པ་ལ་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་པ་དང་རྒྱལ་པོ་དཔའ་བས་བྱིན་སྐྱེད་མོས་ཚལ་དུ་འགྲོ་བ་མཐོང་སྟེ། གསེར་གྱི་ཤིང་རྟ་ལ་ངོས་ནི་དངུལ། མདའ་ནི་སྤྲུལ་གྱི་སྙིང་པཱི་ཙནྡན། འཁོར་ལོ་ནི་བཻ་ཌཱུརྱ། གདུགས་དང ། རྒྱལ་མཚན་དང ། བ་དན་བསྒྲེང་བ་དང ། རིན་པོ་ཆེའི་ཤིང་རྟ་སྣ་ཚོགས་ཀྱིས་བརྒྱན་པ། ཤིང་རྟའི་མདའ་ལ་དར་གྱིས་དཀྲིས་ཤིང་རས་བཅོས་བུ་ཕྲུགས་ཀྱིས་གཡོགས་པ་དེ་བུ་མོ་གཞོན་ནུ་བརྒྱད་བརྒྱས་རིན་པོ་ཆེའི་ཐ་གུས་བཏགས་ཤིང་འདྲེན་ཏེ། དེ་དག་བྱད་བཞིན་བཟང་ཞིང་མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པའི་མཆོག་དང་ལྡན་པ། བྱིས་པ་རྣམས་དགའ་བར་བྱེད་ཅིང་ཚིམ་པར་བྱེད་པ་སྟེ། མཁས་པ་རྣམས་ལ་ནི་མ་ཡིན་ནོ། །རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་བརྒྱད་ཁྲི་བཞི་སྟོང་ཡང་ཞབས་འབྲིང་མཐོ་དམན་དུ་
205b
འགྲོའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་བརྒྱད་ཁྲི་བཞི་སྟོང་ཡང་ཞབས་འབྲིང་མཐོ་དམན་དུ་འགྲོའོ། །ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུ་བརྒྱད་ཁྲི་བཞི་སྟོང་ཡང་ཞབས་འབྲིང་མཐོ་དམན་དུ་འགྲོའོ། །རྒྱལ་པཱི་བུ་མོ་ལྔ་བརྒྱའང་རིན་པོ་ཆེའི་ཁྱོགས་ཀྱི་ནང་དུ་བཞུགས་ནས་མདུན་ཐོག་ཐག་ཏུ་འགྲོ་སྟེ། དེ་དག་གིས་དགེ་སློང་དེ་མཐོང་མ་ཐག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །བཙུན་མོའི་འཁོར་བརྒྱ་སྟོང་ཕྲག་དྲུང་ཅུ་རྩ་བརྒྱད་ཀྱང་དགེ་སློང་དེ་མཐོང་མ་ཐག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །སྐྱེ་བོའི་ཚོགས་ཆེན་པོ་དེ་དག་ཀྱང་ནོར་བུ་དང་གདུ་བུ་རྣམས་བཀྲོལ་ཏེ་ལྷམ་རྣམས་བཞག་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ།་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། དགེ་སློང་དེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ཞིང་འཁོད་དོ། །དེ་ནས་བུ་མོ་གཞོན་ནུ་དེ་དག་ཀྱང་སྔོན་གྱི་དགེ་བའི་རྩ་བ་དག་གིས་བསྐུལ་བས་ཁྱོགས་དེ་དག་ལས་བབས་ནས་ནོར་བུ་དང་གདུ་བུ་དག་བཀྲོལ་ཏེ་ལྷམ་རྣམས་བཞག་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་དགེ་སློང་དེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དགེ་སློང་འདི་ནི་བྱོན་པའི་ཚེ། །ཉི་མ་ལྟ་བུར་ཐམས་ཅད་དུ། །འདི་དག་རབ་ཏུ་སྣང་
206a
༄#། །བར་བགྱིས། །སྐྱེ་བོའི་ཚོགས་ཀྱང་འདུན་པར་གྱུར། །འདོད་ཆགས་ཞེ་སྡང་རྒྱུན་བཅད་ཅིང ། །གཏི་མུག་དག་ཀྱང་བསལ་བར་གྱུར། །དེ་ཚེ་ཞེ་སྡང་ཁྲོ་བ་དང ། །ཕྲག་དོག་ཐམས་ཅད་བཅད་པར་གྱུར། །རྒྱལ་པོ་དཔའ་བས་བྱིན་པ་ཡི། །ཞབས་འབྲིང་སྲས་ལ་སོགས་པ་ཡང ། །སུ་ཡང་རྒྱལ་པོ་མི་ལྟ་སྟེ། །སུ་ཡང་ཞབས་འབྲིང་མི་བགྱིད་དོ། །ཇི་ལྟར་ཟླ་བ་ཉ་བ་ནི། །སྐར་མ་དག་གིས་བསྐོར་བ་བཞིན། །རྒྱལ་པཱི་བུ་ཡིས་མདུན་བདར་བས། །དགེ་སློང་འདི་ཡང་མཛེས་པར་གྱུར། །ཇི་ལྟར་གསེར་གཟུགས་རི་མོ་དག་།མཁས་པས་རི་མོར་བྲིས་པ་དང ། །སཱ་ལའི་རྒྱལ་པོ་རྒྱས་པ་ལྟར། །དེ་བཞིན་དགེ་སློང་མཛེས་པར་གྱུར། །མཐུ་ཆེན་བརྒྱ་བྱིན་ལྷ་ཡི་དབང་པོ་ནི། །གྲོང་ཁྱེར་འཇིག་པ་བདག་པོ་མིག་སྟོང་ལྡན། །རི་རབ་སྤྱི་ལ་སུམ་ཅུ་རྩ་གསུམ་དབང ། །དེ་བཞིན་དགེ་སློང་བྱོན་པ་འདི་ཡང་མཛེས། །ཚངས་པའི་འཇིག་རྟེན་ཚངས་པ་གནས་པ་འདྲ། །རབ་འཕྲུལ་ལྷ་ཡི་བུ་ནི་ལྷ་དབང་བཞིན། །འདོད་ཁམས་འཐབ་བྲལ་མཆོག་གི་ལྷ་བཞིན་དུ། །དགེ་སློང་བྱོན་པ་འདི་ཡང་དེ་བཞིན་མཛེས། །ཉི་མ་བཞིན་དུ་བར་སྣང་ལྷན་ནེར་བགྱིས། །འོད་ཟེར་སྟོང་ལྡན་མུན་ནག་རབ་ཏུ་སེལ། །ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིད་པ་ལྟར། །དེ་བཞིན་དགེ་སློང་བྱོན་པ་མཛེས་པར་གྱུར། །བསྐལ་པ་མཐའ་ཡས་རྒྱ་ཆེར་སྦྱིན་པ་བྱིན། །
206b
ཚུལ་ཁྲིམས་མ་འདྲེས་རྟག་ཏུ་བསྲུང་བ་བགྱིས། །བཟོད་པ་མཚུངས་མེད་འཇིག་རྟེན་ཀུན་ཏུ་བསྒོམས། །དེ་ནི་མཚན་གྱིས་བརྒྱན་ཅིང་འདི་ལྟར་མཛེས། །འཕགས་པའི་སྐྱེ་བོས་རབ་བསྟོད་བརྩོན་འགྲུས་བསྐྱེད། །བསམ་གཏན་བཞི་ཡང་ཞུམ་མེད་སེམས་ཀྱིས་བསྙེན། །ཉོན་མོངས་དྲ་བ་བསལ་ཅིང་ཤེས་རབ་བསྐྱེད། །དེ་ཕྱིར་དགེ་སློང་འཇིག་རྟེན་ཀུན་ཏུ་གདའ། ། སངས་རྒྱས་བསྟན་པ་མཚུངས་མེད་སེམས་ཅན་སྙིང་པོ་སྟེ། །དཔའ་བོ་འདས་པས་ཆོས་མཆོག་དག་ཀྱང་རབ་ཏུ་བཤད། །མ་འོངས་དུས་དང་དེ་བཞིན་ད་ལྟར་བྱུང་བ་ཡི། །ཆོས་ཀྱི་རྒྱལ་པོ་དབང་བརྙེས་རྣམས་ཀྱི་སྲས་དེ་ལགས། །དགེ་སློང་ཁྱོད་ནི་མི་རྟག་ནམ་ཡང་མ་གྱུར་ཅིག་།གཟུགས་ནི་འདི་ལྟར་འཇིག་རྟེན་ཀུན་ན་རབ་ཏུ་ལྷན། །གཟི་བརྗིད་ཆེ་ཞིང་དབྱངས་སྒྲ་ཤིན་ཏུ་སྙན་པར་གདའ། །རྒྱལ་པོའི་གཟི་བརྗིད་ཤིན་ཏུ་ལྷམ་མེ་སྣང་མི་བགྱིད། །ཆོས་འདི་ཇི་ལྟར་ཁྱོད་བདག་ཉིད་ཀྱིས་རབ་རྟོགས་ཤིང ། །སངས་རྒྱས་དག་གིས་བཀའ་སྩལ་འཇིག་རྟེན་ཀུན་ཏུ་རྒྱུ། །དེ་བཞིན་བདག་ཅག་བུད་མེད་དངོས་པོ་ཀུན་སྤངས་ཏེ། །བདག་ཅག་ཐམས་ཅད་དགེ་སློང་འདི་བཞིན་འགྱུར་བར་བགྱི། །དེ་དག་ཐམས་ཅད་སོར་བཅུ་ཐལ་མོ་སྦྱར་བྱས་ནས། །ཚིགས་བཅད་འདི་དག་སྨྲས་ཏེ་གོས་རྣམས་འཐོར་བར་བྱེད། །གསེར་གྱི་ཕྲེང་བ་དང་ནི་རིན་ཆེན་དོ་ཤལ་དང ། །རྣ་བའི་རྒྱན་དང་མགུལ་གྱི་རྒྱན་དག་རྣམ་མང་འཐོར། །ཇི་ལྟར་
207a
༄#། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་དག་།སྟོབས་ལྡན་ས་འདི་ཀུན་ལ་རྣམ་པར་ལྟ། །སྲས་སུ་འདུ་ཤེས་དག་ནི་ཉེ་བར་འཇོག་།གླིང་རྣམས་བཞི་པོ་འདི་དག་ཀུན་ཏུ་འགྲོ་།རྒྱལ་རིགས་དང་ནི་ཚོང་དཔོན་བྲམ་ཟེ་དང ། །ཁྱིམ་བདག་མཁར་གྱི་རྒྱལ་པོ་བདག་གི་མི། །དེ་དག་གཅིག་ལ་ལྷག་པར་སྡུག་པ་མེད། །ཐམས་ཅད་ལ་ཡང་བྱམས་པ་མཉམ་པར་བསྐྱེད། །དེ་བཞིན་དགེ་སློང་དེས་པ་འདི་ཡང་ནི། །གཟུངས་དང་དབང་རྣམས་ལ་ནི་ཤིན་ཏུ་བསླབས། །བྱང་ཆུབ་ཡན་ལག་སྟོབས་དང་དབང་པོ་དང ། །ཡན་ལག་བརྒྱད་ལྡན་ལམ་ཡང་རྣམ་པར་འབྱེད། །མཚན་མོ་ཟླ་བ་སྐར་ཚོགས་དབུས་ན་ཡང ། །ཇི་ལྟར་རབ་ཏུ་མཛེས་པར་སྣང་བ་བཞིན། །ཇི་ལྟར་ཉི་མའི་དཀྱིལ་འཁོར་འཆར་བའི་ཚེ། །གཟི་བརྗིད་ལྡན་ཞིང་རྣམ་པར་སྣང་བགྱིད་བཞིན། །དབང་པོ་ཞི་ཞིང་སྟོབས་བཅུ་ལྡན་པ་ཡི། །སངས་རྒྱས་དེས་པ་ཀུན་ལ་ཕྱག་འཚལ་ལོ། །དེ་དག་གིས་ནི་བསྔགས་པ་བསྐལ་པ་བརྒྱས། །ཟད་པར་བྱེད་ནུས་སྐྱེས་བུ་སུ་ཡང་མེད། །བསྐལ་པ་བྱེ་བ་སྟོང་ཕྲག་མང་པོར་ནི། །ཡོན་ཏན་བརྗོད་ཀྱང་ཟད་པ་ཡོང་མེད་དེ། །འཇིག་རྟེན་རབ་མཆོག་གི་ནི་སྤུ་གཅིག་ཀྱང ། །བསྔགས་པ་དག་ནི་ཟད་པར་མི་འགྱུར་རོ། །དེས་ནི་མཚུངས་མེད་འཁོར་ལོ་རབ་ཏུ་བསྐོར། །ཡེ་ཤེས་དག་གི་གནས་ཀྱང་ཤིན་ཏུ་བསྟན། །ཞིབ་ཅིང་རྡུལ་བྲལ་ཆོས་རྣམས་བཤད་པ་མཛད། །དེ་ནི་གང་ནའང་སྣང་
207b
བར་འགྱུར་བ་མེད། །དགེ་སྦྱོང་དང་ནི་བྲམ་ཟེ་ལྷ་དང་ཀླུ། །ལྷ་མིན་བདུད་དང་ཚངས་པར་བཅས་ལ་སོགས། །སངས་རྒྱས་ཐམས་ཅད་མཁྱེན་པའི་ཡོན་ཏན་གྱིས། །རྒྱ་མཚོ་དག་ནི་ཟད་པར་ཡོང་མི་ནུས། །གང་གིས་ཐུགས་སྲས་འདི་འདྲ་མངའ་བ་ཡི། །སྨན་རྒྱལ་མཚུངས་མེད་རྒྱལ་ལ་ཕྱག་འཚལ་ལོ། །ཚིགས་བཅད་འདི་དག་སྨྲས་ནས་དེ་ཡི་ཚེ། །རྒྱལ་པོའི་བུ་མོ་གཞོན་ནུ་ཐམས་ཅད་དགའ། །གསེར་དང་གསེར་ཕྱེ་དག་ཀྱང་འཐོར་བར་བྱེད། །གོས་རྣམས་ཀྱང་ནི་རབ་ཏུ་འདིང་བར་བྱེད། །གཙུག་གི་ནོར་བུ་དོ་ཤལ་མཛེས་པ་དག་།རིན་ཐང་བྱེ་བ་ཕྲག་ནི་བརྒྱ་རི་བས། ། དགེ་སློང་དེ་ལ་མངོན་པར་གཡོགས་ནས་ནི། །དགའ་ནས་བྱང་ཆུབ་ཕྱིར་ཡང་རབ་ཏུ་ཞུགས། །དེ་ནས་རྒྱལ་པོ་དཔའ་བས་བྱིན་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བཙུན་མོའི་འཁོར་འདི་དག་ནི་ལོག་པར་ཞུགས་ཏེ་སྐྱེ་བོའི་ཚོགས་ཀྱང་ལོག་གོ་སྙམ་མོ། །སྐྱེ་བོ་དེ་དག་ཀྱང་ནོར་བུ་དང་གདུ་བུ་བཀྲོལ། ལྷམ་བཞག་ནས་གོས་ཕྲག་པ་གཅིག་ཏུ་བགོས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་དགེ་སློང་དེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་ཕྱག་བཙལ་ཏོ། །དགེ་སློང་དེ་བྱད་གཟུགས་བཟང་བ་ཙམ་དུ་རྒྱལ་པོ་དཔའ་བས་བྱིན་བྱད་བཞིན་མི་བཟང ། དེ་ཙམ་དུ་བལྟ་ན་སྡུག་པ་མ་ཡིན། དེ་ཙམ་དུ་མཛེས་པ་མ་ཡིན་ཏེ། དེ་རྒྱལ་པོའི་སྲིད་ཀྱི་ཕྱིར་ཤིན་ཏུ་དངངས་པར་གྱུར་ཏོ། །དགེ་སློང་དེའི་གཟུགས་ཀྱི་ལུས་ཡོངས་སུ་རྫོགས་པ་མཐོང་ནས་ཤིན་ཏུ་ཁྲོས་སོ། །དགེ་
208a
༄#། །སློང་དེ་རྒྱལ་པོའི་ལམ་ན་འདུག་པའི་མིག་ཏུ་རྡུལ་སོང་བ་དང་དེ་འདི་སྙམ་དུ་སེམས་ཏེ། དགེ་སློང་འདིས་ཆགས་པའི་སེམས་ཀྱིས་ངའི་བཙུན་མོའི་འཁོར་ལ་བལྟས་ཏེ། འདིས་མིག་གིས་ཀྱང་བརྡ་བྱས་སོ། །དེ་འདི་སྙམ་དུ་སེམས་ཏེ། ད་དགེ་སློང་འདི་ལ་སྲོག་གཅོད་པར་བྱེད་པ་སུ་ཡོད་སྙམ་མོ། །དེ་ནས་རྒྱལ་པོ་དཔའ་བས་བྱིན་གྱི་ཞབས་འབྲིང་དུ་བུ་སྟོང་འབྲང་བ་དེ་དག་བོས་ནས། གཞོན་ནུ་དག་།དགེ་སློང་འདི་སྲོག་དང་ཕྲོལ་ཅིག་ཅེས་བྱས་ན། གཞོན་ནུ་དེ་དག་རྒྱལ་པོ་དཔའ་བས་བྱིན་ལ་སླར་ཟློག་གོ་།དགེ་སློང་དེའི་ཕྱིར་དེ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་དག་ཀྱང་བཀའ་མི་ཉན་ཏེ། བདག་གཅིག་པུ་གཉིས་སུ་མེད་པར་བཞག་ནད་དགེ་སློང་འདི་སྲོག་དང་བྲལ་བར་བྱེད་པ་སུ་ཡོད་སྙམ་མོ། །དེ་ནས་རྒྱལ་པོ་དཔའ་བས་བྱིན་ལ་གསོད་པའི་གཤེད་མ་དགའ་བྱེད་ཅེས་བྱ་བ་གཏུམ་པོ་བརྩེ་པ་མེད་པ་མ་རུངས་པ་ཞིག་ཡོད་པ་དེ་རྒྱལ་པོའི་ལམ་ན་རྒྱལ་པོ་དཔའ་བས་བྱིན་དང་ཧ་ཅང་ཡང་མི་རིང་བཞིག་ན་འདུག་གོ། རྒྱལ་པོ་དཔའ་བས་བྱིན་གྱིས་དེ་མཐོང་ནས་དགའ་མགུ་ཡི་རངས་ཏེ། རབ་ཏུ་དགའ་བ་དང ། མོས་པ་དང ། ཡིད་བདེ་བ་སྐྱེས་ནས་དེ་སེམས་འདི་སྙམ་དུ་སེམས་ཏེ། དགའ་བྱེད་འདིས་དགེ་སློང་འདི་སྲོག་དང་དབྲལ་བར་བྱེད་སྙམ་མོ། །དེ་ནས་གསོད་པའི་གཤེད་མ་དགའ་བྱེད་རྒྱལ་པོ་དཔའ་བས་བྱིན་གང་ན་འདུག་པ་དེར་འོངས་པ་དང ། དགའ་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །
208b
ཁྱོད།་བྱ་དགའ་ཆེར་སྦྱིན་ན། དགའ་བྱེད་ཁྱོད་།དགེ་སློང་འདི་སྲོག་དང་བྲལ་བར་བྱེད་ནུས་སམ། དགའ་བྱེད་ཀྱིས་སྨྲས་པ། ལྷ།་ཤིན་ཏུ་རྔོ་ཐོགས་སོ། །བཀའ་བཞིན་འཚལ། ད་དགེ་སློང་འདི་སྲོག་དང་དབྲལ་བར་འཚལ་ལོ། །རྒྱལ་པོས་སྨྲས་པ། དགའ་བྱེད། དེའི་ཕྱིར་དེའི་དུས་ལ་དབབ་པར་ཤེས་ན་མཚོན་རྣོན་པོ་ཐོགས་ལ་དགེ་སློང་འདིའི་ལག་པ་དང་རྐང་པ་ཆོད་ཅིག་།རྣ་བ་དང་སྣའང་ཆོད་ཅིག་།འདིས་ཆགས་པའི་སེམས་ཀྱིས་ངའི་བཙུན་མོའི་འཁོར་ལ་བལྟས་ཀྱི། དེའི་ཕྱིར་འདིའི་མིག་ཀྱང་སྐམ་པས་ཕྱུང་ཞིག་ཅེས་བྱས་སོ། །དེ་ནས་གསོད་པའི་གཤེད་མ་དགའ་བྱེད་ཀྱིས་དེའི་ཚེ་རལ་གྲི་རྣོན་པོ་ཐོགས་ནས་དགེ་སློང་དེའི་ལག་པ་དང་རྐང་པ་བཅད་དོ། །རྣ་བ་དང་སྣའང་བཅད་དོ། །མིག་གཉིས་ཀྱང་ཕྱུང་ངོ ། །དེ་ནས་དགེ་སློང་དེའི་མགོ་དང་རྣ་བ་དང་རྐང་ལག་བཅད་པ་ལས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའང་བྱུང ། འོ་མའི་རྒྱུན་དུ་མའང་བྱུང་སྟེ། ཕྱོགས་བཅུར་བསྐོར་ནས་སླར་ཡང་དགེ་སློང་དེའི་ལུས་ཀྱི་ནང་དུ་ནུབ་བོ། །བཅད་ཅིང་གཏུབས་པའི་འཕྲོ་ནས་དཔལ་བེའུ་དང ། བཀྲ་ཤིས་དང ། འཁོར་ལོ་ལ་སོགས་པ་ནང་ནས་བྱུང་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀུན་ཏུ་སྣང་ངོ ། །དེ་ནས་རྒྱལ་པོ་དེ་སྐྱེ་བོའི་ཚོགས་ཆེན་པོ་དང་དོང་ནས་སྐྱེ་བོའི་ཚོགས་ཆེན་པོ་དེས་དགེ་སློང་དེ་ལམ་ན་བཅད་གཏུབས་ཤིང་འདུག་པ་མཐོང་ནས། དེ་དག་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། ངོ་མཚར་དུ་གྱུར་ནས་ངུ་ཞིང་ཆོ་ངེས་བཏབ་སྟེ་སྨྲེ་
209a
༄#། །སྔགས་བཏོན་ནས་ཕྱིར་ཡང་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་པར་སོང་ངོ ། །དེ་ནས་རྒྱལ་པོ་དཔའ་བས་བྱིན་ཞག་བདུན་འདས་པ་དང་སྐྱེད་མོས་ཚལ་མཆོག་ན་འདུག་པ་མི་དགའ། མི་རྩེ། ཡོངས་སུ་མི་སྤྱོད་དེ། སྐྱེད་མོས་ཚལ་ནས་དེ་ལོགས་ནས་ཞག་བདུན་འདས་པ་དང་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་པ་དང ། དེས་དགེ་སློང་དེ་རྒྱལ་པོའི་ལམ་དུ་བོར་བ་ཤི་ནས་ཞག་བདུན་ལོན་ཡང་ལུས་ཀྱི་མདོག་མ་གྱུར་པ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། དགེ་སློང་འདིའི་ལུས་ཀྱི་མདོག་མ་གྱུར་པ་ལས་བལྟས་ན་དགེ་སློང་འདི་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། བདག་གིས་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་བའི་སྡིག་པའི་ལས་བྱས་ཀྱི། བདག་ནི་མྱུར་དུ་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་རོ་ཞེས་དེ་དེ་ལྟར་སེམས་པ་ན། སྟེང་གི་བར་སྣང་ལས་ལྷའི་བུ་བརྒྱད་ཁྲིས་སྒྲ་སྐད་དབྱངས་གཅིག་ཏུ་སྨྲས་པ། རྒྱལ་པོ་ཆེན་པོ། འདི་ནི་དེ་བཞིན་ཏེ། ཁྱོད་ཇི་སྐད་ཟེར་བ་ལྟར་དགེ་སློང་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ནོ་ཞེས་ཟེར་རོ། །བར་སྣང་ལས་ལྷ་དག་གི་སྒྲ་ཐོས་ནས་དེ་ཤིན་ཏུ་འཇིགས་ཤིང་སྐྲག་ནས་བག་ཚ་ཞིང་སྤུ་ཟིང་ཞེས་བྱེད་དེ་འགྱོད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དཔའ་བས་བྱིན་སྡུག་བསྔལ་
209b
ཞིང་ཡིད་མི་བདེ་སྟེ། འགྱོད་པར་གྱུར་པས་དེའི་ཚེ་ཆོ་ངེས་ཆེར་བཏབ་ནས་ཚིག་འདི་སྐད་ཟེར་རོ། །རྒྱལ་པོའི་སྲིད་དང་རྒྱལ་པོའི་ཕོ་བྲང་དང ། །ནོར་བུ་རིན་ཆེན་མུ་ཏིག་གསེར་དབྱིག་སྤང ། །བདག་ཉིད་མཚོན་ཐོགས་བདག་ཉིད་འཆི་བར་བྱ། །བདག་ནི་བྱིས་པའི་བློ་ཅན་ལས་དན་ལྡན། །དགེ་སློང་མེ་ཏོག་ཟླ་མཛེས་འདིར་བྱུང་བ། །སུམ་ཅུ་རྩ་གཉིས་མཚན་གྱི་གོ་བགོས་ཏེ། །སྣང་བར་བྱེད་ཅིང་རྒྱལ་པོའི་ཕོ་བྲང་འོངས། །ཟླ་བ་ཉ་ཚེ་སྐར་མའི་རྒྱལ་པོ་བཞིན། །འདོད་པའི་ལོངས་སྤྱོད་ངན་པས་བདག་དཀྲུགས་ཏེ། །རབ་ཏུ་དགའ་བར་བུད་མེད་ཚོགས་རྣམས་དང ། །ཤིང་རྟའི་ནང་དུ་ཞུགས་ཏེ་དེ་ནས་དོང ། །རྒྱལ་རིགས་རྣམས་ཀྱིས་ཡོངས་སུ་འཁོར་བར་བསྐོར། །དགེ་སློང་དྲི་མཆོག་མིག་བཟང་འདི་ཉིད་ནི། །འདིར་བྱོན་དགེ་སློང་དེ་ཡང་མཐོང་ནས་སུ། །བུད་མེད་ཚོགས་རྣམས་རབ་ཏུ་དགར་གྱུར་ཅིང ། །མོས་པ་སྐྱེས་ནས་གསེར་གྱི་ཕྲེང་བ་གཏོར། །ཐམས་ཅད་སོར་བཅུའི་ཐལ་མོ་སྦྱར་བྱས་ནས། །ཚིགས་བཅད་དབྱངས་ཀྱིས་དགེ་སློང་དེ་ལ་བསྟོད།། རྒྱལ་པོ་ཡི་ནི་གླུ་ཡི་དབྱངས་སྒྲ་རྣམས། །དེ་དག་ཐམས་ཅད་རབ་ཏུ་ཞི་བར་གྱུར། །དེ་ཡང་ཤིང་རྟའི་ནང་དུ་ཞུགས་ནས་ནི། །རྒྱལ་རིགས་རྣམས་ཀྱིས་ཡོངས་སུ་བསྐོར་བར་གྱུར། །བདེ་བར་གཤེགས་པའི་སྲས་མཆོག་མཐུ་ཆེ་བ། །དགེ་སློང་དྲི་མཆོག་མིག་བཟང་འདིར་བྱོན་ན། །བདག་གི་སེམས་ནི་རབ་ཏུ་ངན་གྱུར་ཏེ། །དགེ་སློང་རྒྱལ་པོའི་ཕོ་བྲང་འཇུག་པའི་ཚེ། །བུད་མེད་
210a
༄#། །ཚོགས་ཆེན་དགའ་བར་ལྟ་མཐོང་ནས། །རྨོངས་པས་དེ་ལ་ཕྲག་དོག་ཁྲོ་བ་བསྐྱེད། །ཕྱོགས་བཞི་ཀུན་ཏུ་སྣང་བར་བགྱིད་པ་ནི། །ཟླ་བ་སྒྲ་གཅན་ཟིན་ཐར་མཛེས་པ་བཞིན། །དགེ་སློང་རྒྱལ་པོའི་ཕོ་བྲང་འཇུག་མཐོང་ནས། །བུད་མེད་ཚོགས་རྣམས་དགའ་ཞིང་སྒྲ་ཡང་འབྱིན། །བདག་གིས་དེར་ནི་གཏུམ་བའི་ཚིག་སྨྲས་ཏེ། །བུ་སྟོང་དག་ལ་དེ་ཉིད་ཁྱོད་\?\་སེང་ལ། །དགེ་སློང་འདི་ནི་དུམ་བུ་དུམ་བུར་གྱིས། །འདི་ནི་ང་ཡི་དགྲ་མཆོག་མ་རུངས་པ། །གཞོན་ནུ་ཐམས་ཅད་མཉེན་ཞིང་ཚུལ་ལྡན་ཏེ། །བདག་ལ་ཕན་སེམས་དགེ་སློང་དེ་ལ་འདུད། །རྒྱལ་པོ་འདི་འདྲའི་བཀའ་བཞིན་བགྱིར་མི་རུང ། །དེ་ཚེ་བདག་ནི་མྱ་ངན་ནོན་པར་གྱུར། །དགེ་སློང་ཤིན་ཏུ་ཚུལ་ཁྲིམས་མཆོག་ལྡན་པ། །བྱམས་ལྡན་ཕ་བཞིན་ཞུགས་པ་མཐོང་ནས་ནི། །ཤིན་ཏུ་གཏུམ་པའི་སེམས་ཀྱིས་གསོད་དུ་བཏང ། །ཕྱི་དུས་བདག་ནི་ལྷུང་ནས་མནར་མེད་སྲེག་།དགའ་བྱེད་དེ་ནི་རྒྱལ་པོའི་ལམ་འདིར་གནས། །མ་རུངས་ལས་བགྱིད་མི་ལ་སྡུག་བསྔལ་སྐྱེད། །བདག་གི་བཀའ་བཞིན་དེ་འདྲར་དེར་བགྱིས་ཏེ། །མེ་ཏོག་ཕྲེང་བརྒྱུས་འདྲ་བའི་དགེ་སློང་གཏུབས། །ནགས་མཆེ་ག་ཀུན་ཏུ་བཟང་པོ་དགའ་བ་ན། །བྱ་ཡིས་གང་ཞིང་མེ་ཏོག་དྲི་ཞིམ་རྒྱས། །དེ་ན་དགེ་སློང་ཚོགས་གཞན་རབ་མང་བ། །བུ་གཅིག་བུ་ནི་མ་དང་བྲལ་བ་བཞིན། །དགེ་སློང་བཞེངས་ལ་ནགས་སུ་གནས་པར་མཛོད། །མི་ཡི་དོན་ཀྱང་
210b
ཤིན་ཏུ་རྒྱ་ཆེར་བགྱིས། །རྒྱལ་པོའི་ཕོ་བྲང་འཁོར་འདིར་བྱོན་པའི་ཚེ། །དགེ་སློང་ཤིན་ཏུ་སྙིང་རྗེར་དུ་ཞིང་འཚོལ། །ལག་པ་གཡས་པས་མེ་ཏོག་རྒྱལ་མཚན་ཐོགས། །གཡོན་པ་ཡིས་ཀྱང་བལྟ་སྡུག་མཛེས་པ་གཞན། །ལམ་ཡང་སྤྱངས་ཤིང་གོས་ཀྱིས་ཁེབས་པར་གཡོགས། །དགེ་སློང་བཞེངས་ལ་ཆོས་མཆོག་བཤད་པ་མཛོད། །རྒྱལ་པོའི་ཁབ་འདིར་ཁྱོད་ཞུགས་རིང་ལོན་ཀྱང ། །དགེ་སློང་རབ་ཏུ་སྙིང་རྗེར་དུ་ཞིང་འཚོལ་།རྒྱལ་བ་མཆོག་གི་བསྟན་པ་འཇིག་པའི་ཚེ། །ཁྱོད་ཀྱི་སྲོག་གི་བར་ཆད་འགྱུར་དུ་དོགས། །ཇི་ལྟར་སྐྱེས་བུ་མཐུ་ཆེན་ལ་ལ་དག་།ཕྱོགས་དང་ཕྱོགས་མཚམས་རྟག་ཏུ་སྒྲ་གྲགས་པ། །སྲིད་གསུམ་འདི་ཀུན་ཐམས་ཅད་ཟིལ་མནན་ནས། །གཡང་ས་ཆེན་པོར་མཆོངས་ཏེ་སར་ལྷུང་ལྟར། །དེ་བཞིན་དགེ་སློང་མཚན་མཆོག་རབ་བརྒྱན་པ། ། བྱད་བཞིན་བཟང་པོས་འདིར་འགྱེལ་བར་གྱུར། །མེ་ཏོག་ཟླ་མཛེས་ཞེ་སྡང་གཏུམ་མེད་པ། །བདག་གིས་སྡིག་པའི་སེམས་ཀྱིས་དུམ་བུར་བརླགས། །མེ་ཏོག་ཟླ་མཛེས་བཀྲོངས་ནས་སར་ལྷུང་བ། །ཆོས་སྨྲ་འདི་ནི་མཐོང་ནས་མྱུར་བར་ཡང ། །དགེ་སློང་ཐམས་ཅད་སྡུག་བསྔལ་གཟིར་གྱུར་ཏེ། །མི་དགའ་སྐྱེས་འགྱུར་དེ་བཞིན་སེམས་མི་བདེ། །མེ་ཏོག་ཟླ་མཛེས་རི་ཡི་རྒྱལ་པོ་ལྟར། །སུམ་ཅུ་རྩ་གཉིས་མཚན་གྱི་གོ་བགོས་ཏེ། །ཕྲེང་བ་བརྒྱུས་པ་བུད་མེད་ཐོགས་པ་འདྲ། །འདིར་ནི་དུམ་བུ་དུམ་བུར་རྣམ་པར་བཅད། །བདག་གིས་དངོས་སྡིག་ཤིན་ཏུ་མི་བཟད་བགྱིས། །
211a
༄#། །མགོན་མེད་མནར་མེད་གཤིན་རྗེའི་ཡུལ་དུ་མཆི། །འདིར་ཡང་དགེ་སློང་དུམ་བུར་བརླགས་པ་ཡིས། །བདག་ནི་སངས་རྒྱས་རྣམས་དང་རིང་བས་རིང ། །བདག་གིས་ཤིན་ཏུ་ལས་ངན་བགྱིས་པས་ན། །བུ་དང་གཉེན་བཤེས་ཚོགས་རྣམས་སྐྱབས་མི་འགྱུར། །བློན་པོ་དང་ནི་ཞབས་འབྲིང་བཀྲབས་པ་ཡང ། །དེ་དག་དམྱལ་བར་བདག་སོང་སྐྱབས་མི་འགྱུར། །སངས་རྒྱས་འདས་དང་དེ་བཞིན་མ་བྱོན་དང ། །ཕྱོགས་བཅུ་དག་ན་གང་སུ་བཞུགས་པ་ཡི། །དེད་དཔོན་སྟོབས་བཅུ་ཉོན་མོངས་མེད་པ་རྣམས། །རྡོ་རྗེ་སྟུག་སྲ་སྐུ་མངའི་སྐྱབས་སུ་མཆི། །དེར་ནི་དགེ་སློང་དུམ་བུར་བྱས་མཐོང་ནས། །ལྷ་རྣམས་རབ་ཏུ་སྙིང་རྗེ་ཆོ་ངེས་འདེབས། །དེ་དག་དེར་སོང་དགེ་འདུན་གོ་བར་བྱས། །མེ་ཏོག་ཟླ་མཛེས་རྒྱལ་པོའི་ཁབ་འདིར་བསད། །ཆོས་སྨྲ་བ་ནི་མཁས་ཤིང་རྟོགས་པ་དེ། །མཐུ་ཆེན་ཕྱོགས་དང་ཕྱོགས་མཚམས་རབ་ཏུ་གྲགས། །བྱང་ཆུབ་སེམས་དཔའ་གཟུངས་ལ་གནས་པ་དེ། །མེ་ཏོག་ཟླ་མཛེས་རྒྱལ་པོའི་ཁབ་འདིར་བསད། །བསྐལ་པ་མཐའ་ཡས་སྦྱིན་པ་སྣ་ཚོགས་བྱིན། །ཚུལ་ཁྲིམས་མི་གཡོ་སྐྱོན་མེད་གང་སྲུང་ཞིང ། །འཇིག་རྟེན་ཀུན་ཏུ་མཚུངས་མེད་བཟོད་སྒོམ་པ། །མེ་ཏོག་ཟླ་མཛེས་རྒྱལ་པོའི་ཁབ་འདིར་བསད། །བསྐལ་པ་མཐའ་ཡས་རྟག་ཏུ་བརྩོན་ལྡན་ཞིང ། །ཞུམ་མེད་སེམས་ཀྱིས་བསམ་གཏན་བཞི་ལ་སྒོམ། །ཉོན་མོངས་འཇོམས་པའི་ཤེས་
211b
རབ་གང་བསྟེན་པ། །མེ་ཏོག་ཟླ་མཛེས་རྒྱལ་པོའི་ཁབ་འདིར་བསད། །ལུས་ལ་ཕངས་པ་ཐམས་ཅད་རབ་སྤངས་ཤིང ། །དེ་བཞིན་སྲོག་ལ་མ་ཆགས་གྱུར་ནས་ནི། །ཀུན་ཏུ་བཟང་པོའི་ནགས་ནས་བབས་ནས་སུ། །མེ་ཏོག་ཟླ་མཛེས་རྒྱལ་པོའི་ཁབ་འདིར་བསད། །ལྷ་ཡི་ཆོ་དེའི་སྙིང་རྗེ་ཐོས་ནས་ནི། །དགེ་སློང་དེ་ཀུན་ཤིན་ཏུ་སྡུག་བསྔལ་ནས། །མེ་ཏོག་ཟླ་མཛེས་ཉེས་མེད་བསད་པ་ལ། །ལྟ་བའི་ཕྱིར་ཡང་ཐམས་ཅད་གྲོང་དུ་ལྷགས། །དེས་པ་དེ་དག་རྒྱལ་པོའི་ཁབ་འོངས་ནས། །དགེ་སློང་དུམ་བུ་དུམ་བུར་བྱས་མཐོང་སྟེ། །ཉམ་ཐག་སྐད་ཀྱིས་མི་བཟད་ཆོ་ངེས་འདེབས།། དེ་དག་ཐམས་ཅད་བརྒྱལ་ནས་ས་ལ་འགྱེལ། །དགེ་སློང་དགེ་འདུན་རྒྱལ་པོ་དེ་ལ་སྨྲ། །ཚུལ་ཁྲིམས་སྐྱོན་མེད་ཤིན་ཏུ་བསྡམས་པ་ཡི། །དགེ་སློང་འདིས་ནི་ཉེས་པ་ཅི་ཞིག་བྱས། །འདི་ནི་སྔོན་གྱི་སྐྱེ་བ་བསམ་ཡས་དྲན། །འདི་ནི་ཡེ་ཤེས་གཟུངས་དབང་ཕ་རོལ་ཕྱིན། །འདི་ནི་འདུས་བྱས་འདི་དག་སྟོང་པར་ཤེས། །འདི་ནི་འགྲོ་བ་དག་ལ་མཚན་མེད་སྟོན། །འདི་ནི་སྨོན་ལམ་འདུ་ཤེས་ཐམས་ཅད་སྤངས། །འདི་ནི་ཡིད་འོང་སྙན་པའི་སྒྲ་དབྱངས་འབྱིན། །འདི་ནི་དེས་ཤིང་དབང་པོ་རབ་ཏུ་ཞི། །འདི་ནི་སྔོན་གྱི་གནས་ཀྱི་ཕ་རོལ་ཕྱིན། །འཇིག་རྟེན་ཐམས་ཅད་ལས་ཀྱང་མངོན་པར་འཕགས། །འདི་ནི་སངས་རྒྱས་རང་བྱུང་ཡེ་ཤེས་ཀྱིས། །ཁྱུ་མཆོག་གྱུར་ཅིང་འཇིག་རྟེན་རི་མོར་བྱས། །དག་ཅིང་རབ་རིབ་མད་པའི་མིག་གིས་ལྟ། །བྱམས་པ་དང་ནི་སྙིང་རྗེ་ཤིན་ཏུ་ཆེ། །
212a
༄#། །འདོད་པ་ངན་ཅིང་གཙོག་ལ་སྡུག་བསྔལ་བསྐྱེད། །མཐོ་རིས་རྣམ་པར་མ་རུང་བྱེད་པ་སྟེ། །འདོད་པ་བསྙེན་ན་རྣ་བ་མེད་པར་འགྱུར། །མི་དག་ཤེས་རབ་དང་ཡང་བྲལ་བར་འགྱུར། །མི་རྣམས་འདོད་པ་དག་ནི་བསྙེན་བྱས་ན། །ལོང་བར་འགྱུར་ཞིང་ཕ་དང་མ་ཡང་གསོད། །འདོད་པ་བསྙེན་བྱས་ཚུལ་ཁྲིམས་ལྡན་པ་གསོད། །དེ་བས་མི་ཡིས་འདོད་པ་རྣམ་པར་སྤང ། །རྒྱལ་པོས་འདོད་པ་དག་ནི་བསྙེན་བྱས་ན། །ས་བདག་དམ་པ་འབྱོར་པ་འདི་བོར་ནས། །མི་བཟད་སྡུག་བསྔལ་རྩུབ་བྱེད་སེམས་དམྱལ་ནས། །སེམས་ཅན་དམྱལ་བ་འཇིགས་པ་ཆེན་པོར་འགྲོ། །འདི་འདྲའི་དགེ་སློང་མཁས་པ་གསོད་བྱེད་དེ། །སྡིག་པའི་ལས་རྣམས་རྟག་ཏུ་བྱེད་པར་འགྱུར། །དེ་ཕྱིར་བྱང་ཆུབ་ཞི་བ་སུ་འདོད་པ། །སྡིག་པ་རྣམ་པ་སྣ་ཚོགས་སྤང་བར་བྱ། །ལུས་ནི་སྒྱུ་མ་གསོག་དང་འདྲ་བ་དང ། །དེ་བཞིན་རྣ་མིག་སྣ་ལྕེ་རིག་ནས་ནི། །གཟུགས་དང་སྒྲ་དང་དེ་བཞིན་དྲི་མཆོག་དང ། །རེག་བྱ་ཆོས་རྣམས་ཞུམ་མེད་སེམས་ཀྱིས་གཏོང ། །སྦྱིན་ལ་བསླབས་ཤིང་ཚུལ་ཁྲིམས་མཉམ་པ་མེད། །བཟོད་པ་དང་ནི་བརྩོན་འགྲུས་དེ་བཞིན་ཏེ། །བསམ་གཏན་སྟེན་ཅིང་ཤེས་རབ་ཕ་རོལ་སོང ། ། སེམས་ཅན་དག་གི་དོན་ཀྱང་རབ་ཏུ་བྱེད། །འཇིག་རྟེན་ལྷ་དང་མིར་བཅས་ཐམས་ཅད་ཀྱང ། །བྱམས་པས་རྒྱལ་བ་ལ་ནི་རབ་ཏུ་ལྟ། །དེ་ཕྱིར་མིག་ནི་མུན་གནག་གཏིབས་གྱུར་ཀྱང ། །བྱང་
212b
ཆུབ་ཞི་བ་ཉིད་ནི་འཚང་རྒྱ་འགྱུར། །རྟ་དང་བལ་གླང་ཡང་ཐོགས་ཁྲི་རྣམས་དང ། །ཁྱོགས་དང་སྔས་རྣམས་ཀྱང་ནི་དེ་བཞིན་ཏེ། །གླང་པོ་དག་དང་བཞོན་དང་དགལ་བ་དང ། །གྲོང་དང་ཡུལ་འཁོར་དགའ་བ་གཏོང་བར་བྱེད། །གྲོང་ཁྱེར་དང་ནི་རྒྱལ་སྲིད་ཡོངས་གཏོང་ཞིང ། །གསེར་དང་དངུལ་དང་ཤེལ་དང་བྱུ་རུ་དང ། །དེ་བཞིན་གནས་དང་བུ་དང་བུ་མོ་དང ། །རང་གི་མགོ་ཡང་གཏོང་ཞིང་བྱང་ཆུབ་ཞུགས། །མེ་ཏོག་དང་ནི་སྤོས་དང་བདུག་པ་དང ། །གདུགས་དང་རྒྱལ་མཚན་ལྷ་ཡི་བ་དན་དང ། །རོལ་མོའི་ཆ་བྱད་སྣ་ཚོགས་ཐོགས་ནས་ནི། །དགའ་ནས་མཆོད་པ་མཚུངས་པ་མེད་པ་བྱེད། །སྲིད་པ་དག་ནི་སྟོང་པར་ཤེས་ནས་ཀྱང ། །སྲིད་པའི་འགྲོ་བ་དག་ལ་དགའ་མི་བྱེད། །དེ་ཕྱིར་སྟོབས་བཅུ་མཚན་གྱིས་རྣམ་བརྒྱན་ཅིང ། །ཕྱོགས་བཅུ་ཐམས་ཅད་དུ་ཡང་སྣང་བར་བྱེད། །བྱང་ཆུབ་སེམས་དཔའ་གཟུངས་ལ་གང་གནས་པ། །འདོད་པའི་ཁམས་རྣམས་དང་ནི་གཟུགས་ཀྱི་ཁམས། །གཟུགས་མེད་ཁམས་ལ་དེ་དག་མ་ཆགས་ཏེ། །ཁམས་གསུམ་དག་ལ་སྔ་ནས་ཆགས་པ་མེད། །བྱང་ཆུབ་སེམས་དཔའ་གཟུངས་ལ་གང་གནས་པ། །བདག་ཏུ་འདུ་ཤེས་སེམས་ཅན་འདུ་ཤེས་མེད། །སྲོག་ཏུ་འདུ་ཤེས་གང་ཟག་འདུ་ཤེས་མེད། །ཚངས་པར་སྤྱོད་པ་མ་འདྲེས་རྟག་ཏུ་སྤྱད། །བྱང་ཆུབ་སེམས་དཔའ་གཟུངས་ལ་གང་གནས་པ། །དངོས་པོར་འདུ་ཤེས་དངོས་མེད་འདུ་ཤེས་མེད། །བདེ་བར་འདུ་ཤེས་མི་བདེར་འདུ་ཤེས་མེད། །གྲངས་
213a
༄#། །སུ་འདུ་ཤེས་གྲངས་མེད་འདུ་ཤེས་མེད། །བྱང་ཆུབ་སེམས་དཔའ་གཟུངས་ལ་གང་གནས་པ། །ཡོད་པར་འདུ་ཤེས་མེད་པར་འདུ་ཤེས་མེད། །བུད་མེད་འདུ་ཤེས་སྐྱེས་པར་འདུ་ཤེས་མེད། །གྲོང་གི་འདུ་ཤེས་གྲོང་ཁྱེར་འདུ་ཤེས་མེད། །བྱང་ཆུབ་སེམས་དཔའ་གཟུངས་ལ་གང་གནས་པ། །ཡུལ་འཁོར་འདུ་ཤེས་གྲོང་འདབ་འདུ་ཤེས་མེད། །འདོད་ཆགས་འདུ་ཤེས་འདོད་བྲལ་འདུ་ཤེས་མེད། །ཞེ་སྡང་འདུ་ཤེས་སྡང་བྲལ་འདུ་ཤེས་མེད། །གཏི་མུག་འདུ་ཤེས་རྨོངས་བྲལ་འདུ་ཤེས་མེད། །བྱང་ཆུབ་སེམས་དཔའ་གཟུངས་ལ་གང་གནས་པ། །ང་རྒྱལ་ང་རྒྱལ་བྲལ་བའི་འདུ་ཤེས་མེད། །མ་རིག་མ་རིག་མ་ཡིན་འདུ་ཤེས་མེད། །ལྟ་དང་ལྟ་བ་མ་ཡིན་འདུ་ཤེས་མེད། །བྱང་ཆུབ་སེམས་དཔའ་གཟུངས་ལ་གང་གནས་པ། །དེ་དག་དབང་པོ་སྟོབས་ལ་མི་ཆགས་ཏེ། །བྱང་ཆུབ་ཡན་ལག་བསམ་གཏན་ཆགས་པ་མེད། །ཁམས་གསུམ་ཉེས་པ་ཐམས་ཅད་རབ་ཏུ་སྤོངས། །འདོད་ཆགས་ཆགས་མེད་ཞེ་སྡང་གཏུམ་པ་མེད། །གཏི་མུག་རྨོངས་མེད་རྟག་ཏུ་གཡོ་མེད་འགྱུར། །སངས་རྒྱས་སྟོབས་བཅུ་མཐོང་ནས་བཀུར་སྟི་བྱེད། །བློ་གྲོས་ལྡན་པ་མཐོ་རིས་སྨོན་མི་བྱེད། །སུ་དག་གཞན་ལས་ཆོས་མཆོག་ཐོས་ནས་ནི། །དེ་ལ་ནམ་ཡང་དེ་མ་ནུར་མི་བྱེད་པ། །འབྲུ་མར་གང་བའི་སྣོད་བཞིན་དང་ཞིང་དག་།བཅད་དང་མ་བཅད་གཞན་གྱི་བློ་ཡང་
213b
ཞེས། །མཛའ་བ་བྱས་ན་རྗེས་སུ་ཆགས་པ་སྐྱེ། །དེ་ཡང་ཉོན་མོངས་པ་ནི་ཆེན་པོ་ཡིན། །ཞེ་སྡང་བྱས་ན་ཁོང་ཁྲོ་སྐྱེ་བར་འགྱུར། །དགྲ་དང་འཇིགས་པ་སྡིག་པ་རྣམས་ཀྱང་འབྱུང ། །འདི་གཉིས་རབ་ཏུ་རྣམ་པར་སྤང་བྱས་ཏེ། །བློ་གྲོས་ལྡན་པ་དག་ནི་བྱང་ཆུབ་ཞུགས། །དེ་དག་མི་ཡི་ཁྱུ་མཆོག་སྟོབས་བཅུར་ནི། །འཇིག་རྟེན་དུ་ཡང་མངོན་པར་འབྱུང་བར་འགྱུར། །ནང་དང་ཕྱི་རོལ་དག་ཀྱང་རྣམ་སྤངས་ཏེ། །ཆོས་ཀྱི་ངོ་བོ་ཉིད་ལ་རབ་གནས་ཤིང ། །ཚུལ་ཁྲིམས་ཕུང་པོ་དག་ཀྱང་རྣམ་པར་སྦྱངས། །རལ་བ་མེད་ཅིང་མ་འདྲེས་སྐྱོན་ཡང་མེད། །ནམ་ཡང་དེ་དག་གི་ནི་ཚུལ་ཁྲིམས་དག་།འབགས་ཤིང་འདྲེས་པ་དག་ཏུ་མི་འགྱུར་ཏེ། །མཐའ་འདི་དག་ནི་གཉིས་པོ་ཡོངས་སྤངས་ནས། །བློ་གྲོས་འཆང་བ་བྱང་ཆུབ་ཞི་རྟོགས་འགྱུར། །དེ་ནས་རྒྱལ་པོ་དཔའ་བས་བྱིན་གྱིས་དགེ་སློང་གི་དགེ་འདུན་ལས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་ཀྱི་ཡོན་ཏན་བྱེ་བྲག་ཆེན་པོ་ཡངས་ཤིང་རྒྱ་ཆེ་བ་ཐོས་ནས་སྡུག་བསྔལ་ཞིང་ཡིད་མི་དགའ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་ལ་ཚིགས་སུ་བཅད་པས་སླར་སྨྲས་པ། ནགས་ཁྲོད་སྟུག་པོ་ཀུན་ཏུ་བཟང་པོ་ནི། །སྡོང་པོ་ཆེན་པོས་གང་ཞིང་འབྲས་བུས་མཛེས། །དུས་ཀུན་སྐྱེ་བ་མེ་ཏོག་སྡུག་པས་བརྒྱན། །སྣ་ཚོགས་ཐ་དད་བྱ་རྣམས་སྒྲ་ཡང་འབྱིན། །གསེར་གྱི་རི་ཡང་མཛེས་ཤིང་མཐོ་བས་བརྒྱན། །མི་འམ་ཅི་ཡི་གླུ་དབྱངས་སྙན་པ་དང ། །རོལ་མོ་ཤིན་ཏུ་ཐབས་ལྡན་ཡིད་འོང་གྲག་།གྲུབ་པའི་བུ་མོ་རྟག་
214a
༄#། །ཏུ་གར་ཡང་བྱེད། །ནགས་དེ་ལྷ་ཡི་དགའ་བའི་ཚལ་བཞིན་ཏེ། །གཟུགས་བཟང་གཟུགས་འབར་བ་ཡི་ཤིང་གིས་དཀྲིགས། །མེ་ཏོག་རྣམ་པ་སྣ་ཚོགས་ཐ་དད་བཀྲམ། །ུཏྤལ་པདྨས་བརྒྱན་ཅིང་ཆུ་ཡང་འབབ། །འདི་འདྲ་བ་ཡི་ནགས་མཆོག་ཉམས་དགའ་བ། །དྲང་སྲོང་རྟག་ཏུ་གནས་པར་མཐུན་པ་དག་།བོར་ནས་སེམས་ཅན་དོན་དང་ཕན་བཞེད་པས། །སྡིག་པའི་ཕུང་པོ་བདག་དྲུང་གྲོང་དུ་བྱོན། །དེ་ལྟར་ཆོས་སྨྲ་ཡོན་ཏན་འཆང་བ་འདི། །མེ་ཏོག་ཟླ་མཛེས་གྲོང་ཁྱེར་འདིར་བྱོན་ཏེ། །བྱོན་ནས་སྡིག་པ་བགྱིད་པ་བདག་གིས་བཀྲོངས། །འདི་བཀྲོངས་པས་ནི་བདག་ཀྱང་དམྱལ་བར་ལྟུང ། །བྱང་ཆུབ་སེམས་དཔའི་ཐུགས་རྗེ་སྟོབས་ལྡན་གང ། །དཔའ་བོ་སེམས་ཅན་ཕན་ཕྱིར་འཇིག་རྟེན་སྤྱོད། །དེ་དག་སྡིག་བགྱིད་བདག་གི་སྐྱབས་མཛོད་ཅིག་།བྱང་ཆུབ་སེམས་དཔའ་དེ་སྐྱབས་བདག་མཆིའོ། །གང་ཡང་རང་རྒྱལ་དག་ནི་གཉིས་པ་དང ། །གང་གཞན་ཉན་ཐོས་རྫུ་འཕྲུལ་ལྡན་པ་སྟེ། ། ཟག་པ་ཟད་ཅིང་ཐ་མའི་ལུས་འཛིན་པ། །བདག་ནི་སྡུག་བསྔལ་མནར་མེད་མཆི་བ་སྐྱོབས། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། དེ་ལྟ་བས་ན། ཀུན་དགའ་བོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལུས་དང་སྲོག་ལ་མ་ཆགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། ལུས་དང་སྲོག་ལ་ཆགས་
214b
པའི་སེམས་ཅན་རྣམས་མི་དགེ་བའི་ལས་མངོན་པར་འདུ་བྱེད་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། རྟག་ཏུ་རུལ་བའི་ལུས་འདི་དང ། །སྲོག་ཀྱང་གཡོ་ཞིང་དབང་མེད་དེ། །རྨི་ལམ་སྒྱུ་མ་འདྲ་བ་ལ། །སེམས་ཅན་གང་དག་ཆགས་པ་ནི། །ཤིན་ཏུ་མ་རུངས་ལས་བྱས་ནས། །གཏི་མུག་དབང་སོང་དེ་དག་ནི། །སེམས་ཅན་དམྱལ་བ་མི་བཟད་པར། །མི་མཁས་བདུད་ཀྱི་གཞོལ་བས་སོང ། །དབུ་བ་རྡོས་འདྲའི་ལུས་དང་ནི། །ཆུ་ཡི་ཆུ་བུར་འདྲ་སྲོག་ལ། །མི་གང་ཆགས་པར་མི་བྱེད་པ། །དེ་དག་འགྲོ་བ་མཆོག་ཏུ་འགྲོ་།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འདོད་པ་དང ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ལུས་དང་སྲོག་ལ་མི་ལྟ་བར་བྱས་ཏེ། མགོ་དང་གོས་ལ་མེ་འབར་བ་བཞིན་དུ་བརྩོན་འགྲུས་བརྩམས་པས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། དཔེར་ན། དབེན་པ་ན་བདེ་བར་གནས་པ་དང ། དགོན་པ་དང་ནགས་ཁྲོད་སྤངས་ཏེ། གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་དང ། རི་ཁྲོད་རྣམས་སུ་ཞུགས་ཏེ། ཅི་ནས་སེམས་ཅན་དེ་དག་ཉན་ཐོས་ཀྱི་བྱང་ཆུབ་དང ། རང་སངས་རྒྱས་ཀྱི་བྱང་ཆུབ་ལམ་ཕྱིར་མི་
215a
༄#། །ལྡོག་པ་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་དེ་ལྟ་བུར་སེམས་ཅན་རྣམས་ལ་ཆོས་བསྟན་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྔོན་བྱུང་བའི་གཏམ་བསྟན་པ་འདི་ཉིད་རྒྱ་ཆེར་ཚིགས་སུ་བཅད་པའི་དབྱངས་ཀྱིས་རྒྱས་པར་རབ་ཏུ་བསྟན་ཏོ། །ངས་སྔོན་སྤྱད་པ་དག་ནི་སྤྱོད་པ་ན། །དེ་ཚེ་རྒྱལ་པོ་དཔའ་བས་བྱིན་པར་གྱུར། །རྒྱལ་པོའི་ཕོ་བྲང་རིན་ཆེན་ལྡན་ཞེས་བྱ། །སྐྱེད་མོས་ཚལ་གྱི་སར་ནི་བྱུང་བར་གྱུར། ། ཤིང་རྟ་ཞུགས་པས་དེ་ཚེ་དགེ་སློང་མཐོང ། །ཀུན་ནས་མཛེས་ཤིང་བལྟ་ན་སྡུག་པ་སྟེ། །སུམ་ཅུ་རྩ་གཉིས་མཚན་གྱི་གོ་བགོས་པ། །ཕྱོགས་རྣམས་ཐམས་ཅད་དུ་ཡང་སྣང་བར་བྱེད། །མེ་ཏོག་ཟླ་མཛེས་ཕྱོགས་སུ་གྲགས་པ་སྟེ། །སྙིང་རྗེ་གནས་པ་ཕན་ཞིང་སྙིང་བརྩེ་བ། །དཔལ་དང་གཟི་བརྗིད་དག་གིས་མཛེས་པ་ནི། །སེམས་ཅན་རྣམས་ལ་བརྩེ་ཕྱིར་གྲོང་དུ་འོངས། །ང་ནི་གཟུགས་ཀྱང་དེ་ཙམ་མི་ཕོད་པས། །དེ་ལ་ང་ཡང་འཇུངས་པ་མ་རུངས་སྐྱེས། །འདོད་ལ་ཆགས་ཤིང་སྲིད་ལ་བཅིངས་བས་ན། །འདི་ནི་བདག་གི་སྲིད་ལས་སྐྱོད་སྙམ་སྟེ། །ང་ཡི་བུ་རྣམས་སྟོང་དུ་ཚང་བ་ཡང ། །ཤིང་རྟར་ཞུགས་ཤིང་ཞབས་འབྲིང་མཐོ་དམན་འགྲོ་།ཅོད་པན་དང་ནི་སྣ་ཚོགས་རྒྱན་གྱིས་བརྒྱན། །སུམ་ཅུ་དབང་ཕྱིར་ལྷ་ཡི་བུ་
215b
འབྲང་བཞིན། །དེ་ན་ང་ཡི་བུ་མོ་ལྔ་བརྒྱ་དག་།ནོར་བུ་ཐོགས་ཤིང་ལྷམ་གྱོན་བལྟ་ན་སྡུག་།མགོ་རྒྱན་དང་ནི་ལྷབ་ལྷུབ་བརྒྱན་གྱིས་སྤུད། །དེ་དག་གསེར་གྱི་དྲ་བས་ཤིང་རྟ་འདྲེན། །ང་ཡི་བུད་མེད་དག་ནི་བརྒྱད་ཁྲི་ཡང ། །གཟུགས་མཛེས་ཤིན་ཏུ་བལྟ་ན་སྡུག་པ་དག་།ཤིང་རྟར་ཞུགས་པས་དགེ་སློང་དེ་མཐོང་སྟེ། །རི་རབ་བཞིན་དུ་གཟུགས་བཟང་དཔལ་འབར་བ། །མཐོང་ནས་དེ་དག་ཕར་ཡང་འདུ་ཤེས་བསྐྱེད། །བྱང་ཆུབ་དམ་པ་མཆོག་ཏུ་སེམས་སྐྱེས་ཏེ། །དེ་ཚེ་ཚངས་པའི་སྤྱོད་པར་ཡང་དག་བཙུད། །ཡིད་དུ་འོང་བའི་རྒྱན་རྣམས་དེ་ལ་གཏོར། །དེ་ཚེ་ང་ནི་ཕྲག་དོག་སྐྱེས་པར་གྱུར། །གནོད་སེམས་ཞེ་སྡང་ཐ་བ་མི་བཟད་དེ། །དབང་ཕྱུག་རྒྱགས་པས་བུ་ལ་འདི་སྐད་སྨྲས། །མདུན་ན་འདུག་པའི་དགེ་སློང་བསད་པར་གྱིས། །གཞོན་ནུ་དེ་དག་ང་ཡི་ཚིག་ཐོས་ནས། །ཤིན་ཏུ་སྡུག་བསྔལ་ཡིད་ཀྱང་མི་དགར་གྱུར། །ཡབ་གཅིག་དེ་སྐད་ཀྱི་ནི་ཚིག་མ་གསུང ། །དགེ་སློང་འདི་འདྲ་བ་དག་ཅག་མི་འགུམས་སོ། །བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། །བདག་ཅག་ལུས་དང་ཡན་ལག་བཅད་གཏུབས་ཀྱང ། །དགེ་སློང་འདི་ནི་འགུམས་པར་མི་བགྱིད་དོ། །འདི་ལྟར་བདག་ཅག་བྱང་ཆུབ་སེམས་སྐྱེས་སོ། །རྒྱལ་པོ་དེ་ཚེ་བུ་ཡི་ཚིག་ཐོས་ནས། །ཁྲོས་ཏེ་གསོད་པའི་གཤེད་མ་འབངས་ལ་སྨྲས། །ང་ཡི་བཙུན་མོའི་མདུན་ན་འདུག་པ་ཡི། །དགེ་སློང་འདི་ནི་མྱུར་དུ་གསོད་དེ་ཕུལ། །དེ་ནས་གསོད་པའི་གཤེད་མ་ཕྱི་བཞིན་འོངས། །ཤིན་
216a
༄#། །ཏུ་གཏུམ་སེམས་དགའ་བྱེད་སྙིང་རྗེ་མེད། །འབྲུ་མར་ངར་བཏགས་རལ་གྲི་ཐོགས་ནས་སུ། །དེ་ཡིས་དགེ་སློང་དུམ་བུ་བརྒྱད་དུ་བྱས། །དེ་ཡི་ལུས་དང་ཡན་ལག་བཅད་པ་ལས། །ཁྲག་ཀྱང་མི་དྲག་འོད་ཟེར་སྟོང་བྱུང་སྟེ། །བཅད་པའི་འཕྲོ་ན་དཔལ་བེའུ་འཁོར་ལོ་དག་།མཚན་རྣམས་དེ་ཡི་ལུས་ཀྱི་ནང་ན་ཡོད། །ཤིན་ཏུ་མ་རུང་ས་ལས་ནི་བྱས་ནས་སུ། །སྐྱེད་མོས་ཚལ་དུ་དེ་ཡི་མོད་ལ་བྱུང ། །དགེ་སློང་མེ་ཏོག་ཟླ་མཛེས་དྲན་ནས་ནི། །དེ་ཡི་རྩེད་མོ་དགའ་བར་མ་གྱུར་ཏོ། །རིངས་པའི་གཟུགས་སུ་མྱུར་ཞིང་མགྱོགས་པར་ནི། །དེ་ནས་བདག་གི་རྒྱལ་པོའི་ཕོ་བྲང་སོང ། །གང་དུ་དགེ་སློང་དུ་མ་བུ་བརྒྱད་བྱས་པ། །ས་ཕྱོགས་དེར་ནི་ཤིང་རྟར་ཞུགས་ནས་ཕྱིན། །ལྷ་རྣམས་ཁྲག་ཁྲིག་མང་པོ་བར་སྣང་ལ། །ཆོ་ངེས་འདེབས་པའི་སྒྲ་དག་དེས་ཐོས་ཏེ། །རྒྱལ་པོ་ཁྱོད་ཀྱིས་མི་དགེ་སྡིག་མང་བགྱིས། །ཤི་འཕོས་ནས་མི་མནར་མེད་མི་བདེར་འགྲོ་།རྒྱལ་པོ་དེས་ནི་ལྷ་ཡི་སྒྲ་ཐོས་ནས། །ཤིན་ཏུ་སྡུག་བསྔལ་མི་དགའ་སེམས་སྐྲག་གྱུར། །བདག་གིས་མེ་ཏོག་ཟླ་མཛེས་བཀྲོངས་པ་ནི། །བདག་གིས་སྡིག་པ་མི་བཟང་མང་པོ་བགྱིས། །དེ་བཞིན་གཤེགས་པ་ཡེ་ཤེས་མཐའ་ཡས་ལྡན། །སངས་རྒྱས་མི་ཡི་ཁྱུ་མཆོག་སྲས་པོ་གང ། །དབང་པོ་བསྲུངས་ཤིང་དེས་པ་ཞི་བའི་ཡིད། །དེ་ནི་འདོད་པའི་དོན་ཕྱིར་བདག་གིས་བཀྲོངས། །དེ་བཞིན་གཤེགས་པའི་ཆོས་རྣམས་གང་འཛིན་ཅིང ། །ཟད་པའི་དུས་ལ་
216b
དམ་པའི་ཆོས་ཀྱི་མཛོད། །འཇིག་རྟེན་ཀུན་ཏུ་ཆོས་ཀྱི་སྒྲོན་མ་མཛད། །དེ་ནི་འདོད་པའི་དོན་ཕྱིར་བདག་གིས་བཀྲོངས། །འཇིག་རྟེན་ཀུན་ན་སྨན་པའི་རྒྱལ་པོ་གང ། །སེམས་ཅན་ན་བ་རྟག་ཏུ་གསོ་བྱེད་ཅིང ། །བདུད་རྩི་དག་གིས་བཀྲུ་སྨན་གཏོང་བ་ཡི། །དགེ་སློང་བདག་གིས་འདོད་པའི་དོན་ཕྱིར་བཀྲོངས། །ཞིབ་ཅིང་ཟབ་ལ་ཞི་བ་བལྟ་དཀའ་བའི། །ཆོས་རྣམས་སྐྱེ་དགུ་དག་ལ་གང་འཆད་ཅིང ། །བྱང་ཆུབ་སྙིང་པོ་མཆོག་ཀྱང་གང་སྟོན་པ། །དེ་ནི་འདོད་པའི་དོན་ཕྱིར་བདག་གིས་བཀྲོངས། །འདྲེན་པ་རྣམས་ཀྱི་ཆོས་ཀྱི་མཛོད་འཛིན་ཅིང ། །འཇིག་རྟེན་ལྡོངས་པའི་སྒྲོན་མར་གྱུར་བ་སྟེ། །གཟུངས་དང་མདོ་སྡེའི་རྒྱལ་པོ་གང་འཛིན་པ། །དེ་ནི་ཅི་སླད་བདག་གིས་འདོད་ཕྱིར་བཀྲོངས། །ཉོན་མོངས་མེད་ཅིང་རྣམ་དག་ཡེ་ཤེས་ཅན། །ཞི་བར་བཞི་རྟག་ཏུ་མཉམ་གཞག་པ། །འདོད་པས་ལྡོངས་པས་བདག་གིས་དེང་བཀྲོངས་ཏེ། །དེས་ནི་ཤིན་ཏུ་མ་རུངས་དམྱལ་བར་ལྟུང ། །སངས་རྒྱས་གང་དག་འདས་དང་དེ་བཞིན་མ་བྱོན་དང ། །མི་ཡིད་དམ་པ་རྒྱལ་བ་གང་ཡང་བཞུགས་པ་ནི། །བསྔགས་པ་མཐའ་ཡས་ཡོན་ཏན་རྒྱ་མཚོ་ལྡན་པ་རྣམས། །དེ་དག་ཀུན་ལ་ཐལ་མོ་སྦྱར་ཏེ་སྐྱབས་སུ་མཆི།། །།འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ། བམ་པོ་བཅུ་གསུམ་པ། དེ་ནས་རྒྱལ་པོ་དཔའ་བས་བྱིན་གྱིས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་བསད་དེ་ཤི་བའི་ལུས་ཀྱི་མདོག་མ་གྱུར་པར་ས་ལ་འགྱེལ་ཅིང་འདུག་པ་མཐོང་ནས་
217a
༄#། །སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ་འགྱོད་ཅིང་མྱོས་པར་གྱུར་ནས་དེའི་ཚོ་ཆོ་ངེས་རབ་ཏུ་ཆེར་བཏབ་བོ། །ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་དེ་ལའང་འདི་ལྟ་བུར་ཡང་དག་པའི་ཡོན་ཏན་གྱིས་བསྟོད་པ་དང ། སྙིང་རྗེ་དང་ལྡན་པའི་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཀུན་ཏུ་བཟང་པོར་འཕགས་པའི་དགེ་འདུན་གྱིས། །ཁྱོད་ལ་རྣམ་པ་མང་པོ་བསྒོ་བ་བགྱིས།། ཁྱོད་ཀྱི་སྲོག་གི་བར་ཆད་བྱུང་ང་རེ། །རིན་ཆེན་ལྡན་པར་རྒྱལ་པོའི་ཁབ་མ་བཞུད། །ཁྱོད་ཀྱིས་དགེ་སློང་དགེ་འདུན་ཚིག་མ་བཟུང ། །མགོན་པོ་གྲོང་ཁྱེར་དུ་ནི་ཅི་སླད་བྱོན། །ཁྱོད་ནི་གང་གི་དོན་དུ་བྱོན་པ་ཡི། །དོན་དེ་སྒྲོན་མ་མཛད་པ་མཛད་དུ་གསོལ། །ལྷ་རྫས་མྱུ་གུ་སྣ་ཚོགས་བརྒྱན་པའི་ས། །གཟུགས་བཟང་གཟུགས་འབར་ཤིང་ལྗོན་མང་པོས་དཀྲིགས། །གྲུབ་པའི་རིག་འཛིན་གནོད་སྦྱིན་མཆོག་གིས་བསྲུངས། །ལྷ་རྣམས་ཞུགས་ཤིང་བྱ་རྒྱལ་སྒྲ་ཡང་སྒྲོག་།ཀུན་ཏུ་བཟང་པོ་སངས་རྒྱས་རྟག་བཞུགས་པ། །ནགས་ཚལ་དམ་པ་དགའ་བ་བོར་ནས་ནི། །བགྱི་བ་གང་ཕྱིར་ཁྱོད་ནི་འདིར་བྱོན་པ། །དེས་པ་བགྱི་བ་དེ་དེང་བདག་ལ་གསུངས། །ཁྱོད་ཀྱི་ཚིག་ཐོས་ནས་ནི་བཀའ་བཞིན་བགྱི། །སངས་རྒྱས་སྲས་བོ་བཞེངས་ལ་བཀའ་སྩོལ་ཅིག་།ཀྱེ་མ་ད་ནི་ཅི་བགྱི་ལྷ་ཡི་ལྷ། །བདག་ནི་མགོན་མེད་ཁྱོད་ཀྱི་སྐྱབས་སུ་མཆི། །གཅིག་པུ་སེང་གེ་རི་དྭགས་རྒྱལ་པོ་ལྟར། །དགེ་སློང་དགེ་འདུན་མཆོག་གི་ཁྱུ་བོར་ནས། །
217b
སེམས་ཅན་མཐའ་ཡས་པ་ལ་ཐུགས་བརྩེའི་ཕྱིར། །རང་གི་སྲོག་ཀྱང་བཏང་སྟེ་འདིར་བྱོན་ན། །འདོད་ཆགས་ཟིལ་ནོན་ཤིན་ཏུ་འཇུངས་བ་ཡིས། །བདག་གིས་དཔའ་བོ་དུམ་བུ་དུམ་བུར་བཅད། །འདི་ནི་དགེ་སློང་དགེ་འདུན་མཐའ་དག་ཀྱང ། །ཁྱོད་ལ་ལྟ་བར་ཕོ་བྲང་མ་ལྷགས་པར། །བདག་ནི་འཇིགས་སྐྲག་ཁྱོད་ལ་ཅི་གསོལ་བ། །བདེ་བར་གསོལ་བ་གཅིག་ནི་མཛད་པར་འོས། །མེ་ཏོག་ཟླ་མཛེས་མི་འཇིགས་བདག་སྩོལ་ལ། །ཉ་དུས་ཟླ་བ་ཉ་འདྲར་བཞེངས་སུ་གསོལ། །སེམས་ཅན་གཙོ་བོ་བདག་ལ་གནང་བར་མཛོད། །ཆོས་སྨྲ་ཁྱོད་ནི་ཞེ་སྡང་རྣམ་པར་གྲོལ། དེ་རིང་བདག་ལ་སྣ་གཅིག་གནང་བར་མཛེད། །ཉི་མ་བཞིན་དུ་སྣང་མཛད་བཞེངས་སུ་གསོལ། །ཆོས་སྨྲ་མཆོག་ནི་བདག་གིས་བཀྲོངས་བགྱིས་ཏེ། །སྡིག་པ་མ་ལེགས་བདག་གིས་དེང་བགྱིས་བ། །འདི་ནས་འཆི་འཕོས་མི་བཟད་དམྱལ་བར་སྐྱེ། །བདག་ལ་དེ་ཡི་སྐྱབས་སུ་འགྱུར་བ་མེད། །ཉོན་མོངས་བྱེད་པ་སྡིག་སེམས་ཅི་རུ་རུང ། །རྒྱགས་པས་ཁེངས་པའི་རྒྱལ་སྲིད་ཅི་རུ་རུང ། །ཐམས་ཅད་སྤངས་ཏེ་གཅིག་པུ་འགྲོ་བར་འགྱུར། །འདི་ནས་བདག་གིས་སྙིང་པོ་ཅི་མ་བླངས། །འདོད་ཆགས་ཞེ་སྡང་བཅོམ་པ་རྣམ་དག་ཆོས། །སྙན་པར་གསུང་བ་བདག་ཐུལ་ཐུགས་རྗེ་ཅན། །འགྲོ་བའི་གཉེན་གཅིག་སུན་འབྱིན་མི་མཛད་པ། །མེ་ཏོག་ཟླ་མཛེས་བདག་གིས་ཅི་ཕྱིར་བཀྲོངས། །ཀྱེ་མ་བཟོད་དང་དཀའ་ཐུབ་ནོར་ཕྱུག་བརྟུལ་ཞུགས་བཟང ། །ཀྱེ་མ་གཟུགས་
218a
༄#། །དང་དེས་པ་དག་གི་ཡོན་ཏན་ལྡན། །ཀྱེ་མ་གཡོ་མེད་དཔལ་སྟུག་སྤྲོས་པ་མི་མངའ་བ། །བདག་ཅག་བོར་ནས་ཁྱོད་ནི་གང་དུ་བཞུད་པར་མཛད། །འཕགས་པ་ཁྱོད་ཀྱི་ལུས་དང་ཡན་ལག་བཅད་པ་ན། །འོ་མ་རབ་ཏུ་ཟག་ཅིང་འོད་ཟེར་སྟོང་དག་བྱུང ། །འཇིག་རྟེན་འདི་དག་ཐམས་ཅད་ཤིན་ཏུ་ངོ་མཚར་གྱུར། །ངོ་མཚར་ཆེ་བའི་རང་བཞིན་འདྲེན་པ་བཞེངས་སུ་གསོལ། །ཀྱེ་མ་མེ་ཏོག་ཟླ་བ་དུལ་བ་ཐུགས་རྗེ་ཅན། །ཀྱེ་མ་བྱམས་དང་སྙིང་རྗེའི་ཕུང་པོ་རི་བོ་ཚུར། །ཀྱེ་མ་ཆོས་རྣམས་ཟབ་མོ་ཤིན་ཏུ་སྟོན་པའི་མཆོག་།ལྷ་ཁྱོད་བཞེངས་ཤིག་བདག་ལ་ཐུགས་བརྩེར་མཛད་དུ་གསོལ། །ཀྱེ་མ་ཟླ་བ་ཉ་ཞལ་ཚུར་སྤྱོན་ཅིག་།ཀྱེ་མ་ས་བཅུ་ལེགས་གནས་ཚུར་སྤྱོན་ཅིག་།ཀྱེ་མ་དཔའ་བོ་སྟོབས་བཅུ་མངོན་འཕགས་པ། །ཚེ་ལ་ཁྱོད་དབང་བདག་པོ་གང་དུ་བཞུད། །ཀྱེ་མ་དཔའ་བོ་ཚུར་སྤྱོན་བདག་ལ་གསུངས། །ཁྱོད་ཀྱིས་ཡུན་རིང་བཟོད་པ་བསྒོམས་པ་དང ། །བརྩོན་འགྲུས་ཐུགས་རྗེ་དེ་དག་གང་དུ་མཆིས། །བྱམས་པ་ཆེན་པོ་བཞེངས་ལ་གསུང་ཕྱུང་ཞིག་།ཀྱེ་མ་ཤིན་ཏུ་མཆོད་འོས་ལྷ་ཡི་ལྷ། །ཆོས་སྨྲ་ཅང་མི་གསུང་བར་ཅི་སླད་བཞུགས། །མཁས་པ་བཞེངས་ལ་བདག་གི་ཁྱིམ་དུ་བཞུད། །བུད་མེད་ཚོགས་ལ་ཁྱོད་ཀྱིས་ཆོས་སྟོན་ཅིག་།ལྷ་ཁྱོད་ལུས་ནི་བཅད་པར་མི་ནུས་ཏེ། །ལྷ་དང་ལྷ་མིན་གནོད་སྦྱིན་སྲིན་པོས་ཀྱང ། །ཁྱོད་ཀྱི་ལྷ་ཡི་ལུས་འདི་
218b
མི་ཤིགས་ཀྱི། །མཁས་པ་ཁྱོད་དེང་སྒྱུ་དག་མ་མཛད་ཅིག་།ལྷ་ཁྱོད་སྒྱུ་མཛད་བཞུགས་པ་ག་ལ་གདའ། །བྱང་ཆུབ་སེམས་དཔའ་སྒྱུ་མ་མི་མཛེས་སོ། །སྒྱུ་མ་ཐམས་ཅད་སྤོངས་ལ་བཞེངས་སུ་གསོལ། །རིན་ཆེན་ལྡན་པའི་གྲོང་དུ་ཆོས་ཤོད་ཅིག་།ཀྱེ་མ་འཕགས་པ་མེ་ཏོག་ཟླ་མཛེས་ཚུར། །ཀྱེ་མ་ཁམས་གསུམ་འདོད་ཆགས་བྲལ་བ་ཚུར། །ཀྱེ་མ་ཕ་མ་ལྟ་བུ་འདྲེན་པ་ཚུར། ། བདག་གི་སེམས་དམྱལ་སྒོ་ནི་གཅད་དུ་གསོལ། །ངན་སོང་སྐྱེས་པ་རྣམས་ཀྱི་རྟེན་དང་དཔུང ། །སྲོག་ཆགས་མནར་མེད་ཆེན་པོར་ལྷུང་བ་ཡི། སྐྱབས་མཛད་མེ་ཏོག་ཟླ་མཛེས་ཚུར་སྤྱོན་ཅིག་།བདག་གི་བདེ་འགྲོའི་སྒོ་ཡང་དབྱེ་བར་གསོལ། །མགོན་པོ་ཁྱོད་ནི་དགུང་བདུན་བཤོས་མ་གསོལ། །རེ་ཞིག་དེང་བཞེངས་བདག་གི་བཤོས་གསོལ་ཅིག་།བདག་གི་བཤོས་གསོལ་རིན་ཆེན་ལྡན་པ་འདིར། །སེམས་ཅན་དུ་མ་ཆོས་ལ་དགོད་པ་མཛོད། །ཀྱེ་མ་ཆོས་མཆོག་རྟོགས་པ་བདག་གི་ཡབ། །ཀྱེ་མ་སེམས་ཅན་རྣམས་ལ་འཁོན་མེད་སེམས། །ཀྱེ་མ་ཚུར་སྤྱོན་བདག་མདུན་ཆོས་སྟོན་ཅིག་།ཀྱེ་མ་ཚུར་སྤྱོན་ཁྱོད་སྨོན་མྱུར་གྲུབ་ཤོག་།དགེ་སློང་དགེ་འདུན་དེ་ནི་མགོན་མེད་གྱུར། །ཀྱེ་མ་ལྡོངས་ཤིང་མི་དྲན་མྱ་ངན་བགྱིད། །སེམས་ཅན་སྙིང་པོ་ཁྱོད་ནི་མྱུར་བཞེངས་ལ། །དགེ་སློང་དགེ་འདུན་དབུགས་ཀྱང་དབྱུང་བར་མཛོད། །ཀྱེ་མ་འཇིག་རྟེན་གསུམ་ན་སྒྲོན་གྱུར་པ། །ཀྱེ་མ་ཚུར་སྤྱོན་ཀུན་ཏུ་བཟང་པོར་བཞུད། །ཀུན་ཏུ་བཟང་པོའི་ནགས་ཁྲོད་
219a
༄#། །བཞུད་ནས་ནི། །དགེ་སློང་དག་ལ་ཕན་ཕྱིར་ཁྱོད་སྟོན་ཅིག་།ཀྱེ་ཀྱེ་ཆོས་འཛིན་ཡོན་ཏན་རྨད་བྱུང་ཆེ། ། ཤཝད་མེ་ཏོག་བཞིན་དུ་རྙེད་བར་དཀའ། ། ཤེས་རབ་ཐུགས་རྗེའི་སྤྱན་ནི་དྲི་མེད་པ། །ཀྱེ་ཀྱེ་དགེ་སློང་དགེ་འདུན་གཟིགས་སུ་གསོལ། །ཚིག་གི་ལམ་དང་བྲལ་བའི་གཟུགས་དེ་ཡང ། །ཀྱེ་ཀྱེ་དགེ་སློང་དག་ལ་བསྟན་དུ་གསོལ། ། ཀྱེ་ཀྱེ་ཟླ་བ་ཤར་བ་བཞིན་དུ་འདིར། །མེ་ཏོག་ཟླ་བ་དེ་རིང་བཞེངས་སུ་གསོལ། །ཀྱེ་ཀྱེ་རྒྱལ་སྲས་བདག་ལ་ཐུགས་བརྩེ་བ། །དབུབས་འབྱིན་མཛད་པ་སྟོན་པ་བླ་ན་མེད། །ཀྱེ་ཀྱེ་མཚོན་དང་དབྱུག་པས་བཏབ་པ་བཟོད། །བཟོད་པའི་སྟོབས་དང་ལྡན་ཞིང་རབ་ཏུ་དེས། །ཀྱེ་ཀྱེ་མེ་ཏོག་ཟླ་མཛེས་ཐུགས་རྗེ་ཅན། །རབ་སྦྱིན་འདྲེན་པ་ཁྱོད་ནི་བཞེངས་སུ་གསོལ། །ཀྱེ་ཀྱེ་ཁྱོད་ནི་བཞེངས་ལ་བདག་ལ་ཡང ། །མཐོང་བར་དཀའ་བའི་གཟུངས་རྣམས་བཤད་དུ་གསོལ། །ཀྱེ་ཀྱེ་འཇིག་རྟེན་ཀུན་ཏུ་སྣང་མཛད་པ། །ཤེས་རབ་ཀྱི་ནི་སྒྲོན་མ་དམ་པའི་མཆོག་ཀྱེ་ཀྱེ་སེམས་ཅན་དག་གི་ཕན་དོན་ལ། །བརྩོན་མཛད་འདྲེན་པ་ཐུགས་རྗེའི་སྟོབས་དང་ལྡན། །ཀྱེ་ཀྱེ་མེ་ཏོག་ཟླ་མཛེས་བཞེངས་སུ་གསོལ། །དཔའ་བོ་སེམས་ཅན་དག་གི་དོན་མཛད་པ། ཀྱེ་ཀྱེ་སེམས་ཅན་དག་ནི་བྱེ་བ་དང ། །ཁྲག་ཁྲིག་རྣམས་ཀྱང་ཞི་བའི་གྲོང་དུ་ཁོད། །ཀྱེ་ཀྱེ་ཚུལ་ཁྲིམས་ནོར་ལྡན་བློ་གྲོས་ཆེ། །མཁས་པ་བསླབས་པའི་ནོར་གྱིས་ཤིན་ཏུ་ཕྱུག་།ཀྱེ་ཀྱེ་ཚུལ་
219b
ཁྲིམས་བརྟུལ་ཞུགས་རབ་གནས་ཤིང ། །ཆོས་ཀྱི་ཤིང་གི་མྱུ་གུ་མངོན་པར་དགའ། །ཀྱེ་ཀྱེ་ཆོས་གོས་དུར་སྨྲིག་ཁ་བསྒྱུར་འཆང ། །རྟག་ཏུ་མངོན་པར་བྱུང་ལ་དགའ་བར་མཛོད། །ཀྱེ་ཀྱེ་མེ་ཏོག་ཟླ་བ་བརྟུལ་ཞུགས་མཆོག་།རབ་སྦྱིན་དཀའ་ཐུང་བཟང་པོ་ཁྱོད་བཞེངས་ཤིག་།ཀྱེ་ཀྱེ་དུལ་བ་སེམས་ཅན་མ་དུལ་འདུལ། །རྟག་པར་དུལ་བའི་གནས་དང་རྗེས་སུ་ལྡན། །ཀྱེ་ཀྱེ་དུ་ལ་བ། རབ་དུ་ལ་རྗེས་སུ་བཞུད། །ཞི་བ་དབང་པོ་རབ་ཞི་ཁོང་ནས་དེས། །ཀྱེ་ཀྱེ་སེམས་ཅན་ཉལ་ཞིང་གཉིད་ལོག་པ། །ཆོས་ཀྱི་སྒྲ་ཡིས་རྟག་ཏུ་སད་པར་མཛོད། །ཀྱེ་ཀྱེ་སེམས་ཅན་བྱེ་བ་ཁྲག་ཁྲིག་དག་།སད་པར་བགྱིད་ནས་ཐེག་བ་མཆོག་ལ་ཁོད། །ཀྱེ་ཀྱེ་སྦྱིན་པ་ཡི་ནི་སྤང་ལེབ་ལ། །བརྩོན་འགྲུས་ཐག་གུས་སྤྲེལ་བའི་གྲུ་སྦྱོར་ཏེ། །ཀྱེ་ཀྱེ་སེམས་ཅན་རྒྱ་མཚོ་ཆེན་པོར་ནི། །རབ་ཏུ་ལྷུང་ཞིང་སྲིད་པས་དེ་ད་པ་རྣམས། །ཀྱེ་ཀྱེ་སྟོབས་བཅུ་ལྡན་པ་མེ་ཏོག་མཆོག་།མཉན་པ་གདོགས་འཛིན་མཁས་པ་བཞེངས་སུ་གསོལ། །ཀྱེ་ཀྱེ་ཤིན་ཏུ་སྲ་བའི་གྲུར་ཡང་ནི། །ཞུགས་ནས་བདག་དང་དེ་དག་བསྒྲལ་བར་མཛོད། །ཀྱེ་ཀྱེ་སྨན་པའི་དམ་པ་བརྟུལ་ཞུགས་ལ། །ཤིན་ཏུ་སྤྱད་ཅིང་རིག་མཛད་སྨན་པའི་མཆོག་།ཀྱེ་ཀྱེ་ཡེ་ཤེས་རྣམ་གྲོལ་ཕ་རོལ་ཕྱིན། །དམ་པའི་ཆོས་ཀྱི་རྩི་དག་སྦྱིན་མཛད་པ། །ཀྱེ་ཀྱེ་ནད་ནི་རྣམ་པ་སྣ་ཚོགས་ཀྱིས། །བཏབ་པའི་སེམས་ཅན་ན་བ་རྣམ་གཟིགས་ནས། །ཀྱེ་ཀྱེ་མྱུར་དུ་བཞེངས་ལ་དེ་དག་ལ། །ཆོས་ཀྱི་སྨན་རྣམས་ཤིན་ཏུ་སྩལ་
220a
༄#། །བར་མཛོད། །ཀྱེ་ཀྱེ་ཡེ་ཤེས་སྨན་པའི་རྒྱལ་པོ་མཆོག། མཚུངས་མེད་ཡེ་ཤེས་འཕགས་ཤིང་ཕ་རོལ་ཕྱིན། །ཀྱེ་ཀྱེ་ནད་རྣམས་ཤིན་ཏུ་གསོ་མཛད་ཅིང ། །ཐུགས་རྗེས་སེམས་ཅན་དག་གི་དོན་ཀྱང་མཛད། །ཀྱེ་ཀྱེ་ན་བར་གྱུར་པའི་སེམས་ཅན་ཁམས། །འདོད་ཆགས་ནད་ཀྱིས་མ་ལུས་བཅོམ་པ་རྣམས། །དེས་ནི་སེམས་ཅན་ཐམས་ཅད་བདེ་བ་དང། །ནད་རྣམས་མེད་ཅིང་མྱ་ངན་འདས་པར་འགྱུར། །ཀྱེ་ཀྱེ་མཁས་པ་ཡེ་ཤེས་རྒྱ་ཆེན་བསླབས། །ཆོས་ཀྱི་རྔ་དག་ཤིན་ཏུ་བརྡུང་བར་མཛོད། །ཀྱེ་ཀྱེ་འཇིག་རྟེན་གྱི་ནི་ཐེ་ཚོམ་གྱི། །འཁྲི་ཤིང་ཐམས་ཅད་ཡེ་ཤེས་རྒྱ་མཚོས་ཆོད། །ཀྱེ་ཀྱེ་ལེགས་ཐོས་ཆོས་རྣམས་འཛིན་མཛད་པ། །རྡུལ་བྲལ་མདོ་སྡེ་བྱེ་བ་བརྒྱ་དག་ཀྱང ། །འཁོར་གྱི་ནང་དུ་གདན་ལ་རབ་བཞུགས་ལ། ། མི་མཆོག་མཁས་པ་བརྗོད་པ་མཛད་དུ་གསོལ། །མེ་ཏོག་ཟླ་བ་མཚན་མཆོག་བརྒྱན་པ་ཀྱེ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ཚང་བ་ཀྱེ། །དཔེ་བྱད་བཟང་པོ་བརྒྱད་ཅུས་ལུས་བརྒྱན་ཀྱེ། །སྲིད་པའི་མཚོ་བརྒལ་སྤྲོས་མེད་ཚུར་སྦྱོན་ཀྱེ། །སྲིད་པའི་བཙོན་རར་ཆུད་ཁྲོལ་བཞེངས་ཤིག་ཀྱེ། །ཡེ་ཤེས་མཆོག་རིག་ཚངས་པ་འདྲ་བ་ཀྱེ། །མེ་ཏོག་ཟླ་བ་ཐུགས་རྗེ་ཆེན་པོ་ཀྱེ། །བྱམས་དང་ཐུགས་རྗེ་སྐྱེད་ལ་བཞེངས་ཤིག་ཀྱེ། །མེ་ཏོག་ཟླ་བ་ཁྱོད་ལ་གསོལ་བ་འདེབས། །དགེ་སློང་དགེ་འདུན་ཁྱོད་ཀྱིས་མ་དོར་བར། །ཚུར་གཤེགས་དགེ་འདུན་ཡོངས་སུ་བསྡུ་བ་མཛོད། །བཞེངས་ལ་ནགས་
220b
ཁྲོད་དེར་ཡང་གཤེགས་སམ་ཀྱེ། །མེ་ཏོག་ཟླ་བ་བསམ་གཏན་དགྱེས་པ་མཆོག་།མཛའ་དང་མི་མཛའ་མཚུངས་པར་བྱམས་ཤིང་ཕན། །གཟུངས་ལ་རབ་ཏུ་གནས་པ་ཚུར་སྤྱོན་ཀྱེ། །ཡེ་ཤེས་སྡོང་པོ་མཚུངས་མེད་ཁྱོད་བཞེངས་ཤིག་།རི་རབ་བཞིན་དུ་མི་གཡོ་བརྟན་པ་ཀྱེ། །སངས་རྒྱས་སངས་རྒྱས་སེམས་ཅན་མཉམ་ཡིད་ཀྱེ། །མེ་ཏོག་ཟླ་བ་བརྟུལ་ཞུགས་རྫོགས་ང་ཀྱེ། །བཞེངས་ལ་ཤིང་གི་དྲུང་དུ་འཚང་རྒྱ་མཛོད། །ལྷ་ཡི་རྣ་བ་ཆོས་ཀྱི་མཆོག་འཆང་ཀྱེ། །ལྷ་ཡི་མིག་མཁས་ཡེ་ཤེས་རྟོགས་པ་ཀྱེ། །བཞེངས་ཏེ་བདག་ལ་གཟིགས་ཤིང་ཐུགས་རྗེ་ཅན། །གྲགས་པ་མཐའ་ཡས་བདག་གི་ཚིག་གསོན་ཀྱེ། །འཇིག་རྟེན་ཀུན་ལ་ཕན་དང་དོན་མཛད་ཀྱེ། །མེ་ཏོ་ཟླ་བ་ཤིན་ཏུ་སྦྱིན་དགྱེས་གྱེ། །བཞེངས་ལ་མྱུར་དུ་བདག་གི་རེ་རྫོགས་མཛོད། །ཁྱོད་འདིར་དུ་མ་པུ་དུམ་བུར་མ་བཞུགས་ཤིག་།གོང་འདིར་སྐྱེ་བ་བུད་མེད་ཚོགས་རྣམས་ཀྱང ། །ཁྱོད་མཐོང་ཐམས་ཅད་ཤིང་བཞིན་ས་ལ་འགྱེལ། །སྙིང་སྐམ་འགྱུར་བའི་མྱ་ངན་རྣམས་ཀྱང་བགྱིད། །ཐུགས་རྗེ་མཆོག་གི་སྤྱན་གྱིས་དེ་ལ་གཟིགས། །གང་གི་སླད་དུ་བྱམས་པ་བསྒོམས་པ་དང ། །ཡེ་ཤེས་ཤེས་རབ་ཐབས་ཀྱི་སྟོབས་རྣམས་དང ། །ཁྱོད་ཀྱི་ཐུགས་རྗེ་བཏང་སྙོམས་དགའ་བ་ཡངས། །དེ་དག་རྫོགས་མཛོད་བཞེངས་ཤིག་མེ་ཏོག་མཛེས། །ལྷ་ཀླུ་ལྷ་མིན་རྫུ་འཕྲུལ་ཆེན་པོ་དང ། །གནོད་སྦྱིན་སྲིན་པ་མི་དང་མི་འམ་ཅི། །སྙིམ་པ་མེ་ཏོག་བདུག་པས་བཀང་ནས་ནི། །ཐམས་ཅད་མཐོང་བར་དགའ་
221a
༄#། །ནས་ལྷགས་ཤིང་འཁོད། །དྲང་སྲོང་ཆེན་པོའི་ཚིག་ནི་དེང་རྟོགས་ཏེ། །སྐྱེ་དགུའི་འདོད་པ་གནོད་བྱེད་གསོད་པ་ཡིན། །ཡིད་ཀྱི་ནད་དུ་འགྱུར་བ་ངན་འགྲོའི་རྒྱུ། །དེ་ཕྱིར་འདོད་པའི་སྤྱོད་པ་སྤང་བར་བྱ། །དགེ་སློང་བདག་གིས་བསད་པ་སྡིག་གི་ལས། །ཤིན་ཏུ་མ་ལེགས་མི་བདེ་བྱས་པས་ན། །བདག་ནི་མི་བཟད་དམྱལ་བ་མནར་མེད་འགྲོ ། བདག་ལ་དེ་ཡི་མགོན་སྐྱབས་བྱེད་པ་མེད། །བདག་ནི་རྒྱལ་པོའི་སྲིད་བཏང་ཚངས་སྤྱོད་གཞོལ། །སྤོས་དང་མེ་ཏོག་བྱུག་པ་རྣམས་ཀྱིས་ནི། །མཆོད་པ་དམ་པ་རྣམས་ཀྱང་རབ་ཏུ་བྱ། ། ཤིན་ཏུ་མཛེས་པར་མཆོད་རྟེན་བདག་གིས་བྱ། །བུ་དང་བུ་མོ་བུད་མེད་ཁྱིམ་བདག་དང ། །བློན་པོ་དང་ནི་ཚོང་དཔོན་དེ་དག་དང ། །གྲོང་པ་དང་ནི་རྒྱལ་རིགས་མང་པོ་རྣམས། །དེ་དག་ཐམས་ཅད་ལ་ནི་ངས་བསྒོ་བ། ། ག་རུ་དང་ཙནྡན་ཤུག་པ་དང ། །ཤི་ཏུ་ཞིམ་པའི་སྤོས་མཆོག་ཅི་ཡོད་པས། །མྱུར་དུ་སྒྲོམ་གྱི་སྙིང་པོའི་ཁྱོགས་འཆོས་ལ། །དགེ་སློང་འདི་ནི་བསྲེག་པའི་ཆོ་ག་གྱིས། །གྲོང་ཁྱེར་མི་ཀུན་རྒྱལ་པོའི་ཚིག་ཐོས་ནས། །སྤོས་མཆོག་དག་ཀྱང་ཐོགས་ནས་ཁྱོགས་བཅས་ཏེ། །སྤོས་རབ་བཟང་པོ་ཡིད་དུ་འོང་ལས་བྱས། །དེར་ནི་དགེ་སློང་དེ་ཡང་བཅུག་ནས་སུ། ། ག་རུ་དང་ཙནྡན་ཙམ་པ་ཀ་།རྒྱ་སྤོས་སྤྲི་ཀ་དེ་བཞིན་པ་ཏ་ལ། །མེ་ཏོག་དང་ནི་ཕྲེང་བ་བྱུག་པ་དག། ཤིན་ཏུ་བཟང་དང་འབྲུ་མར་དག་གིས་བསྲེགས། །དེ་ཡི་རུས་པའི་སྒྲོ་མ་ནི་བྱས་
221b
པར་གྱུར། །དགེ་སློང་དག་གིས་དེ་ཡང་དེར་བསྲེགས་ཏེ། །རྒྱལ་པོས་དེ་ཡི་མཆོད་རྟེན་བྱས་ནས་སུ། །འདི་ལ་ངས་ནི་མཆོད་པ་བྱ་ཞེས་ཟེར། །མེ་ཏོག་དང་ནི་ཕྲེང་བ་བྱུག་བ་དང ། །གདུགས་དང་བ་དན་རྒྱལ་མཚན་ཐོགས་ནས་སུ། །རྒྱལ་པོས་དེང་ནི་སིལ་སྙན་སྟོང་དག་དང ། །བྱེ་བ་ཁྲག་ཁྲིག་རྣམས་ཀྱང་ལེན་དུ་བཙུད། །ཉི་མ་གཅིག་ལ་རྒྱལ་པོ་དུས་གསུམ་དུ། །དགེ་སློང་དེ་ཡི་མཆོད་རྟེན་ད་དྲུང་དུ། །སྡིག་པ་བསྔན་ཆད་ཅུང་ཟད་ཅི་བྱས་པ། །དེ་ཚེ་དུས་གསུམ་དུ་ཡང་ཤིན་ཏུ་འཆགས། །ལོ་སྟོང་བྱེ་པ་ཕྲག་ནི་དགུ་བཅུ་ལྔར། །ཉེས་པ་བྱས་པ་དག་ཀྱང་རབ་བཤགས་ཏེ། ། ཕྱིས་ཀྱང་ཚུལ་ཁྲིམས་དམ་པ་མ་རལ་བསྲུངས། །རྣམ་པར་དག་ཅིང་གཙང་ལ་དྲི་མ་མེད། །ལོ་སྟོང་བྱེ་བ་ཕྲག་ནི་དགུ་བཅུ་ལྔར། །གསོ་སྦྱོང་དག་ཀྱང་དེ་ཚེ་རབ་གསོས་ཏེ། །དེ་ནི་དེ་ཚེ་བདག་གི་ལུས་ཞིག་ནས། །མནར་མེད་མི་བཟད་པར་ནི་དེ་ལྷུང་གྱུར། །འདོད་ཕྱིར་སྙིང་རྗེ་མེད་པའི་ལས་བྱས་པས། །སྡུག་བསྔལ་མང་པོ་དག་ཀྱང་མྱོང་བར་གྱུར། །སངས་རྒྱས་བྱེ་བ་སྟོང་ཕྲག་དགུ་བཅུ་ལྔ། །དེ་ཚེ་དེ་དག་བདག་གིས་མ་མཉེས་བྱས། །ལོ་སྟོང་བྱེ་བ་ཕྲག་ནི་དགུ་བཅུ་ལྔར། །དེ་ཡི་ཚེ་ན་ང་ནི་ལོང་བར་གྱུར། །བསྐལ་པ་བྱེ་བ་ཁྲག་ཁྲིག་དྲུག་ཅུ་གཉིས། །སྔ་ཆད་ང་ཡི་མིག་ཀྱང་བཅར་བར་གྱུར། །བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་སྟོང་དང ། །ཤིན་ཏུ་མང་བར་ང་ཡི་མིག་ཕྱུང་ཕྲོགས། །མགོ་དང་རྣ་བ་དང་ནི་རྐང་ལག་ཀྱང ། །བསྐལ་བ་མཐའ་ཡས་ཁྲག་ཁྲིག་བཅད་པར་
222a
༄#། །གྱུར། །བསྐལ་བ་དག་ནི་བྱེ་བ་ཁྲག་ཁྲིག་ཏུ། །མིར་གྱུར་པ་དང་སྐྱེ་བ་གཞན་དུ་ཡང ། །འཁོར་བའི་སྡུག་བསྔལ་དག་གིས་རབ་གཙེས་ཤིང ། །སྡུག་བསྔལ་ཚོར་བ་ཡུན་རིང་མྱོང་བར་གྱུར། །སྡིག་པའི་ལས་རྣམས་བྱས་པས་འཁོར་བ་ན། །ཡུན་རིང་ཤིང་ཏུ་སྡུག་བསྔལ་མྱོང་བར་གྱུར། །དེ་ཕྱིར་བྱང་ཆུབ་ཞི་བ་སུ་འདོད་པ། །སྲིད་པ་གསུམ་དུ་སྡིག་པ་མི་བྱའོ། །རྒྱལ་པོ་མཆོག་གིས་སྔོན་གྱི་ལས་བཤགས་ཀྱང ། །སྔ་མའི་ཉེས་བྱས་རྣམས་ལས་དེ་མཐར། །མི་བཟད་གཟུགས་ཀྱི་ལས་རྣམས་སྔར་བྱས་པས། །དེ་ཤི་དམྱལ་བ་མི་བཟད་མནར་མེད་སོང ། །ང་ཡི་རྣ་བ་དེ་བཞིན་རྐང་ལག་བཅད། །བསྐལ་པ་མཐའ་ཡས་མང་པོར་སྣ་ཡང་བཅད། །སྤྱོད་པ་སྤྱོད་ཚེ་མཚོན་ཆ་དབྱུག་ཐོགས་ནས། །འདེབས་བྱེད་ནན་གྱིས་ང་ཡི་མིག་ཀྱང་ཕྱུང ། །བྱང་ཆུབ་ཕྱིར་ནི་མགོ་ལག་ལུས་བཅད་དང ། །བུ་དང་ཆུང་མ་མིག་དང་རང་གི་ཤ་།རྐང་ལག་དགའ་བའི་སེམས་ཀྱིས་ཡོངས་བཏང་ཡང ། །སྔོན་གྱི་སྡིག་པའི་ལས་ནི་ཟད་མ་གྱུར། །ཀུན་དགའ་དེ་ལྟར་བསྐལ་པ་མཐའ་ཡས་སྤྱོད། །སངས་རྒྱས་དཔལ་སྟུག་དཔག་ཏུ་མེད་པ་མཐོང ། །བྱང་ཆུབ་སྤྱོད་མཆོག་འདི་ནི་སྤྱོད་པ་ན། །དེ་ཚེ་སྡུག་བསྔལ་འདི་དག་སྔོན་མྱོང་གྱུར། །བྱང་ཆུབ་སེམས་དཔའ་གཟུངས་ལ་གང་གནས་ཤིང ། །བྱམས་སྤྱོད་རྟག་ཏུ་མི་གཡོ་མི་འགུལ་བ། །སངས་རྒྱས་རྡུལ་སྦྱངས་ལྷ་ཡི་ལྷ་མཆོད་ནས། །དེ་དག་ནམ་ཡང་
222b
ངན་སོང་སར་མི་འགྲོ་།སུམ་ཅུ་རྩ་གཉིས་མཚན་གྱིས་གོ་བགོས་པ། །ཆོས་རྗེས་སངས་རྒྱས་བདག་འགྱུར་སུ་འདོད་པ། །ཚུལ་ཁྲིམས་མ་འདྲེས་གཡོ་བ་མེད་པར་སྲུངས། །གཟུངས་ལ་རབ་གནས་ཆོས་ཀྱང་བསྟན་པར་གྱིས། །ང་ནི་དེ་ཚེ་རྒྱལ་པོ་དཔའ་བྱིན་ཡིན། །ང་ཡི་བུ་རྣམས་ཕྱི་དུས་ཆོས་སྐྱོང་བ། །མེ་ཏོག་ཟླ་མཛེས་པདྨ་བླ་མ་ཡིན། །དགའ་བྱེད་དེ་ནི་ཞི་བའི་རྒྱལ་བར་གྱུར། །འཇིག་རྟེན་གསུམ་དཔའ་འགྲོ་བའི་གཉེན་གཅིག་པ། །དེ་བཞིན་གཤེགས་བརྐང་གཉིས་གཙོ་བོར་གྱུར། །སྐྱེ་དགུ་དག་ནི་དོན་ཆེན་མཛད་ནས་ནི། །མར་མེ་བཞིན་དུ་འདྲེན་པ་མྱ་ངན་འདས། །བུད་མེད་ཚོགས་དང་རྒྱལ་རིགས་མང་པོ་དག་།ཁྱིམ་བདག་དང་ནི་བློན་པོ་སྟོབས་ཆེན་དང ། །ཚོང་དཔོན་དེ་བཞིན་གྲོང་པའི་མཁར་གྱི་རྒྱལ། །ཐམས་ཅད་སྟོབས་བཅུ་ཉོན་མོངས་མེད་པར་གྱུར། ། མེ་ཏོག་ཟླ་མཛེས་ཀྱི་ལེའུ་སྟེ། སུམ་ཅུ་རྩ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅི་ནས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བདེ་བར་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ན། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་མཉན་པར་བྱ། གཟུང་བར་བྱ། ཀུན་ཆུབ་པར་བྱ། བཅང་པར་བྱ། བཀླག་པར་བྱ། རབ་
223a
༄#། །ཏུ་གདོན་བར་བྱ། ལུང་མནོད་ཅིང་ཁ་ཏོན་དུ་བྱ། ཉོན་མོངས་པ་མེད་པའི་བསྒོམ་པས་མང་དུ་བསྒོམ་པར་བྱ། གཞན་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕུང་པོ་ལའང་རབ་ཏུ་གནས་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཚོགས་གནས་ཤིང ། །བདག་ལ་ཕན་སེམས་སྤྱད་པ་གང་སྤྱོད་པ། །མངོན་དགའི་སངས་རྒྱས་ཞིང་དུ་མྱུར་སོང་ནས། །བཟོད་པ་དེས་ཐོབ་ཆོས་ཀྱི་རྒྱལ་པོར་འགྱུར། །དེ་ཕྱིར་གནོད་སེམས་མེད་ཅིང་ཀུན་མཐུན་གྱིས། །ཐམས་ཅད་རྟག་ཏུ་ཡིད་དུ་འོང་བར་གྱིས། །དཔལ་སྟུག་སངས་རྒྱས་དཔག་མེད་མཐོང་ནས་ནི། །བྱང་ཆུབ་རེག་ནས་ཆོས་ཀྱི་བདག་པོར་འགྱུར། །དེ་ཕྱིར་ཕན་ཡོན་མཆོག་འདི་ཐོས་ནས་ནི། །དགེ་སློང་ཚུལ་ཁྲིམས་མཆོག་དང་ལྡན་མཐོང་ན། །མཁས་པས་གཡོ་མེད་རྟག་ཏུ་བསྟེན་པར་བྱ། །རིང་པོར་མི་ཐོགས་ཏིང་འཛིན་འདི་འཐོབ་འགྱུར། ། གལ་ཏེ་གཏེར་རྣམས་དཔག་མེད་ཚད་ཀྱང་མེད། །རིན་ཆེན་སྣ་བདུན་ནོར་བུས་གང་གྱུར་པ། །དེ་བཞིན་ཞིང་རྣམས་གངྒཱའི་བྱེ་མ་སྙེད། །ནོར་བུ་རིན་པོ་ཆེ་ཡིས་གང་བ་རྣམས། །བྱང་ཆུབ་སེམས་དཔའ་སྦྱིན་ལ་མོས་པ་ཡིས། །ཉིན་མཚན་རེ་རེར་སྦྱིན་པ་འདི་དག་བྱིན། །དེ་བཞིན་བསྐལ་པ་གངྒཱའི་བྱེ་མ་སྙེད། །རྒྱུན་མི་ཆད་པར་སྦྱིན་པ་བྱིན་པ་བས། །བྱང་ཆུབ་སེམས་དཔའ་
223b
གང་གིས་ཏིང་འཛིན་འདི། །ཐོས་ནས་བདེ་གཤེགས་མཛོད་མཆོག་འཛིན་བྱེད་པ། །བསོད་ནམས་ཕུང་པོ་དེས་ནི་གང་བཟུང་བ། །སྦྱིན་པ་དེ་ཀུན་དེ་ཡི་ཆར་མི་ཕོད། །མི་གང་རྗེས་སུ་མཐུན་ལ་དད་པ་དག་།ཏིང་འཛིན་རྡུལ་བྲལ་མཆོག་འདི་འཛིན་པ་ནི། །བསོད་ནམས་ཕུང་པོ་དཔེ་མེད་མཆོག་འདི་ཡིན། །ཡེ་ཤེས་མཛོད་དེ་དཔག་མེད་འབྱུང་གནས་སོ། །ཏིང་འཛིན་རྡུལ་བྲལ་ཞི་བ་འདི་བཟུང་ན། །བྱང་ཆུབ་སེམས་དཔའ་དེ་ནི་ནོར་ཆེན་འགྱུར། །རྒྱ་མཚོ་ཆེན་པོ་བཞིན་དུ་ཐོས་པའི་གཏེར། །དེ་ལ་བསོད་ནམས་ཚད་ཡོང་ཡོང་མི་འགྱུར། །ཆོས་ཀྱི་མཆོག་རྣམས་བསམ་གྱིས་མི་ཁྱབ་པས། །ཤིན་ཏུ་རྒྱས་བྱས་བྱང་ཆུབ་སེམས་དཔར་བརྗོད། །ཏིང་འཛིན་འདི་ནི་སུ་དག་སྟོན་བྱེད་པ། །དེ་ནི་ནམ་ཡང་བྱང་ཆུབ་མཐེ་ཚོམ་མེད། །བསོད་ནམས་ཕུང་པོ་མཆོག་དང་གང་ལྡན་ཞིང ། །གང་ལ་ཚད་མེད་བསམ་གྱིས་མི་ཁྱབ་པ། །འཇིག་རྟེན་སློབ་དཔོན་སངས་རྒྱས་རྣམ་པར་འདྲེན། །རང་བྱུང་ཐུགས་རྗེ་ཆེན་པོ་མ་གཏོགས་པར། །དེ་ཡི་འོག་ཏུ་སེམས་ཅན་སུ་དག་ཀྱང ། །སྟོན་ཆེན་འདི་ན་བསོད་ནམས་ཕུང་པོ་དང ། །མཚུངས་མེད་བསམ་གྱིས་མི་ཁྱབ་པ་ཡེ་ཤེས་ཀྱིས། །མཉམ་པར་གྱུར་པ་ནམ་ཡང་ཡོད་མེད་དོ། །ཏིང་འཛིན་འདི་ནི་ཐོས་ནས་འཛིན་པ་དང ། །ཀློག་ཅིང་ཡོངས་སུ་ཆུབ་པར་བྱེད་པ་དང ། །མཚུངས་མེད་སངས་རྒྱས་བྱང་ཆུབ་འཚོལ་མ་གཏོགས། །དེ་ཡི་ཡེ་ཤེས་མཚུངས་པ་མེད་པར་འགྱུར། །ཏིང་འཛིན་འདི་ནི་བཟུང་ཞིང་
224a
༄#། །བཀླགས་པ་ཡིས། །བསོད་ནམས་ཕུང་པོ་ཇི་སྙེད་བསགས་པ་ཡང ། །གཞོན་ནུ་ཇི་སྟེ་ཆོས་དེ་གཟུགས་ཡོད་ན། །འཇིག་རྟེན་ཁམས་མང་འདིར་ཡང་ཤོང་མི་འགྱུར། །གཞོན་ནུ་དེ་ཕྱིར་བྱང་ཆུབ་སེམས་དཔའ་གང ། །འདས་དང་འབྱུང་བའི་དེ་བཞིན་གཤེགས་པ་དང ། །སངས་རྒྱས་ཐམས་ཅད་མཆོད་པར་འདོད་པ་ཡིས། །ཏིང་འཛིན་འདི་ནི་བཟུང་ཞིང་བཀླག་པར་གྱིས། །དེ་བཞིན་གཤེགས་པའི་བྱང་ཆུབ་འདི་ཡིན་ཏེ། །གཞོན་ནུ་ང་ཡི་ཚིག་ལ་དད་པར་གྱིས། །དེ་བཞིན་གཤེགས་པ་རྫུན་གྱི་ཚིག་མི་གསུང ། །འདི་འདྲའི་སེམས་ཅན་བརྫུན་དུ་སྨྲ་བ་མེད། །སྔོན་གྱི་བསྐལ་པ་བརྒྱ་ཕྲག་བསམ་ཡས་སུ། །བྱང་ཆུབ་སྤྱད་པ་མཆོག་འདི་རབ་སྤྱོད་ཅིང ། །ཏིང་འཛིན་འདི་ནི་ཡོངས་སུ་འཚོལ་བའི་ཕྱིར། །ངས་ནི་བདག་ཏུ་ལྟ་བ་འདིར་སྦྱངས་སོ། །དེ་ཕྱིར་ཆོས་ཀྱི་མཛོད་འདི་མཉན་པར་གྱིས། །འདི་ལས་མདོ་སྡེ་བྱེ་བ་ཁྲག་ཁྲིག་འབྱུང ། །འདི་ནི་བསོད་ནམས་ཕུང་པོ་བསམ་ཡས་ཡངས། །འདིས་ནི་སངས་རྒྱས་ཡེ་ཤེས་མྱུར་དུ་འཐོབ། །མཁས་པ་འཇིགས་མེད་དེ་དག་གང་སྟོན་པ། །འདི་ནི་མདོ་སྡེ་ཀུན་གྱི་དམ་པའི་མདོ། །དགེ་བ་བསམ་གྱིས་མི་ཁྱབ་འབྱུང་གནས་ཏེ། །ཆོས་དེ་རྣམས་ལ་མཐའ་ཐུགས་རྙེད་མི་འགྱུར། །སྟོང་ཆེན་དག་ནི་བཅད་ཅིང་བཤིག་ནས་སུ། །རྡུལ་གྱི་ཚོགས་རྣམས་བགྲང་བར་ནུས་ན་ཡང ། །མདོ་སྡེ་བརྒྱ་ཕྲག་བསམ་ཡས་ཚད་མེད་པ། །རྒྱུན་མི་ཆད་པར་དེ་
224b
སྟོན་བགྲང་མི་ནུས། །སངས་རྒྱས་ཞིང་གི་སེམས་ཅན་ཐམས་ཅད་ཀྱི། །ཕྱི་ནང་རྒྱུ་བའི་དབུགས་ནི་བགྲང་ནུས་ཀྱང ། །ཏིང་འཛིན་འདི་ལ་གནས་ནས་གང་སྟོན་པ། །མདོ་སྡེ་དེ་དག་མཐར་ཐུག་ནུས་མི་འགྱུར། །སངས་རྒྱས་ཞིང་ནི་གངྒཱའི་བྱེ་མ་སྙེད། །འགྲོ་བ་དེར་ཡང་སེམས་ཅན་གང་སྐྱེས་པ། །དེ་དག་སེམས་ནི་བགྲང་བར་ནུས་ཀྱང་སྲིད། །རྟག་སྟོན་མདོ་སྡེ་དེ་དག་བགྲང་མི་ནུས། ། རྒྱ་མཚོ་ཆེན་པོའི་བྱེ་མ་ཅི་ཡོད་དང ། །ཀླུང་དང་མཚོའུ་དང་གཤོང་གི་བྱེ་མ་དག་།བསྐལ་པ་བྱེ་བ་དག་གིས་བགྲང་ནུས་ཀྱང ། །དེ་དག་འཆད་པའི་མདོ་སྡེ་མཐའ་ཡས་སོ། །སངས་རྒྱས་ཞིང་ནི་བྱ་བ་མང་པོ་ན། །ཆུ་ཡི་ཕུང་པོ་རྟག་འདུག་ཅི་ཡོད་པ། །བརྒྱ་ཚལ་སྐྲ་ཡི་རྩེ་མོས་བགྲང་ནུས་ཀྱང ། །དེ་ཡིད་བྱངས་ཀྱི་ཡན་ལག་ཀུན་མི་བགྲངས། །གང་སྔོན་འདིར་ནི་སེམས་ཅན་ཅི་འབྱུང་བ། ། རང་གི་ལུས་ལ་སྙིང་པོར་འདོགས་པ་རྣམས། །བསྐལ་པ་བྱེད་བ་མང་པོས་བགྲངས་ནུས་ཀྱང ། །དེ་དག་མདོ་སྡེ་སྒྲུབ་པ་ཤེས་མི་ནུས། །ཕྱོགས་བཅུ་དག་ན་སེམས་ཅན་ཅི་ཡོད་པ། །སྲོག་ཆགས་ཀུན་གྱི་སྒྲ་སྐད་གངྒའི་\?\་ནུས་ཀྱང ། །དེ་དག་རྟག་ཏུ་མི་འཆད་སྟོན་པ་ཡི། །མདོ་སྡེ་དེ་དག་བགྲང་བར་ཡོང་མི་ནུས། །ཆོས་རྣམས་ཐམས་ཅད་བསྟན་པར་རབ་ཤེས་ཤིང ། །ངེས་པའི་ཚིག་དང་བསྟན་པ་ཚིག་དོན་མཁས། །གཏན་ལ་བབ་པའི་ཡང་དག་ཚུལ་ལ་བསླབས། །བློ་གྲོས་ཡངས་ཤིང་རྟག་དགའ་ཤེས་རབ་ཅན། །ཡངས་པའི་དོན་སེམས་རབ་ཏུ་ཕྱེ་བའི་བློ། །བསམ་དང་མི་བསམ་
225a
༄#། །པ་ཡང་རྟག་ཏུ་ཤེས། །དབྱངས་ཀྱི་རང་བཞིན་རྒྱ་ཆེན་ཐམས་ཅད་རིག་།སྒྲ་དབྱངས་དེ་དག་སྟོན་ཀྱང་ཆགས་མི་འགྱུར། །ཐོགས་མེད་དེ་ནི་ཆོས་སྨྲར་བརྗོད་པ་སྟེ། །འགྲོ་བ་ཀུན་ལ་སྟོན་ཀྱང་ཆགས་མི་འགྱུར། །དྲི་བ་ངེས་པར་བསྟན་པ་བརྒྱ་ལ་མཁས། །དེ་ལྟར་དེ་ཡིས་དོན་དམ་རབ་ཏུ་རྟོགས། །མདོ་སྡེ་གཅིག་གིས་ཕྱོགས་ཀྱང་བྱེ་བ་སྙེད། ། བསམ་གྱིས་མི་ཁྱབ་དེས་སྟོན་ཆགས་པ་མེད། །ཆགས་མེད་སྟོན་པ་ཚིག་གི་དོན་ལ་མཁས། །འཁོར་གྱི་ནང་དུ་དེ་འཆང་ཆགས་མི་འགྱུར། །ཏིང་འཛིན་འདི་ལ་ལེགས་པར་གང་གནས་པ། ། བྱང་ཆུབ་སེམས་དཔའ་དེ་ནི་གཡོ་བ་མེད། །ཆོས་ལ་སྟོབས་བསྐྱེད་བྱེ་བྲག་ཐོབ་པས་ནི། །སྲོག་ཆགས་བྱེ་བ་མང་པོའི་དོན་དེ་བྱེད། །ཇི་ལྟར་རི་རབ་མི་གཡོ་མི་འགུལ་ཏེ། །རླུང་རྣམས་ཀུན་གྱིས་འགུལ་བར་མི་ནུས་པ། །དེ་བཞིན་དགེ་སློང་ཆོས་སྨྲ་མཁས་པ་ཡང ། །ཕ་རོལ་རྒོལ་བ་ཀུན་གྱིས་བསྐྱོད་མི་ནུས། །སྟོང་ཆེན་གྱི་ནི་འཇིག་རྟེན་ཁམས་འདི་ན། །རི་གང་མི་གཡོ་བར་ནི་བརྗོད་པ་རྣམས། །དེ་དག་རླུང་གིས་རབ་ཏུ་བསྐྱོད་ནུས་ཀྱང ། །སྟོང་པའི་ཆོས་གནས་དགེ་སློང་བསྐྱོད་མི་ནུས། །སུ་དག་སྟོང་པ་ཉིད་ལ་རྟག་བརྩོན་པ། །སངས་རྒྱས་གནས་སུ་ངེས་པ་དེ་ཡིན་ཏེ། །གཏན་ལ་བབ་པ་སྟོང་པའི་ཆོས་རབ་ཤེས། །དེ་ནི་རྒོལ་བ་ཀུན་གྱིས་དཀྲུག་མི་ནུས། །ཕས་ཀྱི་རྒོལ་བ་དག་གིས་མི་བསྐྱོད་ཅིང ། །སྨྲ་བ་ཐམས་ཅད་ཀྱིས་ཀྱང་ཟིལ་མི་
225b
ནོན། །ཏིང་འཛིན་ཞི་བ་འདི་ནི་བསྟན་བྱས་ན། །ཟིལ་གྱིས་མི་ནོན་སྨད་པ་མེད་པར་འགྱུར། །ཏིང་འཛིན་ཞི་བ་འདི་ནི་བཤད་བྱས་ན། །དེ་ཡིས་སྟོང་ཉིད་རྟོགས་པར་ཁོང་དུ་ཆུད། །དེ་ནི་ཆོས་རྣམས་ཀུན་ལ་ནེམ་ནུར་མེད། །ཡེ་ཤེས་མཐའ་ཡས་དག་ལ་ཁོར་མོར་གནས། །ཏིང་འཛིན་འདི་ནི་བཟུང་ཞིང་བཀླགས་པ་ན། །སྟོབས་དང་བྱང་ཆུབ་ཡན་ལག་རྙེད་མི་དཀའ། །ཡང་དག་རིག་དང་རྫུ་འཕྲུལ་པས་མ་མི་ཁྱབ། །དེ་ལ་མངོན་པར་ཤེས་པ་རྙེད་མི་དགའ། །མཐའ་ཡས་ཡེ་ཤེས་རྒྱལ་བ་མཐོང་བ་ཡང ། །སྲིད་པར་གྲུབ་པ་དག་ནི་རྙེད་མི་དཀའ། །སངས་རྒྱས་བྱེ་བ་ཁྲག་ཁྲིག་བསམ་མི་ཁྱབ།། ཏིང་འཛིན་འདི་འཆང་དེ་ཡིས་མཐོང་བར་འགྱུར། །དེ་ནི་རྒྱལ་བ་དེ་དག་ཐམས་ཅད་ལས། །ཏིང་འཛིན་ཞི་བ་འདི་ཡང་ཐོས་འགྱུར་ཏེ། །ཡང་དག་རིག་དང་དབང་གི་ཕ་རོལ་ཕྱིན། །སངས་རྒྱས་ཡེ་ཤེས་མཆོག་དང་ལྡན་པར་འགྱུར། །སྟོང་ཆེན་གྱི་ནི་འཇིག་རྟེན་ཁམས་འདི་དག་།ལྷ་རྫས་ནོར་བུ་རིན་ཆེན་བཟང་མཆོག་གིས། །འོག་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར། །ནོར་བུ་རིན་ཆེན་དག་གིས་གང་གྱུར་དང ། །ཞིང་ཡང་མཐའ་ཡས་རྣམ་མང་ཇི་སྙེད་པ། །ཛམྦུའི་ཆུ་བོའི་གསེར་བཀྲམ་གང་བ་ཀུན། །ས་ཡི་འོག་ནས་སྲིད་པའི་རྩེ་མོའི་བར། །ཐམས་ཅད་རྒྱལ་བའི་མཆོག་ལ་སྦྱིན་པ་བྱིན། །སེམས་ཅན་རྣམ་པ་མང་པོ་ཇི་སྙེད་པ། །བསྐལ་པ་མཐའ་ཡས་མང་པོར་སྦྱིན་པ་བྱིན། །སངས་རྒྱས་རྣམས་ལ་ཁོར་མོར་མི་ཆད་བྱིན། །བྱང་ཆུབ་འདོད་ཕྱིར་བྱིན་པའི་སྦྱིན་ཚོགས་
226a
༄#། །ལ། །དགེ་སློང་གང་དག་སྟོང་ཉིད་མངོན་དགའ་ཞིང ། །སྟོབས་བཅུ་ལ་ནི་ཐལ་སྦྱར་ཕྱག་འཚལ་ན། །བྱང་ཆུབ་སེམས་དཔའ་སྟོང་ཉིད་མངོན་དགའ་ལ། །སྦྱིན་པའི་ཕུང་པོ་སྔ་མས་ཆར་མི་ཕོད། །བསོད་ནམས་ལྡན་པའི་མི་དེས་དེ་རྙེད་ནས། །སངས་རྒྱས་བྱང་ཆུབ་མཚུངས་མེད་འཚོལ་བའི་ཕྱིར། །དད་པ་རྒྱ་ཆེར་བསྐྱེད་ནས་སྦྱིན་པ་བྱིན། །དེ་ཡི་དཔེ་འདི་སྐྱེས་བུ་དམ་པས་བསྟན། །སུ་དག་ཏིང་འཛིན་དམ་པའི་མཆོག་འདི་ལས། །ཚིག་བཞིའི་ཚིགས་བཅད་སེམས་དགའ་འཛིན་པ་ཡང ། །དེ་ཡི་བསོད་ནམས་ཕུང་པོ་བསགས་པ་ལ། །སྦྱིན་པ་དེ་ཀུན་བརྒྱ་ཡི་ཆར་མི་ཕོད། །ཏིང་འཛིན་རྡུལ་བྲལ་ཞི་བ་མ་ཐོས་པར། །ཕན་བྱེད་བྱང་ཆུབ་སེམས་དཔས་སྦྱིན་བྱིན་ཀྱང ། །ཐོས་པས་སངས་རྒྱས་ཡེ་ཤེས་མྱུར་ཐོབ་ལྟར། །དེ་ཙམ་སངས་རྒྱས་ཡེ་ཤེས་མྱུར་མི་འཐོབ། །གང་གིས་ཞི་མཆོག་ས་འདི་ཐོབ་ནས་སུ། །རྡུལ་བྲལ་ཏིང་འཛིན་སྟོང་པའི་རིགས་འདི་ནི། །བྱང་ཆུབ་སེམས་དཔའ་དགའ་བས་རྟོགས་བྱེད་པ། །དེས་ནི་སངས་རྒྱས་ཡེ་ཤེས་མྱུར་དུ་འཐོབ། །གང་གིས་འདི་ལྟ་བུ་ཡི་གཏེར་རྙེད་པ། །ཞིང་རྣམས་མཐའ་ཡས་གངྒཱའི་བྱེ་མ་སྙེད། །དེ་དག་ལྷ་དང་དེ་བཞིན་མི་རྣམས་ཀྱི། །ནོར་བུ་རིན་པོ་ཆེ་ཡིས་གང་བར་གྱུར། །བྱང་ཆུབ་སེམས་དཔས་ཏིང་འཛིན་འདི་ཐོབ་སྟེ། །རྟག་ཏུ་ཆུབ་པར་བྱེད་ཅིང་མི་ངོམས་པ། །ཐུལ་བར་དཀའ་ཞིང་མཛོད་རྣམས་ཤིན་ཏུ་
226b
མང ། །ནོར་ཡང་མང་ཞིང་རིན་ཆེན་ནོར་དང་ལྡན། །ཇི་ལྟར་ཏིང་འཛིན་རྡུལ་བྲལ་འདི་ཐོབ་ནས། །བྱང་ཆུབ་སེམས་དཔའ་དགའ་ཞིང་རངས་པ་ལྟར། །རྒྱལ་སྲིད་ཤིན་ཏུ་འབྱོར་ཅིང་རྒྱས་ཐོང་ཀྱང ། །མཁས་པ་དེ་དག་ནམ་ཡང་དགར་མི་འགྱུར། །དེ་དང་དེ་དག་སངས་རྒྱས་ཀུན་མཁྱེན་གྱི། །ཆོས་རྣམས་རྟག་ཏུ་འཛིན་པར་བྱེད་པ་ཡིན། །ཟད་པའི་མཐར་ཐུག་དུས་སུ་གྱུར་པའི་ཚེ། ། ཆོས་ཀྱི་ཚུལ་མཆོག་རྒྱ་ཆེར་འཛིན་པར་འགྱུར། །ཆོས་ཀྱི་མཛོད་འཆང་བློ་གྲོས་ཆེན་པོ་འཆང ། །ཐམས་ཅད་མཁྱེན་པའི་མཛོད་ཀྱང་འཆང་བ་ཡིན། །དེ་དང་དེ་དག་སེམས་ཅན་བྱེ་སྟོང་དང ། ། ཁྲག་ཁྲིག་ཆོས་ཀྱི་དབྱངས་ཀྱིས་མགུ་བར་བྱེད། །དེ་དག་ཚུལ་ཁྲིམས་ནོར་ལྡན་བློ་གྲོས་ཅན། །སྐྱེས་བུ་དེ་དག་བསླབས་པའི་ནོར་གྱིས་ཕྱུག་།དེ་དང་དེ་དག་ཚུལ་ཁྲིམས་བརྟུལ་ཞུགས་གནས། ། མངོན་དགའ་ཆོས་ཀྱི་སྡོང་པོའི་མྱུ་གུ་ཡིན། །དེ་དག་ཆོས་གོས་ངུར་སྨྲིག་རིན་ཆེན་འཆང ། །ཁྱིམ་ནས་འབྱུང་ལ་རྟག་ཏུ་དགའ་བར་བྱེད། །དེ་དག་སེམས་ཅན་ཕན་ཕྱིར་མཉམ་པ་མེད། །ཐམས་ཅད་མཁྱེན་པ་ཉིད་ལ་རབ་ཏུ་ཞུགས། །དེ་དག་དུལ་བ་སེམས་ཅན་མ་དུལ་འདུལ། །རྟག་པར་དུལ་བའི་གནས་དང་རྗེས་སུ་ལྡན། །དེ་དག་དུལ་ཞིང་རབ་དུལ་རྗེས་སུ་སོང ། །ཞི་བའི་དབང་པོ་རབ་ཏུ་ཞི་བ་ཡིན། །དེ་དག་སེམས་ཅན་ཉལ་བ་གཉིད་ལོག་པ། །རྟག་ཏུ་ཆོས་ཀྱི་སྐད་ཀྱིས་སད་པར་བྱེད། །སེམས་ཅན་དག་ནི་སག་པར་བྱས་ནས་སུ། །རིན་ཆེན་ཆོས་བཟང་མཆོག་ལ་
227a
༄#། །འགོད་པར་བྱེད། །དེ་དང་དེ་དག་སྦྱིན་པའི་བདག་པོ་ཡིན། །ཁོར་མོར་རྟག་ཏུ་གཏོང་ལ་བརྐྱང་བ་སྟེ། །མཁས་པ་དེ་དག་འཇུངས་དང་འགྲོགས་མི་བྱེད། ། གཏོང་བ་ཆེན་པོ་དག་ལ་རྟག་ཏུ་དགའ། །དེ་དག་སེམས་ཅན་དབུལ་ཞིང་སྡུག་བསྔལ་རྣམས། །མཐོང་ནས་ལོངས་སྤྱོད་ཀྱིས་ཀྱང་ཚིམ་པར་བྱེད། །དེ་དག་སེམས་ཅན་བདེ་ཞིང་ཕན་པའི་ཕྱིར། །ཐམས་ཅད་མཁྱེན་པ་ཉིད་ལ་རྟག་པར་ཞུགས། །དེ་དག་ཡེ་ཤེས་རྟག་ཏུ་བསླབས་པ་སྟེ། །ཆོས་ཀྱི་རྔ་ཡང་རྒྱ་ཆེར་ཤིན་ཏུ་རྡུང ། །སྐྱེ་བོ་ཀུན་གྱི་ཐེ་ཚོམ་འཁྲི་ཤིང་གཅོད། །རྟག་པར་ཡེ་ཤེས་ལ་ཡང་རབ་ཏུ་ཞུགས། །དེ་དག་ལེགས་ཐོས་ཆོས་འཛིན་རྡུལ་བྲལ་བ། །འཁོར་གྱི་ནང་དུ་སྟན་ལ་འདུག་ནས་སུ། །མཁས་པ་བློ་གྲོས་འཆང་བ་དེ་དག་ནི། །མདོ་སྡེ་བྱེ་བ་བརྒྱ་དག་རབ་ཏུ་སྟོན། །དེ་དང་དེ་དག་མང་དུ་ཐོས་པ་ཡིན། །ཐོས་པ་འཛིན་པ་སངས་རྒྱས་ཆོས་རྣམས་འཛིན། །ཆོས་ཀྱི་མཛོད་རྣམས་ཤིན་ཏུ་འཛིན་བྱེད་དེ། །ཐུབ་པའི་ཆོས་ཀྱི་གཏེར་ལ་དགའ་བ་ཡིན། །དེ་དང་དེ་དག་ཤེས་རབ་ཡངས་པ་ཡིན། །དགའ་བ་དག་ཀྱང་རྒྱ་ཆེར་རྟག་ཏུ་སྐྱེད། །ཞི་བ་ཅིང་འབྱུང་བར་འགྱུར་བ་བལྟ་དཀའ་བ། །ཞི་བའི་ཆོས་མཆོག་རྣམས་ཀྱང་རབ་ཏུ་སྟོན། །དེ་དག་ཆོས་དང་ཆོས་མིན་ཤེས་པ་སྟེ། །དེས་ཤིང་བློ་གྲོས་ལྡན་པ་ཆོས་ལ་གནས། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་སྟོན་བྱེད་ཅིང ། །མཚུངས་མེད་ཆོས་ཀྱི་མཆོག་ལ་
227b
རྟག་ཏུ་སྤྱོད། །དེ་དག་ཆོས་ཀྱི་མཆོག་ལ་ལྷུར་བྱེད་དེ། །བླ་མ་ལ་ཡང་རི་མོ་བྱེད་པར་གནས། །ཆོས་ཀྱི་གྲོང་ཁྱེར་མཆོག་ལ་གནས་པ་སྟེ། །བློ་གྲོས་ལྡན་པ་ཆོས་ཀྱི་རྒྱལ་མཚན་སྒྲེང ། །དེ་དག་དྲགས་ཤིང་རྒྱགས་པའི་སེམས་ཅན་རྣམས། །རྟག་ཏུ་བག་མེད་པ་ལ་གནས་པ་མཐོང ། །རབ་ཏུ་མ་རུང་ལོག་པའི་ལམ་སོང་ཞིང ། །འཁོར་བའི་ལམ་ལ་གནས་པ་མཐོང་ནས་ནི།། དེ་ལ་བྱམས་དང་སྙིང་རྗེ་རྒྱ་ཆེར་བསྐྱེད། །དགའ་དང་བཏང་སྙོམས་དག་ལའང་རབ་གནས་ཏེ། །དེ་དག་ལ་ནི་ཡན་ལག་བརྒྱད་ལྡན་པ། །ལམ་མཆོག་གཞི་བ་བལྟ་དཀའ་རབ་ཏུ་སྟོན། །དེ་དང་དེ་དག་ལེགས་བྱས་ཆོས་ཀྱི་གྲུ། །བཤམས་ནས་འཁོར་བའི་རྒྱུན་དུ་སོང་བ་དག་།རྒྱ་མཚོ་ཆེན་པོར་ལྷུང་ཞིང་ཁྱེར་བ་ཡི། །སེམས་ཅན་མང་པོ་དག་ནི་སྒྲོལ་བར་བྱེད། །བྱང་ཆུབ་ཡན་ལག་སྟོབས་དང་དབང་པོ་ཡིས། །གོ་བགོས་དམ་པའི་ཆོས་ཀྱི་གྲུར་ཞུགས་ནས། །ཕ་རོལ་འགྲམ་བདེ་རྟག་ཏུ་འཇིགས་མེད་པར། །ཁོར་མོར་སེམས་ཅན་རྣམས་ཀྱང་འགོད་པར་བྱེད། །དེ་དག་སྨན་པའི་གཙོ་བོ་དཀའ་ཐུབ་ལ། །ཤིན་ཏུ་སྤྱད་པ་རིག་བྱེད་སྨན་པའི་མཆོག་།རིག་པ་ཡེ་ཤེས་རྣམ་གྲོལ་ཕ་རོལ་ཕྱིན། །དམ་པའི་ཆོས་ཀྱི་རྩི་ཡང་སྦྱིན་པར་བྱིན། །ནད་ནི་རྣམ་པ་མང་པོས་བཏབ་པ་ཡི། །སེམས་ཅན་ན་བ་དག་ཀྱང་མཐོང་ནས་སུ། །དེ་དག་ལ་ནི་ཆོས་ཀྱི་བཀྲུ་སྨན་གཏོང ། །ཆོས་རྣམས་ཀྱིས་ནི་དེ་དག་གསོ་བར་བྱེད། །དེ་དག་སྨྲ་བ་ཕ་རོལ་རྒོལ་བ་འཇོམས། །
228a
༄#། །འཇིག་རྟེན་དབང་པོ་ཚིག་གི་དབང་ཕྱུག་ལྡན། །ཤེས་བྱ་ཀུན་ལ་འོད་བྱེད་བློ་གྲོས་འཆང ། །ཡེ་ཤེས་དམ་པའི་ས་ལ་རབ་ཏུ་གནས། །དཔའ་བོ་ཡེ་ཤེས་སྟོབས་ལྡན་སྟོབས་འཇོམས་པ། །ཡེ་ཤེས་ལྡན་པ་དག་གིས་ཡང་དག་བསྔགས། །སེམས་ཅན་བྱེ་བ་ཁྲག་ཁྲིག་མང་པོ་དག་།ཆོས་ལ་གནས་ནས་ཤེས་བས་མགུ་བར་བྱེད། །དེ་དང་དེ་དག་བདག་པོ་དེད་དཔོན་ཏེ། །གསལ་བ་སེམས་ཅན་རྣམས་ཀྱི་སྐྱབས་འདོད་པ། །སེམས་ཅན་རིན་ཆེན་ལམ་ལ་རྨོངས་གྱུར་ཅིང ། །རྟག་ཏུ་བདུད་ཀྱི་རྙིང་ཞུགས་མཐོང་ནས་ནི། །དེ་དག་ལ་ཡང་ལམ་མཆོག་ཞི་ཞིང་བདེ། །རྟག་པར་མྱ་ངན་འདས་པ་རབ་ཏུ་སྟོན། །མཁས་པ་དག་ནི་ཡེ་ཤེས་ལ་མ་དེ་ཡིས། །སེམས་ཅན་མང་པོ་བྱེད་རྒྱ་འདྲེན་པར་བྱེད། །དེ་དང་དེ་དག་གནས་དང་རྟེན་དུ་འགྱུར། །སྐྱབས་དང་མིག་དང་སྒྲོན་མ་བྱེད་པ་ཡིན། །འཇིགས་པ་རྣམས་ལ་མི་འཇིགས་རབ་ཏུ་སྦྱིན། །སྐྲག་པ་རྣམས་ཀྱང་རྟག་ཏུ་དབུགས་འབྱིན་བྱེད། །དེ་དག་སེམས་ཅན་ཤིན་ཏུ་སྡུག་བསྔལ་དང ། །དམུས་ལོང་གྱུར་པ་འདི་དག་རི་གནས་ནི། །ཡང་དག་ཚུལ་བསླབས་རིན་ཆེན་ཆོས་རྣམས་ཀྱིས། །ཆོས་ཀྱི་སྣང་བ་དག་ཀྱང་བྱེད་པར་འགྱུར། །འཇིག་རྟེན་ན་ནི་བཟོ་མཆོག་ཅི་ཡོད་པ། །བཟོ་བོ་བྱེད་པས་སེམས་ཅན་ཕན་འགྱུར་ཞིང ། །གང་གིས་སེམས་ཅན་རྟག་ཏུ་བདེར་འགྱུར་པ། །བཟོ་ཡི་རྣམ་པ་དེ་དག་ཤིན་ཏུ་
228b
བསླབས། །སུ་དག་བྱང་ཆུབ་ཏུ་ནི་མངོན་ཞུགས་ཏེ། །བློ་གྲོས་ལྡན་ཞིང་འཇིག་རྟེན་མིག་སྦྱིན་པ། །བསླབས་པ་རྣམས་ལ་མཆོག་གི་ཕ་རོལ་ཕྱིན། །མཁས་རབ་འཇིག་རྟེན་ན་ཡང་ངོ་མཚར་ཐོབ། །སངས་རྒྱས་དག་གི་ཆོས་མཆོག་ཐོས་པ་ཡིས། །མཚུངས་པ་མེད་པ་ངོམས་པར་ཡོང་མི་འགྱུར། །ཚུལ་ཁྲིམས་བཟོད་དང་ཏིང་འཛིན་ཕ་རོལ་ཕྱིན། །ཟབ་མོ་ཡི་ནི་ཆོས་རྣམས་ཤིན་ཏུ་ཐོས། །དེ་དག་ཞི་བ་རིན་ཆེན་ཆོས་རྣམས་ནི། །གཞན་ལ་སྟོན་པས་ངོམས་པར་མི་འགྱུར་ཏེ། །ཐར་པའི་ཐབས་ཀྱི་ཆར་ཡང་རབ་འབེབས་ཤིང ། །ཆོས་ཀྱིས་སྐྱེས་བུ་དག་ནི་ཚིམ་པར་བྱེད། །དེ་ཡི་དྲུང་དུ་སེམས་ཅན་མང་པོ་ནི། །ཆོས་འདོད་མཁས་པ་ཇི་སྙེད་ལྷགས་ནས་སུ། །ཆོས་མཆོག་བཟང་པོ་དམ་པ་རིན་པོ་ཆེ། །དྲང་ཞིང་གསལ་བའི་ལམ་རྣམས་མཉན་སྙམ་པ། ། དེ་དག་བློ་གྲོས་འཆང་བས་ཐེ་ཚོམ་བཅད། །ཆོས་ཀྱིས་དེ་དག་ཤིན་ཏུ་མགུ་བར་བྱེད། །ཚུལ་ཁྲིམས་བཟོད་དང་ཏིང་འཛིན་ཕ་རོལ་ཕྱིན། །སེམས་ཅན་རྣམས་ཀྱི་བསམ་པ་རབ་ཏུ་ཤེས། ། ཡེ་ཤེས་ལྡན་ཞིང་ཡེ་ཤེས་མཆོག་རབ་ཀྱི། །ཕ་རོལ་ཕྱིན་པ་སེམས་ཅན་བསམ་ལ་མཁས། །སེམས་ཅན་ཕ་རོལ་སེམས་དང་སྤྱོད་པ་དང ། །གང་དག་གཏམ་ནི་ཅི་འདྲའི་ཆོས་བརྗོད་པ། །ཡེ་ཤེས་གཏམ་ནི་བརྗོད་ལ་གང་དག་གིས། །སེམས་ཅན་ཁྲག་ཁྲིག་ཆོས་མཆོག་མིག་ཐོབ་འགྱུར། །དེ་དག་ཡེ་ཤེས་བྱེ་བྲག་ཕ་རོལ་ཕྱིན། །ལམ་རྣམས་ཀྱང་ནི་ཉེ་བར་སྟོན་པར་
229a
༄#། །བྱེད། །མཁས་པ་དེ་དག་གི་ནི་སེམས་རྣམས་ཀྱང ། །བདུད་རྣམས་བྱེ་བ་སྟོང་གིས་ཡོང་མི་ཤེས། །ཇི་ལྟར་ནམ་མཁའ་ལ་ནི་བྱ་སོང་བ། །དེ་ཡི་རྗེས་ནི་གང་དུའང་ཤེས་མི་ནུས། །ཡེ་ཤེས་སྟོབས་ལྡན་དུལ་ཞིང་རབ་ཏུ་ཞི། །ཞི་བ་འཕགས་པའི་ཡེ་ཤེས་དག་ལ་གནས། །དཔའ་བོ་ཁྱུ་མཆོག་བདུད་རྣམས་ཐམས་ཅད་བཅོམ། །བྱང་ཆུབ་ཞི་བ་མངོན་པར་འཚང་ཡང་རྒྱ། །རྟག་ཏུ་རྫུ་འཕྲུལ་དག་གི་ཕ་རོལ་ཕྱིན། །ཞིང་ཡང་བརྒྱ་ཕྲག་མང་པོར་འགྲོ་བར་བྱེད། །སངས་རྒྱས་མང་པོ་བྱེ་བ་ཁྲག་ཁྲིག་མཐོང ། །ཇི་བཞིན་གངྒཱ་ཡི་ནི་བྱེ་མ་སྙེད། །དེ་ཡི་མིག་ཀྱང་ཐོགས་པར་མི་འགྱུར་ཏེ། །ཕྱོགས་བཅུ་དག་གི་གཟུགས་མང་མཐོང་བར་འགྱུར། །ཇི་སྙེད་ཕྱོགས་བཅུ་ཡི་ནི་སྲིད་པ་ན། །སེམས་ཅན་ཡོད་དགུ་དེ་དག་འདྲེན་པར་གྱུར། །བསྐལ་པ་བྱེ་བ་བརྒྱ་ཕྲག་མང་པོར་ནི། །དེ་དག་དེ་ཡི་ཕན་ཡོན་ཀུན་བརྗོད་ཅིང ། །སྤོབས་པ་ཡི་ནི་རབ་ཏུ་བཤད་མཛད་ཀྱང ། །སྔོན་གྱི་སྤྱོད་པའི་བསྔགས་པ་ཟད་མི་ནུས། །ཏིང་འཛིན་མཚུངས་མེད་རྡུལ་དང་བྲལ་བ་འདི། །སྐྱེས་བུ་སུ་གང་འཛིན་པར་བྱེད་པ་ནི། །སངས་རྒྱས་དག་གི་ནོར་རྣམས་མི་ཟད་དེ། །ཤིན་ཏུ་རྒྱ་ཆེ་ཡེ་ཤེས་རྒྱ་མཚོ་བཞིན། །ཚུལ་ཁྲིམས་ཀྱི་ཕུང་པོ་ངེས་པར་བསྟན་པའི་ལེའུ་སྟེ། སུམ་ཅུ་རྩ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་
229b
ནུ།་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངོ་མཚོར་དང ། རྨད་དུ་བྱུང་བའི་བྱང་ཆུབ་སེམས་དཔའི་ཆོས་འདི་དག་དང ། གཞན་ཡང་ཚད་མེད་པ་འདོད་པ་དང ། ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་མཉན་པར་བྱ། གཟུང་བར་བྱ། ཀུན་ཆུབ་པར་བྱ། བཅད་བར་བྱ། བཀླག་པར་བྱ། རབ་ཏུ་གདོན་བར་བྱ། ལུང་མནོད་ཅིང་ཁ་ཏོན་དུ་བྱ། ཉོན་མོངས་པ་མེད་པར་བསྒོམ་པས་བསྒོམ་པར་བྱ་བ་གཞན་ལའང་རྒྱ་ཆེར་རབ་ཏུ་བསྟན་པར་བྱ། དེས་བཟོད་པའི་སྟོབས་བསྒོམ་པར་བྱ། བཟོད་པ་བསྟན་པར་བྱ། མང་དུ་བྱ། ཆོས་ལ་དོན་དུ་གཉེར་བ་དང ། ཆོས་འདོད་པ་དང ། ཆོས་ཡོངས་སུ་འཛིན་པ་དང ། ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པར་བྱའོ། །སངས་རྒྱས་མཆོད་པ་ལ་མངོན་པར་བརྩོན་པར་བྱའོ། །དེས་གནས་གསུམ་ལ་བརྩོན་པར་བྱ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་ཟད་པ་དང ། བསོད་ནམས་ཀྱི་ཞིང་དུ་གྱུར་པ་དང ། སངས་རྒྱས་ཀྱི་ཡེ་ཤེས་འདོད་པས་དགེ་བའི་རྩ་བ་རྣམས་བསྐྱེད་པར་བྱའི། འཇིག་རྟེན་གྱི་བདེ་བ་ལ་རེག་པར་འདོད་པའི་ཕྱིར་ནི་མ་ཡིན་ཏེ། གནས་གསུམ་པོ་དེ་དག་ལ་མངོན་པར་བརྩོན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཟླ་འོད་གཞོན་ནུར་གྱུར་པ་ལ་དོན་འདི་ཉིད་བསྟན་པའི་
230a
༄#། །ཕྱིར་སྔོན་བྱུང་བའི་གཏམ་བསྟན་པ་འདི་དག་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཡང་དག་པར་རབ་ཏུ་བསྟན་ཏོ། །བསྐལ་པ་སྟོང་དུ་ཇི་ལྟར་ངས་སྤྱད་པ། །གཞན་ནུར་གྱུར་པ་ང་ལས་མཉན་པར་གྱིས། །ཏིང་འཛིན་བཟང་པོ་དམ་པ་འདི་འཚོལ་ཕྱིར། །སངས་རྒྱས་དག་ནི་སྟོང་ཕྲག་བརྒྱ་ཡང་མཆོད། །དེ་ལྟར་བསྐལ་པ་འདས་པ་བསམ་ཡས་སུ། །ཞིང་བརྒྱ་ཡི་ནི་བྱེ་མ་ཅི་ཡོད་པ། །དཔེར་བསྟེན་དེ་སྙེད་འདས་པར་གྱུར་པ་ན། །ཚོགས་ཀྱི་དབང་ཕྱུག་ཅེས་བྱ་རྒྱལ་བ་བྱུང ། །བྱེ་བ་སྟོང་ཕྲག་དྲུག་ཅུ་མི་ཉུང་བ། །རྒྱལ་བ་དེ་ཡི་ཚོགས་ནི་བྱུང་གྱུར་ཏེ། །ཐམས་ཅད་ཟག་པ་མེད་ཅིང་ཉོན་མོངས་ཟད། །རྣམ་ཐར་བརྒྱད་ལ་གནས་པའི་བསམ་གཏན་པ། །དེ་ཡི་དུས་ནས་འདི་ཐམས་ཅད་ཀྱང ། །བདེ་ཞིང་ལོ་ལེགས་འཁྲུག་པ་མེད་པར་གྱུར། །མི་རྣམས་ཐམས་ཅད་སྐྱིད་ཅིང་བདེ་དང་ལྡན། །མི་ཡི་བདེ་བདག་གིས་རྒྱས་པར་གྱུར། །ཐམས་ཅད་བསོད་ནམས་སྟོབས་དང་ལྡན་པ་སྟེ། །བལྟ་ན་སྡུག་ཅིང་དེ་བཞིན་དགའ་བར་གྱུར། །ཐམས་ཅད་ཕྱུག་ཅིང་ནོར་མང་འབྱོར་པ་སྟེ། །ལུས་ནི་ལྷ་ཡི་བདེ་དང་ལྡན་པར་གྱུར། །དེས་ཤིང་བརྟུལ་ཞུགས་བཟང་ལ་ཉོན་མོངས་ཆུད། །བཟོད་པའི་སྟོབས་ལ་དཔའ་ཞིང་བྱད་གཟུགས་བཟང ། །ལྷ་ཡི་གནས་ན་ལྷ་ཡི་སྲས་པོ་བཞིན། །ཚུལ་ཁྲིམས་ཡོན་ཏན་འཆང་ཞིང་བློ་གྲོས་ལྡན། །དེ་ཡི་དུས་ནས་བདག་བྱུང་བ་ནི། །རྒྱལ་པོ་མེ་ཏོག་མཆོག་ཅེས་
230b
བྱ་བ་ཡིན། །དེ་ཡི་བུ་ཡང་ལྔ་བརྒྱར་ཚང་བར་བྱུང ། །དྲན་དང་ལྡན་ཞིང་རྟོགས་དང་ལྡན་པར་གྱུར། །རྒྱལ་པོའི་བུ་དེ་ཡིས་ཀྱང་རྒྱལ་བ་ཡི། །སྐྱེད་མོས་ཚལ་བརྒྱ་སྟོང་ཕྲག་དྲུག་ཅུ་དག་།ཐམས་ཅད་མེ་ཏོག་འབྲས་བུས་བརྒྱན་པ་ཡང ། །ཐུགས་རྗེ་ལྡན་པ་དེ་ལ་རབ་ཏུ་ཕུལ། །སྐྱེད་མོས་ཚལ་ནི་བརྒྱ་སྟོང་སྣ་ཚོགས་དག་།འཆགས་མལ་སྟན་བཞུགས་གནས་སྟོང་རྣམས་དང ། །ཆོས་གོས་ཀྱང་ནི་བྱེ་བ་བརྒྱ་སྟོང་གིས། །འཆགས་བཞུགས་གནས་རྣམས་སུ་གདིང་བ་བྱས། །དེ་ལྟར་རྣམ་པ་དུ་མ་སྟོང་དག་དང ། །དགེ་སྦྱོང་དག་གི་ལོངས་སྤྱོད་ཇི་སྙེད་པ། །རྒྱལ་པོའི་བུ་ནི་ཤིན་ཏུ་ཡིད་དད་པས། །བདེ་གཤེགས་དེ་ལ་ཐམས་ཅད་ཉེ་བར་ཕུལ། །རྒྱལ་པོ་དེ་ཡང་དགེ་བའི་ལས་བཅུ་ཡི། །ལམ་ལ་རབ་ཏུ་གནས་པར་གྱུར་ནས་སུ། །སྐྱེ་བོ་སྲོག་ཆགས་ཁྲག་ཁྲིག་བརྒྱ་སྟོང་གིས། །མདུན་དུ་བདར་ཏེ་འདྲེན་པ་ལྟ་བར་སོང ། །མེ་ཏོག་དང་ནི་བྱུག་པ་བདུག་པ་དང ། །གདུགས་དང་རྒྱལ་མཚན་སིལ་སྙན་ཐོགས་ནས་སུ། །རྒྱལ་བ་དེ་ལ་དེ་ཡིས་མཆོད་བྱས་ཏེ། །ཐལ་མོ་སྦྱར་ནས་སྤྱན་སྔར་འདུག་པར་གྱུར། །ལྷ་དང་མི་དང་ལྷ་མིན་གནོད་སྦྱིན་དང ། །དགེ་སློང་སྟོང་ཡང་དེ་ཚེ་དགའ་བར་གྱུར། །རྒྱལ་བ་མཆོད་པ་འདི་ནི་ལུང་སྟོན་ཏམ། ། མི་ཡི་དབང་པོ་ལེགས་པར་ཆོས་གསུང་ངམ། །རྒྱལ་པོའི་བུ་དེ་ཡི་ནི་བསམ་པ་དང ། །བླ་མེད་སེམས་ཀྱང་རང་བྱུང་མཁྱེན་ནས་ནི། །མོས་པའི་གནས་ལ་ཕ་རོལ་ཕྱིན་པ་ཡིས། །དེ་ལ་ཏིང་
231a
༄#། །འཛིན་ཞི་བ་འདི་བཤད་དོ། །གང་ཚེ་བ་དེ་བར་གཤེགས་པས་གསུང་ཕྱུང་བ། །དེ་ཚེ་ནགས་ཚལ་བཅས་པའི་ས་ཡང་གཡོས། །ནམ་མཁའ་ལས་ནི་མེ་ཏོག་ཆར་ཡང་བབ། །ས་ལས་པདྨ་བརྒྱ་དག་བྱུང་བར་གྱུར། །སྟོན་པ་དོན་གྱི་ཚིག་ལ་རབ་བསླབས་པས། །བསམ་པ་མཁྱེན་ནས་འདྲེན་པས་ལུང་བསྟན་ཏེ། །མི་ཡི་དབང་པོས་ཏིང་འཛིན་ཞི་བ་བཤད། །དེ་ཡི་དོན་ཚིག་རྣམས་ཀྱང་མཉན་པར་གྱིས། །སྲིད་པ་ཐམས་ཅད་སྲིད་པ་མེད་པ་སྟེ། །ཀུན་བརྟགས་གསོག་དང་སྨིག་རྒྱུ་འདྲ་བ་ཡིན། །སྒྱུ་མ་ཇི་བཞིན་གློག་དང་སྤྲིན་འདྲ་སྟེ། །སྟོང་གཡོ་བདག་དང་སེམས་ཅན་སྲོག་ཀུན་མེད། །གཟོད་མ་ནས་ནི་སྟོང་ཞིང་མ་འོངས་ཆོས། །སོང་བ་མེད་ཅིང་གནས་མེད་གནས་ཀྱིས་དབེན། །སྒྱུ་མའི་རང་བཞིན་རྟག་ཏུ་སྙིང་པོ་མེད། །ཐམས་ཅད་དག་ཅིང་རྣམ་དག་ནམ་མཁའ་བཞིན། །མི་སྔོ་མི་སེར་དཀར་པོ་མ་ཡིན་ཏེ། །མིང་ནི་གསོག་གྱུར་སྒྲ་ཡི་རང་བཞིན་ཡིན། །སེམས་ནི་དབེན་ཞིང་སེམས་མེད་རང་བཞིན་ཏེ། །སྐད་ཅིག་ཡིན་པས་ཐམས་ཅད་སྒྲ་དང་བྲལ། །བཤད་པ་ན་ཡང་ཡི་གེ་འཕོ་བ་མེད། །མ་བཤད་ན་ཡང་ཡི་གེ་འགྲིབ་མི་འགྱུར། །ཡི་གེ་དག་ནི་ཕྱོགས་སུའང་མི་འགྲོ་སྟེ། །ཡི་གེ་གང་ནས་ཀྱང་ནི་འོངས་མ་ཡིན། །ཡི་གེ་མི་ཟད་ཟད་ཅིང་འགགས་པ་སྟེ། །བཤད་པར་བྱས་སམ་བཤད་པར་མ་བྱས་ཀྱང ། །ཡི་གེ་འདི་དག་རྟག་པར་མི་ཟད་བརྗོད། །གང་གིས་ཡོངས་
231b
ཤེས་དེ་ཡང་ཟད་མི་འགྱུར། །ཆོས་ནི་སྟོང་ཕྲག་བརྒྱ་དག་རབ་བརྗོད་ནས། །སངས་རྒྱས་བརྒྱ་སྟོང་དག་ནི་གང་འདས་པ། །ཆོས་ཀྱང་མ་ཟད་ཡི་གེའང་ཟད་མ་གྱུར། །སྐྱེ་བའང་མེད་དེ་དེ་ཕྱིར་མི་ཟད་པ། །གང་གིས་མི་ཟད་ཆོས་རྣམས་རབ་ཤེས་པ། །རྟག་ཏུ་མི་ཟད་པ་ཡི་ཆོས་ཤེས་པས། །མདོ་སྡེ་བརྒྱ་སྟོང་དག་ནི་བཤད་བྱས་ཀྱང ། །ཆོས་རྣམས་ཐམས་ཅད་ཡི་གེ་མེད་པར་ཤེས། །རྒྱལ་བའི་ཆོས་ནི་གང་དག་རབ་སྟོན་པ། །དེ་ཡང་མི་ཟད་པས་ན་མི་མཐོང་སྟེ། །ཆོས་འདི་སྔ་ནས་བདག་མེད་སེམས་ཅན་མེད། །དེ་དག་རབ་ཏུ་སྟོན་ཀྱང་ཟད་མི་འགྱུར། །མཁས་པ་དེ་ནི་ཚིག་ཀུན་སྨྲ་བྱེད་ཀྱང ། །ཚིག་གིས་སེམས་ནི་འཕྲོགས་པར་མི་འགྱུར་ཏོ། །ཚིག་རྣམས་ཐམས་ཅད་རི་ཡི་བྲག་ཅ་བཞིན། །དེ་ཕྱིར་ནམ་ཡང་ཚིག་ལ་ཆགས་མི་འགྱུར། །དེ་ནི་སྒྱུ་མའི་ཚིག་གིས་ཆོས་སྟོན་ཏེ། །ཚིག་དེ་ཐམས་ཅད་དེ་ཡི་མོད་ལ་འགགས། །ཚིག་དེ་ཡི་ནི་མཚན་ཉིད་ཅི་འདྲ་བ། །ཆོས་རྣམས་ཀུན་ཀྱང་མཚན་ཉིད་དེ་འདྲར་གྱུར། །ཆོས་ཀུན་མཚན་གཞི་མེད་ཅིང་མཚན་གཞི་བྲལ། །ཐམས་ཅད་མཚན་མེད་མཚན་ཉིད་རྣམ་པར་དག་།རྟག་ཏུ་དབེན་ཞིང་གཙང་བ་ནམ་མཁའ་བཞིན། །མདོར་ན་དེ་དག་བགྲང་བར་ཉེར་མི་འགྱུར། །འདུས་བྱས་འདུས་མ་བྱས་ཀུན་དབེན་པ། །དྲང་སྲོང་དེ་དག་ལ་ནི་རྣམ་རྟོག་མེད། །འགྲོ་བ་ཀུན་ཏུ་འདུས་མ་བྱས་ཐོབ་བས། །ལྟ་བ་དག་ལས་ཁོར་མོར་རྣམ་པར་དབེན། །གང་དག་འདི་འདྲའི་ཆོས་རྣམས་ཤེས་པ་
232a
༄#། །ནི། །རྟག་ཏུ་མ་ཆགས་མི་གཏུམ་མ་རྨོངས་ཏེ། །དེ་ཡི་སེམས་ནི་རང་བཞིན་མཉམ་པར་བཞག་།དེ་ནི་ཏིང་འཛིན་སྟོབས་ཅན་སྟོབས་དང་ལྡན། །བྲག་ཕུག་རི་དང་གཙང་རོང་ཀླུང་རྣམས་སུ། །རྐྱེན་གྱིས་ཇི་ལྟར་བྲག་ཅ་འབྱུང་བ་ལྟར། །དེ་བཞིན་འདུས་བྱས་འདི་ཀུན་རིག་པར་གྱིས། །འཇིག་རྟེན་ཐམས་ཅད་སྒྱུ་མ་སྨིག་རྒྱུ་བཞིན། །གང་དུ་ཏིང་འཛིན་ཞི་བ་འདི་བཤད་པ། །ཡོན་ཏན་ཆོས་སུ་གྱུར་པ་ཤེས་རབ་སྟོབས། །དྲང་སྲོང་ཡེ་ཤེས་སྟོབས་ཀྱིས་མངོན་པར་ཤེས། །ཚིག་ནི་ཐབས་མཁས་པ་ཡི་ངེས་པའི་ཚིག་།བརྟགས་པ་ཙམ་དུ་བརྟགས་ནས་བརྗོད་པ་ཡིན། །འཁོར་བ་ལ་ནི་མཐའ་མ་མི་རྙེད་དེ། །གང་དག་སྔོན་བྱུང་མཐའ་ནི་མཚན་ཉིད་མེད། །མ་འོངས་དུས་ཀྱང་ཤེས་པར་བྱ་བའི་ཕྱིར། །ལས་དང་བྱ་བས་དེ་ལྟར་ཞུགས་གྱུར་ཏེ། །རབ་དང་ཐ་མ་དག་ཏུའང་འབྱུང་བར་འགྱུར། །ཆོས་རྣམས་རྟག་ཏུ་དབེན་ཞིང་རང་བཞིན་སྟོང ། །ཐམས་ཅད་བདག་མེད་པར་ཡང་ཤེས་པར་གྱིས། །ཀུན་རྫོབ་ཏུ་ནི་རྒྱལ་བས་ཆོས་བཤད་དེ། །འདུས་བྱས་འདུས་བྱས་མ་ཡིན་དེ་ལྟར་ལྟོས། །ཡང་དག་ཉིད་དུ་བདག་དང་མི་མེད་དེ། །འགྲོ་བ་ཀུན་གྱི་མཚན་ཉིད་དེ་འདྲའོ། །དགེ་དང་ནག་པོའི་ལས་རྣམས་མི་འཇིག་སྟེ། །བདག་གིས་བྱས་པ་དག་ནི་མྱོང་བར་འགྱུར། །ལས་ཀྱི་འབྲས་བུ་འཕོ་བར་མི་འགྱུར་ཏེ། །རྒྱུ་མེད་པར་ཡང་མྱོང་བར་མི་འགྱུར་རོ། །སྲིད་པ་ཐམས་ཅད་སྒྱུ་མ་
232b
དབང་མེད་པ། །གསོག་དང་གསོབ་ཏུ་གྱུར་པ་དབུ་བ་བཞིན། །སྒྱུ་མ་སྨིག་རྒྱུ་ལྟ་བུར་རྟག་ཏུ་སྟོང ། །སྒྲ་ཡིས་དེ་བཤད་དེ་དག་དབེན་པ་ཡིན། །དེ་ལྟར་རྣམ་པར་རིག་པ་རློམ་སེམས་མེད། །ཚུལ་ཁྲིམས་ལ་ཡང་ཆགས་པ་མེད་པའི་སེམས། །བཟོད་པའི་སྟོབས་ཀྱིས་ཅུང་ཟད་མི་རྟོག་སྟེ། །དེ་ལྟར་སྤྱོད་པ་མཉམ་པར་གཞག་པར་འགྱུར། །རྒྱལ་པོ་དེས་ནི་ཇི་ཙམ་ཆོས་རིག་པ། །དེ་ཙམ་དུ་ན་རྒྱལ་བ་དེས་བཤད་དེ། །རྒྱལ་པོས་རྒྱལ་བའི་ཆོས་འདི་ཐོས་ནས་ནི། །འཁོར་དང་བཅས་པས་བསླབ་པ་ཡང་དག་བཟུང ། །རྒྱལ་པོའི་བུ་དེས་ཏིང་འཛིན་འདི་མཉན་ནས། །དགའ་ཞིང་ཡི་རངས་ཚིག་ཀྱང་འདི་སྐད་སྨྲ། །ཤིན་ཏུ་ལེགས་པར་ཏིང་འཛིན་འདི་བཤད་དེ། །ཁྱོད་ཀྱི་ཞབས་ལ་བདག་ནི་ཕྱག་འཚལ་ལོ། །དེར་ཡང་སྲོག་ཆགས་སྟོང་ཕྲག་བརྒྱད་ཅུ་དག་།ཡང་དག་དོན་དམ་ངེས་པར་བསྟན་པ་འདི། །ཆོས་ཀྱི་རང་བཞིན་བཟང་པོ་འདི་ཐོས་ནས། །དེ་དག་མི་སྐྱེ་བ་ཡི་བཟོད་པ་ཐོབ། །སྐྱེས་བུ་ལ་ནི་སྐྱེ་དང་འགག་པ་མེད། །དེ་བཞིན་ཆོས་འདི་རྟག་ཏུ་སྔ་ནས་དབེན། །དེ་ལྟར་རབ་ཤེས་ཡོངས་སུ་མི་འབྲི་སྟེ། །རྒྱལ་པོས་མི་སྐྱེ་བཟོད་པ་ཐོབ་པར་གྱུར། །དེ་ཚེ་རྒྱལ་པོས་རྒྱལ་སྲིད་རྣམ་སྤངས་ཏེ། །རྒྱལ་བ་དེ་ཡི་བསྟན་ལ་རབ་ཏུ་བྱུང ། །རྒྱལ་པོའི་སྲས་ཀྱང་ལྔ་བརྒྱ་མི་ཉུང་བ། །དེ་དག་ཀུན་ཀྱང་རྗེས་སུ་རབ་ཏུ་བྱུང ། །རྒྱལ་པོ་སྲས་དང་བཅས་པ་རབ་བྱུང་ནས། །དེ་ཚེ་སྲོག་ཆགས་མང་པོ་སྟོང་གཞན་ཡང ། །བདེ་བར་གཤེགས་པའི་དྲུང་དུ་རབ་ཏུ་བྱུང ། །རྒྱལ་བ་དེ་ལ་ཆོས་རྣམས་འཚོལ་
233a
༄#། །བར་བྱེད། །ལོ་ནི་བརྒྱ་ཕྲག་ཉི་ཤུར་ཡོངས་ཚང་བར། །རྒྱལ་བ་དེས་ནི་ཆོས་རྣམས་རབ་ཏུ་བཤད། །རྒྱལ་པོ་བུར་བཅས་སྐྱེ་བོར་བཅས་པ་ཡིས། །ལོ་ཡང་བརྒྱ་ཕྲག་ཉི་ཤུར་ཆོས་རྣམས་སྤྱད། །དེ་ནས་དུས་ཀྱང་གཞན་དུ་གྱུར་པའི་ཚེ། །རྒྱལ་བ་དེ་ཡང་ཡོངས་སུ་མྱ་ངན་འདས། །རྒྱལ་བའི་ཉན་ཐོས་རྣམས་ཀྱང་འདས་པར་གྱུར། །དེ་ཡི་ཆོས་རྣམས་ཀྱང་ནི་ཉུང་བར་གྱུར། །དེ་ཚེ་རྒྱལ་པོ་དེ་ཡི་བུ་ཡོད་པ། །བསོད་ནམས་བློ་གྲོས་དད་ཅིང་དང་བ་སྟེ། །དེ་ཡི་ཁྱིམ་དུ་ཉེར་འགྲོ་དགེ་སློང་ཡོད། །དེས་ནི་ཏིང་འཛིན་ཞི་བ་འདི་ཡང་བཤད། །དེ་ནི་འཇམ་ཞིང་མཉེན་པར་གྱུར་པ་སྟེ། །སྲོག་ཆགས་བརྒྱ་སྟོང་དག་གིས་བཀུར་སྟི་བྱས། །ལྷ་ཡང་བྱེ་བ་བརྒྱ་དག་ཕྱིར་འབྲང་ཞིང ། །གྲོང་དུ་འོངས་ནས་བསྔགས་པ་བརྗོད་པར་བྱེད། །དེ་ནི་དྲན་དང་ལྡན་ཞིང་རྟོགས་པར་ལྡན། །བརྟུལ་ཞུགས་བཟང་ཞིང་དེས་པ་ཚུལ་ཁྲིམས་དགའ། །དབྱངས་ཀྱང་སྙན་ཅིང་མི་རྩུབ་འཇམ་པ་སྟེ། །ཁམས་རྣམས་ཤེས་པའི་དབང་མཆོག་རབ་ཏུ་ཐོབ། །དགེ་སློང་དེ་ནི་སྙན་པའི་འོད་ཅེས་བྱ། །ཆོས་གོས་བྱེ་བ་བརྒྱ་ཡང་རབ་ཏུ་རྙེད། །དེ་ཡི་བསོད་ནམས་སྟོབས་ནི་མི་བཟོད་པས། །དེ་ཚེ་དགེ་སློང་སྟོང་དག་ཕྲག་དོག་སྐྱེས། །བསོད་ནམས་སྟོབས་དང་གཟུགས་ཀྱི་སྟོབས་རྣམས་དང ། །ཡེ་ཤེས་སྟོབས་དང་རྫུ་འཕྲུལ་སྟོབས་རྣམས་དང ། །ཚུལ་ཁྲིམས་སྟོབས་དང་ཏིང་འཛིན་སྟོབས་རྣམས་དང ། །ཆོས་ཀྱི་སྟོབས་ཀྱིས་དགེ་སློང་
233b
ཡང་དག་འཕགས། །སྐྱེ་བོའི་ཡིད་དུ་འོང་ཞིང་ཕངས་པ་སྟེ། །དགེ་སློང་དགེ་བསྙེན་དང་ནི་དགེ་སློང་མ། །རྒྱལ་བའི་བསྟན་ལ་སེམས་ཅན་གང་དད་པ། །དེ་དག་གིས་ནི་མཆོད་ཅིང་བཀུར་བ་ཡིན། །རྒྱལ་པོའི་བུ་ནི་དེར་ཡང་གང་བྱུང་བ། །བསོད་ནམས་བློ་གྲོས་རྟག་ཏུ་དད་མོས་ཏེ། །དགེ་སློང་མང་པོ་ཡིད་འཁྲུག་རིག་ནས་ནི། །སློབ་དཔོན་དེ་ལ་སྲུང་བ་བྱེད་དུ་བཙུད། །སྲོག་ཆགས་དག་ནི་སྟོང་ཕྲག་ལྔ་བརྒྱ་རྣམས། །གོ་བགོས་མཚོན་ཆ་རལ་གྲི་དབྱུག་ཐོགས་པ། །དེ་དག་གིས་ནི་དགེ་སློང་རྟག་ཏུ་བསྐོར། །ཡང་དག་སྤྱོད་པ་མུ་མེད་འཆད་ཅིང་སྨྲ། །དེ་ནི་འཁོར་ལ་ཆོས་རྣམས་རབ་སྟོན་ཏེ། །ཆོས་འདི་བདག་མེད་སྟོང་པ་སྲོག་མེད་འཆད། །དམིགས་པར་ལྟ་བ་བདག་ལ་ཆགས་པ་རྣམས། །དེ་དག་དགེ་སློང་ཅི་སྨྲ་མོས་མི་བྱེད། །སུ་དག་སྟོང་པ་ཞི་བ་མི་འདོད་པ། ། དགེ་སློང་འདི་ནི་ཆོས་མིན་རབ་སྟོན་གྱིས། །འདི་བསད་ན་ནི་བསོད་ནམས་འགྱུར་ཞེས་ནས། །དགེ་སློང་དག་ནི་ལག་ན་མཚོན་ཐོགས་འོངས། །མཐོང་ནས་དགེ་སློང་མཚོན་གྱིས་མི་འཇིགས་ཏེ། །འདི་ལ་སེམས་ཅན་སྐྱེས་བུ་གསོད་པ་མེད། །ཆོས་འདི་རྣམས་ནི་གསོག་སྟེ་རྩིག་པ་འདྲ། །སྟོང་པ་ཉིད་ཀྱི་ཆོས་རྣམས་རྗེས་སུ་དྲན། །དགེ་སློང་དེས་ནི་སྤྱི་བོར་ཐལ་སྦྱར་ཏེ། ། ཚིག་སྨྲས་རྒྱལ་བ་རྣམས་ལ་ཕྱག་འཚལ་ལོ། །བདེན་པ་གང་གིས་ཆོས་འདི་སྟོང་པ་ན། །མཚོན་ཆེ་འདི་རྣམས་མེ་ཏོག་མནྡར་གྱུར། །ཐུབ་པ་ཚུལ་ཁྲིམས་བརྟུལ་ཞུགས་ལྡན་བ་
234a
༄#། །ཡིས། །གཞན་སུ་མི་འགྱུར་ཚིག་འདི་སྨྲས་མ་ཐག་།ནགས་ཚལ་བཅས་པའི་ས་ཡང་རབ་ཏུ་གཡོས། །མཚོན་ཆ་དེ་དག་མེ་ཏོ་མནར་གྱུར། །དམིགས་པ་ཅན་དག་མཚོན་ཆ་ཐོགས་པ་ཡི། །དགེ་སློང་དེ་ཚེ་ལུས་ནི་ཞུམ་གྱུར་ནས། །ཚུར་ཡང་དེ་ནས་ཉེ་བར་འོང་མ་ནུས། །སྐྲག་ཅིང་ཤིན་ཏུ་ངོ་མཚར་ཆེན་པོར་གྱུར། །སུ་དག་ཐུབ་དབང་ལ་ནི་དང་མོས་ཤིང ། །གང་དག་སྟོང་པ་ཞི་པ་འདོད་པ་རྣམས། །དེ་དག་ཨ་ལ་ལ་སྟོང་བརྗོད་ནས་སུ། །རས་བཅོས་བརྒྱ་ཡིས་དགེ་སློང་མངོན་པར་གཡོགས། །དགེ་སློང་དེ་ནི་དེ་ལ་བྱམས་བསྐྱེད་ནས། །སེམས་ཅན་སུ་དག་ང་ལ་སྡང་བྱེད་པ། །དེ་དག་ཕྱིར་ནི་བྱང་ཆུབ་བདག་སྤྱོད་ཅེས། །སྐྱེ་བོ་ཐམས་ཅད་ཀྱི་ཡང་མདུན་དུ་སྨྲ། །དེས་ནི་ལོ་ཡང་བརྒྱད་ཅུ་མི་ཉུང་བར། །སྟོང་པ་རྒྱལ་བ་རྣམས་ཀྱི་མཛོད་བཤད་དེ། །ཕྱིར་རྒོལ་བ་ཡང་དགེ་སློང་སྟོང་དག་བྱུང ། །དེ་དག་རྒྱལ་པོའི་བུ་ཡིས་ཕྱིར་བཟློག་བྱས། །དེ་ཡང་དེ་ཚེ་ཡོངས་སུ་བརྙས་གྱུར་ཏེ། །དེ་ཡི་དགེ་སློང་དག་ཀྱང་ཉུང་བར་གྱུར། །དེ་ཚེ་མི་སྙན་པ་ཡི་ཚིག་ཐོས་ཀྱང ། །བཟོད་པའི་སྟོབས་ལས་ནམ་ཡང་ཉམས་མ་གྱུར། །དེ་ནི་གཞན་གྱི་དུས་སུ་གྱུར་པའི་ཚེ། །སྲོག་ཆགས་བརྒྱ་དག་གི་ཡང་དོན་ཆེན་བྱས། །བསམ་གྱིས་མི་ཁྱབ་ཆོས་ཀྱང་རྗེས་སུ་དྲན། །བསོད་ནམས་བློ་གྲོས་དགའ་བ་ཆེན་པོ་སྐྱེས། །དེར་ཡང་རི་མོ་རྒྱ་ཆེར་བྱས་ནས་ནི། །དགེ་སློང་
234b
དེ་ལ་བསོད་ནམས་བློ་གྲོས་སྨྲས། །བདག་གི་སློབ་དཔོན་ལ་ནི་སུ་ཡིས་ཀྱང ། །སེམས་ལ་མི་འཐད་ཅི་ཞིག་མ་བགྱིས་སམ། །དེས་སྨྲས་རྒྱལ་སྲས་གཞོན་ནུ་གསན་དུ་གསོལ། །བཟོད་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་བྱུང ། །སུ་ཡིས་བདག་ལ་མི་སྙན་ཚིག་སྨྲས་པ། །དེ་ལ་བདག་ནི་བྱམས་པ་རྒྱ་ཡང་ཆེ། །གང་གིས་བསྐལ་པ་སྟོང་ཕྲག་བརྒྱ་དག་ཏུ། །སྔོན་གྱི་སྲིད་པ་ལ་ནི་བཟོད་བསྒོམས་པ། །དགེ་སློང་སྙན་འོད་དེ་ནི་ང་ཡིན་ཞེས། །བཅོམ་ལྡན་སྐྱཱཀྱ་ཐུབ་པས་ཚིག་བརྗོད་དོ། །གང་གིས་དགེ་སློང་སྙན་འོད་བསྲུངས་པ་ཡི། །བསོད་ནམས་བློ་གྲོས་རྒྱལ་པོའི་བུ་དེ་ནི། །ཚེ་རབས་སྟོང་དུ་ང་ཡི་གྲོགས་གྱུར་ཏེ། །སངས་རྒྱས་བྱམས་པར་ངས་ནི་ལུང་བསྟན་ཏོ། །གང་གིས་སྟོན་པ་ཚོགས་ཀྱི་དབང་ཕྱུག་མཆོད། །གང་གིས་གནས་ཁང་བཟང་པོ་མཆོག་བྱས་པ། །གང་སྔོན་མེ་ཏོག་བཟང་ཞེས་བྱ་བ་དེ། །རྐང་གཉིས་གཙོ་བོ་མི་ཡི་དབང་པོར་གྱུར། །དེ་ལྟར་བསྐལ་པ་མང་པོ་མཐའ་ཡས་པར། །རྒྱལ་པ་དག་གི་དམ་ཆོས་ངས་བཟུང་སྟེ། །ངས་སྔོན་བཟོད་པའི་སྟོབས་ཀྱང་ཡང་དག་བསྒྲུབས། །གཞོན་ནུ་ཐོས་ནས་ང་ཡི་རྗེས་སུ་སློབས། །ང་ནི་མྱ་ངན་འདས་གྱུར་ཕྱི་མའི་ཚེ། །དམ་པའི་ཆོས་ནི་རྣམ་པར་འཇིག་པ་ན། །དགེ་སློང་མུ་སྟེགས་བློ་ལ་བརྩོན་པ་དག་།དེ་དག་ང་ཡི་ཞི་བའི་ཆོས་ལ་སྤོང ། །ཁེངས་ཤིང་རྒོད་ལ་གཏུམ་ཞིང་སྤྱི་རྟོལ་ཆེ། །སྡིག་པའི་གྲོགས་པོའི་ཟས་ལ་ཆགས་པ་
235a
༄#། །དག་།ཆོས་གོས་ལྷུང་བཟེད་དག་ལ་ཆགས་ཤིང་བརྐམ། །རྙེད་ལ་གནས་ཤིང་དེ་དག་ཆོས་ལ་སྤོང ། །དེ་དག་ཡིད་གཏུམ་ཞེ་སྡང་བྱས་མི་གཟོ། །དམའ་པའི་རིགས་དང་དབུལ་པའི་རིགས་ལས་ནི། །ང་ཡི་བསྟན་པ་འདི་ལ་རབ་བྱུང་ནས། །དེ་དག་ཞི་བའི་ཆོས་འདི་སྤོང་བར་བྱེད། །བདུད་ཀྱི་བློ་ཡིས་སེམས་ཅན་མུན་གཏིབས་ཤིང ། །འདོད་ཆགས་དབང་དུ་སོང་བས་མངོན་པར་ཆགས། །གཏི་མུག་དབང་གིས་བྱིས་པ་རྨོངས་པས་ན། །དེ་དག་སྟོང་པ་ཞི་བའི་ཆོས་མི་འདོད། །དགེ་སློང་དགེ་སློང་མ་དང་ཁྱིམ་པ་རྣམས། ། སྡིག་བའི་བློ་ཡིས་འཛིན་བཅུག་རྨོངས་བྱས་ཏེ། །དེ་དག་དབང་དུ་རྟག་པར་སོང་གྱུར་པས། །ཕྱི་མའི་དུས་ལ་བྱང་ཆུབ་སྤོང་བར་བྱེད། །ང་ཡི་ཚིག་འདི་གཞོན་ནུ་ཐོས་ནས་སུ། །དགེ་སློང་དགོན་པ་པ་དག་རྟག་ཏུ་བསྟེན། །སུ་དག་སྟོང་པ་ཞི་ལ་དགའ་བ་ནི། །དེ་དག་རྒྱལ་བའི་ཆོས་འདི་བཟུང་བ་ཡིན། །སུ་དག་ཏིང་འཛིན་འདི་ནི་འཛིན་གྱུར་པ། །དེ་དག་ང་ཡི་བསྟན་ལ་རབ་བྱུང་ཞིང ། །དགེ་སློང་བསྙེན་རྫོགས་གསོ་སྦྱོང་ལས་རྣམས་བྱས། །ཟས་ལ་མི་ཆགས་མི་བརྐམ་ཟ་བ་ཡིན། །ལུས་དང་སྲོག་ལ་ལྟ་བ་རབ་སྤོངས་ལ། །སྟོང་པ་ཤིན་ཏུ་ཞི་བ་སྒོམ་པར་གྱིས། །བརྩོན་ཞིང་རབ་ཏུ་བརྩོན་པའི་ཡིད་ཀྱིས་ཀྱང ། །རི་དྭགས་བཞིན་དུ་དགོན་པར་གནས་པར་གྱིས། །རྒྱལ་བ་དག་ལ་རྟག་ཏུ་མཆོད་པ་གྱིས། །གདུགས་
235b
དང་རྒྱལ་མཚན་བསྒྲེང་བ་གནས་ཁང་གིས། །བདེ་བར་གཤེགས་པའི་མཆོད་རྟེན་མཆོད་པར་གྱིས། །ཏིང་འཛིན་འདི་ནི་མྱུར་དུ་ཐོབ་པར་འགྱུར། །བྱང་ཆུབ་ཕྱིར་ནི་སེམས་ཀྱང་བསྐྱེད་གྱིས་ལ། །བདེ་བར་གཤེགས་པ་རྣམས་ཀྱི་མཆོད་རྟེན་དག་།གསེར་གྱིས་བརྒྱན་ཅིང་དངུལ་གྱིས་བསྐུས་པ་དང ། །རིན་ཆེན་སྣ་ཚོགས་གཟུགས་ལེགས་བྱེད་དུ་ཆུག་།བྱང་ཆུབ་ཕྱིར་ནི་ཡི་དམ་བཅའ་གྱིས་ལ། །འཇིག་རྟེན་མཆོད་པ་བཟང་པོ་ཇི་སྙེད་པ། །ལྷ་དང་མི་ཡི་དགའ་བར་འགྱུར་བ་རྣམས། །ཐམས་ཅད་འཚོལ་ལ་སངས་རྒྱས་མཆོད་པ་གྱིས། །ཆོས་ཉིད་དུ་ཡང་མི་དབང་ཐམས་ཅད་ལྟོས། །ཕྱོགས་བཅུའི་འཇིག་རྟེན་དག་ན་གང་བཞུགས་དང ། །རྒྱལ་བ་མྱ་ངན་འདས་པ་ཀུན་སྣང་སྟེ། །ཆོས་ཉིད་ཀྱིས་ནི་སངས་རྒྱས་མངོན་སུམ་བཞུགས། །གཏོང་བ་ཀུན་ལ་ཤིན་ཏུ་མོས་པར་གྱིས། །ཚུལ་ཁྲིམས་དག་པར་གྱུར་ཅིང་བརྟན་པའི་སེམས། །བཟོད་ལ་དགའ་ཞིང་རྟག་ཏུ་བྱམས་ལ་དགའ། །ཆོས་རྣམས་ཐམས་ཅད་སྟོང་པར་ཤེས་པར་གྱིས། །མ་ཞུམ་མ་འགོང་བརྩོན་འགྲུས་རབ་སྐྱེད་ལ། །བསམ་གཏན་དགའ་ཞིང་རབ་ཏུ་དབེན་ལ་མོས། །ཤེས་རབ་རྣམ་དག་ཤེས་རབ་རབ་ཤེས་ཀྱིས། །རིང་པོར་མི་ཐོགས་སྙིང་རྗེ་ལྡན་པར་འགྱུར། །མི་གཙང་བས་ནི་འདོད་ཆགས་རྟག་ཞི་གྱིས། །བཟོད་པའི་སྟོབས་ཀྱིས་ཞེ་སྡང་ཚར་ཆོད་ཅིག་།ཤེས་རབ་སྟོབས་ཀྱིས་གཏི་མུག་བསལ་བར་གྱིས། །རྒྱལ་བས་བསྔགས་
236a
༄#། །པའི་བྱང་ཆུབ་ཐོབ་པར་འགྱུར། །ལུས་ནི་སྙིང་པོ་མེད་ཅིང་དབུ་བ་འདྲ། །སྡུག་བསྔལ་རུལ་བ་དྲི་ང་བསྒོམ་པར་གྱིས། །ཕུང་པོ་ཐམས་ཅད་གསོག་ཏུ་ཤེས་པར་གྱིས། །ཡེ་ཤེས་བླ་མེད་མྱུར་དུ་ཐོབ་པར་འགྱུར། །བདག་དང་སྐྱེས་བུ་དང་ནི་སྲེག་རྣམས་སུ། །སྡིག་པའི་ལྟ་བ་ནམ་ཡང་མ་འཛིན་ཅིག་།ཆོས་རྣམས་ཐམས་ཅད་སྟོང་པར་ཤེས་པར་གྱིས། །བླ་མེད་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །རྙེད་ལ་ཆགས་པར་ནམ་ཡང་མ་བྱེད་ཅིག་།ཟས་རྣམས་མ་རྙེད་ན་ཡང་གདུང་མ་བྱེད། །བསྟོད་དང་སྨད་པ་དག་གིས་མ་གཡོ་བར། །རི་རབ་བཞིན་དུ་རབ་ཏུ་མི་འགུལ་གྱིས། །གུས་པ་སྐྱེད་ལ་ཆོས་རྣམས་བཙལ་བར་གྱིས། །ཐོས་ནས་དེ་ཚེ་དེ་ཡང་མྱོང་བར་གྱིས། །རྒྱལ་བ་ཀུན་གྱི་སྤྱོད་ཡུལ་གནས་གྱིས་དང ། །བདེ་བ་ཅན་གྱི་ཞིང་དུ་མྱུར་དུ་འགྲོ་།འགྲོ་བ་ཀུན་ལ་སེམས་ཀྱང་མཉམ་གྱིས་ལ། །སྡུག་དང་མི་སྡུག་པ་ཡི་སེམས་མ་བྱེད། །རྙེད་དང་སྙན་པ་དག་ནི་མ་འཚོལ་ཅིག་།མྱུར་དུ་སངས་རྒྱས་ཐུབ་པའི་དབང་པོར་འགྱུར། །ཡོན་ཏན་གང་ཐོས་སེམས་ཅན་དད་འགྱུར་ཞིང ། །སངས་རྒྱས་ཡོན་ཏན་དག་ལ་མོས་བསྐྱེད་པ། །ཡང་དག་ཡོན་ཏན་ངེས་པའི་ཚིག་རྣམས་ཀྱིས། །སངས་རྒྱས་ཡོན་ཏན་རྟག་ཏུ་བཤད་པར་གྱིས། །རྟག་ཏུ་སློབ་དཔོན་དང་ནི་ཕ་དང་མ། །དེ་བཞིན་འགྲོ་བ་ཀུན་ལ་གུས་པར་གྱིས། །ང་རྒྱལ་དགྲ་གི་དབང་དུ་མ་འགྲོ་ཞིག།
236b
སུམ་ཅུ་རྩ་གཉིས་མཚན་རྣམས་ཐོབ་པར་འགྱུར། །འདུ་འཛི་དག་ནི་མ་ལུས་རྣམ་སྤངས་ནས། །རྟག་ཏུ་དབེན་པ་ལ་ཡང་དགའ་བར་གྱིས། །དེས་ཤིང་བརྟུལ་ཞུགས་བཟང་ལ་རྟག་ཏུ་ཞི། །བདག་ལ་ཕན་ཞིང་སེམས་ཅན་གཞན་ལ་ཕན། །བྱམས་པ་དང་ནི་སྙིང་རྗེ་བསྒོམ་པར་གྱིས། །དགའ་དང་བཏང་སྙོམས་ལ་ཡང་རྟག་མོས་གྱིས། །རྟག་ཏུ་རྒྱལ་བའི་བསྟན་པ་རྗེས་སུ་ལྟོས། །འཇིག་རྟེན་དུ་ཡང་མྱུར་དུ་ཕན་བྱེད་འགྱུར། །སྡིག་པའི་གྲོགས་པོ་ནམ་ཡང་མ་བསྟེན་པར། །གྲོགས་པོ་གང་དག་རྒྱ་ཆེར་བསྟེན་པར་གྱིས། །སུ་དག་སྟོང་པ་ཞི་བ་འདི་འདོད་པ། །དེ་དག་བྱང་ཆུབ་མཆོག་ལ་ཞུགས་པ་ཡིན། །ཉན་ཐོས་སར་ནི་ནམ་ཡང་མ་སློབ་ཅིག་།དེ་ཡི་སྤྱོད་ལའང་དགའ་བར་མ་བྱེད་ཅིག་།སངས་རྒྱས་ཡོན་ཏན་དག་ལས་སེམས་མ་བཏང ། །མྱུར་དུ་སངས་རྒྱས་རྒྱལ་བའི་དབང་པོར་འགྱུར། །བདེན་ཚིག་དམ་པ་རྟག་ཏུ་སྨྲ་བར་གྱིས། །རྫུན་རྣམས་དང་ནི་རྩུབ་པོའི་ཚིག་མ་སྨྲ། །རྟག་ཏུ་འཇམ་ཞིང་དགའ་བ་སྨྲ་བར་གྱིས། །འཇིག་རྟེན་སློབ་དཔོན་དག་གི་གསུང་ཐོབ་འགྱུར། །ལུས་དང་སྲོག་ལ་ཆགས་པར་མ་བྱེད་ཅིག་།གཞན་ལ་སྨོད་ཅིང་བདག་ལ་བསྟོད་མ་བྱེད། །བདག་གི་ཡོན་ཏན་ཡང་དག་སྒྲུབ་གྱིས་ལ། །གཞན་གྱི་སྤྱོད་པ་དག་ལ་བཏང་སྙོམས་གྱིས། །རྣམ་ཐར་སྟོང་ལ་རྟག་ཏུ་དགའ་བར་གྱིས། །འགྲོ་བ་རྣམས་སུ་སྨོན་པར་མ་བྱེད་ཅིག་།མཚན་མ་ཐམས་ཅད་མ་ལུས་རྣམ་པར་སྤོངས། །རྟག་ཏུ་མཚན་མ་མེད་ལ་
237a
༄#། །གནས་པར་གྱིས། །དུས་ཀུན་ཏུ་ནི་མཐའ་ཡང་རྣམ་པར་སྤོངས། །རྟག་དང་ཆད་ལ་གནས་པར་མ་གྱུར་ཅིག་།ཐམས་ཅད་རྐྱེན་ལས་གྱུར་པར་རྟག་རིག་གྱིས། ། དེ་ལྟར་བྱས་ན་སྟོན་པ་ཇི་བཞིན་འགྱུར། །འདོད་པའི་དགའ་བ་རྣམས་ལ་དགའ་བ་སྤོངས། །ཞེ་སྡང་ཐ་བ་དྲི་མ་རྣམ་སྤངས་ཤིང ། །གཏི་མུག་མུན་པ་ཐམས་ཅད་རྣམ་བསལ་ན། །ཞི་བར་དགའ་བའི་མི་ཡི་སེང་གེར་འགྱུར། །རྟག་པ་མི་རྟག་པར་ཡང་རྟག་ཏུ་ལྟོས། །སྲིད་པ་ཀུན་གྱི་སྡུག་བསྔལ་བདེ་གྲོལ་ཞིང ། །བདག་དང་གཙང་ལ་མི་གཙང་བདག་མེད་པར། །བསྒོམ་པར་བྱས་ན་མི་ཡི་དབང་པོར་འགྱུར། །འཇིག་རྟེན་སྒྲོན་མཛད་རྒྱལ་བ་རྣམས་ཀྱིས་ནི། །གང་ལ་ཚུལ་བཞིན་ཆོས་རྣམས་རབ་བསྟན་པ། །དེ་ཡིས་བདུད་ཀྱི་སྟོབས་རྣམས་བཅོམ་ནས་སུ། །བླ་ན་མེད་པའི་བྱང་ཆུབ་ཡངས་པ་ཐོབ། །ཡོན་ཏན་ཇི་སྙེད་ངས་བཤད་ཐོབ་བྱས་ཏེ། །ཉེས་པ་བརྒྱ་དག་ངས་ནི་གང་བསྟན་པ། །རྣམ་པར་སྤངས་ནས་སློབ་པར་བྱེད་པ་ནི། །གཞོན་ནུ་དེ་ཚེ་འདིར་ཡང་སངས་རྒྱས་འགྱུར། །སྙན་པའི་འོད་ཀྱི་ལེའུ་སྟེ། སུམ་ཅུ་རྩ་བརྒྱད་པའོ།། །།འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ། བམ་པོ་བཅུ་བཞི་པ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། དེ་ལྟ་བས་ན། གཞོན་ནུ། ལུས་ཀྱི་སྡོམ་པས་བསྡམ་པར་བྱའོ་ཞེས། གཞོན་ནུ། དེ་ལྟར་བསླབ་པར་
237b
བྱའོ། །གཞོན་ནུ། དེ་ལ་ལུས་ཀྱི་སྡོམ་པ་གང་ཞེ་ན། ལུས་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་ཆགས་པ་མེད་པར་འགྱུར་པ་དེ་ནི་ལུས་ཀྱི་སྡོམ་པ་ཞེས་བྱའོ། །གཞོན་ནུ། ལུས་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཐོབ་པར་འགྱུར་བ་དེ་ནི་ལུས་ཀྱི་སྡོམ་པ་ཞེས་བྱའོ། །ལུས་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔེ་བྱད་བཟང་པོ་བརྒྱད་ཅུ་ཐོབ་པར་འགྱུར་བ་དེ་ནི་ལུས་ཀྱི་སྡོམ་པ་ཞེས་བྱའོ། །ལུས་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོབས་བཅུ་ཐོབ་པ་དང ། མི་འཇིགས་པ་བཞི་དང ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐོབ་པར་འགྱུར་བ་འདི་ནི། གཞོན་ནུ། ལུས་ཀྱི་སྡོམ་པ་ཞེས་བྱའོ། །ལུས་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་སྒོ་གསུམ་ཐོབ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་དང ། རྣམ་པར་ཐར་པའི་སྒོ་འདི་གསུམ་ཐོབ་པར་འགྱུར་པ་འདི་ནི། གཞོན་ནུ། ལུས་ཀྱི་སྡོམ་པ་ཞེས་བྱའོ། །ལུས་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚངས་པའི་གནས་པ་ཆེན་པོ་བཞི་ཐོབ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱམས་པ་ཆེན་པོ་དང ། སྙིང་
238a
༄#། །རྗེ་ཆེན་པོ་དང ། དགའ་བ་ཆེན་པོ་དང ། བཏང་སྙོམས་ཆེན་པོ་དང ། ཚངས་པའི་གནས་པ་ཆེན་པོ་འདི་བཞི་ཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། ལུས་ཀྱི་སྡོམ་པ་ཞེས་བྱའོ། །ལུས་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་སྟེ།་བཞི་གང་ཞེ་ན། འདི་ལྟ་སྟེ། དོན་སོ་སོ་ཡང་དག་པར་རིག་པ་དང ། ཆོས་སོ་སོ་ཡང་དག་པར་རིག་པ་དང ། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་དང ། སོ་སོ་ཡང་དག་པར་རིག་པ་འདི་བཞི་ཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། ལུས་ཀྱི་སྡོམ་པ་ཞེས་བྱའོ། །ལུས་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐོབ་སྟེ། སུམ་ཅུ་རྩ་བདུན་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང ། ཡང་དག་པར་སྤོང་བ་བཞི་དང ། རྫུ་འཕྲུལ་གྱི་རྐང་པ་བཞི་དང ། དབང་པོ་ལྔ་དང ། སྟོབས་ལྔ་དང ། བྱང་ཆུབ་ཀྱི་ཡན་ལག་བདུན་དང ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ཐོབ་པར་འགྱུར་བ་དེ་ནི་ལུས་ཀྱི་སྡོམ་པ་ཞེས་བྱའོ། །ལུས་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་ལ་གནས་པ་ཐོབ་པ་དང ། བཏང་སྙོམས་ཆེན་པོ་ལ་
238b
གནས་པ་ཐོབ་པ་དང ། བདེ་བའི་རྣམ་པར་རྟོག་པ་ཐོབ་པ་དང ། རབ་ཏུ་དབེན་པའི་ཆོས་རྣམས་ཐོབ་པར་འགྱུར་བདེ་ནི། གཞོན་ནུ། ལུས་ཀྱི་སྡོམ་པ་ཞེས་བྱའོ། །གཞན་ཡང ། གཞོན་ནུ། ལུས་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲོག་གཅོད་པ་སྤོང་པར་འགྱུར་བ་དང ། མ་བྱིན་པར་ལེན་པ་དང ། མི་ཚངས་པར་སྤྱོད་པ་དང ། བརྫུན་དུ་སྨྲ་བ་དང ། ཕྲ་མའི་ཚིག་དང ། ཚིག་རྩུབ་པོ་དང ། འཁྱལ་བར་སྨྲ་བ་དང ། བརྣབ་སེམས་དང ། གནོད་སེམས་དང ། ལོག་པར་ལྟ་བ་དང ། སྲང་ལ་གཡོ་བྱེད་པ་དང ། ཚད་ལ་གཡོ་བྱེད་པ་དང ། ནོར་ལ་གཡོ་བྱེད་པ་དང ། གཟུང་བ་དང ། བཅིང་བ་དང ། བཙའ་བ་དང ། བརྡེག་པ་དང ། བསྡིགས་པ་དང ། གཅད་པ་དང ། དབུག་པ་དང ། ཞེ་ལ་གནོན་པ་དང ། ཆགས་པ་དང ། སེར་སྣ་མ་སྤངས་པར་འགྱུར་བ་དང ། ལག་པ་རྒོད་པ་དང ། རྐང་པ་རྒོད་པ་དང ། རྐང་ལག་མ་བསྡམས་པ་དང ། དེའི་ལུས་དང་ངག་དང་ཡིད་ཀྱི་གནས་ངན་ལེན་སྤངས་ཤིང་ཏ་ལའི་མགོ་བཅད་པ་བཞིན་དུ་མ་འོངས་པའི་དུས་ན་མི་སྐྱེ་བའི་ཆོས་ཅན་དུ་འགྱུར་བ་དེ་ནི། གཞོན་ནུ། ལུས་ཀྱི་སྡོམ་པ་ཞེས་བྱའོ། །གཞོན་ནུ། དེ་ལྟ་བས་ན་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། གཞོན་ནུ། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ། ཡངས་པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པ་དེའི་ཚེ་དེའི་དུས་ན་ཡེ་ཤེས་སྣང་བ་ཞེས་བྱ་བ་དེ་བཞིན་གཤེགས་
239a
༄#། །པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། གཞོན་ནུ། དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་ཡེ་ཤེས་སྣང་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་དྲུག་ཅུར་གྱུར་ཏོ། །དགྲ་བཅོམ་པ་བྱེ་བ་ཕྲག་དྲུག་ཅུའི་ཉན་ཐོས་ཀྱི་དགེ་འདུན་བྱུང་ངོ ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་པའི་ཆོས་ཡོངས་སུ་འཛིན་པའང་དཔག་ཏུ་མེད་པ་བྱུང་ངོ ། །གཞོན་ནུ། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཁྱད་པར་སེམས་ཞེས་བྱ་བ་ཞིག་བྱུང་སྟེ། རྒྱལ་པོ་ཁྱད་པར་སེམས་དེ་སྲོག་ཆགས་བྱེ་བ་ཕྲག་བརྒྱད་ཅུ་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པའི་དྲུང་དུ་འོངས་སོ། །འོངས་ནས་དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་།རྒྱལ་པོ་ཁྱད་པར་སེམས་ཕྱོགས་གཅིག་ཏུ་འདུག་ནས་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱེད་དོ། །དེ་ནས་ཡེ་ཤེས་སྣང་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྒྱལ་པོ་ཁྱད་པར་སེམས་
239b
འཁོར་དང་བཅས་པའི་ལྷག་པའི་བསམ་པ་མཁྱེན་ནས་ཆོས་ཀྱི་རྣམ་གྲངས་འདི་ལས་ལུས་ཀྱི་སྡོམ་པའི་ཏིང་ངེ་འཛིན་གྱི་སྒོར་འཇུག་པའི་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཡང་དག་པར་རབ་ཏུ་བསྟན་ཏོ། །ཇི་ལྟར་བར་སྣང་ནམ་མཁའ་རྣམ་དག་སྟེ། །ཤིན་ཏུ་དག་ཅིང་རང་བཞིན་འོད་གསལ་བ། །དེ་བཞིན་ལུས་ཀྱི་སྡོམ་པ་དག་པ་ཡང ། །དབྱངས་ཀྱིས་བསྟན་པར་ནམ་ཡང་ནུས་མི་འགྱུར། །ལུས་ཀྱི་སྡོམ་པ་འདི་ནི་དབེན་ཞིང་སྟོང ། །འདི་འདྲ་གཉིས་པོ་ལུས་ཀྱི་མཚན་ཉིད་དེ། །དེ་དག་མཚན་ཉིད་མེད་པ་བར་སྣང་བཞིན། །ལུས་ཀྱི་སྡོམ་པ་དེ་ཡི་མཚན་ཉིད་བཤད་སྡོམ་པའི་མཚན་ཉིད་དེ་འདྲར་སུས་ཤེས་པ། །དེ་ལ་སྡོམ་པ་ནམ་ཡང་མེད་མི་འགྱུར། །མི་འཇུག་པ་དེ་ཡི་སྤྱོད་ཡུལ་ག་ལ་ཡིན། །ཟག་པ་མེད་པ་ལ་ནི་སྐྱེ་བ་མེད། །གཟུགས་དང་ལོངས་སྤྱོད་ལ་ནི་སྲེད་བསྐྱེད་ནས། །འདོད་པ་དག་ལ་བརྟེན་པས་མི་ནུས་ཏེ། །སྲིད་པ་དག་གི་ཉེས་པ་མི་ཤེས་པས། །ལུས་ཀྱི་སྡོམ་པ་འདི་ནི་ཤེས་མི་ནུས། །ཟག་མེད་སྡོམ་པ་གང་གིས་རབ་ཤེས་པ། །དེ་ལ་སྐྱེ་བ་ནམ་ཡང་ཡོད་མི་འགྱུར། །དགྲ་བཅོམ་པ་ཡི་ཆོས་ནི་དེ་འང་སྟེ། །མུ་སྟེགས་ཅན་གྱིས་ཤེས་པར་སླ་མ་ཡིན། །གང་དག་ཁམས་གསུམ་ཀུན་ལ་ཡིད་སྐྲག་ཅིང ། །འདོད་པའི་ལོངས་སྤྱོད་ལ་ཡང་འདོད་མི་སྐྱེད། །རྒྱལ་པོའི་སྲིད་དང་ལོངས་སྤྱོད་ཡོང་མི་འདོད། །དེ་དག་ལུས་ཀྱི་སྡོམ་པ་འདི་འདྲ་ཤེས། །ལུས་ཀྱི་སྡོམ་པ་འདི་ནི་དོན་ཅེས་བྱ། །དོན་ནི་སྒྲ་ཡིས་བསྟན་པར་
240a
༄#། །མི་ནུས་ཏེ། །འདི་འདྲའི་ཆོས་ཀྱི་ཚུལ་ནི་གང་ཤེས་པ། །དེ་ནི་སྡོམ་པ་འདི་ལ་གནས་པ་ཡིན། །དོན་ལ་ཞུགས་ལ་ངས་ནི་དོན་བསྟན་ཏེ། །མཁས་པ་སུ་དག་དོན་གྱི་ཚུལ་ལ་མོས། །དོན་མེད་རྣམ་སྤངས་དོན་ལ་གནས་པ་རྣམས། །དེ་དག་སྡོམ་ལ་རྟག་ཏུ་གནས་པ་ཡིན། །རྒྱལ་བའི་བསྟན་ལ་དོན་དུ་གང་བརྗོད་དང ། །ཇི་ལྟ་བུར་ནི་དོན་ཡིན་རྣམ་རིག་སྟེ། །དོན་ཚུལ་རང་བཞིན་གང་གིས་ཤེས་པ་ནི། །ལུས་ཀྱི་སྡོམ་པ་ལ་ཡང་གནས་ཞེས་བྱ། །གང་གིས་བདག་མེད་གསོག་དང་སྟོང་ཉིད་དང ། །མཚན་མ་མེད་པར་རྣམ་པར་རིག་གྱུར་པ། །དེ་ལ་ནམ་ཡང་སྡོམ་པ་མེད་མི་འགྱུར། །འདི་ལྟར་དེས་ནི་ཡང་དག་ངེས་ལ་བསླབས། །དངོས་པོ་དག་ནི་དངོས་མེད་གང་རིག་པ། །དེ་ནི་དངོས་པོ་དག་ལ་ཡོང་མི་ཆགས། །དངོས་པོ་ཀུན་ལ་ནམ་ཡང་མི་ཆགས་པ། །དེ་ནི་མཚན་མེད་ཏིང་འཛིན་རེག་པར་འགྱུར། །ངོ་བོ་ཉིད་སྟོང་རང་བཞིན་འོད་གསལ་བ། །བདག་མེད་ཆོས་རྣམས་དེ་ཡིས་རྣམ་རིག་ན། །དེ་ལ་ནམ་ཡང་སྡོམ་པ་མེད་མི་འགྱུར། །འདི་ལྟར་དེས་ནི་ཡང་དག་ངེས་པར་རྟོགས། །གང་གིས་ཕུང་པོ་ལྔ་རྣམས་སྟོང་པར་ཤེས། །རང་བཞིན་སྟོང་ཞིང་བདག་མེད་རིག་ན་ནི། །ལུས་ཀྱིས་ལས་གང་ཡང་དག་སྤྱོད་བྱེད་པ། །དེ་ལ་ནམ་ཡང་སྡོམ་པ་མེད་མི་འགྱུར། །མཚན་མ་དག་ལ་འཛིན་ཅིང་མ་བསྡམས་ཏེ། །ཁོར་མོར་བདག་ཏུ་འདུ་ཤེས་རབ་
240b
གནས་པ། །གཟུགས་ལ་ཆགས་པར་གྱུར་པའི་སྐྱེ་བོ་དག་།མ་བསྡམས་པ་ཡི་འདོད་ཆགས་རབ་ཏུ་ལྡང ། །གང་རྣམས་ཡང་དག་མཐའ་ལ་བསླབས་གྱུར་ཅིང ། །སྟོང་པ་རྟོགས་པར་རིག་པ་དེས་པ་དག་།སྡོམ་མེད་གང་གིས་ངན་འགྲོར་འགྲོ་བ་ཡིས། །འདོད་ཆགས་དེ་ལ་ནམ་ཡང་ལྡང་བ་མེད། །ཇི་ལྟར་རི་རབ་དག་ནི་ཆེན་པོ་ལ། །གྲོག་མ་ཀུན་གྱིས་གཡོས་ཤིང་འགུལ་མི་ནུས། །དེ་བཞིན་མཁས་པ་ཡང་དག་ཚུལ་བསླབས་པས། །ལྷ་ཡི་གཟུགས་ཀྱིས་ཀྱང་ན་དེ་མི་གཡོས། །ནམ་མཁའ་ལ་ནི་རི་མོར་བྲི་ནུས་ཤིང ། །ལག་པས་ནམ་མཁའ་གཟུང་དུ་རུང་གྱུར་ཀྱང ། །འདོད་ཆགས་ཞེ་སྡང་བདུད་རྣམས་བྱེ་བ་ཡིས། །དེ་ལ་རྣམ་པར་བསྐྱོད་པར་ཡོང་མི་ནུས། །ལ་ལས་བྲག་ཅ་དག་ནི་གཟུང་ནུས་ཤིང ། །ཆུ་ཡི་སྟེང་ན་རྡོ་ཡང་འཕྱོ་གྱུར་ཀྱང ། །ལུས་སྡོམ་པ་འདི་འདྲ་སུས་བསླབས་པ། །དེ་ཡི་བསམ་པ་དག་ཀྱང་བལྟར་མི་ནུས། །འཇིག་རྟེན་ཀུན་ན་སྒྲ་མང་ཇི་སྙེད་པ། །གཟུང་སྟེ་སྒྲོམ་དུ་གཞུག་པར་ནུས་གྱུར་ཀྱང ། །ལུས་ཀྱི་སྡོམ་པའི་གནས་དང་མི་གནས་པ། །སུས་ཀྱང་རྣམ་པར་རིག་པར་བྱེད་མི་ནུས། །སྤྲིན་ལས་སྒྲ་བསྒྲགས་གློག་རྣམས་རྒྱུ་བ་དང ། །ཉི་མའི་འཁོར་ལོའི་འོད་ཟེར་གཟུང་ནུས་ཀྱང ། །ལུས་ཀྱི་སྡོམ་པ་འདི་ལ་སུས་བསླབས་པ། །དེ་ཡི་རང་བཞིན་ཤེས་པར་ནུས་མི་འགྱུར། །རླུང་གི་དཀྱིལ་འཁོར་ཕྱོགས་བཞིར་ལྡང་པ་ནི། །རྒྱ་དང་རྙི་ཡིས་གཟུང་བར་ནུས་གྱུར་ཀྱང ། །ལུས་ཀྱི་སྡོམ་པ་འདི་ལ་གང་གནས་པ། །དེ་ཡི་ལུས་ནི་ནམ་ཡང་
241a
༄#། །ཤེས་མི་ནུས། །སྲོག་ཆགས་ཀུན་གྱི་སྤྱོད་ཡུལ་དེ་མ་ཡིན། །སེམས་སྡོམ་གང་ལ་མཁས་པ་དེ་གནས་ཤིང ། །སྤྱོད་ཡུལ་གང་གནས་ལུས་ཀྱི་སྡོམ་པ་ནི། །འཇིག་རྟེན་ཆོས་ཀྱིས་མི་གོས་ནམ་མཁའ་བཞིན། །ཕྱོགས་བཞིར་ནམ་མཁའ་ལ་ནི་རྒྱུ་བ་ཡིས། །སྲོག་ཆགས་ཀུན་རྗེས་སོ་སོར་བལྟ་ནུས་ཀྱང ། །དེ་ཡི་ལུས་དང་སེམས་ཀྱི་སྤྱོད་ཡུལ་ལ། །ཚད་བཟུང་བར་ནི་སུ་ཡང་ནུས་པ་མེད། །ལུས་ཀྱི་སྡོམ་པ་འདི་ལ་གང་གནས་པའི། །ཉོན་མོངས་རྣམ་མང་ཐམས་ཅད་མེད་པར་འགྱུར། །དེ་ཡི་ཉོན་མོངས་ཉེ་བ་རབ་ཏུ་སྤངས། །འདི་ལྟར་དེས་ནི་ལུས་ཀྱི་སྡོམ་པ་བསླབས། །དེ་ལ་མཚོན་ཆ་དང་ནི་མེས་མི་ཚུགས། །དེ་ལྟར་དེ་ཡི་ལུས་ནི་བཟུང་དུ་མེད། །དེ་ནི་བཞི་བ་རབ་ཞི་ཏིང་འཛིན་གནས། །འདི་ལྟར་དེས་ནི་ལུས་ཀྱི་སྡོམ་པ་བསླབས། །དེ་ལྟར་གནས་པ་འཇིགས་མེད་སྐྲག་པ་མེད། །དེ་ལ་འཁྲུག་སེམས་མི་སྐྱེ་ཕྲག་དོག་མེད། །ལུས་ཀྱི་སྡོམ་པ་འདི་འདྲ་སུས་བསླབས་པ། །དེ་ནི་གཙེ་བ་ཀུན་ལས་ཐར་པ་ཡིན། ། དུག་དང་མཚོན་གྱིས་ནམ་ཡང་མི་འཇིགས་ཤིང ། །མེ་དང་ཆུ་ཡི་ནང་ནའང་འཇིགས་པ་མེད། །ལུས་ཀྱི་སྡོམ་པ་འདི་འདྲ་སུས་བསླབས་པ། །དེ་ནི་གཙེ་བ་ཀུན་ལས་ཐར་པ་ཡིན། །ཆོམ་རྐུན་གཡོན་ཅན་སྡིག་པ་བྱེད་པ་དང ། །སྤྲུལ་གདུག་ནང་དུ་སོང་ཡང་འཇིགས་མེད་དེ། །འདི་ལྟར་དེ་ནི་བདག་ཏུ་འདུ་ཤེས་མེད། །འདུ་ཤེས་རྣམ་པར་གྲོལ་ལ་འཇིགས་མི་འབྱུང ། །འཇིགས་
241b
ལས་རྣམ་པར་གྲོལ་བ་སྐྲག་མི་སྐྱེ། །སྐྲག་པ་མེད་ལ་གཡོ་བ་མི་འབྱུང་སྟེ། །མི་གཡོ་བ་ལ་སྐྲག་པ་ག་ལ་ཡོད། །དེ་ནི་བདུད་རྣམས་བྱེ་བས་བསྐྱོད་མི་ནུས། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་པའི་ཕྱིར། །སྡོམ་པ་གང་སྤྱོད་བཤད་ཅིང་རབ་བསྟན་པ། །འདི་འདྲའི་ལུས་ཀྱི་སྡོམ་པ་སུས་བསླབས་པ། །དེ་ནི་བདུད་རྣམས་བྱེ་བས་བསྐྱོད་མི་ནུས། །ཆོས་རྣམས་ཀུན་ལ་ཡེ་ཤེས་ཐོགས་པ་མེད། །དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་ཚང ། །སུམ་ཅུ་རྩ་གཉིས་མཚན་གྱི་རི་མོ་དག་།སྡོམ་པར་གནས་ལ་རྙེད་པར་དཀའ་མི་འགྱུར། །སངས་རྒྱས་ཆོས་རྣམས་བསམ་གྱིས་མི་ཁྱབ་ཅིང། །ཚད་ཀྱང་མེད་པར་རྟོགས་པར་སུ་འདོད་པ། །འདི་འདྲའི་ལུས་ཀྱི་སྡོམ་པ་དེས་སློབས་ཤིག་།འཇིག་རྟེན་ཐམས་ཅད་ཀྱི་ཡང་མཆོད་རྟེན་འགྱུར། །སངས་རྒྱས་སྟོབས་བཅུ་མངའ་བ་བསམ་མི་ཁྱབ། །དྲང་སྲོང་ཆེན་པོའི་ཆོས་འདི་གང་འདོད་པ། །དེས་ནི་ལུས་ཀྱི་སྡོམ་པ་འདི་འདྲ་སློབས། །གང་སློབ་དེ་ལ་སྟོབས་རྣམས་རྙེད་མི་དཀའ། །འདི་འདྲའི་ལུས་ཀྱི་སྡོམ་ལ་གང་སློབ་པ། ། སངས་རྒྱས་ཆོས་ནི་མ་འདྲེས་བཅོ་བརྒྱད་པོ། །རྒྱལ་བ་གང་ལ་རབ་ཏུ་གནས་པ་ཡང ། །དེ་དག་དེ་ལ་རྙེད་པར་དཀའ་མི་འགྱུར། །འདི་འདྲའི་ལུས་ཀྱི་སྡོམ་པ་གང་སློབ་པ། །དྲང་སྲོང་ཆེན་པོའི་བྱང་ཆུབ་ཡན་ལག་བདུན། །སོ་སོ་ཡང་དག་རིག་དང་རྫུ་འཕྲུལ་རྐང ། །དེ་ལ་དེ་དག་རྙེད་པར་དཀའ་མི་འགྱུར། །ཚངས་པའི་གནས་བཞི་དང་ནི་བསམ་གཏན་དང ། །རྣམ་པར་ཐར་པའི་སྒོ་རྣམས་གང་
242a
༄#། །བཤད་དང ། །བདེ་བའི་རྣམ་རྟོག་རབ་ཏུ་དབེན་པ་ཡང ། །སྡོམ་པར་གནས་པ་ལ་ནི་རྙེད་མི་དཀའ། །ལུས་ཀྱི་སྡོམ་པ་ལ་ནི་གང་གནས་པ། །སྙིང་རྗེའི་གནས་དང་བཏང་སྙོམས་ཐོབ་པར་འགྱུར། །དེ་བཞིན་སྤྱོད་པ་འཇུག་པ་བྱམས་པའི་མཆོག་།འགྲོ་བ་ཀུན་ལའང་ཕན་པའི་སེམས་སུ་འགྱུར། །དྲན་པ་ཉེར་གཞག་ཡང་དག་སྤོང་བ་དང ། །དྲང་སྲོང་ཆེན་པོའི་དབང་ལྔ་སྟོབས་ལྔ་དང ། །འཕགས་པའི་ལམ་མཆོག་ཡན་ལག་བརྒྱད་པོ་ཡང ། །ལུས་ཀྱི་སྡོམ་པར་གནས་ལ་རྙེད་མི་དཀའ། །གཞན་ཡང་དམ་པ་སངས་རྒྱས་ཆོས་རྣམས་ནི། །བསམ་གྱིས་མི་ཁྱབ་གང་ལ་ཚད་མེད་པ། །ལུས་ཀྱི་སྡོམ་པ་འདི་འདྲ་སུས་བསླབས་པ། །དེ་ལ་ཐམས་ཅད་རྙེད་པར་དཀའ་མི་འགྱུར། །འདི་འདྲའི་ལུས་ཀྱི་སྡོམ་པ་ཐོས་ནས་ནི། །རྒྱལ་པོ་གླང་མཆོག་ཁྱད་པར་ཐོབ་གྱུར་ཏེ། །དགའ་བ་མཚུངས་མེད་རངས་ཤིང་མགུ་བ་སྐྱེས། །རྒྱལ་བ་དེ་ཡི་བསྟན་ལ་རབ་ཏུ་བྱུང ། །རབ་ཏུ་དེ་བྱུང་ལོ་ཡང་བྱེ་བྲག་བཅུར། །ཚངས་པར་སྤྱོད་མཆོག་གཙང་མ་སྤྱད་པར་གྱུར། །ལྷ་དང་བཅས་པའི་འཇིག་རྟེན་ཕན་པའི་ཕྱིར། །ཚངས་པའི་གནས་བཞི་ལ་ཡང་བསྒོམ་པ་བྱས། །ཚངས་པའི་གནས་ལ་ཤིན་ཏུ་བསྒོམ་བྱས་པས། ། སངས་རྒྱས་བྱེ་བ་བརྒྱད་ཅུ་མཐོང་བར་གྱུར། །དེ་ལས་ལྷག་པར་གངྒཱའི་བྱེ་མ་སྙེད། །དེས་ནི་ཚངས་སྤྱོད་མཆོག་འདི་རབ་ཏུ་སྤྱད། །ཐམས་ཅད་ཀྱི་ཡང་བསྟན་པར་རབ་བྱུང་སྟེ། །ཚངས་པར་
242b
སྤྱོད་པ་བཟང་ཞིང་དག་པར་སྤྱད། །མང་དུ་ཐོས་ཤིང་སྤོབས་པར་ལྡན་པ་ཡི། །དགེ་སློང་ཆོས་སྨྲ་བ་ཡང་མཆོག་ཏུ་གྱུར། །ལུས་ཀྱི་སྡོམ་པ་འདི་ནི་རབ་ཤེས་ན། །ཚུལ་ཁྲིམས་མ་དྲལ་ཚུལ་ཁྲིམས་སྐྱོན་མེད་འགྱུར། །ཚུལ་ཁྲིམས་རྣམ་དག་ཚུལ་ཁྲིམས་འདྲེས་པ་མེད། །འཕགས་པའི་ཚུལ་ཁྲིམས་ཟག་པ་མེད་ལ་གནས། །དེ་ཚེ་རྒྱལ་པོ་གླང་མཆོག་ཁྱད་པར་སེམས། །གཞོན་ནུ་གཞན་ཞིག་ཡིན་པར་སེམས་གྱུར་ན། །དེ་ནི་གཞན་ཞིག་ཡིན་པར་མི་བལྟ་སྟེ། །ང་ནི་སྤྱད་པ་སྤྱོད་ཚེ་དེར་གྱུར་ཏོ། །དེ་ཕྱིར་གཞོན་ནུ་ང་ཡི་རྗེས་སློབས་ལ། །ལུས་ཀྱི་སྡོམ་པ་འདི་ལ་གནས་པར་གྱིས། །སྲོག་ཆགས་བྱེ་བ་གཞན་ལའང་རབ་སྟོན་དང ། །རིང་པོར་མི་ཐོགས་ཇི་བཞིན་ང་འདྲར་འགྱུར། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་ལུས་ཀྱི་སྤྱོད་པ་ཡོངས་སུ་དག་པར་བྱའོ་ཞེས་གཞོན་ནུ་དེ་ལྟར་ཁྱོད་ཀྱིས་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ། ལུས་ཀྱི་སྤྱོད་པ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་དམྱལ་བ་དག་ལ་མི་འཇིགས། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དང ། ངན་སོང་དག་གིས་འཇིགས་པར་མི་འགྱུར་རོ། །ཆུས་མི་འཇིགས། མེས་མི་འཇིགས། དུག་དང ། མཚོན་དང ། སེང་གེ་དང ། སྟག་དང ། དྲེད་དང ། བལ་གླང་དང ། གླང་ཁྱུ་བ་དང ། མི་དང་མི་མ་ཡིན་པ་དག་གིས་འཇིགས་པར་མི་
243a
༄#། །འགྱུར་རོ། །གཞོན་ནུ། ལུས་ཀྱི་སྤྱོད་པ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྟོང་གསུམ་གྱི་སྟོང་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལག་མཐིལ་དུ་བཞག་སྟེ། ཏ་ལ་གཅིག་ཙམ་མམ། ཏ་ལ་གཉིས་ཙམ་མམ། ཏ་ལ་གསུམ་ཙམ་མམ། ཏ་ལ་བཞི་ཙམ་མམ། ཏ་ལ་ལྔ་ཙམ་མམ། ཏ་ལ་དྲུག་ཙམ་མམ། ཏ་ལ་བདུན་ཙམ་དུ་སྟེང་དུ་འཕེན་ཏོ། །ཇི་ཙམ་དུ་འདོད་པ་དེ་ཙམ་དུའང་འཕེན་ཏོ། །གཞན་ཡང ། གཞོན་ནུ། ལུས་ཀྱི་སྤྱོད་པ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་མཆོག་གི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེ་རྫུ་འཕྲུལ་གྱི་རྐང་པའི་རྣམ་པར་སྨིན་པ་རྣམ་པར་དག་པའི་བསོད་ནམས་ཡོངས་སུ་བཟུང་ཞིང་དབེན་པས་དབེན་པར་གྱུར་ཏེ། ཐམས་ཅད་དུ་རྗེས་སུ་སོང་ཞིང་དེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པས་ཟག་པ་མེད་པའི་བསོད་ནམས་ཡོངས་སུ་རྫོགས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཐོགས་པ་མེད་པའི་མིག་ཏུ་གྱུར་པས་དེ་ལྟ་བུའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་ལྡན་པར་འགྱུར་རོ། །དེ་ལ་རྫུ་འཕྲུལ་གང་ཞེ་ན། གང་འགྲུབ་པ་དང ། སྨོན་པ་དང ། འབྱོར་པ་དང ། ཡོངས་སུ་རྫོགས་པ་འདི་ནི་རྫུ་འཕྲུལ་ཞེས་བྱའོ། །དེ་ལ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གང་ཞེ་ན། རྫུ་འཕྲུལ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྫུ་འཕྲུལ་གྱི་ཡུལ་རྣམ་པ་མང་པོ་
243b
མྱོང་བར་བྱེད་པ་ཡིན་ཏེ། གཅིག་ཏུ་གྱུར་ནས་མང་པོར་འགྱུར། མང་པོར་གྱུར་ནས་གཅིག་ཏུ་འགྱུར། །སྣང་བར་གྱུར་ཅིང་མི་སྣང་བར་ཡང་འགྱུར། རྩིག་པ་ལའང་ཐད་ཀར་འགྲོ། ར་བ་ལའང་ཐད་ཀར་འགྲོ་།རི་ལའང་མི་ཐོགས་པར་འགྲོ་།ནམ་མཁའ་ལའང་འགྲོ་སྟེ། དཔེར་ན། འདབ་ཆགས་བྱ་བཞིན་ནོ། །ས་ལའང་སྟེང་དུ་འབྱུང་བ་དང ། བྱིའུ་ཟླ་བྱེད་དེ། དཔེར་ན། ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལའང་མི་ནུབ་པར་འགྲོ་སྟེ། དཔེར་ན། སའི་ཕུང་པོ་ཆེན་པོ་ལ་བྱ་བ་བཞིན་ནོ། །དུ་བ་འཐུལ་བར་ཡང་བྱེད། འབར་བར་ཡང་བྱེད་དེ། དཔེར་ན། མེའི་ཕུང་པོ་ཆེན་པོ་བཞིན་ནོ། །བདག་གི་ལུས་ལས་ཆུའི་རྒྱུན་ཆེན་པོ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་འབྱིན་ཏེ། དཔེར་ན། སྤྲིན་ཆེན་པོ་བཞིན་ནོ། །ཆུའི་རྒྱུན་དེ་དག་གིས་སྟོང་གསུམ་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་བསྲེགས་ཤིང་རབ་ཏུ་འཚིག་སྟེ། མེས་རབ་ཏུ་འབར་ཞིང་འབར་བ་གཅིག་ཏུ་གྱུར་པ་ཞི་བར་བྱེད་དོ། །ཟླ་བ་དང་ཉི་མ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ།་འདི་ལྟར་གཟི་བརྗིད་ཆེ་བ་ཡང་ལག་པས་འཛིན་ཅིང་ཀུན་ཏུ་ཉུག་པར་བྱེད་དོ། །ཚངས་པའི་འཇིག་རྟེན་གྱི་བར་དུ་སེམས་ཅན་རྣམས་ལ་ལུས་ཀྱིས་དབང་བསྒྱུར་རོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ས་ལ་བྱིའུ་ཟུལ་བྱེད་ཅིང་སྟེང་བྱུང་བྱེད། །ཆུ་དག་ལ་ཡང་ཐོགས་པ་མེད་པར་འགྲོ་།བྱ་བཞིན་ནམ་མཁའི་ངོས་ལ་
244a
༄#། །འགྲོ་བར་བྱེད། །རྫུ་འཕྲུལ་གྱིས་ནི་དུད་འཐུལ་འབར་བར་བྱེད། །ཇི་ལྟར་བར་སྣང་ལ་ནི་རླུང་མི་ཐོགས། །སྤྲིན་གྱི་ཕུང་པོ་མང་པོ་འགྲོ་བ་ལྟར། །དེ་བཞིན་རྣལ་འབྱོར་བ་ཡང་ནམ་མཁའ་ལ། །རླུང་དང་སྤྲིན་བཞིན་དུ་ནི་ཐོགས་མེད་འགྲོ་།ཞིང་རྣམས་མེ་ཡིས་ཚིག་ཅིང་འབར་བ་དག་།བྱང་ཆུབ་སེམས་དཔའ་མཁས་པས་དེ་མཐོང་ནས། ། དེས་ནི་རང་གི་ལུས་ལས་ཆུ་ཕྱུང་སྟེ། །ཕྱེ་བ་སྙེད་ཀྱི་ཞིང་དེ་ཞི་བར་བྱེད། །བྱང་ཆུབ་སེམས་དཔའ་མཁས་པ་འདུག་བཞིན་དུ། །ཉི་ཟླ་ལ་ནི་ལག་པས་ཡོངས་སུ་འཛིན། །དེས་ནི་ཚངས་པའི་འཇིག་རྟེན་ཉེར་རིག་ནས། །ཚངས་པའི་ཕྱེ་བ་དག་ལ་ཆོས་སྟོན་བྱེད། །གང་ཚེ་དེ་ནི་ཆོས་སྟོན་འདོད་གྱུར་ན། །སྟོང་གསུམ་ཆེན་པོ་དེས་ནི་གོ་བར་བྱེད། །འདོད་ན་དེ་ནི་ཞིང་མང་བྱེ་བར་ཡང ། །སྲོག་ཆགས་བྱེ་བ་མང་ལ་ཆོས་རྣམས་སྟོན། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་ལུས་ཀྱི་སྤྱོད་པ་ཡོངས་སུ་དག་པར་བྱའོ་ཞེས་གཞོན་ནུ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ། ལུས་ཀྱི་སྤྱོད་པ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷའི་རྣ་བའི་ཁམས་ཀྱིས་སྒྲ་རྣམས་ལྷའི་དབང ། མིའི་དང ། སེམས་ཅན་དམྱལ་བ་པ་རྣམས་ཀྱི་དང ། དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་ཀྱི་དང ། གཤིན་རྗེའི་འཇིག་རྟེན་
244b
བ་རྣམས་ཀྱི་སྒྲ་ཉེ་བའམ་རྒྱང་རིང་པོའང་ཐོས་སོ། །གཞན་ཡང ། གཞོན་ནུ། ལུས་ཀྱི་སྤྱོད་པ་ཡོངས་སུ་དག་པར་བྱའོ་ཞེས་གཞོན་ནུ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ། ལུས་ཀྱི་སྤྱོད་པ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྟན་པ་ལ་འདུག་བཞིན་དུ་ལྷའི་སྣའི་དབང་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ལྷའི་ཡིད་དུ་འོང་བའི་ཆོས་ཀྱི་དྲི་ཇི་སྙེད་ཡོད་པ་ཉེའང་རུང་རྒྱང་རིང་པོའང་རུང་སྟེ་དེ་དག་ཐམས་ཅད་ཚོར་རོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་ལུས་ཀྱི་སྤྱོད་པ་ཡོངས་སུ་དག་པར་བྱའོ་ཞེས་གཞོན་ནུ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ། ལུས་ཀྱི་སྤྱོད་པ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཕ་རོལ་དང ། གང་ཟག་ཕ་རོལ་གྱི་སེམས་ཀྱི་རྣམ་པར་རྟོག་པ་དང་སྤྱོད་པ་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ།་འདོད་ཆགས་དང་བཅས་པའི་སེམས་ཀྱང་འདོད་ཆགས་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས། འདོད་ཆགས་དང་བྲལ་བའི་སེམས་ཀྱང་འདོད་ཆགས་དང་བྲལ་བའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གོང་མ་བཞིན་དུ་སྦྱར་ཏེ། ཞེ་སྡང་དང་བཅས་པ་དང ། ཞེ་སྡང་དང་བྲལ་བ་དང ། གཏི་མུག་དང་བཅས་པ་དང །
245a
༄#། །གཏི་མུག་དང་བྲལ་པ་དང ། སྲེད་པ་དང་བཅས་པ་དང ། སྲེད་པ་དང་བྲལ་བ་དང ། ལེན་པ་དང་བཅས་པ་དང ། ལེན་པ་དང་བྲལ་བ་དང ། བསྡུས་པ་དང ། གཡེངས་པ་དང ། ལོག་པ་དང ། མ་ལོག་པ་དང ། ཆེན་པོར་གྱུར་པ་དང ། ཆེན་པོར་གྱུར་པ་མ་ཡིན་པ་དང ། འོད་གསལ་བ་དང ། འོད་གསལ་བ་མ་ཡིན་པ་དང ། ཚད་དང་བཅས་པ་དང།་ཚད་མེད་པ་དང ། བླ་ན་ཡོད་པ་དང ། བླ་ན་མེད་པ་དང ། མཉམ་པར་བཞག་པ་དང ། མཉམ་པར་བཞག་པ་མ་ཡིན་པ་དང ། རྣམ་པར་གྲོལ་བ་དང ། རྣམ་པར་གྲོལ་བ་མ་ཡིན་པ་དང ། ཉོན་མོངས་པ་དང་བཅས་པའི་སེམས་ཀྱང་ཉོན་མོངས་པ་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉོན་མོངས་པ་མེད་པའི་སེམས་ཀྱང་ཉོན་མོངས་པ་མེད་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཞོན་ནུ། ལུས་ཀྱི་སྤྱོད་པ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། སྐྱེ་བ་གཅིག་ཀྱང་རྗེས་སུ་དྲན། གཉིས་དང ། གསུམ་དང ། བཞི་དང ། ལྔ་དང ། བཅུ་དང ། ཉི་ཤུ་དང ། སུམ་ཅུ་དང ། བཞི་བཅུ་དང ། ལྔ་བཅུ་དང ། སྐྱེ་བ་བརྒྱའང་རྗེས་སུ་དྲན་ནོ། །སྐྱེ་བ་སྟོང་དང ། སྐྱེ་བ་བརྒྱ་སྟོང་དང ། སྐྱེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་བར་དུའང་རྗེས་སུ་དྲན་
245b
ནོ། །སྡུད་པའི་བསྐལ་པ་དང ། འབྱུང་བའི་བསྐལ་པའང་རྗེས་སུ་དྲན་ནོ། །སྡུད་པ་དང ། འབྱུང་བའི་བསྐལ་པ་དུ་མའི་བར་དུའང་རྗེས་སུ་དྲན་ནོ། །བསྐལ་པའང་རྗེས་སུ་དྲན་ནོ། །བསྐལ་པ་བརྒྱ་དང ། བསྐལ་པ་སྟོང་དང ། བསྐལ་པ་བརྒྱ་སྟོང་དང ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་བར་དུའང་རྗེས་སུ་དྲན་ནོ། །སྔོན་གྱི་མཐའ་བྱ་བའི་བར་དུའང་རྗེས་སུ་དྲན་ནོ། ། བདག་སྔོན་ཆེ་གེ་མོ་ཞིག་ཏུ་སྐྱེས་ཏེ། མིང་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། ཁ་དོག་ནི་འདི་འདྲ། ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། འཚོ་བ་ནི་འདི་འདྲ། ཚེ་ནི་འདི་ཙམ་ཞིག་ཏུ་ཐུབ། ཡུན་ནི་འདི་སྲིད་ཅིག་ཏུ་གནས་གནས། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང ། དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱས་ཏེ། དེ་ནས་ཀྱང་ཤི་འཕོས་ནས་འདིར་སྐྱེས་སོ། །ཞེས་རྣམ་པ་དང་བཅས་པ་དང ། ཡུལ་ཕྱོགས་དང་བཅས་པ་དང ། གཞི་ཅི་ལས་གྱུར་པ་དང་བཅས་པར་སྔོན་གྱི་གནས་རྣམ་པ་དུ་མ་ཡང་དག་པར་རྗེས་སུ་དྲན་ནོ། ། གཞོན་ནུ། ལུས་ཀྱི་སྤྱོད་པ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་རྣམས་འཆི་འཕོ་བ་དང ། སྐྱེ་བོ་དང ། ཁ་དོག་བཟང་བ་དང ། ཁ་དོག་ངན་པ་དང ། བདེ་འགྲོར་སོང་བ་དང ། ངན་འགྲོར་སོང་བ་དང ། ངན་པ་དང ། བཟང་པོ་དང ། བཟང་འགྲོར་འགྲོ་བ་དང ། ངན་འགྲོར་འགྲོ་བའི་
246a
༄#། །སེམས་ཅན་ལས་བཞིན་དུ་ཉེ་བར་འགྲོ་བ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སེམས་ཅན་འདི་རྣམས་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན།་ངག་གིས་ཉེས་པར་སྤྱོད་པ་དང་ལྡན། ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་ཏེ། འཕགས་པ་རྣམས་ལ་སྐུར་པ། ལོག་པར་ལྟ་བ་དག་ལོག་པར་ལྟ་བ་ཡང་དག་པར་འཛིན་པའི་རྒྱུས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་སོ། །སེམས་ཅན་འདི་རྣམས་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན། ངག་གིས་ལེགས་པར་སྤྱོད་པ་དང་ལྡན། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་ཏེ། འཕགས་པ་རྣམས་ལ་མི་སྐུར་བ་ཡང་དག་པར་ལྟ་བ་དག་ཡང་དག་པ་ལྟ་བ་ཡང་དག་པར་བཟུང་བའི་རྒྱུས་ལུས་ཞིག་ནས་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེས་སོ་ཞེས་དེ་ལྟར་ལྷའི་མིག་རྣ་པར་དག་པ་མིའི་ལས་འདས་པས་སེམས་ཅན་རྣམས་འཆི་འཕོ་བ་དང ། སྐྱེ་བ་དང ། ཁ་དོག་བཟང་པོ་དང ། ཁ་དོག་ངན་པ་དང ། བདེ་འགྲོར་སོང་བ་དང ། ངན་འགྲོར་སོང་བ་དང ། ངན་པ་དང ། བཟང་པོ་དང ། བཟང་འགྲོར་འགྲོ་བ་དང ། ངན་འགྲོར་འགྲོ་བའི་སེམས་ཅན་ལས་བཞིན་དུ་ཉེ་བར་འགྲོ་བ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཞོན་ནུ། ལུས་ཀྱི་སྤྱོད་པ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་སེམས་
246b
དཔའ་ཆེན་པོ་ནི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་གང་ཅུང་ཟད་ཤེས་པར་བྱ་བ་དང ། བལྟ་བར་བྱ་བ་དང ། མཉན་པར་བྱ་བ་དང ། མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དང ། རྣམ་པར་འཕྲུལ་བར་བྱ་བ་དེ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཐོས་སོ། །མཐོང་ངོ ། །རྟོགས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །མངོན་པར་ཤེས་པའི་རིམ་པ་བསྟན། །ཏིང་ངེ་འཛིན་ལ་གནས་པས་ན། །བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །དེ་དག་རྣ་བ་རྣམ་སྦྱོང་སྟེ། །ལྷ་ཡི་རྣམ་པ་བསམ་མི་ཁྱབ། །སངས་རྒྱས་ཀུན་གྱིས་བཤད་པ་ཡི། །ཆོས་རྣམས་དེ་ཡིས་ཐོས་པར་འགྱུར། །སྟོང་གསུམ་ཆེན་པོའི་འཇིག་རྟེན་ཁམས་དག་ན། །ལྷ་ཡི་དྲི་རྣམས་ཇི་སྙེད་ཡོད་པ་ཀུན། །ལྷ་ཡི་སྣ་ཡིས་ཇི་ལྟར་འདུག་བཞིན་དུ། །བྱང་ཆུབ་སེམས་དཔའ་མཁས་པ་དེ་སྣོམ་བྱེད། །འདོད་ཆགས་བཅས་དང་འདོད་ཆགས་མེད་པ་དང ། །ཞེ་སྡང་བཅས་དང་ཞེ་སྡང་བྲལ་བ་དང ། །གཏི་མུག་བཅས་དང་གཏི་མུག་བྲལ་བ་ཡི། །སེམས་རྣམས་སྲོག་ཆགས་ཀུན་གྱི་རབ་ཏུ་ཤེས། །བསྐལ་པ་བྱེ་བ་སྟོང་དུ་ནི། །གང་ད་དེ་དག་སྔོན་གནས་པ། །སྔོན་གྱི་གནས་རྣམས་རབ་ཏུ་ཤེས། །དེ་དག་ལ་ནི་ཐོགས་པ་མེད། །དེ་དག་མིག་ཀྱང་རྣམ་སྦྱོང་སྟེ། །བླ་ན་མེད་པའི་ལྷ་ཡི་མིག་།དེས་ནི་སེམས་ཅན་སྐྱེ་བ་
247a
༄#། །དང། །འཆི་འཕྲོ་དེ་དག་རབ་ཏུ་མཐོང ། །སྐད་ཅིག་གཅིག་དང་ལྡན་པ་ཡི། །ཤེས་རབ་ཀྱིས་ནི་ཚེ་རབས་ཀུན། །ཆོས་རྣམས་ལ་ནི་ཤེས་བྱ་བ། །ཅི་ཡོད་པ་ཡང་ཡང་དག་ཤེས། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་ངག་གི་སྡོ་པས་བསྡམ་པར་བྱའོ་ཞེས་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །གཞོན་ནུ། དེ་ལ་ངག་གི་སྡོམ་པ་གང་ཞེ་ན། ངག་གི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་དྲུག་ཅུ་དང་ལྡན་པའི་སངས་རྒྱས་ཀྱི་གསུང་དབྱངས་ཐོགས་པ་མེད་པ། བསམ་གྱིས་མི་ཁྱབ་པ་ཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། དག་གི་སྡོམ་པ་ཞེས་བྱའོ། །ངག་གི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚིག་བཙུན་པ་ཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། ངག་གི་སྡོམ་པ་ཞེས་བྱའོ། །ངག་གི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། ངག་གི་སྡོམ་པ་ཞེས་བྱའོ། །ངག་གི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔེ་བྱད་བཟང་པོ་བརྒྱད་ཅུ་ཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། ངག་གི་སྡོམ་པ་ཞེས་བྱའོ། །ངག་གི་སྡོམ་པ་གང་དང་ལྡན་
247b
པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྟོབས་བཅུ་ཐོབ་པ་དང ། མི་འཇིགས་པ་བཞི་དང ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐོབ་པར་འགྱུར་པ་དེ་ནི། གཞོན་ནུ། ངག་གི་སྡོམ་པ་ཞེས་བྱའོ། །ངག་གི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་སྒོ་གསུམ་ཐོབ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་དང ། རྣམ་པར་ཐར་པའི་སྒོ་འདི་གསུམ་མ་ཐོབ་པར་འགྱུར་བ་དེ་ནི། གཞོན་ནི། ངག་གི་སྡོམ་པ་ཞེས་བྱའོ། །ངག་གི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚངས་པའི་གནས་པ་ཆེན་པོ་བཞི་ཐོབ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་དང ། དགའ་བ་ཆེན་པོ་དང ། བཏང་སྙོམས་ཆེན་པོ་དང ། ཚངས་པའི་གནས་པ་ཆེན་པོ་འདི་བཞི་ཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། ངག་གི་སྡོམ་པ་ཞེས་བྱའོ། །ངག་གི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དོན་སོ་སོ་ཡང་དག་པར་རིག་པ་དང ། ཆོས་སོ་སོ་ཡང་དག་པར་རིག་པ་དང ། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་དང ། སོ་སོ་ཡང་དག་པར་རིག་པ་འདི་
248a
༄#། །བཞི་ཐོབ་པར་འགྱུར་པ་དེ་ནི། གཞོན་ནུ། ངག་གི་སྡོམ་པ་ཞེས་བྱའོ། །ངག་གི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐོབ་སྟེ། སུམ་ཅུ་རྩ་བདུན་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ཉེ་བར་བཞག་པ་བཞི་དང ། ཡང་དག་པར་སྤོང་བ་བཞི་དང ། རྫུ་འཕྲུལ་གྱི་རྐང་པ་བཞི་དང ། དབང་པོ་ལྔ་དང ། སྟོབས་ལྔ་དང ། བྱང་ཆུབ་ཀྱི་ཡན་ལག་བདུན་དང ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། ངག་གི་སྡོམ་པ་ཞེས་བྱའོ། །ངག་གི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་ལ་གནས་པ་ཐོབ་པ་དང ། བཏང་སྙོམས་ཆེན་པོ་ལ་གནས་པ་ཐོབ་པ་དང ། བདེ་བའི་རྣམ་པར་རྟོག་པ་ཐོབ་པ་དང ། རབ་ཏུ་དབེན་པའི་ཆོས་རྣམས་ཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། ངག་གི་སྡོམ་པ་ཞེས་བྱའོ། །གཞན་ཡང ། གཞོན་ནུ། ངག་གི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲོག་གཅོད་པ་སྤོང་བར་འགྱུར་པ་དང ། མ་བྱིན་པར་ལེན་པ་དང ། མི་ཚངས་པར་སྤྱོད་པ་དང ། བརྫུན་དུ་སྨྲ་བ་དང ། ཕྲ་མའི་ཚིག་དང ། ཚིག་རྩུབ་པོ་དང ། འཁྱལ་པར་སྨྲ་བ་སྤངས་པར་འགྱུར་བ་དང ། ཕ་མ་དང ། སློབ་དཔོན་དག་ལ་
248b
མི་བདེན་པའི་ཚིག་མི་འབྱིན་པ་དང ། སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་མི་སྨོད་པ་དང ། ཆོ་ག་གཞན་ལ་ཡང་གང་ཉེས་པ་དང་ལྡན་པའི་ཚིག་དེ་དག་བྱང་ཆུབ་སེམས་དཔས་སྤངས་པ་ཡིན་ཏེ། ཚིག་དེ་དག་ཀྱང་བྲག་ཅ་ལྟ་བུར་ཤེས་ས། །སྤྲུལ་པ་ལྟ་བུ་དང ། སྨིག་རྒྱུ་ལྟ་བུ་དང ། མི་གཡོར་ལྟ་བུ་དང ། སྒྱུ་མ་ལྟ་བུར་འཇུག་པར་བྱེད་དོ། །དེ་ལྟ་བུར་གྱུར་པས་ཚིག་དེ་ལ་མི་དམིགས། མི་རྟོག་རློམ་སེམས་སུ་མི་བྱེད། མི་ལྟ། མངོན་པར་ཆགས་པར་མི་བྱེད་དོ། གཞོན་ནུ། དེ་ནི་ངག་གི་སྡོམ་པ་ཞེས་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་ངག་གི་སྤྱོད་པ་ཡོངས་སུ་དག་པར་བྱའོ་ཞེས་གཞོན་ནུ་དེ་ལྟར་ཁྱོད་ཀྱིས་བསླབ་པར་བྱའོ། །གཞོན་ནུ། ངག་གི་སྤྱོད་པ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ངན་སོང་ཐམས་ཅད་ཀྱིས་མི་འཇིགས་ཤིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་འགྱུར་རོ། །སངས་རྒྱས་ཀྱི་རྫུ་འཕྲུལ་ཐམས་ཅད་དང ། མངོན་པར་ཤེས་པ་ཐམས་ཅད་ཀྱང་ཐོབ་པར་གྱུར་ཏེ། གཞོན་ནུ། དེ་ནི་ངག་གི་སྡོམ་པ་ཞེས་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ངག་གི་སྡོམ་པ་གང་དང་ལྡན་པ་ཡིས། །བྱང་ཆུབ་སེམས་དཔའ་དེ་ཡང་ཆོས་ཀུན་ལ། །ཐོགས་པ་མེད་པར་གདོན་མི་ཟ་བར་འགྱུར། །དེ་ནི་ངག་གི་སྡོམ་པ་དེ་ཞེས་བྱ། །ངག་གི་སྡོམ་པ་གང་གིས་བློ་ལྡན་རྣམས། །དེ་ནི་ཡན་ལག་དྲུག་ཅུ་
249a
༄#། །མཚུངས་ལྡན་པ། །ཐོགས་མེད་བསམ་ཡས་སངས་རྒྱས་དབྱངས་ཐོབ་པ། །དེ་ནི་ངག་གི་སྡོམ་པ་དེ་ཞེས་བྱ། །ངག་གི་སྡོམ་པ་གང་གིས་བློ་ལྡན་རྣམས། ། སྟོབས་བཅུ་དང་ནི་མ་འདྲེས་སངས་རྒྱས་ཆོས། །སུམ་ཅུ་རྩ་གཉིས་མཚན་རྣམས་ཐོབ་འགྱུར་བ། །དེ་ནི་ངག་གི་སྡོམ་པ་དེ་ཞེས་བྱ། །ངག་གི་སྡོམ་པ་གང་གིས་བློ་ལྡན་རྣམས། །གང་སྔར་འདི་ལས་ངས་ནི་བརྗོད་པ་ཡི། །སངས་རྒྱས་ཆོས་ཀྱང་ཐམས་ཅད་ཐོབ་འགྱུར་བ། །དེ་ནི་ངག་གི་སྡོམ་པ་དེ་ཞེས་བྱ། །ངག་གི་སྡོམ་པ་གང་གིས་བློ་ལྡན་རྣམས། །གནས་པ་དང་ནི་སོ་སོ་ཡང་དག་རིག་།ཤིན་ཏུ་རྨད་བྱུང་ཆོས་ནི་བསམ་ཡས་ཐོབ། །དེ་ནི་ངག་གི་སྡོམ་པ་དེ་ཞེས་བྱ། །ངག་གི་སྡོམ་པ་གང་གིས་བློ་ལྡན་རྣམས། །དྲན་པ་ཉེར་གཞག་ཡང་དག་སྤོང་བ་དང ། །དེ་བཞིན་རྫུ་འཕྲུལ་རྐང་དང་དབང་སྟོབས་ཐོབ། །དེ་ནི་ངག་གི་སྡོམ་པ་དེ་ཞེས་བྱ། །ངག་གི་སྡོམ་པ་གང་གིས་བློ་ལྡན་རྣམས། །བཏང་སྙོམས་ཆེན་པོ་འཇིགས་པ་མེད་པ་དང ། །སྙིང་རྗེ་ཆེན་པོ་དག་པའི་གནས་པ་ཐོབ། །དེ་ནི་ངག་གི་སྡོམ་པ་དེ་ཞེས་བྱ། །ངག་གི་སྡོམ་པ་གང་གིས་བློ་ལྡན་རྣམས། །བདེ་བའི་རྣམ་རྟོག་རྣམ་པར་དག་པ་དང ། ། དེ་བཞིན་རྣམ་རྟོག་རབ་དབེན་ཞི་བ་ཐོབ། །དེ་ནི་ངག་གི་སྡོམ་པ་དེ་ཞེས་བྱ། །ངག་གི་སྡོམ་པ་གང་གིས་བློ་ལྡན་རྣམས། །རྫུན་དག་དང་ནི་ཕྲ་མའི་ཚིག་མི་སྨྲ། །འཁྱལ་པའི་ཚིག་
249b
དང་ཚིག་རྩུབ་མི་སྨྲ་བ། །དེ་ནི་ངག་གི་སྡོམ་པ་དེ་ཞེས་བྱ། །ངག་གི་སྡོམ་པ་གང་གིས་བློ་ལྡན་རྣམས། །ནམ་ཡང་དམ་པའི་ཆོས་ལ་སྤོང་མི་བྱེད། །སངས་རྒྱས་དགེ་འདུན་དག་ཀྱང་མི་སྤོང་བ། །དེ་ནི་ངག་གི་སྡོམ་པ་དེ་ཞེས་བྱ། །ངག་གི་སྡོམ་པ་གང་གིས་བློ་ལྡན་རྣམས། །ཕ་དང་མ་དང་སློབ་དཔོན་དག་གི་ཡང ། །མདུན་དུ་མི་བདེན་ཚིག་རྣམས་མི་སྨྲ་བ། །དེ་ནི་ངག་གི་སྡོམ་པ་དེ་ཞེས་བྱ། །ངག་གི་སྡོམ་པ་གང་གིས་བློ་ལྡན་རྣམས། །ཚིག་གཞན་གང་དག་སྐྱོན་དང་ལྡན་པ་རྣམས། །དེ་དག་མ་ལུས་པར་ཡང་སྤོང་བར་འགྱུར། །དེ་ནི་ངག་གི་སྡོམ་པ་དེ་ཞེས་བྱ། །ངག་གི་སྡོམ་པ་གང་གིས་བློ་ལྡན་རྣམས། །ཚིག་རྣམས་ཀྱང་ནི་བྲག་ཅ་འདྲ་བ་དང ། །རྨི་ལམ་ལྟ་བུར་འཇིགས་པ་མེད་པར་འཇུག་།དེ་ནི་ངག་གི་སྡོམ་པ་དེ་ཞེས་བྱ། །བདག་མེད་སྲོག་མེད་གཡོ་བ་མེད་པ་དང ། །རྐྱེན་ལས་སྐྱེས་པ་རྨི་ལམ་སླུ་བ་བཞིན། །ཚིག་ལ་བྱང་ཆུབ་སེམས་དཔའ་གང་འཇུག་པ། །དེ་ནི་ངག་གི་སྡོམ་པ་དེ་ཞེས་བྱ། །འགོག་པ་རྟག་ཏུ་རྨི་ལམ་ཇི་བཞིན་ཏེ། །མྱ་ངན་འདས་པའང་རྨི་ལམ་ཇི་བཞིན་དུ། །ཚིག་ལ་བྱང་ཆུབ་སེམས་དཔའ་གང་འཇུག་པ། །དེ་ནི་ངག་གི་སྡོམ་པ་དེ་ཞེས་བྱ། །ཚིག་ནི་གང་ཡང་རྙེད་པར་མི་འགྱུར་ཏེ། །རྟོག་པར་མི་བྱེད་རློམ་སེམས་དེ་མི་བྱེད། །ནམ་ཡང་མི་ལྟ་ཆགས་པར་མི་བྱེད་དེ། །དེ་ནི་ངག་གི་སྡོམ་པ་དེ་ཞེས་བྱ། །དེ་ནས་ཡང་བཅོམ་ལྡན་
250a
༄#། །འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་ཡིད་ཀྱི་སྡོམ་པས་བསྡམ་པར་བྱའོ་ཞེས་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ།། ཡིད་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཆོས་འཇིགས་པ་མེད་པ་རྣམས་དང ། མི་འཁྲུགས་པའི་སེམས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། ཡིད་ཀྱི་སྡོམ་པ་ཞེས་བྱའོ། །ཡིད་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། ཡིད་ཀྱི་སྡོམ་པ་ཞེས་བྱའོ། །ཡིད་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབར་བའི་བྱེ་བྲག་དང་འདྲ་བ་ཞེས་བྱ་བའི་འོད་ཟེར་ཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། ཡིད་ཀྱི་སྡོམ་པ་ཞེས་བྱའོ། །ཡིད་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡན་ལག་དྲུག་ཅུ་དང་ལྡན་པའི་སངས་རྒྱས་ཀྱི་གསུང་དབྱངས་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། ཡིད་ཀྱི་སྡོམ་པ་ཞེས་བྱའོ། །ཡིད་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚིག་བཙུན་པ་ཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། ཡིད་ཀྱི་སྡོམ་པ་ཞེས་བྱའོ། །ཡིད་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་
250b
དཔའ་སེམས་དཔའ་ཆེན་པོ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། ཡིད་ཀྱི་སྡོམ་པ་ཞེས་བྱའོ། །ཡིད་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔེ་བྱད་བཟང་པོ་བརྒྱད་ཅུ་ཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། ཡིད་ཀྱི་སྡོམ་པ་ཞེས་བྱའོ། །ཡིད་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྟོབས་བཅུ་ཐོབ་པ་དང ། མི་འཇིགས་པ་བཞི་དང ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། ཡིད་ཀྱི་སྡོམ་པ་ཞེས་བྱའོ། །ཡིད་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་སྒོ་གསུམ་ཐོབ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་དང ། རྣམ་པར་ཐར་པའི་སྒོ་འདི་གསུམ་ཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། ཡིད་ཀྱི་སྡོམ་པ་ཞེས་བྱའོ། །ཡིད་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚངས་པའི་གནས་པ་ཆེན་པོ་བཞི་ཐོབ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱམས་པ་ཆེན་པོ་དང།་སྙིང་རྗེ་ཆེན་པོ་དང ། དགའ་བ་ཆེན་པོ་དང ། བཏང་སྙོམས་ཆེན་པོ་དང ། ཚངས་པའི་གནས་པ་ཆེན་པོ་འདི་བཞི་ཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། ཡིད་ཀྱི་སྡོམ་པ་ཞེས་
251a
༄#། །བྱའོ། །ཡིད་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དོན་སོ་སོ་ཡང་དག་པར་རིག་པ་དང ། ཆོས་སོ་སོ་ཡང་དག་པར་རིག་པ་དང ། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་དང།་སོ་སོ་ཡང་དག་པར་རིག་པ་འདི་བཞི་ཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། ཡིད་ཀྱི་སྡོམ་པ་ཞེས་བྱའོ། །ཡིད་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲན་པ་ཉེ་བར་གཞག་པ་བཞི་ཐོབ་པ་དང ། ཡང་དག་པར་སྤོང་བ་བཞི་དང ། རྫུ་འཕྲུལ་གྱི་རྐང་པ་བཞི་དང ། དབང་པོ་ལྔ་དང ། སྟོབས་ལྔ་དང ། བྱང་ཆུབ་ཀྱི་ཡན་ལག་བདུན་དང ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། ཡིད་ཀྱི་སྡོམ་པ་ཞེས་བྱའོ། །ཡིད་ཀྱི་སྡོམ་པ་གན་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་ལ་གནས་པ་ཐོབ་པ་དང ། བཏང་སྙོམས་ཆེན་པོ་ལ་གནས་པ་ཐོབ་པ་དང ། བདེ་བའི་རྣམ་པར་རྟོག་པ་ཐོབ་པ་དང ། རབ་ཏུ་དབེན་པའི་ཆོས་རྣམས་ཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། ཡིད་ཀྱི་སྡོམ་པ་ཞེས་བྱའོ། །ཡིད་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕན་པར་འདོད་པ་
251b
དང།་སྤྱོད་པ་དང ། འཇུག་པ་ཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། ཡིད་ཀྱི་སྡོམ་པ་ཞེས་བྱའོ། །གཞན་ཡང ། གཞོན་ནུ། ཡིད་ཀྱི་སྡོམ་པ་ཞེས་བྱ་བ་དེ་ནི། ཡིད་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལོག་པར་ལྟ་བ་སྤངས་པའི་ཕྱིར་ལོག་པར་ལྟ་བ་དང་འགྲོགས་པར་མི་བྱེད། བརྣབ་སེམས་སྤངས་པའི་ཕྱིར་བརྣབ་སེམས་དང་འགྲོགས་པར་མི་བྱེད། གནོད་སེམས་སྤངས་བའི་ཕྱིར་གནོད་སེམས་དང་འགྲོགས་པར་མི་བྱེད། ལེ་ལོ་སྤངས་པའི་ཕྱིར་ལེ་ལོའི་སེམས་དང་འགྲོགས་པར་མི་བྱེད། བླ་མ་རྣམས་དང།་ཕ་མ་དང ། སློབ་དཔོན་དག་ལ་གཡོའི་སེམས་མི་སྐྱེད། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་སེམས་མི་སྐྱེད་ཅིང་དེ་དག་དང་འགྲོགས་པར་མི་བྱེད། བྱང་ཆུབ་ཀྱི་སེམས་ཀྱང་མི་གཏོང ། ལྷག་པའི་སེམས་ཀྱང་འཁྲུགས་པར་མི་བྱེད་ཅིང་གཞན་ཡང་ཉེས་པ་དང་ལྡན་པའི་ཡིད་ཀྱི་རྟོག་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་རབ་ཏུ་སྤོང་ཞིང་དེ་དག་དང་མི་འགྲོགས་ཏེ། དེ་ནི། གཞོན་ནུ། ཡིད་ཀྱི་སྡོམ་པ་ཞེས་བྱའོ། །ཡིད་དེའང་སྒྱུ་མ་ལྟ་བུའོ་ཞེས་བྱ་བ་ལ་འཇུག་གོ་།རྨི་ལམ་ལྟ་བུའོ་ཞེས་བྱ་བ་དང ། སྨིག་རྒྱུ་ལྟ་བུའོ་ཞེས་བྱ་བ་དང ། སྤྲུལ་པ་ལྟ་བུའོ་ཞེས་བྱ་བ་དང ། མིག་ཡོར་ལྟ་བུའོ་ཞེས་བྱ་བ་ལ་འཇུག་སྟེ། གང་ནས་ཀྱང་མ་འོངས་པ་དང ། གང་དུའང་མི་འགྲོ་བར་འཇུག་གོ་།བདེ་བ་ལ་རྨི་ལམ་ལྟ་བུར་འཇུག་གོ་།རྨི་ལམ་ལྟ་
252a
༄#། །བུར་མི་རྟག་པར་འཇུག་གོ་།རྨི་ལམ་ལྟ་བུར་བདག་མེད་པར་འཇུག་གོ་།རྨི་ལམ་ལྟ་བུར་གསོག་མེད་པར་འཇུག་གོ་།རྨི་ལམ་ལྟ་བུར་སྟོང་པར་འཇུག་སྟེ།་ཡིད་དེའང་མི་དམིགས། མི་རྟོག་།རློམ་སེམས་སུ་མི་བྱེད། མི་ལྟ། མངོན་པར་མི་ཆགས་ཏེ། གཞོན་ནུ། དེ་ནི་ཡིད་ཀྱི་སྡོམ་པ་ཞེས་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ། དེ་ལྟ་བས་ན་ཡིད་ཀྱི་སྤྱོད་པ་ཡོངས་སུ་དག་པར་བྱའོ་ཞེས་གཞོན་ནུ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ། ཡིད་ཀྱི་སྤྱོད་པ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མི་ཁོམ་པ་ཐམས་ཅད་རྣམ་པར་སྤོང་ཞིང་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཡང་ཐོབ་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་ལས་ཀྱང་སངས་རྒྱས་ཀྱི་མངོན་པར་ཤེས་པ་ཐམས་ཅད་དང ། མི་འཁྲུགས་པའི་སེམས་རྣམ་པར་གྲོལ་བ་འཐོབ་པར་འགྱུར་བ་དེ་ནི། གཞོན་ནུ། ཡིད་ཀྱི་སྡོམ་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཡིད་ཀྱི་སྡོམ་པ་དག་ནི་ངས་བཤད་ཀྱི།། གཡེང་བ་མེད་པའི་ཡིད་ཀྱིས་ཐམས་ཅད་ཉོན། །ཇི་སྟེ་མྱུར་དུ་འཚང་རྒྱ་འདོད་ན་ཡང ། །ང་ལས་ཐོས་ནས་དེ་ལ་ནན་ཏན་བྱོས། །ཡིད་ཀྱི་སྡོམ་པ་གང་གིས་མཁས་པ་དག །
252b
མཆོག་ཏུ་རབ་ཞི་རྒྱ་ཆེ་མི་གཡོ་བ། །རྒྱལ་ཆོས་བསམ་ཡས་རྨད་དུ་བྱུང་བ་འཐོབ། །འདི་ནི་ཡིད་ཀྱི་སྡོམ་པ་དག་པར་བརྗོད། །ཡིད་ཀྱི་སྡོམ་པ་གང་གིས་མཁས་པ་དག་།སེམས་ཀྱང་རྣམ་གྲོ་ལ་རྟག་ཏུ་མི་གཡོ་འཐོབ། །དེ་བཞིན་རྡོ་རྗེ་ལྟ་བུའི་ཏིང་འཛིན་མཆོག་།འདི་ནི་ཡིད་ཀྱི་སྡོམ་པ་དག་པར་བརྗོད། །མཁས་པ་གང་གིས་ཉེ་བར་སྤྱོད་པ་ཡི། །འོད་ཟེར་དོན་ཆེན་བྱེ་བ་སྒྲུབ་པར་བྱེད། །གང་གིས་ཡན་ལག་དྲུག་ཅུའི་དབྱངས་ཐོབ་པ། །དེ་ནི་ཡིད་ཀྱི་སྡོམ་པ་རྣམ་དག་བརྗོད། །ཡིད་ཀྱི་སྡོམ་པ་གང་གིས་མཁས་པ་དག་།སུམ་ཅུ་རྩ་གཉིས་མཚན་རྣམས་མྱུར་འཐོབ་འགྱུར། །སྟོབས་བཅུ་སངས་རྒྱས་ཡོན་ཏན་མ་ལུས་འཐོབ། །དེ་ནི་ཡིད་ཀྱི་སྡོམ་པ་མཆོག་ཏུ་བརྗོད། །ཡིད་ཀྱི་སྡོམ་པ་གང་གིས་མཁས་པ་དག་།སོ་སོ་ཡང་དག་རིག་དང་མི་འཇིགས་དང ། །ཡོན་ཏན་མཆོག་ཏུ་རྨད་བྱུང་བསམ་ཡས་འཐོབ། །དེ་ནི་ཡིད་ཀྱི་སྡོམ་པ་མཆོག་ཏུ་བརྗོད། །ཡིད་ཀྱི་སྡོམ་པ་གང་གིས་མཁས་པ་དག། །དྲན་པ་ཉེ་བར་གཞག་དང་རྫུ་འཕྲུལ་རྐང ། །ཡང་དག་སྤོང་དང་དབང་སྟོབས་ལྔ་ཐོབ་པ། །དེ་ནི་ཡིད་ཀྱི་སྡོམ་པ་མཆོག་ཏུ་བརྗོད། །ཡིད་ཀྱི་སྡོམ་པ་གང་གིས་མཁས་པ་དག་།ཚངས་པའི་གནས་བཞི་མ་ལུས་དེ་བཞིན་ཏེ། །སྟོང་ཉིད་མཚན་མེད་སྨོན་མེད་སྒོ་འཐོབ་པ། །དེ་ནི་ཡིད་ཀྱི་སྡོམ་པའི་མཆོག་ཏུ་བརྗོད། །ཡིད་ཀྱི་སྡོམ་པ་དག་དང་གང་ལྡན་པ། །སྙིང་རྗེ་གནས་དང་བཏང་སྙོམས་
253a
༄#། །ཆེན་པོ་དང ། །སྤྱོད་འཇུག་བྱམས་པ་ཆེན་པོ་ཞི་བ་འཐོབ། །སྲིད་པ་ཀུན་ན་དེ་ནི་ཕན་སེམས་འགྱུར། །ཡིད་ཀྱི་སྡོམ་པ་གང་གིས་མཁས་པ་དག་།བྱང་ཆུབ་ཡན་ལག་བདུན་ཡང་མྱུར་འཐོབ་ཅིང ། །ལམ་མཆོག་ཡན་ལག་བརྒྱད་པ་དེ་བཞིན་ཏེ། །དེ་ནི་ཡིད་ཀྱི་སྡོམ་པའི་མཆོག་ཏུ་བརྗོད། །ཡིད་ཀྱི་སྡོམ་པ་གང་གིས་མཁས་པ་དག ། བཏང་སྙོམས་ཆེ་ལ་གནས་པ་དམ་པ་དང ། །སྙིང་རྗེའི་གནས་མཆོག་དྲི་མ་མེད་པ་འཐོབ། །དེ་ནི་ཡིད་ཀྱི་སྡོམ་པའི་མཆོག་ཏུ་བརྗོད། །ཡིད་ཀྱི་སྡོམ་པ་གང་གིས་མཁན་པ་དག་བདེ་བའི་རྣམ་རྟོག་ཞིབ་དགའ་བའི་ཡིད། །ཡོན་ཏན་ཕྱུག་བས་རབ་ཏུ་དབེན་ཐོབ་བ། །དེ་ནི་ཡིད་ཀྱི་སྡོམ་པའི་མཆོག་ཏུ་བརྗོད། །ཡིད་ཀྱི་སྡོམ་པ་གང་ལྡན་མཁས་པ་དག ། ལོག་པའི་ལྟ་བ་ངན་དང་མི་འགྲོགས་ཤིང ། །གནོད་སེམས་བརྣབ་སེམས་སྐྱེད་པར་མི་བྱེད་པ། །དེ་ནི་ཡིད་ཀྱི་སྡོམ་པའི་མཆོག་ཏུ་བརྗོད། །ཡིད་ཀྱི་སྡོམ་པ་གང་ལྡན་མཁས་པ་དག་།སྐད་ཅིག་ཙམ་ཡང་ཚུལ་འཆོས་མི་བྱེད་ཅིང ། །བླ་མ་ལ་ཡང་གཡོ་སྒྱུ་མི་སྐྱེད་དེ། །དེ་ནི་ཡིད་ཀྱི་སྡོམ་པའི་མཆོག་ཏུ་བརྗོད། །ཡིད་ཀྱི་སྡོམ་པ་གང་ལྡན་མཁས་པ་དག ། འདོད་ཆགས་ཞེ་སྡང་ཡིད་ནི་སྐྱེད་མི་བྱེད། །དེ་བཞིན་གང་དུའང་གཏི་མུག་མི་སྐྱེད་དེ། །དེ་ནི་ཡིད་ཀྱི་སྡོམ་པའི་མཆོག་ཏུ་བརྗོད། །ཡིད་ཀྱི་སྡོམ་པ་གང་ལྡན་མཁས་པ་དག་།བྱང་ཆུབ་
253b
པས་ནི་སེམས་ཀྱང་མི་གཏོང་ཞིང ། །ལྷག་པའི་བསམ་པ་དག་ཀྱང་འཁྲུགས་མི་བྱེད། །དེ་ནི་ཡིད་ཀྱི་སྡོམ་པའི་མཆོག་ཏུ་བརྗོད། །ཡིད་ཀྱི་སྡོམ་པ་གང་ལྡན་མཁས་པ་དག་།ཡིད་ཀྱི་ཉེས་པ་མང་པོ་ཇི་སྙེད་གཞན། །ཀུན་དང་ལྷན་ཅིག་གནས་པར་མི་བྱེད་པ། །དེ་ནི་ཡིད་ཀྱི་སྡོམ་པའི་མཆོག་ཏུ་བརྗོད། །ཡིད་ལ་སྒྱུ་མ་ལྟ་བུར་འཇུག་བྱེད་དེ། །རྨི་ལམ་འདྲ་ཞིང་དེ་བཞིན་སྨིག་རྒྱུ་འདྲ། །རྟག་ཏུ་མིག་ཡོར་གྱི་ནི་མཚན་ཉིད་དེ། །དེ་ནི་ཡིད་ཀྱི་སྡོམ་པའི་མཆོག་ཏུ་བརྗོད། །བདེ་བ་རྨི་ལམ་ལྟ་བུར་འཇུག་བྱེད་དེ། །དེ་བཞིན་མི་རྟག་སྟོང་པ་ཐེར་ཟུག་མིན། །ཡིད་ལ་དེ་ལྟར་མཁས་པ་འཇུག་པར་བྱེད། །དེ་ནི་ཡིད་ཀྱི་སྡོམ་པའི་མཆོག་ཏུ་བརྗོད། །ཡིད་ལ་སྲོག་དང་སེམས་ཅན་མེད་པར་འཇུག་།རྐྱེན་ལས་བྱུང་བ་མགལ་མེ་བསྐོར་བ་བཞིན། །ག་ལས་མ་འོངས་གང་དུ་མི་འགྲོ་སྟེ། །དེ་ནི་ཡིད་ཀྱི་སྡོམ་པའི་མཆོག་ཏུ་བརྗོད། །ཡིད་དེ་གང་ནའང་ཉེ་བར་མི་དམིགས་ཤིང ། །རྟོག་པ་མེད་པར་རློམ་སེམས་མི་བྱེད་དེ། །དེ་ཡང་མི་ལྟ་མངོན་པར་ཞེན་མི་བྱེད། །དེ་ནི་ཡིད་ཀྱི་སྡོམ་པའི་མཆོག་ཏུ་བརྗོད། །དོན་དམ་བདེན་པ་རྨི་ལམ་འདྲ་བ་དང ། །མྱ་ངན་འདས་པ་རྨི་ལམ་མཚུངས་པར་འཇུག་།གང་གིས་མཁས་པ་དེ་ལྟར་འཇུག་པ་ཡང ། །དེ་ནི་ཡིད་ཀྱི་སྡོམ་པའི་མཆོག་ཏུ་བརྗོད།། །།འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ། བམ་པོ་བཅོ་ལྔ་པ་སྟེ་ཐ་མ། གཞོན་ནུ། དེ་ལ་ལས་ཡོངས་སུ་དག་
254a
༄#། །པ་ནི་འདི་ལྟ་སྟེ། སྲིད་པ་གསུམ་རྨི་ལམ་ལྟ་བུར་མཐོང་ནས་དེ་ལ་འདོད་ཆགས་དང་བྲལ་བ་སྐྱེད་དེ། གཞོན་ནུ། འདི་ནི་ལས་ཡོངས་སུ་དག་པ་ཞེས་བྱའོ། ། གཞོན་ནུ། དེ་ལ་དམིགས་པ་ལས་ཡང་དག་པར་འདའ་བ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་སྒྱུ་མ་ལྟ་བུར་རིག་ནས་དེ་དག་འདོར་བ་སྟེ། འདི་ནི་དམིགས་པ་ལས་ཡང་དག་པར་འདའ་བ་ཞེས་བྱའོ། །དེ་ལ་ཕུང་པོ་ཡོངས་སུ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་རྣམས་ལ་སྨིག་རྒྱུ་ལྟ་བུར་འཇུག་པའོ། །དེ་ལ་ཁམས་མཉམ་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། ཁམས་རྣམས་སྤྲུལ་པ་ལྟ་བུར་ངེས་པར་སྤོང་བའོ། །དེ་ལ་སྐྱེ་མཆེད་སེལ་བ་གང་ཞེ་ན། འདི་ལྟ་སྟེ། སྐྱེ་མཆེད་མིག་ཡོར་ལྟ་བུར་ངེས་པར་སྤོང་བའོ། །དེ་ལ་སྲེད་པ་སྤོང་བ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ལ་མི་ལྟ་བའོ། །དེ་ལ་སྐྱེ་བ་མེད་པ་མངོན་སུམ་དུ་བྱེད་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་མི་དམིགས་པའོ། །དེ་ལ་བྱ་བ་ལ་འཇུག་པ་གང་ཞེ་ན། འདི་ལྟ་སྟེ། བརྩོན་འགྲུས་ལས་བྱུང་བའི་སྡུག་བསྔལ་ཆུད་མི་ཟ་བའོ། །དེ་ལ་རྒྱུ་བསྟན་པ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་བྲག་ཅ་ལྟ་བུར་མངོན་པར་བསྒྲུབ་པའོ། །དེ་ལ་འབྲས་བུ་ཆུད་མི་ཟ་བ་གང་ཞེ་ན། འདི་ལྟ་སྟེ། ལས་ཀྱི་འབྲས་བུ་རྨི་ལམ་ལྟ་བུར་ཆུད་མི་ཟ་བའོ། །དེ་ལ་ཆོས་མཐོང་བ་
254b
གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་མི་མཐོང་བའོ། །དེ་ལ་ལམ་བསྒོམ་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་མི་དམིགས་པར་བསྒོམ་པའོ། །དེ་ལ་དེ་བཞིན་གཤེགས་པ་དང་ཕྲད་པ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་ཀྱི་བསླབ་པ་སྒྲུབ་པའོ། །དེ་ལ་ཤེས་རབ་རྣོ་བ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པར་བཟོད་པའོ། ། དེ་ལ་སེམས་ཅན་གྱི་རྗེས་སུ་འཇུག་པ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པའི་ཡེ་ཤེས་སོ། །དེ་ལ་ཆོས་ཤེས་པ་གང་ཞེ་ན། འདི་ལྟ་སྟེ།་ཆོས་ཐམས་ཅད་མི་དམིགས་པའོ། །དེ་ལ་སོ་སོ་ཡང་དག་པར་རིག་པ་ལ་འཇུག་པ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་ཚུལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པའོ། ། དེ་ལ་ཡི་གེ་རབ་ཏུ་དབྱེ་བ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། གསང་སྔགས་གསུམ་སྦྱོར་བར་ཤེས་པ་དང ། རྣམ་པ་དང་རྣམ་པ་མ་ཡིན་པ་ཤེས་པའོ། །དེ་ལ་དངོས་པོ་ལས་ཡང་དག་པར་འདའ་བ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། དངོས་པོ་མེད་པར་རྟོགས་པའོ། །དེ་ལ་དབྱངས་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། བྲག་ཅ་ལྟ་བུར་ཤེས་པའོ། །དེ་ལ་མཆོག་ཏུ་དགའ་བ་ཐོབ་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་མི་དམིགས་ཤིང ། འབྱུང་བ་དང ། སྡུག་བསྔལ་སྤངས་པ་དང ། ཁུར་བྱོར་བའོ། །དེ་ལ་ཆོས་ཀྱི་དགའ་བ་མྱོང་
255a
༄#། །བ་གང་ཞེན། འདི་ལྟ་སྟེ། གདམས་པར་བྱ་བ་དང ། མགུ་བར་བྱ་བ་མི་གཏོང་བ་དང ། རང་གི་ཐེག་པའི་ལེགས་པ་མཐོང་བའོ། །དེ་ལ་གནས་པ་པོ་གང་ཞེ་ན། འདི་ལྟ་སྟེ། འཕགས་པའི་བདེན་པ་རྟོགས་པའོ། །དེ་ལ་དྲང་པོ་གང་ཞེ་ན། འདི་ལྟ་སྟེ། སྤྱོད་ལམ་བཅོས་པ་མེད་པའོ། །དེ་ལ་བཞིན་ཁྲོ་གཉེར་མེད་པ་གང་ཞེ་ན། འདི་ལྟ་སྟེ། ཞེ་སྡང་མེད་པའོ། །དེ་ལ་དགེ་བ་གང་ཞེན། འདི་ལྟ་སྟེ། འགྲོགས་ན་བདེ་བའོ། །དེ་ལ་མཉེན་པ་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་ལ་ཕན་པའི་དངོས་པོའོ། །དེ་ལ་གསོང་པོར་སྨྲ་བ་གང་ཞེ་ན། འདི་ལྟ་སྟེ། ཚུར་ཤོག་ལེགས་པར་འོངས་སོ། །ཞེས་བྱ་བ་དང ། མྱུར་དུ་ལྡང་བའོ། །དེ་ལ་བླ་མ་ལ་གུས་པ་གང་ཞེ་ན། འདི་ལྟ་སྟེ། བླ་མ་ལ་འཇིགས་ཤིང་དགེ་བའི་བཤེས་གཉེན་དུ་འདུ་ཤེས་པའོ། །དེ་ལ་བླ་མ་ལ་སྲི་ཞུ་བྱེད་པ་གང་ཞེ་ན། འདི་ལྟ་སྟེ། བླ་མ་ལ་རིམ་གྲོ་དང་གཡོག་བྱ་བའོ། །དེ་ལ་སྐྱེ་བས་ཆོག་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། སྐྱེ་བ་ཐམས་ཅད་ལ་ཆགས་པ་མེད་པའོ། །དེ་ལ་དཀར་པོའི་ཆོས་ཀྱིས་མི་ངོམས་པ་གང་ཞེ་ན། འདི་ལྟ་སྟེ། དཀར་པོའི་ཆོས་ཐམས་ཅད་ཡོངས་སུ་འཚོལ་ཞིང་དགེ་བ་གང་ཡིན་ཞེས་འཚོལ་བའོ། །དེ་ལ་འཚོ་བ་ཡོངས་སུ་དག་པ་གང་ཞེ་ན། འདི་ལྟ་སྟེ། ངན་ངོན་གྱིས་ཆོག་ཤེས་པ་དང ། ཚུལ་འཆོས་པ་མེད་པ་དང ། ཁ་གསག་མེད་
255b
པ་དང ། ཐོབ་ཀྱིས་འཇལ་བ་མེད་པ་དང ། རྙེད་པས་རྙེད་པ་ལ་འདོད་པ་མེད་པའོ། །དེ་ལ་དགོན་པར་གནས་པ་མི་གཏོང་བ་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་ཆོས་རྣམས་ལ་བརྩོན་པ་མི་འདོར་ཞིང་བས་མཐའི་གནས་མལ་ལ་མངོན་པར་དགའ་བ་དང ། ནགས་སྟུག་པོ་དང ། གཅོང་རོང་དང ། ཕུག་དང་སྨན་ཤོང་དུ་མངོན་པར་དགའ་བ་དང ། ཆོས་ཀྱི་དགའ་བ་མྱོང་བར་བྱེད་པ་དང ། ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་མི་འདྲེ་བ་དང ། རྙེད་པ་དང་བཀུར་སྟི་དང ། ཚིགས་སུ་བཅད་པ་ལ་མ་ཆགས་པ་དང ། སྲེད་པ་སྤོང་བ་དང ། བསམ་གཏན་གྱི་དགའ་བ་མྱོང་བ་སྟེ། འདི་ནི་དགོན་པ་ལ་གནས་པ་མི་གཏོང་བ་ཞེས་བྱའོ། །དེ་ལ་ས་ལ་གནས་པ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་འབྲས་བུ་རྣམ་པར་བཞག་པ་ཤེས་པ་དང ། རང་སངས་རྒྱས་ཀྱི་ས་རྣམ་པར་བཞག་པ་ཤེས་པ་དང ། བྱང་ཆུབ་སེམས་དཔའི་ས་རྣམ་པར་བཞག་པ་ཤེས་པའོ། །དེ་ལ་དྲན་པ་མི་ཉམས་པ་གང་ཞེ་ན། འདི་ལྟ་སྟེ ། མི་རྟག་པ་དང ། སྡུག་བསྔལ་པ་དང ། སྟོང་པ་དང ། བདག་མེད་པར་ཡིད་ལ་བྱེད་པའོ། །དེ་ལ་ཕུང་པོ་ལ་མཁས་པའི་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རབ་ཏུ་དབྱེ་བའང་ཤེས་ཤིང་དེ་ལ་མི་དམིགས་པའོ། །དེ་ལ་མངོན་པར་ཤེས་པ་མངོན་སུམ་དུ་བྱེད་པ་གང་ཞེ་ན། འདི་ལྟ་སྟེ། རྫུ་འཕྲུལ་གྱི་རྐང་པ་བཞི་ཐོབ་པ་དང ། རྫུ་འཕྲུལ་
256a
༄#། །རྣམ་པར་འབྲུལ་པའོ། །དེ་ལ་ཉོན་མོངས་པ་སེལ་བ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་སྤོང་བའོ། །དེ་ལ་བག་ཆགས་ཀྱི་མཚམས་སྦྱོར་བ་ལེགས་པར་འཇོམ་པ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། སྔོན་གྱི་བྱིས་པའི་སྤྱོད་པ་ལ་སྨད་པ་དང ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་མི་འདོད་པའོ། །དེ་ལ་ཁྱད་པར་དུ་འགྲོ་བ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་སྟོབས་དང ། མི་འཇིགས་པ་དང ། སོ་སོ་ཡང་དག་པར་རིག་བསྒྲུབ་པའོ། །དེ་ལ་སྒོམ་པའི་རྒྱུ་མཐུན་པ་གང་ཞེ་ན། འདི་ལྟ་སྟེ།་རྗེས་སུ་ཆགས་པ་དང ། ཁོང་ཁྲོ་བ་སྤངས་པའོ། །དེ་ལ་ལྟུང་བ་ལས་འབྱིན་པ་ལ་མཁས་པ་གང་ཞེ་ན། འདི་ལྟ་སྟེ། སོ་སོ་ཐར་པ་དང ། འདུལ་བ་སྡོམ་པའོ། །དེ་ལ་ཡོངས་སུ་དཀྲིས་པ་གནོན་པ་གང་ཞེ་ན། འདི་ལྟ་སྟེ། ཉེས་པ་བཤགས་པ་དང ། ཕྱིས་སྡོམ་པའི་ལས་དགེ་བའོ། །དེ་ལ་རྗེས་སུ་ཆགས་པ་སྤོང་བ་གང་ཞེ་ན། འདི་ལྟ་སྟེ། ཁམས་གསུམ་གྱི་སྲེད་པའི་ཁྲི་ཤིང་ཐམས་ཅད་ཡང་དག་པར་འཇོམས་པ་དང ། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང ། དགེ་བའི་ཆོས་སྐྱེས་པ་རྣམས་ཆུད་མི་ཟ་བར་བྱའོ། །དེ་ལ་སྲིད་པ་ལས་ཡང་དག་པར་འདའ་བ་གང་ཞེ་ན། འདི་ལྟ་སྟེ། ཁམས་གསུམ་ལ་མི་དམིགས་ཤིང་ཡིད་ལ་མི་བྱེད་པའོ། །དེ་ལ་སྐྱེ་བ་དྲན་པ་གང་ཞེ་ན། འདི་ལྟ་སྟེ། སྔོན་གྱི་
256b
གནས་ཤེས་པའོ། །དེ་ལ་ལས་ཀྱི་རྣམ་པར་སྨིན་པ་ལ་ནེམ་ནུར་མེད་པ་གང་ཞེ་ན། འདི་ལྟ་སྟེ། ཆད་པ་དང་རྟག་པ་རྣམས་པར་སྤོང་བའོ། །དེ་ལ་ཆོས་སེམས་པ་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པར་ཇི་ལྟ་བ་བཞིན་དུ་སེམས་པའོ། །དེ་ལ་ཐོས་པ་ཡོངས་སུ་འཚོལ་བ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་སྡེ་སྣོད་དང ། རང་སངས་རྒྱས་ཀྱི་སྡེ་སྣོད་དང ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀུན་འཛིན་ཅིང་སྒོམ་པའོ། །དེ་ལ་ཡེ་ཤེས་རྣོ་བ་གང་ཞེ་ན། འདི་ལྟ་སྟེ། རྨི་ལམ་ལྟ་བུར་མ་སྐྱེས་པ་ཤེས་པའོ། །དེ་ལ་ཡེ་ཤེས་ལ་སྲེད་པ་གང་ཞེ་ན། འདི་ལྟ་སྟེ། ཡེ་ཤེས་ཡོངས་སུ་འཚོལ་བའོ། །དེ་ལ་ཡེ་ཤེས་ཁོང་དུ་ཆུད་པ་གང་ཞེ་ན། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སྒྲུབ་པའོ། །དེ་ལ་ཅང་ཤེས་ཀྱིས་གང་ཞེ་ན།་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་བསླབ་པའི་གནས་སོ། །དེ་ལ་རི་ལྟ་བུའི་སེམས་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་མི་གཏོང་བའོ། །དེ་ལ་མི་གཡོ་བ་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་དག་གིས་མི་འཕྲོགས་པའོ། །དེ་ལ་མི་སྒུལ་བ་གང་ཞེ་ན། འདི་ལྟ་སྟེ། མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པའོ། །དེ་ལ་ཕྱིར་མི་ལྡོག་པ་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་མི་འཇིག་པ་དང ། འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་སངས་རྒྱས་རྣམས་རྒྱུན་མི་འཆད་པར་མཐོང་བའོ། །དེ་ལ་དགེ་བའི་ཆོས་ཕུན་
257a
༄#། །སུམ་ཚོགས་པ་གང་ཞེ་ན། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་\?\་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པའོ། །དེ་ལ་སྡིག་པའི་ལས་ལ་སྨོད་པ་གང་ཞེ་ན ། འདི་ལ་སྟེ། སྡོམ་པ་དང་སྡིག་པ་རྣམས་གཟོད་མ་ནས་མ་སྐྱེས་པའོ། །དེ་ལ་ཉོན་མོངས་པ་མི་འབྱུང་བ་གང་ཞེ་ན། འདི་ལྟ་སྟེ། མ་རིག་པ་དང ། སྲིད་པའི་སྲེད་པ་དང ། ཁོང་མི་སྐྱེད་པའོ། །དེ་ལ་བསླབ་པ་ཡོངས་སུ་མི་གཏོང་བ་གང་ཞེ་ན། འདི་ལྟ་སྟེ། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང ། སངས་རྒྱས་ལ་རི་མོར་བྱེད་པའོ། །དེ་ལ་ཏིང་ངེ་འཛིན་རྣམ་པར་གཞག་པ་གང་ཞེ་ན། འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སྐྱེ་བ་དང ། འཇིག་པ་མེད་པ་ལ་མཁས་པ་དང ། སེམས་རྩེ་གཅིག་པའོ། །དེ་ལ་སེམས་ཅན་གྱི་བསམ་པ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པའི་ཡེ་ཤེས་སོ། །དེ་ལ་སྐྱེ་བའི་ཁྱད་པར་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། འགྲོ་བ་ལྔ་རྣམ་པར་བཞག་པ་ཤེས་པའོ། །དེ་ལ་ཡེ་ཤེས་མཐའ་ཡས་པ་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་གྱི་དང་འཇིག་རྟེན་ལས་འདས་པའི་བཟོ་ལྷུན་གྱིས་གྲུབ་པ་ཤེས་པའོ། །དེ་ལ་ཚིག་གི་མཚམས་སྦྱར་བ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ལྡེམ་པོ་ངག་ཤེས་པའོ། །དེ་ལ་ཁྱིམ་གྱི་གནས་ཡོངས་སུ་སྤངས་པ་གང་ཞེ་ན། འདི་
257b
ལྟ་སྟེ།་ལུས་དང་སེམས་དབེན་ཞིང་མངོན་པར་བྱུང་བའོ། །དེ་ལ་ཁམས་གསུམ་ལ་མངོན་པར་མི་དགའ་བ་གང་ཞེ་ན། འདི་ལྟ་སྟེ། ཁམས་གསུམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའོ། །དེ་ལ་སེམས་མ་གོད་པ་གང་ཞེ་ན། འདི་ལྟ་སྟེ། སེམས་ཡོངས་སུ་མི་གཏོང་བ་དང ། མཉམ་པར་བཞག་པ་ཡོངས་སུ་མི་གཏོང་བའོ། །དེ་ལ་ཆོས་རྣམས་ལ་མངོན་པ་མ་ཆགས་པ་གང་ཞེ་ན། འདི་ལྟ་སྟེ། སྡུག་པ་ཐམས་ཅད་སྤོང་བའོ། །དེ་ལ་དམ་པའི་ཆོས་ཡོངས་སུ་འཛིན་པ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་སྲུང་བ་དང་མདོ་སྡེ་འདི་ལྟ་བུ་འཛིན་པའོ། །དེ་ལ་ཆོས་སྲུང་བ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ལ་སྨོད་པ་རྣམས་ཆོས་དང་མཐུན་པས་ཚར་གཅོད་པའོ། །དེ་ལ་ལས་ཀྱི་རྣམ་པར་སྨེན་པ་ལ་ཡིད་ཆེས་པ་གང་ཞེ་ན། འདི་ལྟ་སྟེ། ཁྲེལ་ཡོད་པས་སྡིག་པའི་ལས་རྣམས་སྤོང་བ་དང ། དགེ་བའི་ཆོས་རྣམས་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་པའོ། །དེ་ལ་འདུལ་བ་ལ་མཁས་པ་གང་ཞེ་ན། འདི་ལྟ་སྟེ། རང་བཞིན་གྱིས་ལྟུང་བ་དང ། ལྟུང་བ་མ་ཡིན་པ་ཤེས་པ་དང ། བཅས་པའི་ལྟུང་བ་དང ། ལྟུང་བ་མ་ཡིན་པ་ཤེས་པའོ། །དེ་ལ་རྩོད་པ་རྣམ་པར་ཞི་བ་གང་ཞེ་ན། འདི་ལྟ་སྟེ། འདུས་པ་རྣམ་པར་སྤངས་པའོ། །དེ་ལ་འཐབ་པ་མེད་པ་དང ། རྩོད་པ་མེད་པ་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་པའི་གཏམ་མི་འདོད་པའོ། །དེ་ལ་བཟོད་
258a
༄#། །པའི་ས་གང་ཞེ་ན། འདི་ལྟ་སྟེ། ལུས་དང་སེམས་ལ་གནོད་པ་བཟོད་པའོ། །དེ་ལ་བཟོད་པ་ཡང་དག་པར་འཛིན་པ་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་གྱིས་ངན་དུ་སྨྲས་པ་དང ། ངན་དུ་བརྗོད་པའི་ཚིག་གི་ལམ་རྣམས་བཏང་སྙོམས་སུ་འཇོག་ཅིང་བཟོད་པ་མི་འདྲལ་པའོ། །དེ་ལ་ཆོས་རབ་ཏུ་འབྱེད་པ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་རབ་ཏུ་དབྱེ་བ་དང ། ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བའི་ཕྱོགས་རབ་ཏུ་དབྱེ་བ་དང ། དེ་དག་མི་དམིགས་པའོ། །དེ་ལ་རྣམ་པར་གཏན་ལ་དབབ་པ་ལ་མཁས་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་བརྗོད་དུ་མེད་པའོ། །དེ་ལ་རབ་ཏུ་དབྱེ་བ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་རྣམ་པར་གཞག་པ་གང་ལ་ངེས་པར་རྟོག་པའོ། །དེ་ལ་ཆོས་ཀྱི་ཚིག་བསྒྲུབ་པ་ལ་མཁས་པའི་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པའོ། །དེ་ལ་དོན་དང་དོན་མ་ཡིན་པ་འདྲེས་པ་སྒྲུབ་པ་ལ་མཁས་པ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་རྣམས་རང་བཞིན་གྱིས་བླང་བ་དང ། གཞག་པ་མེད་པའོ། །དེ་ལ་སྔོན་གྱི་མཐའ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། རྒྱུ་ཤེས་པའོ། །དེ་ལ་ཕྱི་མའི་མཐའ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། རྐྱེན་ཤེས་པའོ། །དེ་ལ་དུས་གསུམ་མཉམ་པ་ཉིད་གང་ཞེ་
258b
ནི།་འདི་ལྟ་སྟེ། ཆོས་ཐམས་ཅད་ལ་ཐ་དད་དུ་བྱ་བ་མེད་པའི་དངོས་པོའི་ལུགས་ཀྱི་ཆོས་ཉིད་དོ། །དེ་ལ་འཁོར་གསུམ་ཡོངས་སུ་དག་པའི་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། འདས་པ་དང།་མ་འོངས་པ་དང ། ད་ལྟར་བྱུང་བའི་ཆོས་རྣམས་མི་དམིགས་ཤིང་ཡིད་ལ་མི་བྱེད་པའོ། །དེ་ལ་སེམས་གནས་པ་གང་ཞེ་ན། འདི་ལྟ་སྟེ། སེམས་མི་དམིགས་པའོ། །དེ་ལ་ལུས་རྣམ་པར་བཞག་པ་གང་ཞེ་ན། འདི་ལྟ་སྟེ། ལུས་ལ་ཞུགས་པའི་རྗེས་སུ་དྲན་པའོ། །དེ་ལ་སྤྱོད་ལམ་སྲུང་བ་གང་ཞེ་ན། འདི་ལྟ་སྟེ། གང་འདི་བསླད་པ་མེད་པའོ། །དེ་ལ་སྤྱོད་ལམ་མི་འཁྲུགས་པ་གང་ཞེ་ན། འདི་ལྟ་སྟེ། དགེ་བ་མི་སྤྱོམས་པའོ། །དེ་ལ་སྤྱོད་ལམ་རྣམ་པར་མི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། སྡིག་པ་འདོད་པ་དང་བྲལ་པའོ། །དེ་ལ་དབང་པོ་དང་བ་གང་ཞེ་ན། འདི་ལྟ་སྟེ། ཆོས་ལ་ཞུགས་པའི་ཡིད་ལ་བྱེད་པ་དང ། རིགས་པར་སྨྲ་བ་དང ། དུས་ཤེས་པ་དང ། ཡང་དག་པ་ཇི་ལྟ་བའི་ཆེས་རྣམས་ཡང་དག་པར་རབ་ཏུ་སྟོན་པའོ། །དེ་ལ་འཇིག་རྟེན་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། ཕར་འགྲོ་བ་དང ། ཕྱིར་འོང་བ་རབ་ཏུ་ཤེས་པའོ། །དེ་ལ་ལྷུག་པར་གཏོང་བ་གང་ཞེ་ན། འདི་ལྟ་སྟེ། དངོས་པོ་རྣམས་མི་སྦེད་པ་དང ། སེར་སྣ་མེད་པའོ། །དེ་ལ་ལག་བརྐྱང་པ་གང་ཞེ་ན། འདི་ལྟ་སྟེ། འགེད་པའི་དང་ཚུལ་ཅན་ནོ། །དེ་ལ་སེམས་འཛིན་པ་མེད་པ་གང་ཞེ་ན། འདི་ལྟ་སྟེ །
259a
༄#། །དད་པ་རྙོག་པ་མེད་པའོ། །དེ་ལ་ཁྲེལ་ཡོད་པ་གང་ཞེ་ན། འདི་ལྟ་སྟེ། མུ་ཅོ་ར་མི་སྨྲ་བའོ། །དེ་ལ་ངོ་ཚ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། མངོན་དུ་གྱུར་པའོ། །དེ་ལ་མི་དགེ་བའི་སེམས་སྨད་པ་གང་ཞེ་ན། འདི་ལྟ་སྟེ། བྱིས་པའི་ཆོས་རྟོགས་པ་དང ། དེ་དག་དང་མི་འགྲོགས་པའོ། །དེ་ལ་སྦྱངས་པ་མི་གཏོང་བ་གང་ཞེ་ན། འདི་ལྟ་སྟེ། ཡི་དམ་ལ་བརྟན་པའོ། །དེ་ལ་སྤྱོད་པ་ཡང་དག་པར་འཛིན་པ་གང་ཞེ་ན། འདི་ལྟ་སྟེ། སྤྱོད་པ་ལ་བརྟུལ་བ་བསྐྱེད་པའོ། །དེ་ལ་དགའ་བ་ཡང་དག་པར་སྤྱོད་པ་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་ལས་ཀྱི་ཕན་ཡོན་ལ་སེམས་པའོ། །དེ་ལ་བླ་མ་དག་གི་སྟན་འདིང་ཞིང་ལྡང་བ་གང་ཞེ་ན། འདི་ལྟ་སྟེ། ང་རྒྱལ་བཅོམ་ཞིང་སྙོམ་ལས་མེད་པའོ། །དེ་ལ་ང་རྒྱལ་ཚར་གཅོད་པ་གང་ཞེ་ན། འདི་ལྟ་སྟེ། བདག་ཉིད་རྗེས་སུ་མི་དམིགས་ཤིང་རྩམ་པ་མེད་པའོ། །དེ་ལ་སེམས་རབ་ཏུ་བཟུང་བ་གང་ཞེ་ན། འདི་ལྟ་སྟེ། དཀར་པོའི་ཆོས་ཆུད་མི་ཟ་བར་ཤེས་པའོ། །དེ་ལ་སེམས་སྤྲོ་བར་བྱ་བ་གང་ཞེ་ན། འདི་ལྟ་སྟེ། བརྩོན་འགྲུས་ཆུད་མི་ཟ་བར་ཤེས་པའོ། །དེ་ལ་དོན་སོ་སོ་ཡང་དག་པར་རིག་པའི་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཡེ་ཤེས་སོ། །དེ་ལ་ཡེ་ཤེས་ཁོང་དུ་ཆུད་པ་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་
259b
ཁོང་དུ་ཆུད་པའོ། །དེ་ལ་མི་ཤེས་པ་དང་བྲལ་བ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཡང་དག་པ་ཇི་ལྟ་བ་བཞིན་ལ་སྒྲོ་འདོགས་པ་དང་བྲལ་བའོ། །དེ་ལ་སེམས་ཀྱི་འཇུག་པ་ཤེས་པ་གང་ཞེ་ན།་འདི་ལྟ་སྟེ། སྐྱེ་བ་དང་འཇིག་པ་མེད་པ་ཤེས་པའོ། །དེ་ལ་ཟས་སྒྲུབ་པ་ལ་མཁས་པ་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་རྣོ་བའོ། །དེ་ལ་སྒྲ་བརྗོད་པ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ།་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་བསྟན་པའོ། །དེ་ལ་རྣམ་པར་གཞག་པ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པར་ཇི་ལྟ་བ་བཞིན་དུ་འཇུག་པ་ཤེས་པའོ། །དེ་ལ་དོན་རྣམ་པར་གཏན་ལ་དབབ་པ་གང་ཞེ་ན། འདི་ལྟ་སྟེ། འདུ་བྱེད་ཀྱི་ཕུང་པོ་ཆད་པའོ། །དེ་ལ་གནོད་པ་རྣམ་པར་སྤོང་བ་གང་ཞེ་ན། འདི་ལྟ་སྟེ། སྲིད་པ་ལས་ཡང་དག་པར་འདའ་བ་དང ། གཞན་དག་ཀྱང་སྲིད་པ་ལས་ཡང་དག་པར་འདའ་བ་ལ་འཛུད་པའོ། །དེ་ལ་སྐྱེས་བུ་དམ་པ་ལ་བརྟེན་པ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་དང་མི་འབྲལ་བའོ། །དེ་ལ་སྐྱེས་བུ་དམ་པ་དང་འགྲོགས་པ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། རང་སངས་རྒྱས་དང ། ཉན་ཐོས་ལ་བརྟེན་པའོ། །དེ་ལ་སྐྱེས་བུ་དམ་པ་མ་ཡིན་པ་རྣམ་པར་སྤོང་བ་གང་ཞེ་ན། འདི་ལྟ་སྟེ། དམིགས་པ་ཅན་དང ། ལེ་ལོ་ཅན་རྣམས་རྣམ་པར་སྤོང་བའོ། །དེ་ལ་བསམ་གཏན་མི་འདོར་བ་གང་ཞེ་ན། འདི་ལྟ་སྟེ། འདོད་པའི་ཚེར་མ་རྣམས་
260a
༄#། །པར་སྤོང་བ་དང ། བསམ་གཏན་མི་གཏོང་ཞིང་དགའ་བ་མི་འདོར་བའོ། །དེ་ལ་བསམ་གཏན་ལ་མ་ཆགས་པ་གང་ཞེ་ན། འདི་ལྟ་སྟེ། ཁམས་གསུམ་ལས་ཡང་དག་པར་འདའ་བར་མོས་པ་དང ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མོས་པ་དང ། གང་དུ་ཤེས་རབ་ཀྱི་སྣང་བ་ལ་མོས་པའོ། །དེ་ལ་མངོན་པར་ཤེས་པས་རྣམ་པར་འཕྲུལ་པ་གང་ཞེ་ན། འདི་ལྟ་སྟེ། མངོན་པར་ཤེས་པ་ལྔ་ལ་གནས་ནས་སངས་རྒྱས་ཀྱི་ཆོས་ཤེས་པར་དཀའ་བ་རྣམས་གཞན་ལ་ཡང་དག་པར་རབ་ཏུ་སྟོན་པའོ། །དེ་ལ་མིང་གི་བརྡ་གང་ཞེ་ན། འདི་ལྟ་སྟེ། ཡོངས་སུ་མ་གྲུབ་པ་རྣམས་མིང་གིས་ཁོང་དུ་ཆུད་པའོ། །དེ་ལ་བཏགས་པའི་ཐ་སྙད་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་གྱི་ཐ་སྙད་དོ། །དེ་ལ་བཏགས་པ་འཇོམས་པ་གང་ཞེ་ན། འདི་ལྟ་སྟེ། བརྗོད་པར་ཤེས་པའོ། །དེ་ལ་འཁོར་བ་ལས་ལྡོག་པ་གང་ཞེ་ན། འདི་ལྟ་སྟེ། འཁོར་བའི་ཉེས་པ་ལ་སོ་སོར་རྟོག་པའོ། །དེ་ལ་རྙེད་པ་མི་འདོད་པ་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པར་འདོད་པ་ཉུང་བའོ། །དེ་ལ་རྙེད་པ་དང་བཀུར་སྟི་མི་ལེན་པ་གང་ཞེ་ན། འདི་ལྟ་སྟེ། གདུང་བ་མེད་པ་དང ། སྡིག་པ་འདོད་པ་དང་བྲལ་བའོ། །དེ་ལ་བསྔགས་པ་མ་ཡིན་པས་ཞུམ་པར་མི་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་དང ། ཁམས་ལ་ཡོངས་སུ་རྟོག་པ་ཤེས་
260b
པའོ། །དེ་ལ་ཡང་དག་པར་བསྔགས་པ་མི་ལེན་པ་གང་ཞེ་ན། འདི་ལྟ་སྟེ། དགེ་བ་མི་སྤྱོམས་པ་དང ། རྙེད་དེ་པ་དང་བཀུར་སྟི་ལ་པར་ཆད་དུ་རིག་པའོ། །དེ་ལ་བཀུར་སྟི་ལ་བཏང་སྙོམས་སུ་བྱེད་པ་གང་ཞེ་ན། འདི་ལྟ་སྟེ། ལས་ཀྱི་རྣམ་པར་སྨིན་པ་རྟོགས་པའོ། །དེ་ལ་བསྟི་སྟང་མེད་པ་ལ་ཞུམ་པར་མི་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། རྣལ་འབྱོར་མི་གཏོང་བའོ། །དེ་ལ་སྨད་བས་མི་འཁྲུགས་པ་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་གྱི་ཆོས་ལ་སོ་སོར་རྟོག་པའོ། །དེ་ལ་བསྟོད་པ་ལ་བཏང་སྙོམས་སུ་བྱེད་པ་གང་ཞེ་ན། འདི་ལྟ་སྟེ།་དགེ་བའི་ཆོས་འཚོལ་ཞིང་འབྱུང་བའོ། །དེ་ལ་རྙེད་པ་མེད་ཀྱང་སེམས་འགོང་བ་མེད་པ་གང་ཞེ་ན། འདི་ལྟ་སྟེ། བདག་གིས་བྱས་པའི་ཆོས་རྣམས་ལ་སོ་སོར་རྟོག་པའོ། །དེ་ལ་ཁྱིམ་པ་དང་མི་བསྟེན་པ་གང་ཞེན། འདི་ལྟ་སྟེ། ཟང་ཟིང་ཅིའང་རྣམ་པར་སྤོང་བའོ། །དེ་ལ་རབ་ཏུ་བྱུང་བ་དང་མི་བསྟེན་པ་གང་ཞེ་ན། འདི་ལྟ་སྟེ། མི་རིགས་པ་ཡོངས་སུ་སྤོང་བ་དང ། རིགས་པ་ཡོངས་སུ་འཚོལ་བའོ། །དེ་ལ་སྤྱོད་ཡུལ་མ་ཡིན་པ་རྣམ་པར་སྤོང་བ་གང་ཞེ་ན། འདི་ལྟ་སྟེ། སྒྲིབ་པ་ལྔ་རྣམ་པར་སྤོང་བའོ། །དེ་ལ་སྤྱོད་ཡུལ་ལ་རབ་ཏུ་སྤྱོད་པ་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པའོ། །དེ་ལ་ཆོ་ག་ཕུན་སུམ་ཚོགས་པ་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་རྗེས་སུ་སྲུང་བའོ། །དེ་ལ་\?\་
261a
༄#། །ཆོ་ག་མ་ཡིན་པ་རྣམ་པར་སྤོང་བ་གང་ཞེ་ན། འདི་ལྟ་སྟེ། བདག་གི་དགེ་བའི་ཆོས་རྗེས་སུ་སྲུང་བའོ། །དེ་ལ་རིགས་སུན་པར་མི་བྱེད་པ་གང་ཞེ་ན། འདི་ལྟ་སྟེ། ཤེས་ཀྱི་ཁེ་རྣམ་པར་སྤོང་བའོ། །དེ་ལ་བསྟན་པ་སྲུང་བ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཡོངས་སུ་བཙལ་བ་སྒྲུབ་པ་དང ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཀྱི་ནན་ཏན་ནོ། །དེ་ལ་སྨྲ་བ་ཉུང་བ་གང་ཞེ་ན། འདི་ལྟ་སྟེ། ཞི་གནས་ཐོབ་པའོ། །དེ་ལ་མཉེན་པ་གང་ཞེ་ན། འདི་ལྟ་སྟེ། ལྷག་མཐོང་ཐོབ་པའོ། །དེ་ལ་ཚིག་གི་ལན་ལ་མཁས་པ་གང་ཞེ་ན།་འདི་ལྟ་སྟེ། ལན་དང ། ཡང་ལན་ཤེས་པའོ། །དེ་ལ་ཕས་ཀྱི་རྒོལ་བ་ཚར་གཅོད་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པ་དང ། རྣམ་པར་གཞག་པར་བྱེད་པ་དང ། ཀླན་ཀ་འཚོལ་པ་ཚར་གཅོད་པའོ། །དེ་ལ་དུས་སུ་འགྲོ་བ་གང་ཞེ་ན། འདི་ལྟ་སྟེ། དུས་ཤེས་པའོ། །དེ་ལ་སོ་སོའི་སྐྱེ་བོ་ལ་ཡིད་མི་རྟོག་པ་གང་ཞེ་ན།་འདི་ལྟ་སྟེ། བྱིས་པའི་ཆོས་ལ་སྐྱོན་དུ་ལྟ་བའོ། །དེ་ལ་སྡུག་བསྔལ་བ་རྣམས་ལ་བརྙས་པ་མེད་པ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའོ། །དེ་ལ་སྡུག་བསྔལ་བ་རྣམས་ལ་ནོར་རབ་ཏུ་སྦྱིན་པ་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་གྱི་ཟང་ཟིང་གི་སྦྱིན་པའོ། །དེ་ལ་དབུལ་པོ་རྣམས་ལ་མི་སྨོད་པ་གང་ཞེ་ན། འདི་ལྟ་སྟེ།
261b
ཕ་རོལ་ལ་སྙིང་བརྩེ་བའི་བློའོ། །དེ་ལ་ཚུལ་ཁྲིམས་འཆལ་པ་རྣམས་ལ་སྙིང་བརྩེ་བ་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་ལྟུང་པ་ལས་བྱུང་ཞིང་ཚུལ་ཁྲིམས་ལ་རབ་ཏུ་འགོད་པའོ། །དེ་ལ་ཕན་པའི་དངོས་པོ་གང་ཞེ་ན། འདི་ལྟ་སྟེ། གཞན་ལ་ཕན་པར་བྱེད་པའོ། །དེ་ལ་སྙིང་རྗེ་བའི་བློ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་གྱི་མ་འོངས་པའི་སྡུག་བསྔལ་ལ་ལྟ་བའོ། ། དེ་ལ་ཆོས་ཀྱིས་ཕན་གདགས་པ་གང་ཞེ་ན། འདི་ལྟ་སྟེ། གཞན་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་ལ་གཟུད་པའོ། །དེ་ལ་ཟང་ཟིང་ཡོངས་སུ་གཏོང་བ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ཡོངས་སུ་གཏོང་བ་དང ། གཞན་ལ་ཟང་ཟིང་གིས་ཕན་འདོགས་པའོ། །དེ་ལ་སོགས་པའི་གནས་མེད་པ་གང་ཞེ་ན། འདི་ལྟ་སྟེ། ཟང་ཟིང་ལ་སྨོད་པ་དང ། སྲུང་བའི་ཉེས་པ་མཐོང་བའོ། །དེ་ལ་ཚུལ་ཁྲིམས་བསྔགས་པ་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཡོངས་སུ་རིག་པའོ། །དེ་ལ་འཆལ་པའི་ཚུལ་ཁྲིམས་ལ་སྨད་པ་གང་ཞེ་ན། འདི་ལྟ་སྟེ། འཆལ་པའི་ཚུལ་ཁྲིམས་ཀྱི་ཉེས་པ་ཁོང་དུ་ཆུད་པའོ། །དེ་ལ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དག་ལ་གཡོ་མེད་པར་བསྟེན་པ་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་དང་ལྡན་པ་ལ་རྙེད་པར་དཀའ་བའི་འདུ་ཤེས་སུ་ཤེས་པའོ། །དེ་ལ་ཡོད་པ་ཐམས་ཅད་གཏོང་བ་གང་ཞེ་ན། འདི་ལྟ་སྟེ། བསམ་པ་དགེ་བའོ། །དེ་ལ་ལྷག་པའི་བསམ་པས་མགྲོན་དུ་གཉེར་བ་གང་ཞེ་ན།
262a
༄#། །འདི་ལྟ་སྟེ། ཕ་རོལ་ལ་བདེ་བ་འདོད་པའོ། །དེ་ལ་སྨྲས་པ་བཞིན་བྱེད་པ་གང་ཞེ་ན། འདི་ལྟ་སྟེ། བསམ་པ་དགེ་བ་ཕུན་སུམ་ཚོགས་པའོ། །དེ་ལ་རྒྱུན་མི་ཆད་པར་བསྙེན་པ་ཀུར་བྱེད་པ་གང་ཞེ་ན། འདི་ལྟ་སྟེ། དགེ་བ་གང་ཡིན་ཞེས་འཚོལ་ཞིང་འདྲི་བའོ། །དེ་ལ་དགའ་བ་མྱོང་བ་གང་ཞེ་ན། འདི་ལྟ་སྟེ། ཁོང་དུ་ཆུད་པའི་ཤེས་པ་དང་ལུང་གི་ཤེས་པའོ། །དེ་ལ་དཔེ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། འདྲ་བ་ཤེས་པ་དང ། གདམས་པ་ཤེས་པའོ། །དེ་ལ་སྔོན་བྱུང་བ་ལ་མཁས་པ་གང་ཞེ་ན། འདི་ལྟ་སྟེ།་སྐྱེ་བ་དྲན་པ་དང ། ཐོས་པ་མང་བའོ། །དེ་ལ་དགེ་བའི་རྩ་བ་སྔོན་དུ་འགྲོ་བ་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ལ་ཤིན་ཏུ་འདུལ་བ་དང ། གཞན་དག་ཀྱང་སྤྲོ་བར་བྱེད་པའོ། །དེ་ལ་ཐབས་མཁས་པ་གང་ཞེ་ན། འདི་ལྟ་སྟེ། སོ་སོར་འཆགས་པ་དང ། རྗེས་སུ་ཡི་རང་བ་དང ། གསོལ་བ་འདེབས་པ་དང ། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ལ་མཁས་པའོ། །དེ་ལ་མཚན་མ་སྤོང་བ་གང་ཞེ་ན། འདི་ལྟ་སྟེ། ཆོས་རྣམས་རྨི་ལམ་ལྟ་བུར་རྟོགས་ནས་དངོས་པོ་རྣམ་པར་འཇིག་པའོ། །དེ་ལ་འདུ་ཤེས་ཟློག་པ་གང་ཞེ་ན། འདི་ལྟ་སྟེ། ཕྱིན་ཅི་ལོག་འདོར་བའོ། །དེ་ལ་དངོས་པོའི་མཚན་ཉིད་འདོར་བ་གང་ཞེ་ན། འདི་ལྟ་སྟེ། མཚན་ཉིད་མེད་པར་ཤེས་པའོ། །དེ་ལ་མདོ་སྡེ་མངོན་པར་སྒྲུབ་པ་ལ་མཁས་
262b
པ་གང་ཞེ་ན། འདི་ལྟ་སྟེ། དགེ་བ་དང་མི་དགེ་བའི་ཆོས་ཡང་དག་པ་ཇི་ལྟ་བ་རྣམས་དཔེ་དང་རྟོགས་པ་བརྗོད་པས་ཡང་དག་པར་རབ་ཏུ་སྟོན་པའོ། །དེ་ལ་བདེན་པ་རྣམ་པར་གཏན་ལ་དབང་པ་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་ཤེས་པ་འགོག་པ་དང ། མིང་དང་གཟུགས་མི་སྐྱེ་བའོ། །དེ་ལ་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པ་གང་ཞེ་ན། འདི་ལྟ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་མི་གཡོ་བ་དང ། མི་འཁྲུག་པའོ། །དེ་ལ་གཅིག་ཏུ་བརྗོད་པ་གང་ཞེ་ན། འདི་ལྟ་སྟེ། མུ་སྟེགས་ཅན་གྱི་གནས་སྨད་པ་དང ། མི་སྐྱེ་བར་ཤེས་པའོ། །དེ་ལ་མི་འཇིགས་པ་ཐོབ་པ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་རྟོགས་ཤིང་སྟོབས་བསྐྱེད་པའོ། །དེ་ལ་ཚུལ་ཁྲིམས་ཀྱི་གནས་གང་ཞེ་ན། འདི་ལྟ་སྟེ། ལུས་ཀྱི་སྡོམ་པ་དང ། སོ་སོར་ཐར་པའི་སྡོམ་པའོ། །དེ་ལ་སྙོམས་པར་འཇུག་པ་ལ་འཇུག་པ་གང་ཞེ་ན། འདི་ལྟ་སྟེ། ཁམས་གསུམ་ལ་འདོད་ཆགས་དང་བྲལ་བའོ། །དེ་ལ་ཤེས་རབ་ཐོབ་པ་གང་ཞེ་ན། འདི་ལྟ་སྟེ། ནུས་པ་ཤེས་པ་དང ། མི་དམིགས་པའོ། །དེ་ལ་གཅིག་པུར་དགའ་བ་གང་ཞེ་ན། འདི་ལྟ་སྟེ། འདུ་འཛིའི་ཉེས་པ་རྣམས་པར་སྤོང་བ་དང ། ཆོས་དཀར་པོ་མི་གཏོང་བའོ། །དེ་ལ་ཤེས་ཀྱི་ཁེ་ཆུང་དུས་ཆོག་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། ངན་དོན་གྱིས་མགུ་བའོ། །དེ་ལ་སེམས་ལ་རྙོག་པ་མེད་པ་གང་ཞེ་ན། འདི་ལྟ་སྟེ། སྒྲིབ་པ་
263a
༄#། །རྣམས་རྣམ་པར་གནོན་པའོ། །དེ་ལ་ལྟ་བས་བྱས་པ་རྣམ་པར་སྤོང་བ་གང་ཞེ་ན། འདི་ལྟ་སྟེ། དམིགས་པའི་ལྟ་བ་རྣམ་པར་སྤོང་བའོ། །དེ་ལ་གཟུངས་ཐོབ་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཇི་ལྟར་མཐོང་བ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆགས་པ་མེད་པར་རབ་ཏུ་སྟོན་པའོ། །དེ་ལ་ཡེ་ཤེས་སྣང་བ་གང་ཞེ་ན། འདི་ལྟ་སྟེ།་རང་བཞིན་ལ་འཇུག་པའོ། །དེ་ལ་གནས་གང་ཞེ་ན།་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་གནས་སོ། །དེ་ལ་གཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཀྱི་གཞིའོ། །དེ་ལ་རྟེན་གང་ཞེ་ན། འདི་ལྟ་སྟེ། དད་པ་ལ་བརྟེན་པའོ། །དེ་ལ་ནན་ཏན་གང་ཞེ་ན། འདི་ལྟ་སྟེ། ལམ་གྱི་ནན་ཏན་ནོ། །དེ་ལ་རྒྱུ་གང་ཞེ་ན། འདི་ལྟ་སྟེ། མ་རིག་པ་འཁོར་བའི་རྒྱུའོ། ། དེ་ལ་རིགས་པ་གང་ཞེ་ན། འདི་ལྟ་སྟེ། རིགས་པ་ནི་ཐར་པའི་རིགས་པའོ། །དེ་ལ་ཚུལ་གང་ཞེ་ན། འདི་ལྟ་སྟེ། སྲེད་པ་རབ་ཏུ་སྤངས་པའོ། །དེ་ལ་སྒོ་གང་ཞེ་ན། འདི་ལྟ་སྟེ། ཉེས་པ་སྤངས་པའོ། །དེ་ལ་ལམ་གང་ཞེ་ན། འདི་ལྟ་སྟེ། མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པར་ཤེས་པའོ། །དེ་ལ་ས་གང་ཞེ་ན།་འདི་ལྟ་སྟེ།་སྨོན་པ་མེད་པའི་ས་བཅུའོ། །དེ་ལ་སྐྱེ་བ་དང་བྲལ་བ་གང་ཞེ་ན། འདི་ལྟ་སྟེ། སྐྱེ་བ་བཅད་པའོ། །དེ་ལ་ཡེ་ཤེས་ཀྱི་ས་གང་ཞེ་ན། འདི་ལྟ་སྟེ། རྨོངས་
263b
པ་མེད་པའོ། །དེ་ལ་མི་ཤེས་པ་སྤངས་པ་གང་ཞེ་ན། འདི་ལྟ་སྟེ། གཏི་མུག་སྤངས་པའོ། །དེ་ལ་ཡེ་ཤེས་གནས་པ་གང་ཞེ་ན། འདི་ལྟ་སྟེ། མི་གནས་པའོ། །དེ་ལ་རྣལ་འབྱོར་སྤྱོད་པའི་ས་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཆོས་རྣམས་སྒོམ་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།དེ་ལ་སྐྱེས་བུ་དམ་པ་དང་བསྟེན་པ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ལ་བརྟེན་པའོ། །དེ་ལ་སྐྱེས་བུ་དམ་པ་མ་ཡིན་པ་སྤངས་པ་གང་ཞེ་ན། འདི་ལྟ་སྟེ། མུ་སྟེགས་ཅན་དམིགས་པར་ལྟ་བ་རྣམས་རྣམ་པར་སྤོང་བའོ། །དེ་ལ་དེ་བཞིན་གཤེགས་པས་གསུངས་པ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་སྟོབས་ལ་གནས་པ་ནས་རང་བཞིན་ཤེས་པས་ཐར་པའོ། །དེ་ལ་སངས་རྒྱས་ཀྱི་ས་ལ་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་ཆོས་ཐམས་ཅད་ཐོབ་པའོ། །དེ་ལ་མཁས་པས་རྗེས་སུ་ཡི་རང་བ་གང་ཞེ་ན། འདི་ལྟ་སྟེ། འདས་པ་དང ། མ་བྱོན་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དང ། ཉན་ཐོས་དག་གིས་རྗེས་སུ་ཡི་རང་བའོ། །དེ་ལ་བྱིས་པ་དག་གིས་སྤངས་པ་གང་ཞེ་ན། འདི་ལྟ་སྟེ།་བྱིས་པ་ཐམས་ཅད་ཀྱིས་རིག་པར་དཀའ་བའོ། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པར་དཀའ་བ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་བསམ་
264a
༄#། །གྱིས་མི་ཁྱབ་པའོ། །དེ་ལ་མུ་སྟེགས་ཅན་གྱི་ས་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། རྣལ་འབྱོར་པ་དག་གི་ལོག་པའི་ང་རྒྱལ་ལོ། །དེ་ལ་བྱང་ཆུབ་སེམས་དཔའ་དག་གིས་ཡོངས་སུ་བཟུང་བ་གང་ཞེ་ན། འདི་ལྟ་སྟེ། རྙེད་པར་དཀའ་བ་དང ། རྩི་ཆེན་པོར་གྱུར་པའོ། །དེ་ལ་སྟོབས་བཅུ་དག་གིས་ཁོང་དུ་ཆུད་པ་གང་ཞེ་ན། འདི་ལྟ་སྟེ། དཀའ་བའི་ཚུལ་གྱིས་སོ། །དེ་ལ་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་གང་ཞེ་ན། འདི་ལྟ་སྟེ། བདེ་བ་ཐམས་ཅད་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ལ་ཚངས་པ་དག་གིས་ཕྱག་བྱེ་བ་གང་ཞེ་ན། འདི་ལྟ་སྟེ། ཐར་པ་ཐམས་ཅད་ཐོབ་པར་བྱེད་པའི་ཚུལ་གྱིས་སོ། །དེ་ལ་ཀླུ་རྣམས་ཀྱིས་ཕྱག་བྱ་བ་གང་ཞེ་ན། འདི་ལྟ་སྟེ། བག་ཆགས་ཐམས་ཅད་གཅོད་པའི་ཕྱིར་རོ། །དེ་ལ་གནོད་སྦྱིན་དག་གིས་རྗེས་སུ་ཡི་རང་བར་བྱ་བ་གང་ཞེ་ན། འདི་ལྟ་སྟེ། ངན་འགྲོ་ཐམས་ཅད་ཀྱི་ལམ་གཅོད་པའི་ཕྱིར་རོ། །དེ་ལ་མིའམ་ཅི་དག་གིས་ཕྱག་བྱ་བ་གང་ཞེ་ན། འདི་ལྟ་སྟེ། ཐར་བའི་རབ་ཏུ་བདེ་བ་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་རོ། །དེ་ལ་ལྟོ་འཕྱེ་ཆེན་པོ་དག་གིས་རབ་ཏུ་བསྔགས་པ་གང་ཞེ་ན། འདི་ལྟ་སྟེ། འཁོར་བ་གཅོད་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་དག་གིས་བསྒོམ་པར་བྱ་བ་གང་ཞེ་ན། འདི་ལྟ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་
264b
ལ་མཁས་པ་དག་གིས་ཀུན་ཆུབ་པར་བྱ་བ་གང་ཞེ་ན། འདི་ལྟ་སྟེ། ཕྱིར་མི་ལྡོག་པའི་ས་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ལ་ནོར་བླ་ན་མེད་པ་གང་ཞེ་ན། འདི་ལྟ་སྟེ། ལྷ་དང་མིའི་སྐྱེ་དགུ་ཕུན་སུམ་ཚོགས་པ་ཐོབ་པར་བྱེད་པ་དང ། ཐར་པ་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ལ་སྦྱིན་པ་ཟང་ཟིང་མེད་པ་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་ཐམས་ཅད་གཅོད་པའི་ཕྱིར་རོ། །དེ་ལན་པ་རྣམས་ཀྱི་རྩི་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །དེ་ལ་མཛོད་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། བསྒོམ་པའི་ཕྱིར་རོ། །དེ་ལ་སྤོབས་པ་མི་ཟད་པ་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང ། མཐོང་བའི་ཕྱིར་རོ། །དེ་ལ་མྱ་ངན་དང་བྲལ་བ་གང་ཞེ་ན།་འདི་ལྟ་སྟེ། གནོད་པ་དང ། སྡུག་བསྔལ་དོན་མེད་པར་རྟོགས་ཤིང་འབྱུང་བ་དང ། སྡུག་བསྔལ་བདག་མེད་པར་ཤེས་པའི་ཕྱིར་རོ། །དེ་ལ་ཁམས་གསུམ་ཡོངས་སུ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། སྒྱུ་མ་དང་རྨི་ལམ་ལྟ་བུར་རྟོགས་པའོ། །དེ་ལ་ཕ་རོལ་ཏུ་འགྲོ་བ་དག་གི་གཟིངས་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་བསམ་པས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་དག་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་ཉིད་དུ་སྒོམ་པའི་ཕྱིར་རོ། །དེ་ལ་ཆུ་བོའི་ནང་དུ་སོང་བ་དག་གི་གྲུ་གང་ཞེ་ན། འདི་ལྟ་སྟེ། མྱ་ངན་ལས་འདའ་
265a
༄#། །བ་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ལ་སྙན་པ་འདོད་པ་དག་གི་གྲགས་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་རྒྱ་ཆེན་པོ་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ལ་སངས་རྒྱས་རྣམས་ཀྱི་བསྔགས་པ་གང་ཞེ་ན། འདི་ལྟ་སྟེ། ཡོན་ཏན་མཐའ་ཡས་པའི་རྩིའི་སྦྱིན་བདག་ཏུ་གྱུར་པའི་ཕྱིར་རོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་སྙན་པ་གང་ཞེ་ན། འདི་ལྟ་སྟེ།་ཡོན་ཏན་དང ། བདེ་བ་ཐམས་ཅད་དང ། ཐར་པའི་སྦྱིན་བདག་ཏུ་གྱུར་པའི་ཕྱིར་རོ། །དེ་ལ་སྟོབས་བཅུ་དག་གིས་བསྟོད་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་རིན་པོ་ཆེ་རྙེད་པར་དཀའ་བའི་སྦྱིན་པ་དག་ཏུ་གྱུར་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་གང་ཞེ་ན། འདི་ལྟ་སྟེ། ཆོས་འདི་ལ་བསླབས་པའི་ཕྱིར་རོ། །དེ་ལ་སྙིང་རྗེ་ཅན་དག་གི་བཏང་སྙོམས་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་བྱ་བ་བྱས་པའི་ཕྱིར་རོ། །དེ་ལ་བྱམས་པས་ཞེ་སྡང་ཞི་བ་གང་ཞེ་ན། འདི་ལྟ་སྟེ། གཉེན་པོར་གྱུར་པའི་ཕྱིར་རོ། །དེ་ལ་ཐེག་པ་ཆེན་པོ་པ་རྣམས་དབུགས་འབྱིན་པ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ལ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེ་ལ་སེང་གེའི་སྒྲ་སྒྲོགས་པ་དག་གི་ནན་ཏན་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་མཆོག་དང ། ཆོས་ཀྱི་དམ་པ་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ལ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ལམ་གང་
265b
ཞེ་ན།་འདི་ལྟ་སྟེ། དགེ་བའི་ཆོས་ཐམས་ཅད་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ལ་ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་ནས་ཚུ་རོལ་རྟོགས་པའི་ཕྱིར་རོ། །དེ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མི་འཕྲོགས་པ་གང་ཞེ་ན། འདི་ལྟ་སྟེ། མི་དགེ་བའི་ཆོས་ཐམས་ཅད་སྤོང་བར་འགྱུར་བ་དང ། དགེ་བའི་ཆོས་ཐམས་ཅད་སྒྲུབ་པ་དང ། ཐར་པ་ཐམས་ཅད་སྒྲུབ་པར་འགྱུར་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེད་མོས་ཚལ་གང་ཞེ་ན། འདི་ལྟ་སྟེ། བདག་གི་བདེ་བ་དང ། དགའ་བ་དང ། མགུ་བ་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་བདེ་བ་སྒྲུབ་པའི་ཕྱིར་རོ། །དེ་ལ་བདུད་ཀྱི་སྡེ་རྣམས་འཇིག་པར་བྱེད་པ་གང་ཞེ་ན། འདི་ལྟ་སྟེ། སྟོབས་ཐམས་ཅད་ཡོངས་སུ་སྒྲུབ་པ་དང ། ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པའི་ཕྱིར་རོ། །དེ་ལ་བདེ་བར་འགྲོ་བའི་རིག་པ་གང་ཞེ་ན། འདི་ལྟ་སྟེ། གཙེ་བ་ཐམས་ཅད་ཟད་པར་འགྱུར་བའོ། །དེ་ལ་དོན་གྲུབ་པ་རྣམས་ཀྱི་དོན་གང་ཞེ་ན། འདི་ལྟ་སྟེ།་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་སྒྲུབ་པའི་ཕྱིར་རོ། །དེ་ལ་དགྲའི་ནང་དུ་སོང་བའི་སྐྱབས་གང་ཞེ་ན། འདི་ལྟ་སྟེ། དམིགས་པ་ཅན་ཐམས་ཅད་དང ། ལོག་པར་ལྟ་པ་རྣམས་ཕམ་པར་བྱེད་པར་འགྱུར་བའི་ཕྱིར་རོ། །དེ་ལ་ཆོས་དང་ལྡན་པས་མུ་སྟེགས་ཅན་རྣམས་ཚར་གཅོད་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་དང་ལྡན་པས་མུ་སྟེགས་ཅན་ཚར་
266a
༄#། །གཅོད་པའོ། །དེ་ལ་མི་འཇིགས་པའི་བདེན་པའི་རྣམ་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ཡོངས་སུ་བརྟགས་པ་དང ། ཕྱིར་བརྟགས་པ་བཟོད་པའི་ཕྱིར་རོ། །དེ་ལ་སྟོབས་རྣམས་ཡང་དག་པར་བཙལ་བ་གང་ཞེ་ན། འདི་ལྟ་སྟེ། མ་ལོག་པའི་ཚུལ་གྱིས་སོ། །དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་སྔ་ལྟས་གང་ཞེ་ན།་འདི་ལྟ་སྟེ། དཀར་པོའི་ཆོས་ཐམས་ཅད་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ལ་རྒྱན་གང་ཞེ་ན། འདི་ལྟ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ལ་ཐར་པར་འདོད་པ་དག་གི་དགའ་བ་གང་ཞེ་ན། འདི་ལྟ་སྟེ། ཐོག་མ་དང ། དབུས་དང ། ཐ་མར་དགེ་བའི་ཕྱིར་རོ། །དེ་ལ་བུའི་ཐུ་བོ་དག་གི་དགའ་བ་གང་ཞེ་ན། འདི་ལྟ་སྟེ། ཕའི་ནོར་སངས་རྒྱས་ཀྱི་ནོར་མྱོང་བ་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ལ་སངས་རྒྱས་ཀྱི་ཡེ་ཤེས་རྫོགས་པ་གང་ཞེ་ན།་འདི་ལྟ་སྟེ། དཀར་པོའི་ཆོས་ཐམས་ཅད་རྗེས་སུ་སྲུང་བ་དང ། དཀར་པོའི་ཆོས་ཐམས་ཅད་གཞན་མ་ཡིན་པར་གསོ་བ་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ས་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་རྒྱ་ཆེན་པོ་ཡོངས་སུ་སྒྲུབ་པའི་ཕྱིར་རོ། །དེ་ལ་སེམས་ཅན་རྣམ་པར་དག་པ་གང་ཞེ་ན། འདི་ལྟ་སྟེ། དྲི་མ་
266b
ཐམས་ཅད་སྤོང་བར་འགྱུར་བའོ། །དེ་ལ་ལུས་ཡོངས་སུ་དག་པ་གང་ཞེ་ན། འདི་ལྟ་སྟེ། ནད་ཐམས་ཅད་རབ་ཏུ་ཞི་བའི་ཕྱིར་རོ། །དེ་ལ་རྣམ་པར་ཐར་པ་འདོད་པ་རྣམས་ཀྱི་ཡོངས་སུ་རྫོགས་པ་གང་ཞེ་ན། འདི་ལྟ་སྟེ། མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པ་དང ། ཞི་བར་སོ་སོར་རྟོག་པ་ཡོངས་སུ་སྒྲུབ་པའི་ཕྱིར་རོ། །དེ་ལ་འདོད་ཆགས་ཀྱིས་ཀུན་ནས་ཉོན་མོངས་པ་མེད་པ་གང་ཞེ་ན། འདི་ལྟ་སྟེ། མི་འཆི་བའི་གནས་ཡོངས་སུ་སྒྲུབ་པའི་ཕྱིར་རོ། །དེ་ལ་ཞེ་སྡང་དང་བྲལ་བ་གང་ཞེ་ན། འདི་ལྟ་སྟེ། བྱམས་པ་ཆེན་པོ་ཡོངས་སུ་སྒྲུབ་པའི་ཕྱིར་རོ། །དེ་ལ་གཏི་མུག་གི་ས་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཡང་དག་པ་ཉིད་ཡོངས་སུ་སྒྲུབ་པའི་ཕྱིར་རོ། །དེ་ལ་ཡེ་ཤེས་འབྱུང་བ་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དགོས་པ་ཤེས་པ་ཐམས་ཅད་བསྐྱེད་པའི་ཕྱིར་རོ། །དེ་ལ་རིག་པ་སྐྱེ་བ་གང་ཞེ་ན། འདི་ལྟ་སྟེ། ཚུལ་བཞིན་ཡིད་ལ་བྱེད་པ་ཐམས་ཅད་ཡོངས་སུ་སྒྲུབ་པའི་ཕྱིར་རོ། །དེ་ལམ་རིག་པ་སྤོང་བ་གང་ཞེ་ན། འདི་ལྟ་སྟེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་བྲལ་བར་འགྱུར་བའི་ཕྱིར་རོ། །དེ་ལ་རྣམ་པར་གྲོལ་བའི་སྙིང་པོས་ངོམས་པ་གང་ཞེ་ན། འདི་ལྟ་སྟེ། འཕགས་པའི་ཆེ་བ་ཉིད་ཡོངས་སུ་སྒྲུབ་པའི་ཕྱིར་རོ། །དེ་ལ་ཏིང་ངེ་འཛིན་སྙིང་པོར་བྱེད་པ་དག་གི་མཐུ་གང་ཞེ་ན། འདི་ལྟ་སྟེ། བདེ་བ་
267a
༄#། །དང་དགའ་བའི་བདེ་བ་ཐམས་ཅད་དང ། སེམས་རྩེ་གཅིག་པ་ཡོངས་སུ་སྒྲུབ་པའི་ཕྱིར་རོ། །དེ་ལ་མཐོང་བར་འདོད་པ་རྣམས་ཀྱི་མིག་གང་ཞེ་ན། འདི་ལྟ་སྟེ་བདག་ཉིད་ལྟ་བའི་ཕྱིར་རོ། །དེ་ལ་རྣམ་པར་འཕྲུལ་བར་འདོད་པ་རྣམས་ཀྱི་མངོན་པར་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། སྒྲིབ་པ་མེད་པ་དང ། འདོད་པར་འགྱུར་བའི་ཆོས་ཉིད་ཀྱི་ཕྱིར་རོ། །དེ་ལ་མངོན་པར་སྒྲུབ་པར་འདོད་པ་རྣམས་ཀྱི་རྫུ་འཕྲུལ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ལ་མི་རྟོག་པའི་ཤེས་པ་སྒྲིབ་པ་མེད་པའི་ཕྱིར་རོ། །དེ་ལ་ཐོས་པར་འདོད་པ་རྣམས་ཀྱི་གཟུངས་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་མྱ་ངན་ལས་འདས་པ་དང་མཉམ་པའི་ཕྱིར་རོ། །དེ་ལ་དྲན་པ་མི་ཉམས་པ་གང་ཞེ་ན། འདི་ལྟ་སྟེ།། མྱ་ངན་ལས་འདས་པར་དམིགས་པ་རང་བཞིན་གྱིས་རྣམ་པར་ཞི་བའི་ཕྱིར་རོ། །དེ་ལ་སངས་རྒྱས་རྣམས་ཀྱི་བྱིན་གྱི་རླབས་གང་ཞེ་ན། འདི་ལྟ་སྟེ། མཐའ་ཡས་པ་ཡོངས་སུ་སྒྲུབ་པའི་ཕྱིར་རོ། །དེ་ལ་མགོན་པོ་རྣམས་ཀྱི་ཐབས་མཁས་པ་གང་ཞེ་ན། འདི་ལྟ་སྟེ། ཐམས་ཅད་བདེ་བ་དང་ལེགས་པར་འགྲོ་བའི་ཕྱིར་རོ། །དེ་ལ་ཕྲ་མོ་གང་ཞེ་ན། འདི་ལྟ་སྟེ།་མྱ་ངན་ལས་འདས་པ་ལ་དམིགས་པ་རྣམ་པར་ཞི་བའི་ཕྱིར་རོ། །དེ་ལ་ཤེས་པར་དཀའ་བ་གང་ཞེ་ན། འདི་ལྟ་སྟེ། སོ་སོར་རིག་པར་དཀའ་བའི་ཕྱིར་རོ། །དེ་ལ་
267b
མི་བརྩོན་པ་རྣམས་ཀྱིས་རིག་པར་དཀའ་བ་གང་ཞེ་ན། འདི་ལྟ་སྟེ། སྔོན་མ་ཐོས་པའི་ཕྱིར་རོ། །དེ་ལ་ཡི་གེ་རྣམས་ལྡོག་པ་གང་ཞེ་ན། འདི་ལྟ་སྟེ། ཚིག་གི་ལམ་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །དེ་ལ་སྒྲས་ཤེས་པར་དཀའ་བ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེ་ལ་མཁས་པ་དག་གིས་ཡོངས་སུ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ།་རིན་པོ་ཆེ་དོན་ཆེ་བའི་ཕྱིར་རོ། །དེ་ལ་དེས་པ་དག་གིས་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། བཀུར་སྟི་ཀུན་ཤེས་པའི་ཕྱིར་རོ། །དེ་ལ་འདོད་པ་ཉུང་བས་རྟོགས་པ་གང་ཞེ་ན ། འདི་ལྟ་སྟེ། བཀུར་སྟི་མི་སྐྱེད་པའི་ཕྱིར་རོ། །དེ་ལ་བརྩོན་འགྲུས་བརྩམས་པ་རྣམས་ཀྱིས་གཟུང་བ་གང་ཞེ་ན། འདི་ལྟ་སྟེ། བརྩོན་པ་མི་འདོར་བའི་ཕྱིར་རོ། །དེ་ལ་དྲན་པ་ཅན་གྱིས་བཅངས་པ་གང་ཞེ་ན། འདི་ལྟ་སྟེ། བྱས་པ་ཆུད་མི་ཟ་བར་ཕྱིར་རོ། །དེ་ལ་སྡུག་བསྔལ་ཟད་པ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་སྤོང་བར་འགྱུར་བའི་ཕྱིར་རོ། །དེ་ལ་ཆོས་མི་སྐྱེ་བ་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་ཤེས་པ་ཐམས་ཅད་འགོག་པར་འགྱུར་བའི་ཕྱིར་རོ། །དེ་ལ་བསྟན་པ་གཅིག་གང་ཞེ་ན། འདི་ལྟ་སྟེ། སྲིད་པའི་འགྲོ་བ་དང ། འཆི་འཕོ་དང ། སྐྱེ་བའི་གནས་ཐམས་ཅད་ཀྱི་ཆོས་ཐམས་ཅད་རྨི་ལམ་ལྟ་བུའོ་ཞེས་ཆོས་ཐམས་ཅད་མི་སྐྱེད་པའི་ཕྱིར་རོ། །འདི་ནི་ཚིག་གསུམ་བརྒྱ་པོ་འདི་རྣམས་དག་
268a
༄#། །པར་བསྟན་པར་རིག་པར་བྱ་སྟེ། གཞོན་ནུ། འདི་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སངས་རྒྱས་ཆོས་ནི་རྒྱ་ཆེ་སྟེ། །ཚུལ་ཡང་རྒྱ་ཆེར་བསྟན་པ་ཡིན། །ཆོས་རྣམས་རྒྱ་ཆེར་བསྟན་པས་ན། ། ཡོན་ཏན་རྒྱ་ཆེན་ཐོབ་པར་འགྱུར། །ཇི་ལྟར་ནམ་མཁའ་རྒྱ་ཆེ་བ། །ཆོས་ཀྱི་མཚན་ཉིད་དེ་བཞིན་ཏེ། །རིན་ཆེན་འོད་ཟེར་རྒྱ་ཆེན་གང ། །དེ་ཕྱིར་ཤིན་ཏུ་རྒྱས་ཞེས་བྱ། །སེམས་ཅན་སྤྱོད་པ་རྒྱ་ཆེ་སྟེ། །དེ་དག་བསྟན་པའང་རྒྱ་ཆེའོ། །ལུང་གི་དོན་ཡང་རྒྱ་ཆེ་བས། །དེ་ཕྱིར་ཤིན་ཏུ་རྒྱས་ཤེས་བྱ། །ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ངེས་པར་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་བཅོམ་ལྡན་འདས་ཀྱིས་བཤད་པ་ན། སེམས་ཅན་དཔག་ཏུ་མེད་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སེམས་ཅན་དཔག་ཏུ་མེད་པ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་རོ། །སེམས་ཅན་དཔག་ཏུ་མེད་པ་དག་རང་བྱང་ཆུབ་ཏུ་སེམས་སྐྱེས་སོ། །སེམས་ཅན་དཔག་ཏུ་མེད་པ་དག་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བ་ལ་སེམས་སྐྱེས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་
268b
འཇིག་རྟེན་གྱི་ཁམས་འདིའང་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། ལྡེག། རབ་ཏུ་ལྡེག་།ཀུན་ཏུ་རབ་ཏུ་ལྡེག་།འཁྲུགས། རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ། འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར།་ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ། ནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོ། བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོ། ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོ། མཐའ་དམའ་ན་དབུས་མཐོ། དབུས་དམའ་ན་མཐའ་མཐོ་སྟེ། འཇིག་རྟེན་དུ་སྣང་བ་དཔག་ཏུ་མེད་པ་དག་བྱུང་བར་གྱུར་ཏོ། །ལྷའི་སྤོས་ཀྱི་ཆར་ཆེན་པོའང་མངོན་པར་བབ་བོ། །ལྷ་དག་ཀྱང་མེ་ཏོག་གི་ཆར་ཆེན་པོ་འབེབས་སོ། །ལྷའི་སིལ་སྙན་བརྒྱ་སྟོང་དག་ཀྱང་སྟེང་གི་བར་སྣང་ལ་རྡུང་ངོ ། །ལྷའི་ན་བཟའ་དག་ཀྱང་སྟེང་གི་ནམ་མཁའ་ལ་གཡོགས་ཤིང་ཚིག་འདི་སྐད་ཅེས་ཟེར་རོ། །གང་གིས་སྙིང་རྗེ་ཆེན་པོ་ལ་འཇུག་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་འགྱུར་བའི་སེམས་ཅན་དེ་དག་ནི་རྙེད་པ་ལེགས་པར་རྙེད་པ་ཡིན་ཏེ། སེམས་ཅན་དེ་དག་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པར་འགྱུར་རོ། །གང་གིས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་ཐོས་པར་འགྱུར་
269a
༄#། །ཞིང་ཐོས་ནས་ཀྱང་ཡི་གེར་འདྲི་བ་དང ། འཛིན་པ་དང ། འཛིན་པ་དང ། འཆང་བ་དང ། ཀློག་པ་དང ། ཀུན་ཆུབ་པར་བྱེད་པ་དང ། ཉོན་མོངས་པ་མེད་པར་སྒོམ་པས་བསྒོམ་པ་དང ། མང་དུ་བྱེད་པ་དང ། གཞན་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་ནི་སེམས་ཅན་ཐམས་ཅད་ཀྱི་སྦྱིན་གནས་སུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ཀྱིས་ཟུངས་ཤིག་།ལྷོགས་ཤིག་།ཀུན་ཆུབ་པར་གྱིས་ཤིག་།གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག་།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། མདོ་སྡེ་འདི་སྙིང་རྗེ་ཆེན་པོ་ལ་འཇུག་པ་ཞེས་བྱ་བར་ཟུངས་ཤིག་།ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱ་བར་ཡང་ཟུངས་ཤིག་།ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས། ཆོས་ཀྱི་རྣམ་གྲངས་འདི་བདག་གིས་བཟུང་ལགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང ། ཟླ་འོད་གཞོན་ནུར་གྱུར་པ་དང ། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། འཁོར་བཞི་པོ་དགེ་སློང་
269b
དང།་དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་དེ་དག་དང ། གནས་གཙང་མའི་རིས་ཀྱི་ལྷའི་བུ་དུ་མ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ཇི་སྙེད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང ། ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་དྷརྨཱ་ཏཱ་ཤཱི་ལས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།།