།།རྒྱ་གར་སྐད་དུ། ཨཱརྱ་རཏྣ་ཀོཊི་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ་འཕགས་པ་རིན་པོ་ཆེའི་མཐའ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་ལྔ་བརྒྱ་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་མཚན་མོ་སྲོད་ལ་བཅོམ་ལྡན་འདས་ཀྱི་བཞུགས་ཁང་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཞུགས་ཁང་གི་སྒོ་དྲུང་ན་འགྲེང་སྟེ་བཅོམ་ལྡན་འདས་ལ་སྡོད་དོ། །དེའི་ཚེ་བཅོམ་ལྡན་འདས་རིན་པོ་ 452a ༄#། །ཆེའི་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དྲན་པ་དང་མཁྱེན་བཞིན་དུ་ཏིང་ངེ་འཛིན་དེ་ལས་བཞེངས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྒོ་ན་འདུག་པ་གཟིགས་སོ། །གཟིགས་ནས་ཀྱང་འཇམ་དཔལ་ཁྱོད་ནང་དུ་ཤོག་ཅེས་དེ་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས། ལེགས་སོ། །ལེགས་སོ་ཞེས་གསོལ་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་བཅོམ་ལྡན་འདས་ག་ལ་བ་དར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འགྲེང་ངོ ། །འཇམ་དཔལ་གཞོན་ནུར་གྱུར་པ་ཕྱོགས་གཅིག་ཏུ་འགྲེང་བ་དང ། བཅོམ་ལྡན་འདས་ཀྱིས་སྟན་ལ་འདུག་ཅེས་གནང་བ་མཛད་དོ། ། བཅོམ་ལྡན་འདས་ཀྱིས་གནང་བས་དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ད་གདོད་ཏིང་ངེ་འཛིན་གང་གིས་བཞུགས་བཞུགས་པ་ལས་བཞེངས་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ། རིན་པོ་ཆེའི་ 452b མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཏིང་ངེ་འཛིན་དེས་ང་ད་གདོད་གནས་གནས་པ་ལས་ལངས་སོ། །གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་དེ་ལ་རིན་པོ་ཆེའི་མཐའ་ཞེས་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། འདི་ལྟ་སྟེ། དཔེར་ན། ནོར་བུ་རིན་པོ་ཆེ་ཤིན་ཏུ་དག་ཅིང་ཤིན་ཏུ་བྱི་དོར་བྱས་པ་ས་ཕྱོགས་མཉམ་པ་ལ་བཞག་ན་དེ་གང་དང་གང་ཁོ་ནར་བཞག་པ་དེ་དང་དེར་རིན་པོ་ཆེ་བྱེ་བ་གནས་པར་འགྱུར་རོ། །འཇམ་དཔལ། དེ་བཞིན་དུ་ང་ཏིང་ངེ་འཛིན་དེ་ལ་གནས་ནས་ཤར་ཕྱོགས་སུ་བལྟས་ཏེ། ཤར་ཕྱོགས་སུ་བལྟས་ན་ངས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྟོན་ཅིང་བཞུགས་པ་དག་མཐོང་ངོ ། །དེ་བཞིན་དུ་ལྷོ་ཕྱོགས་དང ། ནུབ་ཕྱོགས་དང ། བྱང་ཕྱོགས་དང ། འོག་དང ། སྟེང་ནས་ཕྱོགས་བཅུའི་བར་དུ་བལྟས་ན་ངས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྟོན་ཅིང་བཞུགས་པ་དག་མཐོང་ངོ ། །འཇམ་དཔལ། ངས་ཏིང་ངེ་འཛིན་འདི་ལ་གནས་ནས་གང་ཡང་དག་པའི་མཐའ་མ་ཡིན་པའི་ཆོས་དེ་གང་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ ། །འཇམ་དཔལ། ཡང་དག་པའི་མཐའི་ཕྱག་རྒྱ་འདི་ངས་ཕྱག་རྒྱར་བཞག་སྟེ། དད་པ་ཅན་གྱི་རིགས་ཀྱི་བུ་རྣམས་དང ། རིགས་ཀྱི་བུ་མོ་རྣམས་ཀྱིས་ཕྱག་ 453a ༄#། །རྒྱ་འདི་ལ་སྤྱད་ན་སྤོབས་པ་མི་ཆོད་པ་འཛིན་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས། བདག་སྤོབས་ལགས་སོ། །བདེ་བར་གཤེགས་པ། སྤོབས་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཁྱོད་སྤོབས་པར་གྱིས་ཤིག་།གསོལ་པ། བཅོམ་ལྡན་འདས། དཔེར་བགྱི་ན། ནོར་བུ་རིན་པོ་ཆེ་དེ་ཉིད་ངོས་གང་དང་གང་ཁོ་ནས་ཕབ་སྟེ་བཞག་པའི་རིན་པོ་ཆེའི་ངོས་དེ་དང་དེ་ཁོ་ན་འབབ་ཅིང་གནས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས། དེ་བཞིན་དུ་ཆོས་ཐམས་ཅད་ནི་ཡང་དག་པའི་མཐའ་ཁོ་ནས་གནས་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་ཡང་དག་པའི་མཐའ་ཤེས་སམ། གསོལ་པ། བཅོམ་ལྡན་འདས། འཚལ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ། འོ་ན་ཡང་དག་པའི་མཐའ་གང་ན་འདུག་།གསོལ་པ། བཅོམ་ལྡན་འདས། ཡང་དག་པའི་མཐའ་ནི་བདག་གི་མཐའ་གང་ན་མཆིས་པ་དེ་ན་མཆིས་ལགས་སོ། །ཡང་དག་པའི་མཐའ་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་གང་ན་མ་མཆིས་པ་དེ་ན་མཆིས་ལགས་སོ། །ཡང་དག་པའི་མཐའ་ནི་ལས་སམ། རྣམ་པར་སྨིན་པའང་མ་ལགས་ལ་ཆོས་ཐམས་ཅད་ཀྱི་མཐའ་ཡང་དེ་ཁོ་ན་ལགས་སོ། །བཅོམ་ལྡན་འདས། གང་དག་དེ་ལྟར་མོས་པ་དེ་དག་ནི་གང་ལས་ཀྱང་རྣམ་པར་གྲོལ་བ་མཆིས་ལགས་སོ། །གང་དག་གང་ལས་ཀྱང་གྲོལ་བ་མ་མཆིས་པ་དེ་དག་ནི་ལོག་པ་ལས་རྣམ་པར་ 453b གྲོལ་བ་ལགས་སོ། །གང་དག་ལོག་པ་ལས་རྣམ་པར་གྲོལ་བ་དེ་དག་ནི་ཡང་དག་པར་རྣམ་པར་གྲོལ་བ་ལགས་སོ། །གང་དག་ཡང་དག་པར་རྣམ་པར་གྲོལ་པ་དེ་དག་ནི་སྤྱོད་ཡུལ་མ་ལགས་པ་ལ་ཞུགས་པ་ལགས་སོ། །གང་དག་སྤྱོད་ཡུལ་མ་ལགས་པ་ལ་ཞུགས་པ་དེ་དག་ནི་ཡང་དག་པར་ཞུགས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། སྤྱོད་ཡུལ་མ་ལགས་པ་ཞེས་བགྱི་བ་ནི་སྤྱོད་ཡུལ་དེས་བགྱིས་ལགས་པ་སྟེ། དེའི་སླད་དུ་སྤྱོད་ཡུལ་མ་ལགས་པ་ཞེས་འདོགས་ལགས་སོ། །བཀའ་སྩལ་པ། འཇམ་དཔལ། སྤྱོད་ཡུལ་མ་ཡིན་པ་ཞེས་བྱ་བ་དེ་གང་གི་ཚིག་བླ་དྭགས་ཡིན། གསོལ་པ། བཅོམ་ལྡན་འདས། སྤྱོད་ཡུལ་མ་ལགས་པ་ཞེས་བགྱི་བ་དེ་ནི་ཡང་དག་པའི་མཐའི་ཚིག་བླ་དྭགས་ལགས་སོ། །བཀའ་སྩལ་པ། འཇམ་དཔལ། ལམ་སྒོམ་པ་ཞེས་བྱ་བ་དེ་གང་གི་ཚིག་བླ་དྭགས་ཡིན། གསོལ་པ། བཅོམ་ལྡན་འདས། ལམ་བསྒོམ་པ་ཞེས་བགྱི་བ་དེ་ནི་ལམ་སྒོམ་པ་མ་མཆིས་པའི་ཚིག་བླ་དྭགས་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཁྱོད་ལས་དང་པོ་པའི་རིགས་ཀྱི་བུ་རྣམས་དང ། རིགས་ཀྱི་བུ་མོ་རྣམས་ལ་ཆོས་ཇི་ལྟར་སྟོན། གསོལ་པ། བཅོམ་ལྡན་འདས། བདག་ནི་ལས་དང་པོ་པོའི་རིགས་ཀྱི་བུ་རྣམས་དང ། རིགས་ཀྱི་བུ་མོ་རྣམས་ལ་འཇིག་ཚོགས་དོར་དུ་མ་མཆིས་པར་ཆོས་སྟོན་ལགས་སོ། །བདག་ནི་འདོད་ཆགས་དང ། ཞེ་ལྡང་དང ། གཏི་མུག་ 454a ༄#། །རྣམས་སྤང་དུ་མ་མཆིས་པར་ཆོས་སྟོན་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། ཆོས་འདི་རྣམས་ཀྱི་རང་བཞིན་གང་ལགས་པ་དེ་ནི་སྤང་བར་རྡོ་མི་ཐོགས་པའི་སླད་དུ་ལགས་སོ། །བཅོམ་ལྡན་འདས། འཇིག་ཚོགས་སམ། འཇིག་ཚོགས་ཀུན་འབྱུང་བ་སྤོང་བར་འཚལ་བ་དེ་ནི་ཡང་དག་པའི་མཐའ་སྤོང་བར་བས་ཏེ། བཅོམ་ལྡན་འདས། བདག་ནི་ལས་དང་པོ་པའི་རིགས་ཀྱི་བུ་རྣམས་དང ། རིགས་ཀྱི་བུ་མོ་རྣམས་ལ་མངོན་པར་ཞེན་པ་མ་མཆིས་པའི་ཚུལ་གྱི་སངས་རྒྱས་ཀྱི་ཆོས་རྣམས་གཟུང་བར་མི་བགྱི་བའམ། མངོན་སུམ་དུ་མི་བགྱི་བ་དང ། སོ་སོའི་སྐྱེ་བོའི་ཆོས་རྣམས་ལྷག་པར་མི་དམིགས་པའང ། སྤང་བར་མི་བགྱི་བ་དེ་ལྟ་བུར་ཆོས་སྟོན་ལགས་ན། གདུལ་བ་ལས་དང་པོ་པ་རྣམས་ལ་བཅོམ་ལྡན་འདས་ཇི་ལྟར་ཆོས་སྟོན་པར་མཛད་ལགས། བཀའ་སྩལ་པ། འཇམ་དཔལ། ང་ནི་གཟུགས་རྣམ་པར་འཇིག་པ་མེད་པ་དང ། སྐྱེ་བ་མེད་བར་ཆོས་སྟོན་ཏོ། །ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་རྣམ་པར་འཇིག་པ་མེད་པ་དན།ག་སྐྱེ་བ་མེད་པར་ཆོས་སྟོན་ཏོ། །འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་རྣམས་རྣམ་པར་འཇིག་པ་མེད་པ་དང ། སྐྱེ་བ་མེད་པ་དང ། བསམ་གྱིས་མི་ཁྱབ་པའི་ཆོས་རྣམས་ཀྱང་ཐོབ་པ་མེད་པར་ཆོས་སྟོན་ཏོ། །ངས་ནི་འདི་ལྟར་ 454b ཆོས་གང་ཡང་མ་བཤིག་མ་བསྐྱེད་པ་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །འཇམ་དཔལ། སངས་རྒྱས་ཉིད་ཅེས་བྱ་བ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དྭགས་ལགས་སོ། །སྟོབས་རྣམས་དང ། མི་འཇིགས་པ་རྣམས་དང ། མ་འདྲེས་པ་ལ་ཐུག་པའི་སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དེ་དག་ཀྱང་ཆོས་ཀྱི་དབྱིངས་ཁོ་ན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ངས་ནི་ཆོས་ཀྱི་དབྱིངས་ལ་འདི་ལྟ་སྟེ། སོ་སོའི་སྐྱེ་བོའི་ཆོས་རྣམས་སམ། དགྲ་བཅོམ་པའི་ཆོས་རྣམས་སམ། རང་སངས་རྒྱས་ཀྱི་ཆོས་རྣམས་སམ། སངས་རྒྱས་ཀྱིས་ཆོས་རྣམས་ཀྱང་རུང་སྟེ། དེ་དག་ཐ་དད་པར་ཡང་དག་པར་རྗེས་སུ་མ་མཐོང་ངོ ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། དབྱིངས་དེ་ལ་ནི་བྱེ་བྲག་མེད་དེ། འདི་ལྟ་སྟེ། ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ནི་མ་འདྲེས་པའི་དབྱིངས་སོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། ཆུ་ཀླུང་མིང་ཐ་དད་པ་དང ། ཁ་དོག་ཐ་དད་པ་དང ། རོ་ཐ་དད་པ་རྒྱ་མཚོའི་ནང་དུ་བབ་པ་རྣམས་ལ་ནི་འདི་ལྟ་སྟེ། འདི་ནི་གངྒཱའོ་ཞེའམ། སི་ཏའོ་ཞེའམ། ཡ་མུ་ནའོ་ཞེས་བྱེ་བྲག་ཏུ་དབྱེ་བའམ་ཐ་དད་དུ་བྱར་མི་ནུས་སོ། །འཇམ་དཔལ། དེ་བཞིན་དུ་མིང་ཐ་དད་པའི་ཆོས་རྣམས་ཀྱང་ཆོས་ཀྱི་དབྱིངས་ལ་འདི་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་སོ་ཞེའམ། ཉན་ཐོས་དང ། རང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། སངས་རྒྱས་ཀྱི་ 455a ༄#། །ཆོས་རྣམས་སོ་ཞེས་ཐ་དད་པར་གདགས་པར་མི་ནུས་སོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། འབྲུའི་ཕུང་པོ་སྣ་ཚོགས་ལ་ནི་འདི་ནི་འབྲུ་ཆེ་གེ་མོ་ཞིག་གི་ཕུང་པོའོ། །འདི་ནི་ཆེ་གེ་མོ་ཞིག་གོ་ཞེས་གདགས་སུ་ཡོད་པ་བཞིན་དུ་ཆོས་ཀྱི་དབྱིངས་ལ་ནི་འདི་དག་སོ་སོའི་སྐྱེ་བོའི་ཆོས་རྣམས་སོ་ཞེའམ། ཉན་ཐོས་དང ། རང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། སངས་རྒྱས་ཀྱི་ཆོས་རྣམས་སོ་ཞེས་ཐ་དད་པར་གདགས་པར་མི་ནུས་སོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། འབྲུའི་ཕུང་པོ་སྣ་ཚོགས་ལ་ནི་འབྲུ་ཆེ་གེ་མོ་ཞིག་གི་ཕུང་པོའོ། །འདི་ནི་ཆེ་གེ་མོ་ཞིག་གོ་ཞེས་གདགས་སུ་ཡོད་པ་བཞིན་དུ་ཆོས་ཀྱི་དབྱིངས་ལ་ནི་འདི་དག་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་སོ། །འདི་དག་ནི་དགྲ་བཅོམ་པའི་ཆོས་རྣམས་སོ། །འདི་དག་ནི་རང་སངས་རྒྱས་ཀྱི་ཆོས་རྣམས་སོ། །འདི་དག་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་སོ། །འདི་དག་ནི་སངས་རྒྱས་ཀྱི་ཆོས་རྣམས་སོ་ཞེས་ཐ་དད་པར་གདགས་པར་མི་ནུས་སོ། །འདི་ནི་ཆོས་ཀྱི་དབྱིངས་ཏེ། དེ་ནི་འདི་ན་འདུག་གོ་ཞེའམ། ག་གེ་མོ་ཞིག་ན་འདུག་གོ་ཞེས་དེ་ལྟར་བསྟན་པའམ་གདགས་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཀྱི་དབྱིངས་ནི་བལྟར་མི་མཐོང་ཞིང་བསྟན་དུ་མེད་དེ། གདགས་པར་བྱ་བ་མ་ཡིན་ཞིང་གདགས་པ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །འགྲོ་བ་འདི་དེ་ 455b ལྟ་བུའི་དབྱིངས་ཡིན་པར་ངས་ཇི་སྐད་བསྟན་པ་ལ་གལ་ཏེ་མཚམས་མེད་པ་བྱེད་པ་དེ་ལྟར་མོས་ཏེ། མཚམས་མེད་པའང་དེ་ལྟ་བུའི་དབྱིངས་ཡིན་པར་ཤེས་ན། དེ་ཀུན་ནས་ཉོན་མོངས་པ་ཅན་དུ་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། མཚམས་མེད་པ་ནི་ཆོས་ཀྱི་དབྱིངས་དང་མཚུངས་པར་མཉམ་པའི་ཕྱིར་ཏེ། འདི་ལྟར་མཚམས་མེད་པའི་དབྱིངས་དང ། ཆོས་ཀྱི་དབྱིངས་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །འདི་ལ་ནི་འོང་བ་བའམ། འགྲོ་བའམ། ཀུན་ནས་ལྡང་པ་མི་དམིགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་ཀྱང་ཆོས་ཀྱི་དབྱིངས་ངན་སོང་དུ་མཆི་བའམ། མཐོ་རིས་སུ་མཆི་བའམ། མྱ་ངན་ལས་འདས་པར་མཆི་བར་མ་མཐོང་ལགས་སོ། །བཀའ་སྩལ་པ། འཇམ་དཔལ། གལ་ཏེ་ལ་ལ་ཞིག་ཁྱོད་ལ་འདི་སྐད་དུ་འདྲི་སྟེ། ཁྱོད་ཀྱི་སྟོན་པ་འགྲོ་བ་དྲུག་དང་ལྡན་པའི་འཁོར་བ་ཇི་ལྟར་འདོགས་ཞེས་དེ་སྐད་དྲིས་ན་འཇམ་དཔལ་ཁྱོད་ཀྱིས་ཇི་སྐད་ལན་གདབ། གསོལ་པ། བཅོམ་ལྡན་འདས། དེ་སྐད་དུ་སྨྲས་ན་བདག་གིས་འདི་སྐད་དུ་ལན་གདབ་པར་བགྱི་སྟེ། དཔེར་ན། མི་གཉིད་ཀྱིས་ལོག་པའི་རྨི་ལམ་དུ་སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ། ཡི་དྭགས་ཀྱི་ཡུལ་ལམ། ལྷ་ 456a ༄#། །མ་ཡིན་གྱི་རིས་སམ། ལྷ་རྣམས་སམ། མི་རྣམས་མཐོང་ན། བཅོམ་ལྡན་འདས། ཇི་ལྟར་གཡར་ལམ་རྨི་བའི་མིས་སྣ་ཚོགས་མཐོང་ཡང་གཡར་ལམ་སྣ་ཚོགས་མ་མཆིས་པ་དེ་བཞིན་དུ་བདག་གིས་འགྲོ་བ་ཐ་དད་པ་བསྟན་ཀྱང་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཐ་དད་པ་གདགས་པར་རྔོ་མི་ཐོགས་ཏེ། དེ་ལྟ་ལགས་པས། བཅོམ་ལྡན་འདས་བདག་གིས་ནི་དེ་སྐད་འདྲི་བ་ལ་དེ་སྐད་ཅེས་ལན་གདབ་པར་བགྱི་ལགས་སོ། །བཅོམ་ལྡན་འདས། དེ་བཞིན་དུ་སངས་རྒྱས་རྣམས་དང ། བྱང་ཆུབ་སེམས་དཔའ་རྣམས་དང ། རང་སངས་རྒྱས་རྣམས་དང ། ཉན་ཐོས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པའང་ཐ་དད་པར་གདགས་པར་རྔོ་མི་ཐོགས་ལགས་སོ། །བཅོམ་ལྡན་འདས། དེ་དག་གིས་གནས་པ་དག་ཀྱང་ཐ་དད་པར་གདགས་པར་རྔོ་མི་ཐོགས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཆོས་ཀྱི་དབྱིངས་ལས་ཐ་མི་དད་པའི་སླད་དུ་ལགས་སོ། །བཅོམ་ལྡན་འདས། དཔེར་བགྱི་ན། རྒྱ་མཚོ་ཆེན་པོའི་རིན་པོ་ཆེ་སྣ་ཚོགས་དུང་དང ། མན་ཤེལ་དང ། བྱུ་རུ་ལ་སོགས་པ་ཐ་མ་དང ། འབྲིང་དང ། མཆོག་རྣམས་ལ་འདི་ནི་རིན་པོ་ཆེ་ཆེ་གེ་མོ་ཞིག་གོ། འདི་ནི་རིན་པོ་ཆེ་ཆེ་གེ་མོ་ཞིག་གོ་ཞེས་ཐ་དད་པར་གདགས་སུ་མཆིས་ལགས་ཀྱི། ཆོས་ཀྱི་དབྱིངས་ལ་ནི་དེ་ལྟར་ཐ་དད་པར་གདགས་པའི་རྡོ་མི་ཐོགས་ལ། གདགས་པ་དེ་ལའང་ཐ་དད་པར་དབྱེར་ 456b མ་མཆིས་ལགས་སོ། །དེ་ལ་ནི་འཆི་འཕོ་བ་དང ། སྐྱེ་བ་ཐ་དད་པར་གདགས་པའི་རྡོ་མི་ཐོགས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཆོས་ཀྱི་དབྱིངས་ལ་ནི་འཆི་འཕོའམ། སྐྱེ་བའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་མ་མཆིས་པའི་སླད་དུ་ལགས་སོ། །ཆོས་ཀྱི་དབྱིངས་ནི་ཀུན་ནས་ཉོན་མོངས་པ་ཅན་མ་ལགས། ཆོས་ཀྱི་དབྱིངས་ནི་འདྲེས་པ་མ་ལགས་ཏེ། ཆོས་ཀྱི་དབྱིངས་ལ་ནི་གང་དག་སྤང་བར་བགྱི་བའམ། བསྐྱེད་པར་བགྱི་བའི་ཆོས་དེ་དག་མ་མཆིས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་ཀྱིས་ཆོས་ཀྱི་དབྱིངས་ཤེས་སམ། གསོལ་པ། གལ་ཏེ་དམིགས་ན་བདག་གིས་འཚལ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ། འཇིག་རྟེན་གང་ལ་སྤྱོད་ཤེས་སམ། གསོལ་པ། བཅོམ་ལྡན་འདས། འཇིག་རྟེན་ནི་སྒྱུ་མ་སྤྲུལ་པའི་མི་གང་ཁོ་ན་ལ་སྤྱོད་པ་དེ་ལ་སྤྱོད་ལགས་སོ། །བཅོམ་ལྡན་འདས། འཇིག་རྟེན་ཞེས་བགྱི་བ་དེ་ནི་མིང་ཙམ་དུ་བས་ཏེ། བདག་གིས་ནི་གང་བསྟན་པར་བགྱི་བའི་འཇིག་རྟེན་གྱི་དངོས་པོ་དང ། འཇིག་རྟེན་གང་ལ་སྤྱོད་པའང་ཡང་དག་པར་རྗེས་སུ་མ་མཐོང་ལགས་ཏེ། བདག་གིས་ནི་འཇིག་རྟེན་གྱི་ཆོས་ཀྱི་དབྱིངས་ལས་ཐ་དད་པར་ཡང་དག་པར་རྗེས་སུ་མ་མཐོང་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མ་མཆིས་པའི་སླད་དུ་ལགས་སོ། །བཅོམ་ 457a ༄#། །ལྡན་འདས་ཀྱིས་འཇིག་རྟེན་གང་ལ་སྤྱོད་ཅེས་བཀའ་སྩལ་པ་དེའང ། གཟུགས་ཀྱི་ངོ་བོ་ཉིད་གང་ལགས་པ་དེ་ལ་ནི་འཆི་འཕོ་དང ། སྐྱེ་བའང་མ་མཆིས། དེ་ལ་ནི་འཇིག་པའམ། རབ་ཏུ་འཇིག་པའང་མ་མཆིས་ན་གང་ལ་སྤྱོད་པར་འགྱུར་ལགས། དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་རྣམས་ཀྱི་ངོ་བོ་ཉིད་གང་ལགས་པ་དེ་ནི་གཏན་མ་མཆིས་པའི་སླད་དུ་སྐྱེ་བའམ་འགག་པ་མ་མཆིས་ལ། མཚན་ཉིད་གཅིག་ལས་མི་འདའ་སྟེ། འདི་ལྟ་སྟེ། མཚན་ཉིད་གཅིག་པ་ལགས་སོ། ། བཀའ་སྩལ་པ། འཇམ་དཔལ། འདི་ཇི་སྙམ་དུ་སེམས། ང་ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་འདི་ལ་ཁྱོད་འདི་སྙམ་དུ་འདི་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བའམ། མི་སྣང་བར་འགྱུར་རོ་སྙམ་དུ་སེམས་སམ། གསོལ་པ། བཅོམ་ལྡན་འདས། དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཆོས་ཀྱི་དབྱིངས་ནི་ཡང་དག་པར་གྲུབ་པ་མ་ལགས་པའི་སླད་དུ་ལགས་སོ། །བཅོམ་ལྡན་འདས། གལ་ཏེ་ཆོས་ཀྱི་དབྱིངས་ཡང་དག་པར་གྲུབ་པ་ཞིག་ལགས་ན་ནི་དེའི་སླད་དུ་དེ་མི་འདའ་བར་ཡང་འགྱུར་བ་ཞིག་ན། དེ་ལ་ནི་ཡང་དག་པར་གྲུབ་པ་མི་དམིགས་པ་སྟེ། དེ་མི་འདའ་བའམ། ཡོངས་སུ་མྱ་ངན་ལས་འདའ་བར་ལྟ་ག་ལ་འགྱུར་ལགས། དེ་ 457b བཞིན་གཤེགས་པ་ནི་དེ་ལྟ་བུའི་དབྱིངས་ལགས་ཏེ། དེའི་སླད་དུ་བཅོམ་ལྡན་འདས་ནི་སྐྱེས་པའང་མ་ལགས། ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། འོ་ན་ཁྱོད་འདས་པའི་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ཡོངས་སུ་མྱ་ངན་འདས་སོ་ཞེས་དེ་ལ་ཁྱོད་ཇི་ལྟར་མོས། གསོལ་པ། གལ་ཏེ་དེ་དག་གི་སྐྱེ་བ་ཡང་དག་པར་རྗེས་སུ་མཐོང་ན་ནི་བདག་མོས་ལགས་སོ། །བཀའ་སྩལ་པ། ཁྱོད་སོ་སོའི་སྐྱེ་བོ་ཤི་བ་རྣམས་ཉིད་མཚམས་སྦྱོར་བར་འདོད་དམ། གསོལ་པ། བཅོམ་ལྡན་འདས། སོ་སོའི་སྐྱེ་བོ་ཉིད་ཀྱང་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་མ་དམིགས་ན་དེའི་ཉིང་མཚམས་སྦྱོར་བ་ལྟ་ག་ལ་དམིགས་ལགས། བཀའ་སྩལ་པ། འཇམ་དཔལ། དེ་བཞིན་གཤེགས་པ་ཆོས་གནས་པར་བཞེད་ཀྱི། ཁྱོད་སྤོབས་པར་གྱིས་ཤིག་།གསོལ་པ། ཅི་ཞིག་ལས་བརྩམས་ཏེ་སྤོབས་པར་བགྱིས་ལགས། བཀའ་སྩལ་པ། ཆོས་ཀྱི་དབྱིངས་ལས་རྩོམས་ཤིག་།གསོལ་པ། བཅོམ་ལྡན་འདས། གང་ཆོས་ཀྱི་དབྱིངས་མ་ལགས་པའི་ཆོས་དེ་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ལགས་སོ། །བཀའ་སྩལ་པ། འཇམ་དཔལ། མངོན་པའི་ང་རྒྱལ་ཅན་རྣམས་སྐྲག་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས། གལ་ཏེ་ཡང་དག་པའི་མཐའ་སྐྲག་པར་འགྱུར་ན་ནི་དེའི་ 458a ༄#། །སླད་དུ་མངོན་པའི་ང་རྒྱལ་ཅན་ཡང་སྐྲག་པར་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། ཡང་དག་པའི་མཐའ་ཡང་གཞན་ལ། མངོན་པའི་ང་རྒྱལ་ཅན་ཡང་གཞན་པ་ནི་མ་ལགས་ཀྱི། མངོན་པའི་ང་རྒྱལ་ཅན་རྣམས་ཀྱི་མཐའ་གང་ལགས་པའི་མཐའ་དེ་ཉིད་ཡང་དག་པའི་མཐའ་ལགས་ལ། ཡང་དག་པའི་མཐའ་གང་ལགས་པ་དེའང་ཆོས་ཐམས་ཅད་ཀྱི་མཐའ་ལགས་ཏེ། དེའི་སླད་དུ་མི་སྐྲག་ལགས་སོ། །ཆོས་ཐམས་ཅད་ཡང་དག་པར་མ་བསྒྲུབས་པ་ཞེས་བགྱི་བ་འདི་ནི་རྡོ་རྗེའི་གཞི་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། ཅིའི་ཕྱིར་ན་འདི་རྡོ་རྗེའི་གཞི་ཞེས་བྱ། གསོལ་པ། བཅོམ་ལྡན་འདས། ཆོས་ཐམས་ཅད་ནི་མི་ཕྱེད་པ་ལགས་ཏེ། དེའི་སླད་དུ་འདི་རྡོ་རྗེའི་གཞི་ལགས་སོ། །དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པའི་སླད་དུ་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་འདི་ནི་རྡོ་རྗེའི་གཞི་ལགས་ཏེ། ཅིའི་སླད་དུ་རྡོ་རྗེའི་གཞི་ཞེས་བགྱི་ཞེ་ན། ཆོས་ཐམས་ཅད་སེམས་མ་མཆིས་པའི་སླད་དུ་ལགས་སོ། །ཆོས་ཐམས་ཅད་བྱང་ཆུབ་ཅེས་བགྱི་བ་འདི་ནི་རྡོ་རྗེའི་གཞི་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། ཆོས་ཐམས་ཅད་བརྗོད་པ་མ་མཆིས་པའི་སླད་དུ་སྟེ། འདི་ན་མིང་གང་དང་གང་གིས་ཆོས་གང་དང་གང་བརྗོད་པའི་ཆོས་དེ་དང་དེ་ཆོས་དེ་དང་དེ་ལ་མ་མཆིས་ལགས་སོ། །གང་མ་མཆིས་པ་དེ་ནི་སྟོང་པ་ 458b ལགས་སོ། །གང་སྟོང་པ་དེ་ནི་མེད་པ་ལགས་སོ། །གང་མེད་པ་དེ་ནི་བརྗོད་པའི་རྔོ་མི་ཐོགས་པ་ལགས་སོ། །བརྗོད་དུ་མ་མཆིས་པ་དེ་ནི་བྱང་ཆུབ་ལགས་ཏེ། དེའི་སླད་དུ། འདི་ནི་རྡོ་རྗེའི་གཞི་ལགས་སོ། །ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ཡུལ་ལགས་ཏེ། འདི་ནི་རྡོ་རྗེའི་གཞི་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་རྡོ་རྗེའི་གཞི་ཞེས་བྱ། གསོལ་པ། བཅོམ་ལྡན་འདས། ཆོས་ཐམས་ཅད་ནི་རང་གི་ཡུལ་ལས་དབེན་པ་ལགས་སོ། །དེའི་སླད་དུ། འདི་རྡོ་རྗེའི་གཞི་ལགས་སོ། །བཀའ་སྩལ་པ། འཇམ་དཔལ། དགེ་སློང་ཀུན་དགའ་བོ་དེའང་ཆོས་ཀྱི་རྣམ་གྲངས་འདི་ཀུན་འཛིན་པར་འགྱུར་ན། འདིར་འོངས་པའི་མཚན་མ་ངས་བྱའམ། གསོལ་པ། བཅོམ་ལྡན་འདས། འདི་ནི་ཆོས་བརྗོད་པའམ། བསྟན་པ་མཆིས་ལགས་སམ། བདག་གིས་ནི་ཡི་གེ་གཅིག་ཀྱང་བསྟན་པར་ཡང་དག་པར་རྗེས་སུ་མ་མཐོང་ལགས་ན། མང་པོ་ལྟ་ག་ལ་མཐོང་ལགས། བཀའ་སྩལ་པ། འཇམ་དཔལ། ལེགས་སོ། །ལེགས་སོ། །འཇམ་དཔལ་ཁྱོད་འདི་སྐད་དུ་འཆད་པ་ནི་ཁྱོད་ཀྱི་ཚིག་འདི་ལེགས་པར་སྨྲས་པ་ཡིན་ཏེ། འཇམ་དཔལ་ཁྱོད་ལེགས་སོ། །འཇམ་དཔལ། ངས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཆོས་ཉིད་འདི་ཁོ་ན་སྟོན་ཅིང་བཞུགས་ 459a ༄#། །པ་དག་མཐོང་ངོ ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་རང་གི་གནས་ཁང་ནས་བྱུང་ནས། འཇམ་དཔལ་གཞོན་ནུར་གྱུར་པའི་གནས་ཁང་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འཇམ་དཔལ་གཞོན་ནུར་གྱུར་པ་མ་མཐོང་སྟེ། བཅོམ་ལྡན་འདས་ཀྱི་བཞུགས་ཁང་ག་ལ་བ་དེར་སོང་ནས། བཞུགས་ཁང་གི་ཕྱི་སྒོ་ན་འགྲེང་བ་དང ། གསུང་བའི་གསུང་ཐོས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ། དགེ་སློང་ཤཱ་རིའི་བུ་འདི་གནས་ཁང་གི་ཕྱི་སྒོ་ན་འགྲེང་སྟེ།་ཆོས་ཉན་པར་འདོད་ན། འཇམ་དཔལ། ཤཱ་རིའི་བུ་ཆོས་ཉན་པར་ནང་དུ་འོང་བར་གྱིས་ཤིག་།གསོལ་པ། མཐའ་འདི་ནི་ཡང་དག་པའི་མཐའ་ལགས་ན། གང་གི་སླད་རོལ་དང།་ནང་དང་གཉིས་ཀ་མ་མཆིས་པར་གདའ་ལགས་སམ། བཀའ་སྩལ་པ། འཇམ་དཔལ། དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། དེ་ལྟ་ལགས་པས་ཡང་དག་པའི་མཐའ་ནི་མཐའ་མ་མཆིས་པ་ལགས་ཏེ། དེ་ལྟ་བུའི་མཐའ་གང་ལགས་པ་དེ་ལ་ནི་ཚུར་མཆི་བའམ། ཕར་མཆི་བ་མ་མཆིས་ཏེ། བཅོམ་ལྡན་འདས། དེ་ལྟ་བུའི་མཐའ་ཅན་གྱི་བཙུན་པ་ཤཱ་རིའི་བུ་དེ་ནི་ཚུར་མཆི་བའམ། ནང་དུ་མཆི་བའི་མི་རིགས་ལགས་སོ། །བཀའ་སྩལ་པ། འཇམ་དཔལ། གལ་ཏེ་ང་གནས་ཁང་གི་ནང་ན་ཉན་ཐོས་དག་དང་ལྷན་ཅིག། 459b ཏུ་གཏམ་ཟེར་ཞིང་འདུག་ལ། ཁྱོད་ནི་ཕྱི་རོལ་ན་འདུག་སྟེ། ནང་དུ་འོང་དུའང་མི་དབང་ན་ཅི་ཁྱོད་སྡུག་བསྔལ་བར་མི་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བའི་སླད་དུ་སྟེ། འདི་ནི་དེ་བཞིན་གཤེགས་པ་ཞེས་བརྗོད་པ་གང་ལགས་པ་འདིའང་ཆོས་ཀྱི་དབྱིངས་ལགས་ཏེ། མཚན་ཉིད་གཅིག་པའི་སླད་དུ་དེ་བཞིན་གཤེགས་པའང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན་མ་ལགས་སོ། །ཆོས་སམ་ཆོས་བསྟན་པ་ཞེས་བགྱི་བའམ། ཆོས་ཉན་པ་ཞེས་བགྱི་བའི་ཆོས་འདི་དག་ཀྱང་གཉིས་སུ་མ་མཆིས་པའི་སླད་དུ་ཐ་དད་པ་མ་མཆིས་ཏེ། དེའི་སླད་དུའང་ཆོས་ཀྱི་དབྱིངས་ལས་ཐ་དད་པ་མ་ལགས་སོ། །འཇམ་དཔལ། ཞེས་བགྱི་བའི་ཡི་གེ་གང་ལགས་པ་འདི་དག་ཀྱང་ཆོས་ཀྱི་དབྱིངས་སུ་གཏོགས་ཏེ། བཅོམ་ལྡན་འདས། རྣམ་གྲངས་དེས་ན་བདག་ཅུང་ཟད་ཀྱང་གདུང་བ་མ་མཆིས་ལགས་སོ། །བཅོམ་ལྡན་འདས། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཆོས་སྟོན་དུ་ལགས་ཀྱང་བདག་དེར་མཆིའང་མི་མཆི། དེར་མཆིར་དགའ་བའམ། ཡོངས་སུ་གདུང་བའང་མི་སྐྱེད་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། གཉིས་ཤིག་མཆིས་ན་ནི་དགའ་བའམ། ཡོངས་སུ་གདུང་བ་བསྐྱེད་པར་འགྱུར་ན་ཆོས་ཀྱི་དབྱིངས་དེ་ནི་གཉིས་སུ་མ་མཆིས་ཏེ། དེའི་ 460a ༄#། །སླད་དུ་བདག་དགའ་བའམ། ཡོངས་སུ་གདུང་བར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས། ཆོས་སྟོན་པ་མཛད་པའི་ཆོས་བསྟན་པ་དེས་ཀྱང་ཆོས་གང་ཡང་གསོག་པའམ། འབྲི་བའམ། འཕེལ་བའམ། འགྲིབ་པར་མི་བགྱིད་དེ། འདི་ལྟར་ཆོས་བསྟན་པ་དེ་ནི་ཆོས་གང་ཡང་དམིགས་པས་ཉེ་བར་གནས་པ་མ་ལགས་ཏེ། བཅོམ་ལྡན་འདས། དེའི་སླད་དུའང་བདག་དགའ་བར་མི་འགྱུར་ཞིང་ཡོངས་སུ་གདུང་བར་མི་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པའི་སྤོབས་པ་ཐོས་སམ། གསོལ་པ། བཅོམ་ལྡན་འདས། ཐོས་ལགས་ཏེ། བཅོམ་ལྡན་འདས། བདག་ནི་བཅོམ་ལྡན་འདས་དང ། འཇམ་དཔལ་གཞོན་ནུར་གྱུར་པའི་སྤོབས་པ་ཐོས་ཀྱང་ཅི་མ་རུང་སྙམ་སྟེ། དེའི་སླད་དུ་བདག་འདི་ན་མཆིས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་ན་མཆི་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་དུ། ཤཱ་རིའི་བུ་ཁྱོད་གནས་ཁང་གི་ནང་དུ་ཤོག་ཅེས་བཀའ་སྩལ་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་གནས་ཁང་དུ་འོངས་ནས། བཅོམ་ 460b ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་པ་དང ། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་ཁྱོད་དོན་གྱི་དབང་གང་མཐོང་བས་འདིར་འོངས། སྨྲས་པ། འཇམ་དཔལ། ཁོ་བོ་ནི་ཆོས་ཉན་པར་འདོད་པའི་ཕྱིར་འདིར་འོངས་ཏེ། འདི་ལྟར་གང་ན་བཅོམ་ལྡན་འདས་དང ། སྐྱེས་བུ་དམ་པ་ཁྱོད་ལྟ་བུ་གནས་པ་དེ་ན་བསྟན་པ་ཟབ་མོ་ཡང་དག་ཕུལ་དུ་བྱུང་བ་ཡོད་དེ། དེའི་ཕྱིར་ཁོ་བོ་འོངས་སོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ། དེ་ནི་དེ་བཞིན་ཏེ་བསྟན་པ་འདི་ནི་ཟབ་བོ། །སྨྲས་པ། བཅོམ་ལྡན་འདས་ཉིད་དང་ཐབས་གཅིག་ཏུ་བརྩམས་པའི་ཆོས་བསྟན་པ་དེ་ཇི་ཙམ་དུ་ཟབ། སྨྲས་པ། དེ་ནི་བཙུན་པ་ཤཱ་རིའི་བུས་རྟོགས་པར་མི་འགྱུར་ཏེ། དགྲ་བཅོམ་པ་ཟག་པ་ཟད་པ་ནི་ཆོས་བསྟན་པ་འདིའི་སྣོད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་བསྟན་པ་འདི་ནི་སོ་སོའི་སྐྱེ་བོའི་ཆོས་ལ་ཞུགས་པ་མ་ཡིན།་དགྲ་བཅོམ་པ་ཉིད་ཀྱི་ཆོས་ལ་ཞུགས་པ་མ་ཡིན། རང་སངས་རྒྱས་ཀྱི་ཆོས་ལ་ཞུགས་པ་མ་ཡིན། དེ་བཞིན་གཤེགས་པའི་ཆོས་ལ་ཞུགས་པ་མ་ཡིན་པའི་ཕྱིར་རོ། །འདི་ནི་ཆོས་གང་དམིགས་པའི་ཕྱིར་ཡང་ཞུགས་པ་མ་ཡིན་ནོ། །འདི་ནི་གང་དུ་ཞུགས་པའམ་ལྡོག་པའང་མེད་དེ། ཆོས་ཐམས་ཅད་ཤིན་ཏུ་དབེན་པའི་ཕྱིར་རོ། །སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་ 461a ༄#། །ཅི་ལས་བསམས་ཏེ། དགྲ་བཅོམ་པ་ཟག་པ་ཟད་པ་ཆོས་བསྟན་པ་འདིའི་སྣོད་མ་ཡིན་ཞེས་དེ་སྐད་སྨྲ། སྨྲས་པ། བཙུན་པ་ཤཱ་རིའི་བུ། དགྲ་བཅོམ་པ་ཉིད་ནི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཟད་པ་ཡིན་ན་དེ་གང་གི་སྣོད་ཡིན་ཞིང་དེ་གང་ཇི་ལྟ་བུ་ཞིག་གི་སྣོད་དུ་འགྱུར་སྙམ་སྟེ། དེ་ལས་བསམས་ནས་དགྲ་བཅོམ་པ་ཟག་པ་ཟད་པ་ཆོས་བསྟན་པ་འདིའི་སྣོད་མ་ཡིན་ནོ་ཞེས་ཁོ་བོ་དེ་སྐད་སྨྲའོ། །སྨྲས་པ། འཇམ་དཔལ། ཁོ་བོ་ནི་ཆོས་བསྟན་པ་འདིའི་དོན་དུ་གཙུག་ལག་ཁང་ནས་གཙུག་ལག་ཁང་དང ། གནས་ཁང་ནས་གནས་ཁང་དང ། ཕུག་ནས་ཕུག་ཏུ་ཁྱོད་འཚོལ་ཏེ། བདག་གིས་ཁྱོད་ལས་ཟབ་པ་ཟབ་པ་ཡང་དག་པའི་སྤོབས་པ་འདི་ལྟ་བུ་འདི་དག་ཐོས་ཀྱང་ཅི་མ་རུང་སྙམ་སྟེ། འཇམ་དཔལ། ཁོ་བོ་ནི་བཅོམ་ལྡན་འདས་དང ། ཁྱོད་ཀྱི་ཆོས་བསྟན་པ་ལ་ཆོག་མི་ཤེས་སོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ། ཁྱོད་ཆོས་བསྟན་པས་ཆོག་མི་ཤེས་སམ། སྨྲས་པ། ཁོ་བོ་ཆོག་མི་ཤེས་སོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་ཅི། ཆོས་ཀྱི་དབྱིངས་ཆོས་འཚོལ་བར་བྱེད་དམ། སྨྲས་པ། འཇམ་དཔལ། མི་བྱེད་དོ། །སྨྲས་པ། ཆོས་ཀྱི་དབྱིངས་ཀྱང་གཞན་ལ། ཚེ་དང་ལྡན་པ་ཤཱ་རིའི་བུ། གཞན་པ་ནི་མ་ཡིན་ན་ཅིའི་ཕྱིར། ཚེ་དང་ལྡན་པ་ཤཱ་རིའི་བུ། ཆོས་མཉན་པ་ལ་ཆོག་མི་ཤེས། དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཤཱ་རིའི་བུ། 461b ཆོས་ཀྱི་དབྱིངས་ནི་ཆོས་འཚོལ་བར་མི་བྱེད་པའི་ཕྱིར་རོ། །གལ་ཏེ་དེ་འཚོལ་བར་བྱེད་ན་ནི་དེའི་ཕྱིར་ད་ཆོག་ཤེས་པར་འགྱུར་བ་ཞིག་ན་གང་གི་ཕྱིར་ཚོལ་བར་མི་བྱེད་པ་དེའི་ཕྱིར་ཆོག་མི་ཤེས་སོ། །སྨྲས་པ། འཇམ་དཔལ། དེ་བཞིན་གཤེགས་པ་མ་གཏོགས་པར་ཁོ་བོ་ལྟ་བུ་ཆོས་ཉན་པ་དེ་ལྟ་བུ་ཁྱོད་ཀྱིས་ག་ལ་རྙེད། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་ཤཱ་རིའི་བུ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡིན་པར་མོས་སམ། སྨྲས་པ། མོས་སོ། །སྨྲས་པ། ཇི་ལྟར་མོས། སྨྲས་པ། ཆོས་ཐམས་ཅད་ཡོངས་སུ་མ་གྲུབ་པས་ན་ཁོ་བོའང་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡིན་ནོ་སྙམ་དུ་དེ་ལྟར་མོས་སོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་ཤི་འཕོ་མེད་པ་དང ། སྐྱེ་བ་མེད་པའི་ཆོས་ཅན་ཡིན་པར་མོས་སམ། སྨྲས་པ། མོས་སོ། ། སྨྲས་པ། ཇི་ལྟར་མོས། སྨྲས་པ། ཆོས་ཀྱི་དབྱིངས་སུ་གཏོགས་པའི་ཕྱིར་ཏེ། ཆོས་ཀྱི་དབྱིངས་ལ་འཆི་འཕོའམ་སྐྱེ་བ་མེད་པ་དེ་ལྟར་མོས་སོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་དགྲ་བཅོམ་པ་ཟག་པ་ཟད་པ་མི་ཤེས་པ་དང་ལྡན་པར་མོས་སམ། སྨྲས་པ། མོས་སོ། །སྨྲས་པ། ཇི་ལྟར་མོས། སྨྲས་པ། ཤེས་པ་དང ། མི་ཤེས་པ་མཉམ་པ་ཉིད་ཀྱི་ཕྱིར་དགྲ་བཅོམ་པ་ཟག་པ་ཟད་པ་མི་ཤེས་པ་དང་ལྡན་ཏེ་འདི་ལྟར་མི་ཤེས་པ་དང ། ཤེས་པ་ནི་མི་ཟད་པའི་ཆོས་ཅན་ཡིན་པའི་ཕྱིར་དབེན་པ་སྟེ། དེ་བས་ན་མི་ཤེས་པ་དང ། ཤེས་པར་རྣམ་པར་མི་རྟོག་ 462a ༄#། །པའི་ཕྱིར་དགྲ་བཅོམ་པ་ཟག་པ་ཟད་པ་མི་ཤེས་པ་དང་ལྡན་པར་མོས་སོ། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་དགྲ་བཅོམ་པ་ཟག་པ་ཟད་པ། ཤེས་པ་དང་བྲལ་བར་མོས་སམ། སྨྲས་པ། མོས་སོ། །སྨྲས་པ། ཇི་ལྟར་མོས། སྨྲས་པ། འདི་ལྟར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་དང་བྲལ་བ་སྟེ། དེ་བས་ན་དགྲ་བཅོམ་པ་ཟག་པ་ཟད་པ་ཤེས་པ་དང་བྲལ་བར་མོས་སོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་དགྲ་བཅོམ་པ་ཟག་པ་ཟད་པ་རྣམ་པར་མ་གྲོལ་བའི་ཆོས་ཅན་དུ་མོས་སམ། སྨྲས་པ། མོས་སོ། སྨྲས་པ། ཇི་ལྟར་མོས།་སྨྲས་པ། ཉོན་མོངས་པ་མེད་པའི་ཕྱིར་ཏེ། འདི་ལྟར་ཉོན་མོངས་པ་མེད་ན་གང་དག་ལས་རྣམ་པར་གྲོལ་བར་འགྱུར་ཏེ། དེ་ལྟར་མོས་སོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་མ་བྱུང་ཞིང་ཡོངས་སུ་མྱ་ངན་ལས་མ་འདས་པར་མོས་སམ། སྨྲས་པ། མོས་སོ། །སྨྲས་པ། ཇི་ལྟར་མོས། སྨྲས་པ། འཇམ་དཔལ། བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་ནི་སྐྱེ་བ་མེད་དེ། གང་མི་སྐྱེ་བ་དེ་ལ་མི་སྣང་བར་འགྱུར་བའམ། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་ག་ལ་ཡོད་དེ་དེ་ལྟར་མོས་སོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་སངས་རྒྱས་ཐམས་ཅད་གཅིག་ཡིན་པར་མོས་སམ། སྨྲས་པ། མོས་སོ། །སྨྲས་པ། ཇི་ལྟར་མོས། སྨྲས་པ། འཇམ་དཔལ། ཆོས་ཀྱི་དབྱིངས་ལ་ནི་ཐ་དད་པ་མེད་ 462b པ་དེ་དེ་ལྟར་མོས་སོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་སངས་རྒྱས་ཀྱི་ཞིང་ཐམས་ཅད་སངས་རྒྱས་ཀྱི་ཞིང་གཅིག་ཡིན་པར་མོས་སམ། སྨྲས་པ། མོས་སོ། །སྨྲས་པ། ཇི་ལྟར་མོས། སྨྲས་པ།་འཇམ་དཔལ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ནི་མི་ཟད་པ་ཉིད་ཀྱི་ཞིང་ཡིན་ཏེ་དེ་ལྟར་མོས་སོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པ་དང།་སྤང་བར་བྱ་བ་མ་ཡིན་པ་དང ། མངོན་སུམ་དུ་བྱ་བ་མ་ཡིན་པ་དང ། བསྒོམ་པར་བྱ་བ་མ་ཡིན་པར་མོས་སམ། སྨྲས་པ། མོས་སོ། སྨྲས་པ། ཇི་ལྟར་མོས། སྨྲས་པ། འཇམ་དཔལ། ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་ཡོངས་སུ་མི་ཤེས་པ་དང ། རང་བཞིན་གྱིས་རང་བཞིན་སྤོང་བ་དང ། མངོན་སུམ་དུ་མི་བྱེད་པ་དང ། སྒོམ་པར་མི་བྱེད་པ་དང ། སྐྱེད་པར་མི་བྱེད་པ་དང ། འགག་པར་མི་བྱེད་པ་དང ། ལེན་པར་མི་བྱེད་པ་དང ། འདོར་བར་མི་བྱེད་པ་དང ། མཐའ་དེ་ནི་མི་གནས་པ་ཉིད་དེ། དེ་ལྟར་མོས་སོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་ཆོས་ཀྱི་དབྱིངས་ནི་ཕུང་པོར་མི་འདུག་པའི་དབྱིངས་ཡིན་པ་དང ། ཆོས་གང་ཡང་སྐྱེ་བའམ། འགག་པ་མེད་པ་དང ། ཆོས་གང་ཡང་ཕུང་པོར་འདུག་པ་མེད་པར་མོས་སམ། སྨྲས་པ། མོས་སོ། །སྨྲས་པ། ཇི་ལྟར་མོས། སྨྲས་པ། འཇམ་དཔལ། ཆོས་གང་ཡང་སྐྱེ་བའམ། འགག་པའམ། ཕུང་པོར་འདུག་པ་དེ་མི་དམིགས་ཏེ་དེ་ལྟར་མོས་སོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་ཤེས་རབ་ 463a ༄#། །གང་ཡིན་པ་དེ་ཆོས་ཀྱི་དབྱིངས་ཡིན་ལ། ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ཤེས་རབ་ཡིན་ཏེ། ཆོས་ཀྱི་དབྱིངས་ཞེས་བྱ་བའི་མིང་ཡང་ཐོབ་པ་དང ། དེའི་ཕྱིར་ཡང་དགྲ་བཅོམ་པ་ཞེས་བྱ་བར་མོས་སམ། སྨྲས་པ། མོས་སོ། །སྨྲས་པ། ཇི་ལྟར་མོས། སྨྲས་པ། འཇམ་དཔལ། རྟོགས་པར་འགྱུར་བའི་ཤེས་རབ་ཀྱིས་དགྲ་བཅོམ་པ་ཉིད་དུ་འགྱུར་བ་དེ་བཞིན་དུ་ཆོས་ཀྱི་དབྱིངས་ཡོངས་སུ་ཤེས་པར་ཟད་ཀྱི། ཆོས་ཀྱི་དབྱིངས་ཡོངས་སུ་ཤེས་པ་ནི་འདོད་ཆགས་ཀྱི་བདག་ཉིད་དམ། ཞེ་སྡང་གི་བདག་ཉིད་དམ། གཏི་མུག་གི་བདག་ཉིད་ཀྱང་མ་ཡིན་ལ། ཆོས་ཀྱི་དབྱིངས་ལས་ཀྱང་དགྲ་བཅོམ་པ་གུད་ན་མེད་དེ་དེ་ལྟར་མོས་སོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཁྱུ་མཆོག་དང་མཉམ་པར་མོས་སམ། སྨྲས་པ། མོས་སོ། །སྨྲས་པ། ཇི་ལྟར་མོས། སྨྲས་པ། འཇམ་དཔལ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པར་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ལྟར་མོས་སོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་ཀྱི་ཡུལ་ཇི་ཙམ་པ་དེ་ཙམ་དུ་ཁྱོད་ཀྱིས་ལན་བཏབ་པ་ལེགས་སོ། །ལེགས་སོ། །དེ་ཙམ་ཞིག་ཁྱོད་ལ་དྲིས་ཀྱི། ད་ནི་རང་གི་གནས་སུ་སོང་ཞིག། ཤཱ་རིའི་བུས་སྨྲས་པ། འཇམ་དཔལ། འདི་ལྟར་འདི་ཉིད་ནི་བདག་གི་ཇི་སྲིད་འཚོའི་བར་གྱི་གནས་ཡིན་ནོ། །དེ་ནས་བཅོམ་ 463b ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་འཛིན་པའམ། འཆང་བའམ། ཀློག་པའམ། ཀུན་ཆུབ་པར་བྱེད་པ་དེས་ནི་སྤོབས་པ་མྱུར་དུ་ཐོབ་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས། དེ་ནི་དེ་ལྟར་ལགས་ཏེ། ཇི་སྐད་བཀའ་སྩལ་པ་བཞིན་དུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་གི་སླད་དུ་ཆོས་ཀྱི་ཕྱག་རྒྱ་འདི་བཞག་པ་དེ་དག་ནི་སྔོན་གྱི་རྒྱལ་བ་རྣམས་ལ་བགྱི་བ་བགྱིས་པ་ལགས་ཏེ། དེ་དག་དེ་ལྟར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། དེ་སྐད་ཅེས་གསོལ་པ་དང།་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ། དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་འཇམ་དཔལ་གཞོན་ནུར་གྱུར་པས་ཞུས་ནས་ངས་ལན་བཏབ་པ་ཞེས་བྱ་བར་གཟུང་ཞིག་།ཆོས་ཀྱི་དབྱིངས་ཞེས་བྱ་བར་ཡང་གཟུང་ཞིག་།ཡང་དག་པའི་མཐའ་ཞེས་བྱ་བ་དང ། རིན་པོ་ཆེའི་མཐའ་ཞེས་བྱ་བར་ཡང་གཟུང་ཞིག།་ཤཱ་རིའི་བུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང ། འཆང་བ་དང ། ཀློག་པ་དང ། ཀུན་ཆུབ་པར་བྱད་པ་དང ། སྒོམ་པ་དང ། སྦྱོར་བ་ 464a ༄#། །ལ་བརྩོན་པར་གནས་པ་དེ་དག་ནི་རིན་པོ་ཆེ་དང་འདྲ་བ་ཡིན་ཏེ། མི་སྐྱེ་བའི་ཆོས་རྣམས་ལའང་བཟོང་པ་མྱུར་དུ་ཐོབ་པར་འགྱུར་རོ། །གཞན་དག་ལའང་དགེ་བའི་རྩ་བ་རྣམས་ཡང་དག་པར་བསྐྱེད་པར་འགྱུར་རོ། །ཆོས་ཉུང་དུ་ཀུན་ཆུབ་པར་བྱས་པས་ཀྱང་ཆོས་མང་པོ་སྟོན་པར་འགྱུར་རོ། །སྤོབས་པ་མི་ཆོད་པར་ཡང་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རིན་པོ་ཆེའི་མཐའ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་བརྨ་དང ། ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། |