༄##། །རྒྱ་གར་སྐད་དུ། ཨཱརྱ་སན་དྷི་ནིར་མོ་ཙ་ན་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་ 2a ༄##། །མཆོག་ཏུ་འབར་བ་བཀོད་པ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་ཤིན་ཏུ་མངའ་བ། གནས་ཀྱི་བྱེ་བྲག་ཤིན་ཏུ་རྣམ་པར་ཕྱེ་བ། མཐའ་ཡས་པ་རྣམ་པར་བཞག་པ། དཀྱིལ་འཁོར་ཡོངས་སུ་མ་ཆད་པ། ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ། འཇིག་རྟེན་ལས་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། དབང་སྒྱུར་བའི་རྣམ་པར་རིག་པ་ཤིན་ཏུ་རྣམ་པར་རིག་པའི་མཚན་ཉིད། དེ་བཞིན་གཤེགས་པའི་གནས་ 2b བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དགེ་འདུན་རྗེས་སུ་དོང་བ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང་མི་མ་ཡིན་པ་མཐའ་ཡས་པ་རྣམ་པར་རྒྱུ་བ།་ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བརྟན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་མཛད་པས་ཉེ་བར་གནས་པ། ཉོན་མོངས་པའི་དྲི་མའི་གནོད་པ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བཀོད་པ། དྲན་པ་དང།་བློ་གྲོས་དང ། རྟོགས་པ་ཆེན་པོས་ངེས་པར་འབྱུང་བ། ཞི་གནས་དང་ལྷག་མཐོང་ཆེན་པོ་བཞོན་པ་ཡིན་པ། རྣམ་ 3a ༄##། །པར་ཐར་པའི་སྒོ་ཆེན་པོ་སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་ནས་འཇུག་པ། རིན་པོ་ཆེའི་པདྨའི་རྒྱལ་པོ་ཆེན་པོ་ཡོན་ཏན་གྱི་ཚོགས་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་པ་ན་བཞུགས་ཏེ། བཅོམ་ལྡན་འདས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ། ཀུན་ཏུ་སྤྱོད་པ། གཉིས་མི་མངའ་བ། མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་བར་མཛད་པ། སངས་རྒྱས་ཀྱི་གནས་པས་གནས་པ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ། སྒྲིབ་པ་མེད་པའི་རྟོགས་པར་ཐུགས་སུ་ཆུད་པ། ཕྱིར་མི་ལྡོག་པའི་ཆོས་དང་ལྡན་པ། སྤྱོད་ཡུལ་གྱིས་མི་འཕྲོགས་པ། རྣམ་པར་གཞག་པ། བསམ་གྱིས་མི་ཁྱབ་པ་རྣམ་པར་འཇོག་པ། དུས་གསུམ་ལ་མཉམ་པ་ཉིད་ཚར་ཕྱིན་པ། འཇིག་རྟེན་གྱི་ 3b ཁམས་ཐམས་ཅད་དུ་ཞུགས་པའི་སྐུ་ལྔ་དང་ལྡན་པ། ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པའི་མཁྱེན་པ་མངའ་བ། སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ། ཆོས་ཤེས་པ་ལ་ནེམ་ནུར་མི་མངའ་བ། རྣམ་པར་མ་བརྟགས་པའི་སྐུ་མངའ་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡེ་ཤེས་ཡང་དག་པར་བླངས་པ། སངས་རྒྱས་ཀྱི་གནས་པ་གཉིས་སུ་མེད་པ། དམ་པའི་ཕ་རོལ་ཏུ་བྱོན་པ། དེ་བཞིན་གཤེགས་པ་མ་འདྲེས་པའི་རྣམ་པར་ཐར་པར་མཛད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ། མཐའ་དང་དབུས་མེད་པའི་སངས་རྒྱས་ཀྱིས་མཉམ་པ་ཉིད་ཐུགས་སུ་ཆུད་པ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་དེ། ཉན་ཐོས་ཀྱི་དགེ་འདུན་ཚད་མེད་པ་ཐམས་ཅད་ཀྱང་ཅང་ཤེས་པ། སངས་རྒྱས་ཀྱི་སྲས། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ། ཆོས་འདོད་པ་རྣམས་དང་བདེ་བར་ཕྲད་པ། མང་དུ་ཐོས་པ། ཐོས་པ་འཛིན་པ། ཐོས་པ་བསགས་པ། ལེགས་པར་བསམ་པ་སེམས་པ། ལེགས་པར་སྨྲ་བ་བརྗོད་པ། ལེགས་པར་བྱ་བའི་ལས་བྱེད་པ། ཤེས་རབ་མྱུར་བ། ཤེས་རབ་མགྱོགས་པ། ཤེས་རབ་རྣོ་བ། ངེས་པར་འབྱུང་བའི་ཤེས་རབ་ཅན། ངེས་པར་རྟོགས་པའི་ཤེས་རབ་ཅན། ཤེས་ 4a ༄#། །རབ་ཆེ་བ། ཤེས་རབ་ཡངས་བ། ཤེས་རབ་ཟབ་པ། ཤེས་རབ་མཉམ་པ་མེད་པ། ཤེས་རབ་རིན་པོ་ཆེ་དང་ལྡན་པ། རིག་པ་གསུམ་དང་ལྡན་པ། ཚེ་འདི་ལ་བདེ་བར་གནས་པའི་མཆོག་ཐོབ་པ། ཡོངས་སུ་སྦྱོང་བ་ཆེན་པོ། སྤྱོད་ལམ་རབ་ཏུ་ཞི་བ་ཕུན་སུམ་ཚོགས་པ། བཟོད་པ་དང་དེས་པ་ཆེན་པོ་དང་ལྡན་པ། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཤ་སྟག་དང ། སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཐམས་ཅད་ཀྱང་གནས་ཆེན་པོ་ལ་གནས་ཤིང་ཡང་དག་པར་ཞུགས་པ། ཐེག་པ་ཆེན་པོའི་ཆོས་ཀྱིས་ངེས་པར་བྱུང་བ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ། རྟོག་པ་དང ། རྣམ་པར་རྟོག་པ་དང ། ཡོངས་སུ་རྟོག་པ་ཐམས་ཅད་བྲལ་བ། བདུད་དང་ཕྱིར་རྒོལ་བ་ཐམས་ཅད་བཅོམ་པ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་ཐམས་ཅད་ལས་རིང་དུ་གྱུར་པ། ཆོས་ཀྱི་རོའི་དགའ་བ་དང ། བདེ་བ་ཆེན་པོས་བརྟན་པ། འཇིགས་པ་ཆེན་པོ་ལྔ་ལས་ཡང་དག་པར་འདས་པ། ཕྱིར་མི་ལྡོག་པའི་ས་བགྲོད་པ་གཅིག་པར་གྱུར་པ།་སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ས་མངོན་དུ་གྱུར་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ 4b དོན་ཟབ་དགོངས་པ་ངེས་པར་འགྲེལ་དང ། ཚུལ་བཞིན་ཀུན་འདྲི་དང ། ཆོས་འཕགས་དང ། བློ་གྲོས་ཤིན་ཏུ་རྣམ་དག་དང ། བློ་གྲོས་ཡངས་པ་དང ། ཡོན་ཏན་འབྱུང་གནས་དང ། དོན་དམ་ཡང་དག་འཕགས་དང ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང ། བྱམས་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ལ་སོགས་པ་དང་ཐབས་གཅིག་གོ་།དེ་ནས་བྱང་ཆུབ་སེམས་དཔའ་ཚུལ་བཞིན་ཀུན་འདྲིས་ཀྱིས་བརྗོད་དུ་མེད་པ་དང ། གཉིས་སུ་མེད་པའི་མཚན་ཉིད་དོན་དམ་པ་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་དོན་ཟབ་དགོངས་པ་ངེས་པར་འགྲེལ་པ་ལ་དྲི་བ་དྲིས་པ། ཀྱེ་རྒྱལ་བའི་སྲས། ཆོས་ཐམས་ཅད་གཉིས་སུ་མེད་པ། ཆོས་ཐམས་ཅད་གཉིས་སུ་མེད་པ་ཞེས་བྱ་ན། ཆོས་ཐམས་ཅད་ནི་གང ། ཇི་ལྟར་ན་གཉིས་སུ་མེད་པ་ཡིན། རིགས་ཀྱི་བུ། ཆོས་ཐམས་ཅད་ཆོས་ཐམས་ཅད་ཅེས་བྱ་བ་ནི་གཉིས་ཇི་ཙམ་པ་སྟེ། འདུས་བྱས་དང ། འདུས་མ་བྱས་སོ། །དེ་ལ་འདུས་བྱས་ནི་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ནོ། །འདུས་མ་བྱས་ནི་འདུས་མ་བྱས་ཀྱང་མ་ཡིན། འདུས་བྱས་ཀྱང་མ་ཡིན་ནོ། །སྨྲས་པ། ཀྱེ་རྒྱལ་བའི་སྲས། ཇི་ལྟར་ན་འདུས་བྱས་ནི་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ལ། འདུས་མ་བྱས་ཀྱང་འདུས་མ་བྱས་ཀྱང་མ་ཡིན། འདུས་བྱས་ཀྱང་མ་ཡིན། 5a ༄#། །རིགས་ཀྱི་བུ། འདུས་བྱས་ཞེས་བྱ་བ་དེ་ནི་སྟོན་པས་བཏགས་པའི་ཚིག་ཡིན་ཏེ། སྟོན་པས་བཏགས་པའི་ཚིག་གང་ཡིན་པ་དེ་ནི། ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་ཡིན་ལ། ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་གང་ཡིན་པ་དེ་ནི། ཀུན་ཏུ་རྟོག་པ་སྣ་ཚོགས་ཀྱི་ཐ་སྙད་དུ་བརྗོད་པ་གཏན་ཡོངས་སུ་མ་གྲུབ་པའི་ཕྱིར་འདུས་བྱས་མ་ཡིན་ནོ། །རིགས་ཀྱི་བུ། འདུས་མ་བྱས་ཞེས་བྱ་བ་དེའང་ཐ་སྙད་ཀྱི་ཁོངས་སུ་གཏོགས་པ་ཡིན་ལ། འདུས་བྱས་དང་འདུས་མ་བྱས་སུ་མ་གཏོགས་པ་གང་ཅི་བརྗོད་ཀྱང་དེའང་དེ་དང་འདྲ་བ་ཉིད་དུ་གྱུར། དེའང་དེ་དང་འདྲ་བ་ཉིད་དུ་འགྱུར་རོ། །བརྗོད་པ་ནི་དངོས་པོ་མེད་པ་ཅན་ཡང་མ་ཡིན་ཏེ། དངོས་པོ་དེའང་གང་ཞེ་ན། འཕགས་པ་རྣམས་ཀྱི་འཕགས་པའི་ཤེས་པ་དང ། འཕགས་པའི་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡིན་པ་སྟེ། བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་བྱས་ཞེས་མིང་དུ་བཏགས་སོ། །རིགས་ཀྱི་བུ། འདུས་མ་བྱས་ཞེས་བྱ་བ་དེའང་སྟོན་པས་བཏགས་པའི་ཚིག་ཡིན་ཏེ། སྟོན་པས་བཏགས་པའི་ཚིག་གང་ཡིན་པ་དེ་ནི་ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་ཡིན་ལ། ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་གང་ཡིན་པ་དེ་ནི་ཀུན་ཏུ་རྟོག་ 5b པ་སྣ་ཚོགས་ཀྱི་ཐ་སྙད་དུ་བརྗོད་པ་གཏན་ཡོངས་སུ་མ་གྲུབ་པའི་ཕྱིར་འདུས་མ་བྱས་མ་ཡིན་ནོ། །རིགས་ཀྱི་བུ། འདུས་བྱས་ཞེས་བྱ་བ་དེའང་ཐ་སྙད་ཀྱི་ཁོངས་སུ་གཏོགས་པ་ཡིན་ལ། འདུས་བྱས་དང་འདུས་མ་བྱས་སུ་མ་གཏོགས་པ་གང་ཅི་བརྗོད་ཀྱང་དེའང་དེ་དང་འདྲ་བ་ཉིད་དུ་གྱུར། དེའང་དེ་དང་འདྲ་བ་ཉིད་དུ་འགྱུར་རོ། །བརྗོད་པ་ནི་དངོས་པོ་མེད་པ་ཅན་ཡང་མ་ཡིན་ཏེ།་དངོས་པོ་དེའང་གང་ཞེ་ན། འཕགས་པ་རྣམས་ཀྱིས་འཕགས་པའི་ཤེས་པ་དང ། འཕགས་པའི་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡིན་པ་སྟེ།་བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་མ་བྱས་ཞེས་མིང་དུ་བཏགས་སོ། །ཀྱེ་རྒྱལ་བའི་སྲས། ཇི་ལྟར་ན་འཕགས་པ་རྣམས་ཀྱིས་དངོས་པོ་དེ་འཕགས་པའི་ཤེས་པ་དང ། འཕགས་པའི་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ཤིང་བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་བྱས་དང ། འདུས་མ་བྱས་ཞེས་མིང་དུ་བཏགས་པ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། སྒྱུ་མ་མཁན་ནམ་སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། རྩཝ་དག་གམ། ལོ་མ་དག་གམ། ཤིང་དག་གམ། གསེག་མ་དག་གམ། གྱོ་དུ་མ་དག་གཅིག་ཏུ་བསྡུས་ནས་སྒྱུ་མའི་ 6a ༄#། །ལས་སྣ་ཚོགས་འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་དང ། རྟ་པའི་ཚོགས་དང ། ཤིང་རྟའི་ཚོགས་དང ། དཔུང་བུ་ཆུང་གི་ཚོགས་དང ། ནོར་བུ་དང ། མུ་ཏིག་དང།་བཻ་ཌཱུརྱ་དང ། དུང་དང ། མན་ཤེལ་དང ། བྱུ་རུའི་ཚོགས་དང ། ནོར་དང ། འབྲུ་དང ། མཛོད་དང ། བང་བའི་ཚོགས་རྣམ་པར་བསྟན་ན། དེ་ལ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན། རྨོངས་པའི་རང་བཞིན་ཅན། ཤེས་རབ་འཆལ་པའི་རང་བཞིན་ཅན། རྩཝ་དང ། ལོ་མ་དང ། ཤིང་དང ། གསེག་མ་དང ། གྱོ་དུམ་དེ་དག་མི་ཤེས་པ་དེ་དག་ནི་དེ་མཐོང་ངམ་ཐོས་ན་འདི་སྙམ་དུ་སེམས་ཏེ། གླང་པོ་ཆེའི་ཚོགས་སྣང་བ་གང་ཡིན་པ་དེ་ནི་ཡོད་དོ། །རྟའི་ཚོགས་དང ། ཤིང་རྟའི་ཚོགས་དང ། དཔུང་བུ་ཆུང་གི་ཚོགས་དང ། ནོར་བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། མན་ཤེལ་དང ། བྱུ་རུའི་ཚོགས་དང ། ནོར་དང ། འབྲུ་དང ། མཛོད་དང ། བང་བའི་ཚོགས་སྣང་བ་གང་ཡིན་པ་འདི་ནི་ཡོད་དོ་སྙམ་དུ་སེམས་ཤིང ། དེ་དག་ཇི་ལྟར་མཐོང་བ་དང ། ཇི་ལྟར་ཐོས་པ་བཞིན་དུ་དེ་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ནི་བདེན་གྱི་གཞན་ནི་རྫུན་པའོ། ། ཞེས་རྗེས་སུ་ཐ་སྙད་འདོགས་པར་ཡང་བྱེད་དེ། དེ་ནི་དེ་དག་གིས་ཕྱིས་ཉེ་བར་བརྟག་པར་བྱ་དགོས་པ་ཡིན་ནོ། །དེ་ལ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན་མ་ཡིན་པ། 6b རྨོངས་པའི་རང་བཞིན་ཅན་མ་ཡིན་པ། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་རྩཝ་དང ། ལོ་མ་དང ། ཤིང་དང ། གསེག་མ་དང ། གྱོ་དུམ་དེ་དག་ཤེས་པ་དེ་དག་ནི་དེ་མཐོང་ངམ་ཐོས་ན་འདི་སྙམ་དུ་སེམས་ཏེ། གླང་པོ་ཆེའི་ཚོགས་སྣང་བ་གང་ཡིན་པ་འདི་ནི་མེད་དོ། །རྟ་པའི་ཚོགས་དང ། ཤིང་རྟའི་ཚོགས་དང ། དཔུང་བུ་ཆུང་གི་ཚོགས་དང ། ནོར་བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། མན་ཤེལ་དང ། བྱུ་རུའི་ཚོགས་དང ། ནོར་དང ། འབྲུ་དང ། མཛོད་དང ། བང་བའི་ཚོགས་སྣང་བ་གང་ཡིན་པ་འདི་ནི་མེད་ཀྱི། གང་ལ་གླང་པོ་ཆེའི་ཚོགས་ཀྱི་འདུ་ཤེས་དང ། གླང་པོ་ཆེའི་ཚོགས་ཀྱི་རྣམ་གྲངས་ཀྱི་འདུ་ཤེས་འབྱུང་བ་དང ། ནོར་དང ། འབྲུ་དང ། མཛོད་དང ། བང་བའི་ཚོགས་ཀྱི་བར་གྱི་འདུ་ཤེས་དང ། དེ་དག་གི་རྣམ་གྲངས་ཀྱི་འདུ་ཤེས་འབྱུང་བ་སྒྱུ་མ་བྱས་པ་འདི་ནི་ཡོད། མིག་སླུ་བར་བྱེད་པ་འདི་ནི་ཡོད་དོ་སྙམ་དུ་སེམས་ཤིང ། དེ་དག་ཇི་ལྟར་མཐོང་བ་དང ། ཇི་ལྟར་ཐོས་པ་བཞིན་དུ་དེ་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་རྫུན་པའོ་ཞེས་རྗེས་སུ་ཐ་སྙད་མི་འདོགས་ཀྱི། འདི་ལྟར་དོན་རྣམ་པར་རིག་པར་བྱ་བའི་ཕྱིར་རྗེས་སུ་ཐ་སྙད་འདོགས་པར་བྱེད་དེ། དེ་ནི་དེ་དག་གིས་ཕྱིས་ཉེ་བར་བརྟག་པར་བྱ་མི་དགོས་པ་ཡིན་ནོ། །དེ་བཞིན་དུ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན་སོ་སོའི་སྐྱེ་ 7a ༄#། །བོར་གྱུར་པ། ཤེས་རབ་འཕགས་པ་འཇིག་རྟེན་ལས་འདས་པ་མ་ཐོབ་པ། ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་ཆོས་ཉིད་མངོན་པར་མི་ཤེས་པ་དེ་དག་ནི་འདུས་བྱས་དང ། འདུས་མ་བྱས་ཏེ་མཐོང་ངམ་ཐོས་ན། འདི་སྙམ་དུ་སེམས་ཏེ། འདུས་བྱས་དང་འདུས་མ་བྱས་སྣང་བ་གང་ཡིན་པ་འདི་ནི་ཡོད་དོ་སྙམ་དུ་སེམས་ཤིང།་དེ་དག་ཇི་ལྟར་མཐོང་བ་དང ། ཇི་ལྟར་ཐོས་པ་བཞིན་དུ་དེ་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་རྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་ཡང་བྱེད་དེ། དེ་ནི་དེ་དག་གིས་ཕྱིས་ཉེ་བར་བརྟག་པར་བྱ་དགོས་པ་ཡིན་ནོ། །དེ་ལ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན་མ་ཡིན་པ་བདེན་པ་མཐོང་བ། ཤེས་རབ་འཕགས་པ་འཇིག་རྟེན་ལས་འདས་པ་ཐོབ་པ། ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་ཆོས་ཉིད་མངོན་པར་ཤེས་པ་དེ་དག་ནི་འདུས་བྱས་དང ། འདུས་མ་བྱས་དེ་མཐོང་ངམ་ཐོས་ན་འདི་སྙམ་དུ་སེམས་ཏེ། འདུས་བྱས་དང ། འདུས་མ་བྱས་སྣང་བ་གང་ཡིན་པ་འདི་ནི་མེད་ཀྱི། གང་ལ་འདུས་བྱས་དང ། འདུས་མ་བྱས་ཀྱི་འདུ་ཤེས་དང ། འདུས་བྱས་དང ། འདུས་མ་བྱས་ཀྱི་རྣམ་གྲངས་ཀྱི་འདུ་ཤེས་འབྱུང་བ། རྣམ་པར་རྟོག་པ་ལས་བྱུང་བ། འདུ་བྱེད་ཀྱི་མཚན་མ་སྒྱུ་མ་ལྟ་བུ་འདི་ནི་ཡོད། བློ་རྣམ་པར་རྨོངས་ 7b པར་བྱེད་པ་འདི་ནི་ཡོད་དོ་སྙམ་དུ་སེམས་ཤིང་དེ་དག་ཇི་ལྟར་མཐོང་བ་དང ། ཇི་ལྟར་ཐོས་པ་བཞིན་དུ་དེ་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ན་རྫུན་པའོ་ཞེས་རྗེས་སུ་ཐ་སྙད་མི་འདོགས་ཀྱི། འདི་ལྟར་དོན་རྣམ་པར་རིག་པར་བྱ་བའི་ཕྱིར་རྗེས་སུ་ཐ་སྙད་འདོགས་པར་བྱེད་དེ། དེ་ནི་དེ་དག་གིས་ཕྱིས་ཉེ་བར་བརྟག་པར་བྱ་མི་དགོས་པ་ཡིན་ནོ། །རིགས་ཀྱི་བུ། དེ་ལྟར་ན་འཕགས་པ་རྣམས་ཀྱིས་དངོས་པོ་དེ་འཕགས་པའི་ཤེས་པ་དང ། འཕགས་པའི་མཐོང་བས་བརྗོད་དུ་མེད་པར་སངས་རྒྱས་ཤིང ། བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་བྱས་དང ། འདུས་མ་བྱས་ཞེས་མེད་དུ་བཏགས་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་དོན་ཟབ་དགོངས་པ་ངེས་པར་འགྲེལ་གྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཟབ་མོ་བྱིས་པའི་སྤྱོད་ཡུལ་མ་ཡིན་པ། །བརྗོད་མེད་གཉིས་མིན་རྒྱལ་བས་བསྟན་མཛད་ཀྱང ། །བྱིས་པ་གཏི་མུག་རྨོངས་པ་འདི་དག་ནི། །སྨྲ་བའི་སྤྲོས་ལ་དགའ་ཞིང་གཉིས་ལ་གནས། །མ་རྟོགས་པའམ་ལོག་པར་རྟོག་པ་དག་།ལུག་དང་བ་ལང་དག་ཏུ་ཡང་སྐྱེ་ཞིང ། །དེ་དག་ཤེས་པའི་སྨྲ་བ་དེ་བོར་ནས། །ཤིན་ཏུ་ཡུན་རིང་འཁོར་བ་འདིར་འཁོར་འགྱུར། །དོན་ཟབ་དགོངས་པ་ངེས་པར་འགྲེལ་གྱི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ལ་བྱད་ 8a ༄#། །ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སྔོན་གྱི་དུས་རྣམས་ཀྱི་ཤིན་ཏུ་སྔ་མ་ཞིག་ན། འདི་ནས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་བདུན་ཅུ་རྩ་བདུན་གྱི་བྱེ་མ་སྙེད་འདས་པ་ན། དེ་བཞིན་གཤེགས་པ་གྲགས་པ་རྒྱ་ཆེན་གྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་གྲགས་པ་ཅན་ཞེས་བགྱི་བ་དེར་བདག་མཆིས་པའི་ཚེ། དེ་ན་བདག་གིས་མུ་སྟེགས་ཅན་རང་རང་གི་སྟོན་པ་ལ་སོགས་པ་འབུམ་ཕྲག་བདུན་ཅུ་རྩ་བདུན་འདི་ལྟ་སྟེ། ཆོས་རྣམས་ཀྱི་དོན་དམ་པའི་མཚན་ཉིད་བསམ་པ་ལས་བརྩམས་ནས་ས་ཕྱོགས་ཤིག་ན་མཆིས་ཤིང་འདུས་ནས་དེ་དག་ཆོས་རྣམས་ཀྱི་དོན་དམ་པའི་མཚན་ཉིད་སེམས་པར་བགྱིད། འཇལ་བར་བགྱིད། ཉེ་བར་རྟོག་པར་བགྱིད། ཡོངས་སུ་ཚོལ་བར་བགྱིད་ཀྱང་མ་རྟོགས་ནས་བློ་གྲོས་ཐ་དད་པ་ཡིད་གཉིས་ཅན། བློ་གྲོས་ངན་པ། རྩོད་པ་དང་འགྱེད་པར་གྱུར་པ་དག་གཅིག་ལ་གཅིག་ཁ་སྟོབས་ཀྱིས་གནོན་པ་བགྱིས། ཞེར་འདེབས་པ་བགྱིས། གབ་གབ་བགྱིས། མནན་པ་བགྱིས། ཚར་གཅད་པ་བགྱིས་ཏེ་སོ་སོར་མཆིས་པ་དག་ཅིག་མཐོང་ནས། བཅོམ་ལྡན་འདས་བདག་འདི་སྙམ་བགྱིད་དོ། །ཀྱེ་མ། དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་འབྱུང་ཞིང་དེ་དག་བྱུང་བས་དོན་དམ་པ་རྟོག་གེ་ཐམས་ཅད་ལས་ཡང་དག་པར་ 8b འདས་པའི་མཚན་ཉིད་འདི་ལྟ་བུ་རྟོགས་པ་དང ། མངོན་སུམ་དུ་བགྱི་པ་མཆིས་པ་ནི་ངོ་མཚར་རྨད་དུ་བྱུང་བ་ལགས་སོ་སྙམ་བགྱིད་ལགས་སོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཆོས་འཕགས་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ངས་ནི་དོན་དམ་པ་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་བསྙད་ཅིང་གསལ་བར་བྱས། རྣམ་པར་ཕྱེ། གདགས་པར་བྱས། རབ་ཏུ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པ་ནི་འཕགས་པ་རྣམས་ཀྱི་སོ་སོ་རང་གི་རིག་པ་ཡིན་པར་ངས་བཤད་ལ། སོ་སོའི་སྐྱེ་བོ་རྣམས་ཀྱི་ཕན་ཚུན་རིག་པར་བྱ་བ་ནི། རྟོག་གེའི་སྤྱོད་ཡུལ་ཡིན་པའི་ཕྱིར་ཏེ། ཆོས་འཕགས། དེའི་ཕྱིར་རྣམ་གྲངས་དེས་ཁྱོད་ཀྱིས་འདི་ལྟར་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་གང་ཡིན་པ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ། །ཆོས་འཕགས། གཞན་ཡང་དོན་དམ་པ་ནི་མཚན་མ་མེད་པའི་སྤྱོད་ཡུད་ཡིན་པར་ངས་བཤད་ལ། རྟོག་གེ་ནི་མཚན་མའི་སྤྱོད་ཡུལ་ཡིན་ཏེ། ཆོས་འཕགས་དེའི་ཕྱིར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་གང་ཡིན་པ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ། །ཆོས་འཕགས། གཞན་ 9a ༄#། །ཡང་དོན་དམ་པ་ནི་བརྗོད་དུ་མེད་པ་ཡིན་པར་ངས་བཤད་ལ། རྟོག་གེ་ནི་བརྗོད་པའི་སྤྱོད་ཡུལ་ཡིན་ཏེ། ཆོས་འཕགས། དེའི་ཕྱིར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་གང་ཡིན་པ་ནི། དོན་དམ་པ་ཡིན་པར་རིག་པར་བྱའོ། །ཆོས་འཕགས། གཞན་ཡང་དོན་དམ་པ་ནི་ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་ཡིན་པར་ངས་བཤད་ལ། རྟོག་གེ་ནི་ཐ་སྙད་ཀྱི་སྤྱོད་ཡུལ་ཡིན་ཏེ། ཆོས་འཕགས། དེའི་ཕྱིར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་གང་ཡིན་པ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ། །ཆོས་འཕགས། གཞན་ཡང་དོན་དམ་པ་ནི་རྩོད་པ་ཐམས་ཅད་ཡང་དག་པར་ཆད་པ་ཡིན་པར་ངས་བཤད་ལ། རྟོག་གེ་ནི་རྩོད་པའི་སྤྱོད་ཡུལ་ཡིན་ཏེ། ཆོས་འཕགས། དེའི་ཕྱིར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་གང་ཡིན་པ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ། །ཆོས་འཕགས། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་གང་ཟག་ཇི་སྲིད་འཚོ་བའི་བར་དུ་ཚ་བ་དང་ཁ་བའི་རོ་བསྟེན་བསྟེན་པས་ནི་སྦྲང་རྩིའི་རོའམ། ཤ་ཁ་རའི་རོ་ལ་བརྟག་པའམ། རྗེས་སུ་དཔག་པའམ། མོས་པར་མི་ནུས་སོ། །ཡུན་རིང་པོ་ནས་ 9b འདོད་པའི་འདོད་ཆགས་ལ་མོས་པ། འདོད་པའི་ཡོངས་སུ་གདུང་བ་དག་གིས་ཡོངས་སུ་གདུངས་པ་ནི་ནང་གི་རབ་ཏུ་དབེན་པའི་བདེ་བ་གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག། བྱའི་མཚན་མ་ཐམས་ཅད་དང་བྲལ་བ་ལ་བརྟག་པའམ། རྗེས་སུ་དཔག་པའམ། མོས་པར་མི་ནུས་སོ། །ཡུན་རིང་པོ་ནས་ཀུན་ཏུ་སྨྲ་བ་ལ་མོས་པ། ཀུན་ཏུ་སྨྲ་བ་ལ་མངོན་པར་དགའ་བས་ནི་ནང་གི་མི་སྨྲ་བ་འཕགས་པའི་བདེ་བ་ལ་བརྟག་པའམ། རྗེས་སུ་དཔག་པའམ། མོས་པར་མི་ནུས་སོ། །ཡུན་རིང་པོ་ནས་མཐོང་བ་དང ། ཐོས་པ་དང ། བྱེ་བྲག་ཕྱེད་པ་དང ། རྣམ་པར་ཤེས་པའི་ཐ་སྙད་ལ་མོས་པ། ཐ་སྙད་ལ་མངོན་པར་དགའ་བས་ནི་ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ། འཇིག་ཚོགས་འགོག་པའི་མྱ་ངན་ལས་འདས་པ་ལ་བརྟག་པའམ། རྗེས་སུ་དཔག་པའམ། མོས་པར་མི་ནུས་སོ། །ཆོས་འཕགས། འདི་ལྟ་སྟེ། དཔེར་ན། ཡུན་རིང་པོ་ནས་བདག་གི་ཡོངས་སུ་འཛིན་པ་ཉིད་ཀྱིས་རྩོད་པ་ལ་བརྩོན་པ། རྩོད་པ་ལ་མངོན་པར་དགའ་བས་ནི་བྱང་གི་སྒྲ་མི་སྙན་པ་དག་གི་བདག་གིར་ཡོངས་སུ་འཛིན་པ་མེད་པ་ཉིད་དང ། རྩོད་པ་མེད་པ་ཉིད་ལ་བརྟག་པའམ། རྗེས་སུ་དཔག་པའམ། མོས་པར་མི་ནུས་སོ། ། ཆོས་འཕགས། དེ་བཞིན་དུ་རྟོག་གེ་པ་ཐམས་ཅད་ཀྱིས་ཀྱང་དོན་དམ་པ་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་བརྟག་པའམ། རྗེས་སུ་དཔག་པའམ། མོས་ 10a ༄#། །པར་མི་ནུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སོ་སོ་རང་རིག་མཚན་ཉིད་སྤྱོད་ཡུལ་ཏེ། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཆོས་འཕགས་ཀྱི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་ཤིན་ཏུ་རྣམ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་གང་གི་སླད་དུ་འདི་སྐད་ཅེས་དོན་དམ་པ་ནི་ཕྲ་བ། ཟབ་པ། ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་རྟོགས་པར་དཀའ་བ་ཡིན་ནོ་ཞེས་བཀའ་སྩལ་ཏེ། ཇི་ཙམ་དུ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་དེ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས། འདི་ལ་བདག་གིས་ས་ཕྱོགས་ཤིག་ན། བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ལ་ཞུགས་པ་རབ་ཏུ་མང་པོ་དག་ཅིག་འདི་ལྟ་སྟེ། འདུ་བྱེད་རྣམས་དང ། དོན་དམ་པ་ཐ་དད་པ་དང་ཐ་དད་པ་མ་ལགས་པ་ཉིད་ལས་བརྩམས་ཏེ། ཕན་ཚུན་ནས་མཆིས་ཤིང་མཆིས་ནས་འདུས་ཏེ་མཆིས་ནས་དེ་ན་བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྐད་ཅེས་འདུ་བྱེད་ཀྱི་མཚན་ཉིད་དང ། དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ལགས་ 10b སོ་ཞེས་མཆི། ཁ་ཅིག་ནི་འདི་སྐད་འདུ་བྱེད་ཀྱི་མཚན་ཉིད་དང ། དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ལགས་པ་མ་ལགས་ཀྱི། འདུ་བྱེད་ཀྱི་མཚན་ཉིད་དང ། དོན་དམ་པའི་མཚན་ཉིད་ཐ་དད་པ་ལགས་སོ་ཞེས་མཆི། ཐེ་ཚོམ་དུ་གྱུར་པའི་བློ་གྲོས་ཅན། ཡིད་གཉིས་སུ་གྱུར་པ་ཁ་ཅིག་ནི་འདི་སྐད་དུ་གང་དག་དེ་སྐད་ཅེས་འདུ་བྱེད་ཀྱི་མཚན་ཉིད་དང ། དོན་དམ་པའི་མཚན་ཉིད་ཐ་དད་པ་ལགས་སོ་ཞེས་མཆི་བ་དང ། གང་དག་དེ་སྐད་ཅེས་འདུ་བྱེད་ཀྱི་མཚན་ཉིད་དང ། དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ལགས་སོ་ཞེས་མཆིས་པའི་བྱང་ཆུབ་སེམས་དཔའ་དེ་དག་ལས་གང་ནི་མེད་པར་མཆི་བ་ལགས། གང་ནི་ཤོབ་བེ་མཆིས་ལགས། གང་ནི་ཚུལ་བཞིན་དུ་ཞུགས་པ་ལགས། གང་ནི་ཚུལ་བཞིན་དུ་མ་ལགས་པར་ཞུགས་པ་ལགས་ཞེས་མཆི་བ་དག་ཅིག་མཐོང་ལགས་སོ། །བཅོམ་ལྡན་འདས། མཐོང་ནས་ཀྱང་བདག་འདི་སྙམ་བགྱིད་དེ། རིགས་ཀྱི་བུ། འདི་དག་ཐམས་ཅད་ནི་འདི་ལྟར་དོན་དམ་པ་འདུ་བྱེད་རྣམས་དང ། ཐ་དད་པ་དང་ཐ་དད་པ་མ་ལགས་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་ཕྲ་བ་མ་འཚལ་བ། བྱིས་པ་རྨོངས་པ། མི་གསལ་བ། མི་མཁས་པ། ཚུལ་བཞིན་མ་ལགས་པར་ཞུགས་པ་ཤ་སྟག་ལགས་སོ་སྙམ་བགྱིད་ལགས་སོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་ཤིན་ཏུ་རྣམ་ 11a ༄#། །པར་དག་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་ཤིན་ཏུ་རྣམ་པར་དག་པ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུ་དེ་དག་ཐམས་ཅད་ནི་འདི་ལྟར་དོན་དམ་པ་འདུ་བྱེད་རྣམས་དང ། ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་ཕྲ་བ་མི་ཤེས་པ། བྱིས་པ་རྨོངས་པ། མི་གསལ་བ། མི་མཁས་པ། ཚུལ་བཞིན་མ་ཡིན་པར་ཞུགས་པ་ཤ་སྟག་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཤིན་ཏུ་རྣམ་དག། འདུ་བྱེད་རྣམས་ལ་དེ་ལྟར་སོ་སོར་རྟོག་པ་དག་ནི་དོན་དམ་པ་རྟོགས་པའམ། དོན་དམ་པ་མངོན་སུམ་དུ་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཤིན་ཏུ་རྣམ་དག་།གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང ། དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་པར་གྱུར་ན་ནི་དེས་ན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་བདེན་པ་མཐོང་བ་ཡིན་པར་ཡང་འགྱུར། སོ་སོའི་སྐྱེ་བོ་ཁོ་ནར་གྱུར་བཞིན་དུ་གྲུབ་པ་དང ། བདེ་བ་བླ་ན་མེད་པའི་མྱ་ངན་ལས་འདས་པ་འཐོབ་པར་ཡང་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ། ། གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང ། དོན་དམ་པའི་མཚན་ཉིད་ཐ་དད་པ་ཡིན་པར་གྱུར་ན་ནི། དེས་ན་བདེན་པ་མཐོང་ས་རྣམས་ཀྱང་འདུ་བྱེད་ཀྱི་མཚན་མ་དང་མ་བྲལ་བར་ 11b འགྱུར། འདུ་བྱེད་ཀྱི་མཚན་མ་དང་མ་བྲལ་བའི་ཕྱིར་བདེན་པ་མཐོང་བ་མཚན་མའི་འཆིང་བ་ལས་རྣམ་པར་འགྲོལ་བར་ཡང་མི་འགྱུར། མཚན་མའི་འཆིང་བ་ལས་རྣམ་པར་མ་གྲོལ་ན། གནས་ངན་ལེན་གྱི་འཆིང་བ་ལས་ཀྱང་རྣམ་པར་མ་གྲོལ་བར་འགྱུར། འཆིང་བ་དེ་གཉིས་ལས་མ་གྲོལ་ན་བདེན་པ་མཐོང་བས་གྲུབ་པ་དང ། བདེ་བ་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་པའང་མི་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་མི་འགྱུར་རོ། །བློ་གྲོས་ཤིན་ཏུ་རྣམ་དག་།གང་གི་ཕྱིར་སོ་སོའི་སྐྱེ་བོ་བདེན་པ་མཐོང་བ་མ་ཡིན། སོ་སོའི་སྐྱེ་བོ་ཁོ་ནར་གྱུར་བཞིན་དུ་གྲུབ་པ་དང ། བདེ་བ་བླ་ན་མེད་པའི་མྱ་ངན་ལས་འདས་པ་འཐོབ་པར་ཡང་མི་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བ་དེའི་ཕྱིར་འདུ་བྱེད་ཀྱི་མཚན་ཉིད་དང ། དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་ཞེས་བྱར་མི་རུང་སྟེ། དེ་ལ་གང་དག་དེ་སྐད་ཅེས་འདུ་བྱེད་ཀྱི་མཚན་ཉིད་དང ། དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་ཞེས་ཟེར་བ་དེ་དག་ནི། རྣམ་གྲངས་དེས་ན་ཁྱོད་ཀྱིས་འདི་ལྟར་ཚུལ་བཞིན་མ་ཡིན་པར་ཞུགས་པ་ཡིན་གྱི། ཚུལ་བཞིན་དུ་ཞུགས་པ་མ་ཡིན་པར་རིག་པར་བྱའོ། །བློ་གྲོས་ཤིན་ཏུ་རྣམ་དག། གང་གི་ཕྱིར་བདེན་པ་མཐོང་བ་རྣམས་འདུ་བྱེད་ཀྱི་མཚན་མ་ 12a ༄#། །དང་བྲལ་བ་མ་ཡིན་གྱི། བྲལ་བ་ཁོ་ན་ཡིན་པ་དང ། བདེན་པ་མཐོང་བ་མཚན་མའི་འཆིང་བ་ལས་རྣམ་པར་གྲོལ་བ་མ་ཡིན་གྱི། རྣམ་པར་གྲོལ་བ་ཡིན་པ་དང།་བདེན་པ་མཐོང་བ་གནས་ངན་ལེན་གྱི་འཆིང་བ་ལས་རྣམ་པར་གྲོལ་བ་མ་ཡིན་གྱི། རྣམ་པར་གྲོལ་བ་དང ། འཆིང་བ་དེ་གཉིས་ཀ་ལས་རྣམ་པར་གྲོལ་ན་གྲུབ་པ་དང ། བདེ་བ་བླ་ན་མེད་པའི་ཕྱིར་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་བ་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་བ་དེའི་ཕྱིར་འདུ་བྱེད་ཀྱི་མཚན་ཉིད་དང ། དོན་དམ་པའི་མཚན་ཉིད་ཐ་དད་པ་ཞེས་བྱར་མི་རུང་སྟེ། དེ་ལ་གང་དག་དེ་སྐད་ཅེས་འདུ་བྱེད་ཀྱི་མཚན་ཉིད་དང ། དོན་དམ་པའི་མཚན་ཉིད་ཐ་དད་པ་ཞེས་ཟེར་བ་དེ་དག་ནི་རྣམ་གྲངས་དེས་ན་ཁྱོད་ཀྱིས་འདི་ལྟར་ཚུལ་བཞིན་མ་ཡིན་པར་ཞུགས་པ་ཡིན་གྱི། ཚུལ་བཞིན་དུ་ཞུགས་པ་མ་ཡིན་པར་རིག་པར་བྱའོ། །བློ་གྲོས་ཤིན་ཏུ་རྣམ་དག་།གཞན་ཡང་གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང ། དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་པར་གྱུར་ན་ནི། དེས་ན་ཇི་ལྟར་འདུ་བྱེད་ཀྱི་མཚན་ཉིད་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་གཏོགས་པ་དེ་བཞིན་དུ་དོན་དམ་པའི་མཚན་ཉིད་ཀྱང་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་གཏོགས་པར་འགྱུར་རོ། །བློ་གྲོས་ཤིན་ཏུ་ 12b རྣམ་དག། གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང ། དོན་དམ་པའི་མཚན་ཉིད་ཐ་དད་པ་ཡིན་པར་གྱུར་ནའང ། དེས་ན་འདུ་བྱེད་ཀྱི་མཚན་ཉིད་ཐམས་ཅད་ལ་དོན་དམ་པའི་མཚན་ཉིད་སྤྱིའི་མཚན་ཉིད་དུ་གྱུར་པ་མ་ཡིན་པར་འགྱུར་རོ། །བློ་གྲོས་ཤིན་ཏུ་རྣམ་དག་།གང་གིས་ཕྱིར་དོན་དམ་པའི་མཚན་ཉིད་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་གཏོགས་པ་མ་ཡིན་པ་དང ། འདུ་བྱེད་ཀྱི་མཚན་ཉིད་ཐམས་ཅད་ལ་དོན་དམ་པའི་མཚན་ཉིད་སྤྱིའི་མཚན་ཉིད་དུ་གྱུར་པ་ཡིན་པ་དེའི་ཕྱིར་འདུ་བྱེད་ཀྱི་མཚན་ཉིད་དང ། དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་ཞེས་བྱར་ཡང་མི་རུང་ལ། དོན་དམ་པའི་མཚན་ཉིད་ཐ་དད་པ་ཞེས་བྱར་ཡང་མི་རུང་སྟེ། དེ་ལ་གང་དག་དེ་སྐད་ཅེས་འདུ་བྱེད་ཀྱི་མཚན་ཉིད་དང ། དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་པ་ཞེས་ཟེར་བ་དང ། དོན་དམ་པའི་མཚན་ཉིད་ཐ་དད་པ་ཞེས་ཟེར་བ་དེ་དག་ནི། རྣམ་གྲངས་དེས་ན་ཁྱོད་ཀྱིས་འདི་ལྟར་ཚུལ་བཞིན་མ་ཡིན་པར་ཞུགས་པ་ཡིན་གྱི། ཚུལ་བཞིན་དུ་ཞུགས་པ་མ་ཡིན་པར་རིག་པར་བྱའོ། །བློ་གྲོས་ཤིན་ཏུ་རྣམ་དག། གཞན་ཡང་གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང ། དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་པར་གྱུར་ན་ནི། དེས་ན་ཇི་ལྟར་དོན་དམ་པའི་མཚན་ཉིད་འདུ་བྱེད་ཀྱི་མཚན་ཉིད་ཐམས་ཅད་ལ་བྱེ་བྲག་མེད་པ་དེ་བཞིན་དུ་འདུ་བྱེད་ཀྱི་མཚན་ཉིད་ཐམས་ཅད་ཀྱང་བྱེ་བྲག་མེད་པ་དང ། རྣལ་འབྱོར་པ་དག་འདུ་བྱེད་ 13a ༄#། །རྣམས་ལ་ཇི་ལྟར་མཐོང་བ་དང ། ཇི་ལྟར་ཐོས་པ་དང ། ཇི་ལྟར་བྱེ་བྲག་ཕྱེད་པ་དང ། ཇི་ལྟར་རྣམ་པར་ཤེས་པ་ལས་གོང་དུ་དོན་དམ་པ་ཡོངས་སུ་འཚོལ་བར་ཡང་མི་འགྱུར་རོ། །གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང ། དོན་དམ་པའི་མཚན་ཉིད་ཐ་དད་པ་ཡིན་པར་གྱུར་ན་ནི། དེས་ན་འདུ་བྱེད་རྣམས་ཀྱི་བདག་མེད་པ་ཙམ་དང ། ངོ་བོ་ཉིད་མེད་པ་ཙམ་ཉིད་དོན་དམ་པའི་མཚན་ཉིད་ཡིན་པར་ཡང་མི་འགྱུར། ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང ། རྣམ་པར་བྱང་བའི་མཚན་ཉིད་ཀྱང་དུས་གཅིག་ཏུ་མཚན་ཉིད་ཐ་དད་དུ་གྲུབ་པར་འགྱུར་རོ། །བློ་གྲོས་ཤིན་ཏུ་རྣམ་དག་གང་གི་ཕྱིར་འདུ་བྱེད་ཀྱི་མཚན་ཉིད་རྣམས་ནི་བྱེ་བྲག་ཡོད་པ་ཡིན་ཏེ། བྱེ་བྲག་མེད་པ་མ་ཡིན་པ་དང ། རྣལ་འབྱོར་པ་དག་འདུ་བྱེད་རྣམས་ལ་ཇི་ལྟར་མཐོང་བ་དང ། ཐོས་པ་དང ། བྱེ་བྲག་ཕྱེད་པ་དང ། རྣམ་པར་ཤེས་པ་ལས་གོང་དུ་དོན་དམ་པ་ཡོངས་སུ་ཚོལ་བར་བྱེད་པ་དང ། དོན་དམ་པ་ནི་འདུ་བྱེད་རྣམས་ཀྱི་བདག་མེད་པས་རབ་ཏུ་ཕྱེ་བ་ཡིན་པ་དང ། ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བའི་མཚན་ཉིད་ཀྱང་དུས་གཅིག་ཏུ་མཚན་ཉིད་ཐ་དད་དུ་གྲུབ་པ་མེད་པ་དེའི་ཕྱིར་འདུ་བྱེད་ཀྱི་མཚན་ཉིད་དང ། དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་པའམ། ཐ་དད་པ་ཞེས་བྱར་མི་རུང་ངོ ། །དེ་ལ་གང་དག་དེ་སྐད་ཅེས་འདུ་བྱེད་ཀྱི་ 13b མཚན་ཉིད་དང ། དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་པའམ། ཐ་དད་པ་ཞེས་ཟེར་བ་དེ་དག་ནི་རྣམ་གྲངས་དེས་ན། ཁྱོད་ཀྱིས་འདི་ལྟར་ཚུལ་བཞིན་མ་ཡིན་པར་ཞུགས་པ་ཡིན་གྱི།་ཚུལ་བཞིན་དུ་ཞུགས་པ་མ་ཡིན་པར་རིག་པར་བྱའོ། །བློ་གྲོས་ཤིན་ཏུ་རྣམ་དག་འདི་ལྟ་སྟེ། དཔེར་ན། དུང་གི་དཀར་པོ་ཉིད་ནི། དུང་དང་མཚན་ཉིད་ཐ་དད་པ་མ་ཡིན་པའམ། མཚན་ཉིད་ཐ་དད་དུ་གདགས་པར་སླ་བ་མ་ཡིན་ནོ། །དུང་གི་དཀར་པོ་ཉིད་ཇི་ལྟ་བ་བཞིན་དུ་གསེར་གྱི་སེར་པོ་ཉིད་ཀྱང་དེ་བཞིན་ནོ། །པི་ཝང་གི་སྒྲའི་སྙན་པ་ཉིད་ཀྱང་པི་ཝང་གི་སྒྲ་དང་མཚན་ཉིད་ཐ་དད་པ་མ་ཡིན་པའམ། མཚན་ཉིད་ཐ་དད་པར་གདགས་པར་སླ་བ་མ་ཡིན་ནོ། ། ཀ་རུ་ནག་པོའི་དྲི་ཞིམ་པ་ཉིད་ཀྱང་ཨ་ཀ་རུ་ནག་པོ་དང་མཚན་ཉིད་ཐ་དད་པ་མ་ཡིན་པའམ། མཚན་ཉིད་ཐ་དད་དུ་གདགས་པར་སླ་བ་མ་ཡིན་ནོ། །ན་ལེ་ཤམ་གྱི་ཚ་བ་ཉིད་ཀྱང་ན་ལེ་ཤམ་དང་མཚན་ཉིད་ཐ་དད་པ་མ་ཡིན་པའམ། མཚན་ཉིད་ཐ་དད་དུ་གདགས་པར་སླ་བ་མ་ཡིན་ནོ། །ན་ལེ་ཤམ་གྱི་ཚ་བ་ཉིད་ཇི་ལྟ་བ་བཞིན་ཨ་རུ་རའི་བསྐལ་བ་ཉིད་ཀྱང་དེ་བཞིན་ནོ། །འདི་ལྟ་སྟེ། དཔེར་ན། ཤིང་བལ་གྱི་འདའ་བའི་འཇམ་པ་ཉིད་ཀྱང་ཤིང་བལ་གྱི་འདའ་བ་དང་མཚན་ཉིད་ཐ་དད་པ་མ་ཡིན་པའམ། མཚན་ཉིད་ཐ་དད་དུ་གདགས་པར་སླ་བ་མ་ཡིན་ནོ། །འདི་ལྟ་སྟེ། དཔེར་ན། མར་ལ་མར་གྱི་སྙིང་ཁུའང་མར་དང་མཚན་ཉིད་ཐ་དང་ 14a ༄#། །པ་མ་ཡིན་པའམ། མཚན་ཉིད་ཐ་དད་དུ་གདགས་པར་སླ་བ་མ་ཡིན་ནོ། །འདི་ལྟ་སྟེ། དཔེར་ན། འདུ་བྱེད་ཐམས་ཅད་ལ་མི་རྟག་པ་ཉིད་དང ། ཟག་པ་དང་བཅས་པ་ཐམས་ཅད་ལ་སྡུག་བསྔལ་བ་ཉིད་དང ། ཆོས་ཐམས་ཅད་ལ་གང་བདག་མེད་པ་ཉིད་ཀྱང་དེ་དག་དང་མཚན་ཉིད་ཐ་དད་པ་མ་ཡིན་པའམ། མཚན་ཉིད་ཐ་དད་དུ་གདགས་པར་སླ་བ་མ་ཡིན་ནོ། །བློ་གྲོས་ཤིན་ཏུ་རྣམ་དག་འདི་ལྟ་སྟེ། དཔེར་ན། འདོད་ཆགས་ཀྱི་མ་ཞི་བའི་མཚན་ཉིད་དང ། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱང་འདོད་ཆགས་དང་མཚན་ཉིད་ཐ་དད་པ་མ་ཡིན་པའམ། མཚན་ཉིད་ཐ་དད་དུ་གདགས་པར་སླ་བ་མ་ཡིན་པ་དང ། འདོད་ཆགས་ཀྱི་ཇི་ལྟ་བ་བཞིན་དུ་ཞེ་སྡང་དང ། གཏི་མུག་གིའང་དེ་བཞིན་དུ་རིག་པར་བྱའོ། །བློ་གྲོས་ཤིན་ཏུ་རྣམ་དག་དེ་བཞིན་དུ་འདུ་བྱེད་ཀྱི་མཚན་ཉིད་དང ། དོན་དམ་པའི་མཚན་ཉིད་ཀྱང་མཚན་ཉིད་ཐ་དད་པ་མ་ཡིན་པའམ། མཚན་ཉིད་ཐ་དད་དུ་གདགས་པར་མི་བཟོད་དོ། །བློ་གྲོས་ཤིན་ཏུ་རྣམ་དག་ངས་ནི་དེ་ལྟར་དོན་དམ་པ་ཕྲ་བ། མཆོག་ཏུ་ཕྲ་བ། མཆོག་ཏུ་ཟབ་པ། རྟོགས་པར་དཀའ་བ། མཆོག་ཏུ་དཀའ་བ། ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ། མངོན་པར་རྫོགས་པར་སངས་ 14b རྒྱས་ནས་ཀྱང་བསྙད་ཅིང་གསལ་བར་བྱས། རྣམ་པར་ཕྱེ། གདགས་པ་བྱས། རབ་ཏུ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་དུ་ཡང་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །སྐྱེ་བ་པོ་ཡི་ལྷག་མཐོང་དང ། །ཞི་གནས་གོམས་པར་བྱས་ནས་ནི། །གནས་ངན་ལེན་གྱི་འཆིང་བ་དང ། །མཚན་མའི་འཆིང་ལས་རྣམ་གྲོལ་འགྱུར། །བློ་གྲོས་ཤིན་ཏུ་རྣམ་དག་གི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་སེམས་ཅན་གྱི་ཁམས་ན་གང་དག་མངོན་པའི་ང་རྒྱལ་གྱིས་མངོན་དུ་ཟིན་ཅིང་ཤེས་པ་བརྡ་སྤྲོད་པར་བྱེད་པའི་སེམས་ཅན་ནི་ཇི་ཙམ་ཞིག་ཡོད་པར་ཤེས། ཁྱོད་ཀྱིས་སེམས་ཅན་གྱི་ཁམས་ན་གང་དག་མངོན་པའི་ང་རྒྱལ་མེད་པར་ཤེས་པ་བརྡ་སྤྲོད་པར་བྱེད་པའི་སེམས་ཅན་ནི་ཇི་ཙམ་ཞིག་ཡོད་པར་ཤེས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། བདག་ནི་སེམས་ཅན་གྱི་ཁམས་ན་གང་དག་མངོན་པའི་ང་རྒྱལ་མ་མཆིས་པར་ཤེས་པ་བརྡ་སྤྲོད་པར་བགྱིད་པའི་སེམས་ཅན་ནི་ཉུང་ཤས་ཤིག་མཆིས་པར་འཚལ་ལགས་ཀྱིས་བཅོམ་ལྡན་འདས། བདག་གིས་སེམས་ 15a ༄#། །ཅན་གྱི་ཁམས་ན་གང་དག་མངོན་པའི་ང་རྒྱལ་གྱིས་མངོན་དུ་ཟིན་ཅིང་ཤེས་པ་བརྡ་སྤྲོད་པར་བགྱིད་པའི་སེམས་ཅན་ནི་ཚད་མ་མཆིས། གྲངས་མ་མཆིས། བརྗོད་དུ་མ་མཆིས་པར་འཚལ་ལགས་ཏེ། བཅོམ་ལྡན་འདས། བདག་དུས་གཅིག་ཅིག་ན། དགོན་པ་ནགས་ཁྲོད་ཆེན་པོ་ཞིག་ན་མཆིས་པའི་ཚེ། དེ་ན་བདག་གི་ཉེ་འཁོར་ན་དགེ་སློང་རབ་ཏུ་མང་པོ་དག་ཅིག་ཀྱང་དགོན་པ་ནགས་ཁྲོད་ཆེན་པོ་ན་རྟེན་ཅིང་གནས་ལགས་ཏེ། བདག་གིས་སྔ་དྲོའི་དུས་ཀྱི་ཚེ་དགེ་སློང་ཕན་ཚུན་ནས་མཆིས་ཤིང་མཇལ་ནས། ཆོས་རྣམ་པ་སྣ་ཚོགས་དམིགས་པའི་མངོན་པར་རྟོགས་པ་སྟོན་པས་ཤེས་པ་བརྡ་སྤྲོད་པར་བགྱིད་དེ། དེ་ན་ཁ་ཅིག་ནི་ཕུང་པོ་དམིགས་པ་དང ། ཕུང་པོའི་མཚན་མ་དམིགས་པ་དང ། ཕུང་པོའི་སྐྱེ་བ་དམིགས་པ་དང ། ཕུང་པོའི་འཇིག་པ་དམིགས་པ་དང ། ཕུང་པོ་འགོག་པ་དམིགས་པ་དང ། ཕུང་པོ་འགོག་པ་མངོན་དུ་བགྱིད་པ་དམིགས་པས་ཤེས་པ་བརྡ་སྤྲོད་པར་བགྱིད། ཁ་ཅིག་ཕུང་པོ་དམིགས་པས་ཇི་ལྟ་བ་དེ་བཞིན་དུ་ཁ་ཅིག་ནི་སྐྱེ་མཆེད་དམིགས་པས། ཁ་ཅིག་རྟེན་ཅིང་འབྲེལ་བར་འབྱུང་བ་དམིགས་པས་ཤེས་པ་བརྡ་སྤྲོད་པར་བགྱིད། ཁ་ཅིག་ནི་ཟས་དམིགས་པ་དང ། ཟས་ཀྱི་མཚན་མ་དམིགས་པ་དང ། ཟས་ཀྱི་སྐྱེ་བ་དམིགས་པ་དང ། ཟས་ཀྱི་འཇིག་པ་དམིགས་པ་དང ། 15b ཟས་འགོག་པ་དམིགས་པ་དང ། ཟས་འགོག་པ་མངོན་དུ་བགྱི་བ་དམིགས་པས་ཤེས་པ་བརྡ་སྤྲོད་པར་བགྱིད། ཁ་ཅིག་ནི་བདེན་པ་དམིགས་པ་དང ། བདེན་པའི་མཚན་ཉིད་དམིགས་པ་དང ། བདེན་པ་ཡོངས་སུ་ཤེས་པ་དམིགས་པ་དང ། བདེན་པ་སྤངས་པ་དམིགས་པ་དང ། བདེན་པ་མངོན་དུ་བགྱི་བ་དམིགས་པ་དང ། བདེན་པ་སྒོམ་པ་དམིགས་པས་ཤེས་པ་བརྡ་སྤྲོད་པར་བགྱིད། ཁ་ཅིག་ནི་ཁམས་ཀྱི་དམིགས་པ་དང ། ཁམས་ཀྱི་མཚན་མ་དམིགས་པ་དང ། ཁམས་སྣ་ཚོགས་པ་ཉིད་དམིགས་པ་དང ། ཁམས་དུ་མ་དམིགས་པ་དང ། ཁམས་འགོག་པ་དམིགས་པ་དང ། ཁམས་འགོག་པ་མངོན་དུ་བགྱི་བ་དམིགས་པས་ཤེས་པས་བརྡ་སྤྲོད་པར་བགྱིད། ཁ་ཅིག་ནི་དྲན་པ་ཉེ་བར་བཞག་པ་དམིགས་པ་དང ། དྲན་པ་ཉེ་བར་བཞག་པའི་མཚན་མ་དམིགས་པ་དང ། དྲན་པ་ཉེ་བར་བཞག་པའི་མི་མཐུན་པའི་ཕྱོགས་དང ། གཉེན་པོ་དམིགས་པ་དང ། དྲན་པ་ཉེ་བར་བཞག་པ་བསྒོམ་པ་དམིགས་པ་དང ། དྲན་པ་ཉེ་བར་བཞག་པ་མ་སྐྱེས་པ་སྐྱེ་བ་དམིགས་པ་དང ། དྲན་པ་ཉེ་བར་བཞག་པ་སྐྱེས་པ་གནས་པ་དང ། མི་བསྐྱུད་པ་དང ། སླར་ཞིང་འབྱུང་བ་དང ། འཕེལ་ཞིང་རྒྱས་པ་དམིགས་པས་ཤེས་པ་བརྡ་སྤྲོད་པར་བགྱིད། ཁ་ཅིག་ནི་དྲན་པ་ཉེ་བར་བཞག་པ་རྣམས་ཇི་ལྟ་བ་དེ་བཞིན་དུ། ཁ་ཅིག་ནི་ཡང་དག་པར་སྤོང་བ་རྣམས་དང ། རྫུ་འཕྲུལ་ 16a ༄#། །གྱི་རྐང་པ་རྣམས་དང ། དབང་པོ་རྣམས་དང ། སྟོབས་རྣམས་དང ། བྱང་ཆུབ་ཀྱི་ཡན་ལག་རྣམས་དང ། ཁ་ཅིག་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་དམིགས་པ་དང ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཚན་མ་དམིགས་པ་དང ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་དམིགས་པ་དང ། འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པ་དམིགས་པ་དང ། འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་སྐྱེས་པ་སྐྱེ་བ་དམིགས་པ་དང ། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྐྱེས་པ་གནས་པ་དང ། མི་བསྐྱུད་པ་དང ། སླར་ཞིང་འབྱུང་བ་དང ། འཕེལ་ཞིང་རྒྱས་པ་དམིགས་པས་ཤེས་པ་བརྡ་སྤྲོད་པར་བགྱིད་པ་དག་མཐོང་ལགས་སོ། །མཐོང་ནས་ཀྱང་བདག་འདི་སྙམ་བགྱིད་དེ། ཚེ་དང་ལྡན་པ་འདི་དག་ནི་ཆོས་རྣམ་པ་སྣ་ཚོགས་པའི་མངོན་པར་རྟོགས་པ་སྟོན་པས་ཤེས་པ་བརྡ་སྤྲོད་པར་བགྱིད་ཅིང ། འདི་ལྟར་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་མ་འཚལ་བས། ཚེ་དང་ལྡན་པ་འདི་དག་ནི་མངོན་པའི་ང་རྒྱལ་ཅན། མངོན་པའི་ང་རྒྱལ་གྱིས་མངོན་དུ་ཟིན་ཅིང་ཤེས་པ་བརྡ་སྤྲོད་པར་བགྱིད་པ་ཤ་སྟག་ལགས་སོ་སྙམ་བགྱིད་ལགས་སོ། །བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱི་གང་གི་སླད་དུ་འདི་སྐད་ཅེས་དོན་དམ་པ་ནི་ཕྲ་བ། ཟབ་པ། རྟོགས་ 16b པར་དཀའ་བ། མཆོག་ཏུ་རྟོགས་པར་དཀའ་བ། ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཡིན་ནོ་ཞེས་བཀའ་སྩལ་པ་ཇི་ཙམ་དུ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་དེ་ནི་ངོ་མཚར་ལགས་ཏེ། བཅོམ་ལྡན་འདས། དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ནི་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ཉིད་ལ་ཞུགས་པ། དགེ་སློང་དུ་གྱུར་པའི་སེམས་ཅན་རྣམས་ཀྱིས་ཀྱང་དེ་ལྟར་རྟོགས་པར་དཀའ་བ་ལགས་ན། འདི་ལས་སླད་རོལ་བའི་མུ་སྟེགས་ཅན་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ངས་ནི་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཕྲ་བ། མཆོག་ཏུ་ཕྲ་བ། ཟབ་པ། མཆོག་ཏུ་ཟབ་པ། རྟོགས་པར་དཀའ་བ། མཆོག་ཏུ་རྟོགས་པར་དཀའ་བ། མངོན་པར་རྫོགས་པར་སངས་རྒྱས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་བསྙད་ཅིང་གསལ་བར་བྱས། རྣམ་པར་ཕྱེ། གདགས་པར་བྱས།་རབ་ཏུ་བསྟན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། ཕུང་པོ་རྣམས་ལ་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་ངས་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་ཅིང ། རབ་འབྱོར། སྐྱེ་མཆེད་རྣམས་དང ། རྟེན་ཅིང་འབྲེལ་བར་འབྱུང་བ་དང ། ཟས་རྣམས་དང ། བདེན་པ་རྣམས་དང ། ཁམས་རྣམས་དང ། དྲན་པ་ཉེ་བར་བཞག་པ་རྣམས་དང ། ཡང་ 17a ༄#། །དག་པར་སྤོང་བ་རྣམས་དང ། རྫུ་འཕྲུལ་གྱི་རྐང་པ་རྣམས་དང ། དབང་པོ་རྣམས་དང ། སྟོབས་རྣམས་དང ། བྱང་ཆུབ་ཀྱི་ཡན་ལག་རྣམས་དང ། རབ་འབྱོར། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་པའི་ཕྱིར་རོ། །ཕུང་པོ་རྣམས་ལ་རྣམ་པར་དག་པའི་དམིགས་པ་དེའང་ཐམས་ཅད་དུ་རོ་གཅིག་པ་སྟེ། མཚན་ཉིད་ཐ་དད་པ་མ་ཡིན་ནོ། །ཕུང་པོ་རྣམས་ལ་ཇི་ལྟ་བ་དེ་བཞིན་དུ་སྐྱེ་མཆེད་རྣམས་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་རྣམ་པར་དག་པའི་དམིགས་པ་དེའང་ཐམས་ཅད་དུ་རོ་གཅིག་པ་སྟེ། མཚན་ཉིད་ཐ་དད་པ་མ་ཡིན་ནོ། །རབ་འབྱོར། རྣམ་གྲངས་དེས་ན་ཁྱོད་ཀྱིས་འདི་ལྟར་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་དགེ་སློང་རྣལ་འབྱོར་སྤྱོད་པ་ནི་ཕུང་པོ་གཅིག་གི་དེ་བཞིན་ཉིད་དོན་དམ་པའི་ཆོས་བདག་མེད་པ་རབ་ཏུ་རྟོགས་ནས་ཡང་དེ་ལས་གཞན་པའི་ཕུང་པོ་རྣམས་དང ། ཁམས་རྣམས་དང ། སྐྱེ་མཆེད་རྣམས་དང ། རྟེན་ཅིང་འབྲེལ་བར་འབྱུང་བ་དང ། ཟས་རྣམས་དང ། བདེན་པ་རྣམས་དང ། དྲན་པ་ཉེ་བར་བཞག་པ་རྣམས་དང ། ཡང་དག་པར་སྤོང་བ་རྣམས་དང ། རྫུ་འཕྲུལ་གྱི་རྐང་ 17b པ་རྣམས་དང ། དབང་པོ་རྣམས་དང ། སྟོབས་རྣམས་དང ། བྱང་ཆུབ་ཀྱི་ཡན་ལག་རྣམས་སོ་སོ་དང ། འཕགས་པའི་ལམ་ཡན་ལག་བརྒྱད་པ་སོ་སོ་ལ་དེ་བཞིན་ཉིད་དོན་དམ་པ། བདག་མེད་པ། ཡོངས་སུ་ཚོལ་བར་མི་བྱེད་ཀྱི། དེ་བཞིན་ཉིད་ཀྱི་རྗེས་སུ་འབྲང་བ་གཉིས་མེད་པའི་ཤེས་པ་ལ་རྟེན་པ་དེ་ཉིད་ཀྱིས་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ངེས་པར་འཛིན་པ་དང ། མངོན་པར་རྟོགས་པ་ཁོ་ནར་བྱེད་དེ། རབ་འབྱོར། རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་གང་ཡིན་པ་དེ་དོན་དམ་པ་ཡིན་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཇི་ལྟར་ཕུང་པོ་དང ། སྐྱེ་མཆེད་དང ། རྟེན་ཅིང་འབྲེལ་བར་འབྱུང་བ་དང ། ཟས་དང ། བདེན་པ་དང ། ཁམས་དང།་དྲན་པ་ཉེ་བར་བཞག་པ་དང ། ཡང་དག་པར་སྤོང་བ་དང ། རྫུ་འཕྲུལ་གྱི་རྐང་པ་དང ། དབང་པོ་དང ། སྟོབས་དང ། བྱང་ཆུབ་ཀྱི་ཡན་ལག་འདི་དག་ཕན་ཚུན་མཚན་ཉིད་ཐ་དད་པ་དང ། ཇི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཕན་ཚུན་མཚན་ཉིད་ཐ་དད་པ་ཡིན་པ་དེ་བཞིན་དུ་གལ་ཏེ། ཆོས་དེ་དག་གི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པའང་མཚན་ཉིད་ཐ་དད་པ་ཡིན་པར་གྱུར་ན་ནི། དེས་ན་དེ་བཞིན་ཉིད་དོན་དམ་པ། ཆོས་བདག་མེད་པའང་རྒྱུ་དང་བཅས་པ་ཡིན་ཞིང་རྒྱུ་ལས་བྱུང་བ་ཡིན་པར་འགྱུར་རོ། །རྒྱུ་ 18a ༄#། །ལས་བྱུང་བ་ཉིད་ཡིན་ན་ནི་འདུས་བྱས་ཡིན་པར་འགྱུར་རོ། །འདུས་བྱས་ཉིད་ཡིན་ན་ནི་དོན་དམ་པ་ཡིན་པར་མི་འགྱུར་རོ། །དོན་དམ་པ་མ་ཡིན་ན་ནི་དོན་དམ་པ་གཞན་ཞིག་ཡོངས་སུ་བཙལ་དགོས་པར་འགྱུར་རོ། །རབ་འབྱོར། གང་གི་ཕྱིར་དེ་བཞིན་ཉིད་དོན་དམ་པ། ཆོས་བདག་མེད་པ་རྒྱུ་ལས་བྱུང་བ་མ་ཡིན་པ་དང ། འདུས་བྱས་མ་ཡིན་པ་དང ། དོན་དམ་པ་མ་ཡིན་པ་མ་ཡིན་པ་དང ། དོན་དམ་པ་དེའི་དོན་དམ་པ་གཞན་ཡོངས་སུ་བཙལ་བར་བྱ་མི་དགོས་ཀྱི། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། རྟག་པ་རྟག་པའི་དུས་དང ། ཐེར་ཟུག་ཐེར་ཟུག་གི་དུས་སུ་ཆོས་གནས་པར་བྱ་བའི་ཕྱིར་ཆོས་རྣམས་ཀྱི་ཆོས་ཉིད་དབྱིངས་དེ་ནི་རྣམ་པར་གནས་པ་ཁོ་ན་ཡིན་པ་དེའི་ཕྱིར། རབ་འབྱོར། རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་གང་ཡིན་པ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། ནམ་མཁའ་ནི་གཟུགས་ཀྱི་རྣམ་པ་སྣ་ཚོགས་དུ་མ་མཚན་ཉིད་ཐ་དད་པ་ལ་མཚན་མ་མེད་པ་རྣམ་པར་རྟོག་པ་མེད་པ་འགྱུར་བ་མེད་པ་སྟེ། ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཡིན་ནོ། །རབ་འབྱོར། དེ་བཞིན་དུ་དོན་དམ་པའང་མཚན་ཉིད་ཐ་དད་པའི་ཆོས་རྣམས་ལ་ཐམས་ཅད་དུ་རོ་གཅིག་པའི་མཚན་ 18b ཉིད་ཡིན་པར་བལྟ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །དོན་དམ་དེ་ནི་ཐ་དད་མ་ཡིན་ཏེ། །ཀུན་ཏུ་རོ་གཅིག་མཚན་ཉིད་སངས་རྒྱས་གསུང ། །དེ་ལ་གང་དག་ཐ་དད་ཀུན་རྟོག་པ། །དེ་དག་ང་རྒྱལ་གནས་པ་རྨོངས་པ་ཡིན། །རབ་འབྱོར་གྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་ཡངས་པས་ཞུ་བ་ཞུས་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དང ། ཡིད་དང ། རྣམ་པར་ཤེས་པའི་གསང་བ་ལ་མཁས་པ། བྱང་ཆུབ་སེམས་དཔའ་སེམས་དང ། ཡིད་དང ། རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཞེས་བགྱི་ན། བཅོམ་ལྡན་འདས། ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དང ། ཡིད་དང།་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ལགས། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་སེམས་དང ། ཡིད་དང ། རྣམ་པར་ཤེས་པའི་གསང་བ་ལ་མཁས་པར་འདོགས་ནའང་ཇི་ཙམ་གྱིས་འདོགས་ལགས། དེ་སྐད་ཅེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་ཡངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་ཡངས་པ་ཁྱོད་དེ་ལྟར་སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་སྙིང་བརྩེ་བ་དང ། ལྷ་དང་མིར་བཅས་པའི་སྐྱེ་དགུའི་དོན་དང ། ཕན་པ་དང་ 19a ༄#། །བདེ་བའི་ཕྱིར་ཞུགས་ཏེ། དེ་བཞིན་གཤེགས་པ་ལ་ཁྱོད་དོན་འདི་ཉིད་འདྲི་བར་སེམས་པ་ནི་ལེགས་སོ། །ལེགས་སོ། །བློ་གྲོས་ཡངས་པ། དེའི་ཕྱིར་ཉོན་ཅིག་དང ། སེམས་དང ། ཡིད་དང ། རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཁྱོད་ལ་བཤད་པར་བྱའོ། །བློ་གྲོས་ཡངས་པ། འགྲོ་བ་དྲུག་གི་འཁོར་བ་འདི་ན་སེམས་ཅན་གང་དང་གང་དག་སེམས་ཅན་གྱི་རིས་གང་དང་གང་དུའང་སྒོ་ང་ནས་སྐྱེ་བའི་སྐྱེ་གནས་སམ། ཡང་ན་མངལ་ནས་སྐྱེ་བའམ། ཡང་ན་དྲོད་གཤེར་ལས་སྐྱེ་བའམ། ཡང་ན་རྫུས་ཏེ་སྐྱེ་བའི་སྐྱེ་གནས་སུ་ལུས་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་བ་དེར་དང་པོར་འདི་ལྟར་ལེན་པ་རྣམ་པ་གཉིས་པོ་རྟེན་དང་བཅས་པའི་དབང་པོ་གཟུགས་ཅན་ལེན་པ་དང ། མཚན་མ་དང་མིང་དང་རྣམ་པར་རྟོག་པ་ལ་ཐ་སྙད་འདོགས་པའི་སྤྲོས་པའི་བག་ཆགས་ལེན་པ་ལ་རྟེན་ནས། ས་བོན་ཐམས་ཅད་པའི་སེམས་རྣམ་པར་སྨིན་ཅིང་འཇུག་ལ། རྒྱས་ཤིང་འཕེལ་བ་དང་ཡངས་པར་འགྱུར་རོ། །དེ་ལ་གཟུགས་ཅན་གྱི་ཁམས་ན་ནི་ལེན་པ་གཉི་ག་ཡོད་ལ། གཟུགས་ཅན་མ་ཡིན་པའི་ཁམས་ན་ནི་ལེན་པ་གཉིས་སུ་མེད་དོ། །བློ་གྲོས་ཡངས་པ། རྣམ་པར་ཤེས་པ་དེ་ནི་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། འདི་ལྟར་དེས་ལུས་འདི་བཟུང་ཞིང་བླངས་པའི་ཕྱིར་རོ། །ཀུན་གཞི་རྣམ་པར་ 19b ཤེས་པ་ཞེས་ཀྱང་བྱ་སྟེ། འདི་ལྟར་དེ་ལུས་འདི་ལ་གྲུབ་པ་དང་བདེ་བ་གཅིག་པའི་དོན་གྱིས་ཀུན་ཏུ་སྦྱོར་བ་དང ། རབ་ཏུ་སྦྱོར་བར་བྱེད་པའི་ཕྱིར་རོ། །སེམས་ཞེས་ཀྱང་བྱ་སྟེ། འདི་ལྟར་དེ་ནི་གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དང ། ཆོས་ཀུན་ཏུ་བསགས་པ་དང ། ཉེ་བར་བསགས་པ་ཡིན་པའི་ཕྱིར་རོ། །བློ་གྲོས་ཡངས་པ། ལེན་པའི་རྣམ་པར་ཤེས་པ་དེ་ལ་རྟེན་ཅིང་གནས་ནས་རྣམ་པར་ཤེས་པའི་ཚོགས་དྲུག་པོ་འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་རྣམ་པར་ཤེས་པ་དག་འབྱུང་ངོ ། །དེ་ལ་རྣམ་པར་ཤེས་པ་དང་བཅས་པའི་མིག་དང་གཟུགས་རྣམས་ལ་བརྟེན་ནས། མིག་གི་རྣམ་པར་ཤེས་པ་འབྱུང་སྟེ། མིག་གི་རྣམ་པར་ཤེས་པ་དེ་དང་ལྷན་ཅིག་རྗེས་སུ་འཇུག་པ། དུས་མཚུངས་པ། སྤྱོད་ཡུལ་མཚུངས་པ། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པའང་འབྱུང་ངོ ། །བློ་གྲོས་ཡངས་པ། དེ་ལ་རྣམ་པར་ཤེས་པ་དང་བཅས་པའི་རྣ་བ་དང ། སྣ་དང ། ལྕེ་དང ། རྣམ་པར་ཤེས་པ་དང་བཅས་པའི་ལུས་དང ། རེག་བྱ་རྣམས་ལ་བརྟེན་ནས་ལུས་ཀྱི་རྣམ་པར་ཤེས་པ་འབྱུང་སྟེ། ལུས་ཀྱི་རྣམ་པར་ཤེས་པ་དེ་དང་ལྷན་ཅིག་རྗེས་སུ་འཇུག་པ། དུས་མཚུངས་པ། སྤྱོད་ཡུལ་མཚུངས་པ། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པའང་འབྱུང་ངོ ། །གལ་ཏེ་མིག་གི་ 20a ༄#། །རྣམ་པར་ཤེས་པ་གཅིག་ལྷན་ཅིག་འབྱུང་ན་ནི་མིག་གི་རྣམ་པར་ཤེས་པ་དང་སྤྱོད་ཡུལ་མཚུངས་པ། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་ཁོ་ན་ལྷན་ཅིག་འབྱུང་ངོ ། །གལ་ཏེ་རྣམ་པར་ཤེས་པའི་ཚོགས་གཉིས་སམ། གསུམ་མམ། བཞི་ལྷན་ཅིག་གམ། ལྔ་ཆར་ལྷན་ཅིག་འབྱུང་ནའང་དེར་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་དང་སྤྱོད་ཡུལ་མཚུངས་པ། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པའང་གཅིག་ཁོ་ན་ལྷན་ཅིག་འབྱུང་ངོ ། །བློ་གྲོས་ཡངས་པ། འདི་ལྟ་སྟེ།་དཔེར་ན། ཆུའི་ཀླུང་ཆེན་པོ་འབབ་པ་ལ་གལ་ཏེ་རླབས་གཅིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན། རླབས་ཀྱང་གཅིག་ཁོ་ན་འབྱུང་ངོ ། །གལ་ཏེ་རླབས་གཉིས་སམ།་གལ་ཏེ་རབ་ཏུ་མང་པོ་དག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན། རླབས་རབ་ཏུ་མང་པོ་དག་འབྱུང་ཞིང་ཆུའི་ཀླུང་དེ་རང་གི་རྒྱུན་གྱིས་རྒྱུན་འཆད་པར་ཡང་མི་འགྱུར་ལ། ཡོངས་སུ་ཟད་པར་ཡང་མི་འགྱུར་རོ། །མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཡོངས་སུ་དག་པ་ལའང་གལ་ཏེ་གཟུགས་བརྙན་གཅིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན། གཟུགས་བརྙན་ཡང་གཅིག་ཁོ་ན་འབྱུང་ངོ ། །གལ་ཏེ་གཟུགས་བརྙན་གཉིས་སམ། གལ་ཏེ་རབ་ཏུ་མང་པོ་དག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན། 20b གཟུགས་བརྙན་རབ་ཏུ་མང་པོ་དག་འབྱུང་ཞིང་མེ་ལོང་གི་དཀྱིལ་འཁོར་དེ་གཟུགས་བརྙན་གྱི་དངོས་པོར་ཡོངས་སུ་འགྱུར་བའང་མ་ཡིན་ལ། ཡོངས་སུ་སྦྱོར་བར་ཡང་མི་མངོན་ནོ།། བློ་གྲོས་ཡངས་པ། དེ་བཞིན་དུ་ཆུ་ཀླུང་ལྟ་བུ་དང ། མེ་ལོང་ལྟ་བུའི་ལེན་པའི་རྣམ་པར་ཤེས་པ་དེ་ལ་རྟེན་ཅིང་གནས་ནས། གལ་ཏེ་མིག་གི་རྣམ་པར་ཤེས་པ་གཅིག་ལན་གཅིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ནའང་མིག་གི་རྣམ་པར་ཤེས་པ་གཅིག་ཁོ་ན་ལན་གཅིག་འབྱུང་ངོ ། །གལ་ཏེ་རྣམ་པར་ཤེས་པའི་ཚོགས་ལྔ་ཆར་གྱི་བར་དག་ལན་གཅིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ནའང་རྣམ་པར་ཤེས་པའི་ཚོགས་ལྔ་ཆར་ལན་གཅིག་འབྱུང་ངོ ། །བློ་གྲོས་ཡངས་པ་དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ལུགས་ཤེས་པ་ལ་བརྟེན་ཅིང་ཆོས་ཀྱི་ལུགས་ཤེས་པ་ལ་གནས་ནས། སེམས་དང ། ཡིད་དང ། རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཡིན་ཡང་དེ་བཞིན་གཤེགས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དང ། ཡིད་དང ། རྣམ་པར་ཤེས་པའི་གསང་བ་ལ་མཁས་པར་འདོགས་ན་དེ་ཙམ་གྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འདོགས་སོ། །བློ་གྲོས་ཡངས་པ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནང་གི་སོ་སོ་ནང་གི་ལེན་པ་མི་མཐོང ། ལེན་པའི་རྣམ་པར་ཤེས་པའང་མི་མཐོང་ལ། དེའང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡིན་པ་དང ། ཀུན་གཞི་ཡང་ 21a ༄#། །མི་མཐོང ། ཀུན་གཞི་རྣམ་པར་ཤེས་པའང་མི་མཐོང ། བསགས་པའང་མི་མཐོང ། སེམས་ཀྱང་མི་མཐོང ། མིག་ཀྱང་མི་མཐོང ། གཟུགས་ཀྱང་མི་མཐོང ། མིག་གི་རྣམ་པར་ཤེས་པའང་མི་མཐོང ། རྣ་བའང་མི་མཐོང ། སྒྲའང་མི་མཐོང ། རྣ་བའི་རྣམ་པར་ཤེས་པའང་མི་མཐོང ། སྣའང་མི་མཐོང ། དྲིའང་མི་མཐོང ། སྣའི་རྣམ་པར་ཤེས་པའང་མི་མཐོང ། ལྕེའང་མི་མཐོང ། རོའང་མི་མཐོང ། ལྕེའི་རྣམ་པར་ཤེས་པའང་མི་མཐོང ། ལུས་ཀྱང་མི་མཐོང ། རེག་བྱའང་མི་མཐོང ། ལུས་ཀྱི་རྣམ་པར་ཤེས་པའང་མི་མཐོང ། བློ་གྲོས་ཡངས་པ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནང་གི་སོ་སོ་རང་གི་ཡིད་ཀྱང་མི་མཐོང ། ཆོས་རྣམས་ཀྱང་མི་མཐོང ། ཡིད་ཀྱི་རྣམ་པར་ཤེས་པའང་མི་མཐོང་ལ། དེའང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་དོན་དམ་པ་ལ་མཁས་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པའང་བྱང་ཆུབ་སེམས་དཔའ་དོན་དམ་པ་ལ་མཁས་པ་ནི་སེམས་དང ། ཡིད་དང ། རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཡིན་པར་འདོགས་སོ། །བློ་གྲོས་ཡངས་པ། དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དང ། ཡིད་དང ། རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཡིན་ལ། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་སེམས་དང ། ཡིད་དང ། 21b རྣམ་པར་ཤེས་པའི་གསང་བ་ལ་མཁས་པར་འདོགས་ནའང་དེ་ཙམ་གྱིས་འདོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་ཀླུང་ལྟར་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན། །བློ་གྲོས་ཡངས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཡོན་ཏན་འབྱུང་གནས་ཀྱི་ཞུ་བ་ཞུས་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ། བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་ཞེས་བགྱི་ན། བཅོམ་ལྡན་འདས། ཇི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་ལགས། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པར་འདོགས་ནའང་ཇི་ཙམ་གྱིས་འདོགས་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཡོན་ཏན་འབྱུང་གནས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡོན་ཏན་འབྱུང་གནས་ཁྱོད་དེ་ལྟར་སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་སྙིང་བརྩེ་བ་དང ། ལྷ་དང་མིར་བཅས་པའི་སྐྱེ་དགུའི་དོན་དང ། ཕན་པ་དང་བདེ་བའི་ཕྱིར་ཞུགས་ཏེ། དེ་ 22a ༄#། །བཞིན་གཤེགས་པ་ལ་ཁྱོད་དོན་འདི་ཉིད་འདྲི་བར་སེམས་པ་ནི་ལེགས་སོ། །ལེགས་སོ། །ཡོན་ཏན་འབྱུང་གནས། དེའི་ཕྱིར་ཉོན་ཅིག་དང ། ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་ཁྱོད་ལ་བཤད་པར་བྱའོ། །ཡོན་ཏན་འབྱུང་གནས། ཆོས་རྣམས་ཀྱི་མཚན་ཉིད་ནི་གསུམ་པོ་འདི་དག་ཡིན་ཏེ། གསུམ་གང་ཞེ་ན། ཀུན་བརྟགས་པའི་མཚན་ཉིད་དང ། གཞན་གྱི་དབང་གི་མཚན་ཉིད་དང ། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཡོན་ཏན་འབྱུང་གནས། དེ་ལ་ཆོས་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་གང་ཞེ་ན། ཇི་ཙམ་དུ་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་ཆོས་རྣམས་ཀྱི་ངོ་བོ་ཉིད་དམ་བྱེ་བྲག་ཏུ་མིང་དང་བརྡར་རྣམ་པར་བཞག་པ་གང་ཡིན་པའོ། །ཡོན་ཏན་འབྱུང་གནས། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཞེ་ན། ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དེ། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་གང་ཡིན་པའོ། །ཡོན་ཏན་འབྱུང་གནས། ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཞེ་ན། ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་སྟེ། བྱང་ 22b ཆུབ་སེམས་དཔའ་རྣམས་ཀྱིས་རྟུན་པའི་རྒྱུ་དང ། ལེགས་པར་ཚུལ་བཞིན་ཡིད་ལ་བྱས་པའི་རྒྱུས་དེ་རྟོགས་ཤིང ། དེ་རྟོགས་པ་གོམས་པར་བྱས་པ་ཡང་དག་པར་གྲུབ་པས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་དག་པར་འགྲུབ་པ་གང་ཡིན་པའོ། །ཡོན་ཏན་འབྱུང་གནས། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་གང་ཟག་རབ་རིབ་ཅན་གྱི་མིག་ལ་རབ་རིབ་ཀྱི་སྐྱོན་ཆགས་པ་དེ་ལྟ་བུར་ནི་ཀུན་བརྟགས་པའི་མཚན་ཉིད་དུ་བལྟ་བར་བྱའོ། །ཡོན་ཏན་འབྱུང་གནས། འདི་ལྟ་སྟེ། དཔེར་ན། དེ་ཉིད་ལ་རབ་རིབ་ཀྱི་མཚན་མ་སྐྲ་ཤད་འཛིངས་པའམ། སྦྲང་མའམ། ཏིལ་གྱི་འབྲུ་འམ། སྔོན་པོའི་མཚན་མའམ། སེར་པོའི་མཚན་མའམ། དམར་པོའི་མཚན་མའམ། དཀར་པོའི་མཚན་མ་སྣང་བར་གྱུར་པ་དེ་ལྟ་བུར་ནི་གཞན་གྱི་དབང་གི་མཚན་ཉིད་དུ་བལྟ་བར་བྱའོ། །ཡོན་ཏན་འབྱུང་གནས། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་གང་ཟག་དེ་ཉིད་ཀྱི་མིག་ཡོངས་སུ་དག་ཅིང་མིག་ལ་རབ་རིབ་ཀྱི་སྐྱོན་ཆགས་པ་དང་བྲལ་བར་གྱུར་པ་ན། མིག་དེ་ཉིད་ཀྱི་རང་བཞིན་གྱི་སྤྱོད་ཡུལ་མ་ནོར་བའི་སྤྱོད་ཡུལ་དེ་ལྟ་བུར་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་བལྟ་བར་བྱའོ། །ཡོན་ཏན་འབྱུང་གནས། འདི་ལྟ་སྟེ། དཔེར་ན། ཤེལ་ཤིན་ཏུ་གསལ་པ་ནི་གང་གི་ཚེ་ཚོན་སྔོན་པོ་དང་ཕྲད་པར་གྱུར་པ་དེའི་ཚེ་ནི་ནོར་དུ་རིན་པོ་ཆེ་ཨན་ད་རྙིལ་དང ། མཐོན་ཀ་ཆེན་ 23a ༄#། །པོ་ལྟ་བུར་སྣང་བར་འགྱུར་ཞིང ། ནོར་བུ་རིན་པོ་ཆེ་ཨན་ད་རྙིལ་དང ། མཐོན་ཀ་ཆེན་པོར་ལོག་པར་འཛིན་པས་ཀྱང་སེམས་ཅན་རྣམས་རྣམ་པར་རྨོངས་པར་བྱེད་དོ། །གང་གི་ཚེ་ཚོན་དམར་པོ་དང་ཕྲད་པར་གྱུར་པ་དེའི་ཚེ་ནི་ནོར་བུ་རིན་པོ་ཆེ་པདྨ་རཱ་ག་ལྟ་བུར་སྣང་བར་འགྱུར་ཞིང ། ནོར་བུ་རིན་པོ་ཆེ་པདྨ་རཱ་ག་རུ་ལོག་པར་འཛིན་པས་སེམས་ཅན་རྣམས་རྣམ་པར་རྨོངས་པར་བྱེད་དོ། །གང་གི་ཚེ་ན་ཚོན་ལྗང་ཁུ་དང་ཕྲད་པར་གྱུར་པ་དེའི་ཚེ་ནི་ནོར་བུ་རིན་པོ་ཆེ་མརྒད་ལྟ་བུར་སྣང་བར་འགྱུར་ཞིང ། ནོར་བུ་རིན་པོ་ཆེ་མྲྒད་དུ་ལོག་པར་འཛིན་པས་ཀྱང་སེམས་ཅན་རྣམས་རྣམ་པར་རྨོངས་པར་བྱེད་དོ། །གང་གི་ཚེ་ཚོན་སེར་པོ་དང་ཕྲད་པར་གྱུར་པ་དེའི་ཚེ་ནི་གསེར་ལྟ་བུར་སྣང་བར་འགྱུར་ཞིང ། གསེར་དུ་ལོག་པར་འཛིན་པས་ཀྱང་སེམས་ཅན་རྣམས་རྣམ་པར་རྨོངས་པར་བྱེད་དོ། །ཡོན་ཏན་འབྱུང་གནས། འདི་ལྟ་སྟེ། དཔེར་ན། ཤེལ་ཤིན་ཏུ་གསལ་བ་ཚོན་དང་ཕྲད་པ་དེ་ལྟ་བུར་ནི་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་ཐ་སྙད་ཀྱི་བག་ཆགས་སུ་བལྟ་བར་བྱའོ། །འདི་ལྟ་སྟེ། དཔེར་ན།་ཤེལ་ཤིན་ཏུ་གསལ་བ་ལ་ནོར་བུ་རིན་པོ་ཆེ་ཨན་ད་རྙིལ་དང ། མཐོན་ཀ་ཆེན་པོ་དང ། པདྨ་རཱ་ག་དང ། མརྒད་དང ། གསེར་དུ་ལོག་པར་འཛིན་པ་ལྟ་བུར་ནི་གཞན་ 23b གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་དུ་འཛིན་པ་བལྟ་བར་བྱའོ། །ཡོན་ཏན་འབྱུང་གནས། འདི་ལྟ་སྟེ། དཔེར་ན། ཤེལ་ཤིན་ཏུ་གསལ་བ་དེ་ཉིད་ལྟ་བུར་ནི་གཞན་གྱི་དབང་གི་མཚན་ཉིད་བལྟ་བར་བྱའོ། །འདི་ལྟ་སྟེ། དཔེར་ན། ཤེལ་ཤིན་ཏུ་གསལ་བ་ཉིད་ནོར་བུ་རིན་པོ་ཆེ་ཨན་ད་རྙིལ་དང ། མཐོན་ཀ་ཆེན་པོ་དང ། པདྨ་རཱ་ག་དང ། མྲྒད་དང ། གསེར་གྱི་མཚན་ཉིད་དེར་རྟག་པ་རྟག་པའི་དུས་དང ། ཐེར་ཟུག་ཐེར་ཟུག་གི་དུས་སུ་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་མེད་པ་དེ་ལྟ་བུར་ནི་གཞན་གྱི་དབང་གི་མཚན་ཉིད་དེ། ཀུན་བརྟགས་པའི་མཚན་ཉིད་དེར་རྟག་པ་རྟག་པའི་དུས་དང ། ཐེར་ཟུག་ཐེར་ཟུག་གི་དུས་སུ་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཡོངས་སུ་གྲུབ་པའི་མཚན་ཉིད་བལྟ་བར་བྱའོ། །ཡོན་ཏན་འབྱུང་གནས། དེ་ལ་མཚན་མ་དང་འབྲེལ་པའི་མིང་ལ་བརྟེན་ནས་ནི་ཀུན་བརྟགས་པའི་མཚན་ཉིད་རབ་ཏུ་ཤེས་སོ། །གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་དུ་མངོན་པར་ཞེན་པ་ལ་བརྟེན་ནས་ནི་གཞན་གྱི་དབང་གི་མཚན་ཉིད་རབ་ཏུ་ཤེས་སོ། །གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་དུ་མངོན་པར་ཞེན་པ་མེད་པ་ལ་བརྟེན་ནས་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་རབ་ཏུ་ཤེས་སོ། །ཡོན་ཏན་འབྱུང་གནས། དེ་ལ་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་གཞན་ 24a ༄#། །གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས་མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡོན་ཏན་འབྱུང་གནས། དེ་ལ་བྱང་ཆུབ་སེམས་དཔས་གཞན་གྱི་དབང་གི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡོན་ཏན་འབྱུང་གནས། དེ་ལ་བྱང་ཆུབ་སེམས་དཔས་ཡོངས་སུ་གྲུབ་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡོན་ཏན་འབྱུང་གནས། དེ་ལ་བྱང་ཆུབ་སེམས་དཔས་གཞན་གྱི་དབང་གི་མཚན་ཉིད་ལ་མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤོང་ངོ ། །ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ན་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐོབ་པར་འགྱུར་ཏེ། ཡོན་ཏན་འབྱུང་གནས། གང་གི་ཕྱིར་བྱང་ཆུབ་སེམས་དཔས་དེ་ལྟར་ཆོས་རྣམས་ཀུན་བརྟགས་པའི་མཚན་ཉིད་དང ། གཞན་གྱི་དབང་གི་མཚན་ཉིད་དང ། ཡོངས་སུ་གྲུབ་པའི་མཚན་ཉིད་ཡང་ 24b དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་མཚན་ཉིད་མེད་པ་དང ། ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང ། རྣམ་པར་བྱང་བའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ།་མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤོང་ཞིང་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ན་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་འཐོབ་པར་འགྱུར་བ་དེ་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་ཡིན་ལ། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པར་འདོགས་ནའང་དེ་ཙམ་གྱིས་འདོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །མཚན་ཉིད་མེད་པའི་ཆོས་ནི་རབ་ཤེས་ན། །ཀུན་ནས་ཉོན་མོངས་མཚན་ཉིད་ཆོས་སྤོང་འགྱུར། །ཀུན་ནས་ཉོན་མོངས་ཆོས་ནི་རབ་སྤངས་ན། །ཤིན་ཏུ་རྣམ་དག་མཚན་ཉིད་ཆོས་ཐོབ་འགྱུར། །སྐྱེ་བོ་བག་མེད་ཉེས་བཅོམ་ལེ་ལོ་ཅན། །འདུ་བྱེད་སྐྱོན་ལ་རྟོག་པར་མི་བྱེད་པ། །བརྟན་མེད་གཡོ་བ་ཡོད་པའི་ཆོས་རྣམས་ལ། །རབ་ཏུ་ཉམས་པས་སྙིང་བརྩེར་བྱ་བ་ཡིན། །ཡོན་ཏན་འབྱུང་གནས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་ 25a ༄#། །དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ན་བདག་གཅིག་པུ་དབེན་པ་ཞིག་ན་མཆིས་པའི་ཚེ། སེམས་ཀྱི་ཡོངས་སུ་རྟོག་པ་འདི་ལྟ་བུ་སྐྱེས་ལགས་ཏེ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཕུང་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། སྐྱེ་བའི་མཚན་ཉིད་དང ། འཇིག་པའི་མཚན་ཉིད་དང ། སྤང་བ་དང་ཡོངས་སུ་ཤེས་པ་ཡང་བཀའ་སྩལ། ཕུང་པོ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་སྐྱེ་མཆེད་རྣམས་དང ། རྟེན་ཅིང་འབྲེལ་བར་འབྱུང་བ་དང ། ཟས་རྣམས་ཀྱི་ཡང་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་བདེན་པ་རྣམས་ཀྱི་མཚན་ཉིད་ཀྱང་བཀའ་སྩལ། ཡོངས་སུ་ཤེས་པ་དང ། སྤང་བ་དང ། མངོན་དུ་བགྱི་བ་དང ། བསྒོམ་པའང་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཁམས་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། ཁམས་སྣ་ཚོགས་པ་ཉིད་དང ། ཁམས་དུ་མ་ཉིད་དང ། སྤང་བ་དང ། ཡོངས་སུ་ཤེས་པའང་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། མི་མཐུན་པའི་ཕྱོགས་དང ། གཉེན་པོ་དང ། བསྒོམ་པ་དང ། མ་སྐྱེས་པ་རྣམས་སྐྱེ་བ་དང ། སྐྱེས་པ་རྣམས་གནས་པ་དང ། མི་བསྐྱུད་པ་དང ། སླར་ཞིང་ 25b འབྱུང་བ་དང ། འཕེལ་ཞིང་ཡངས་པ་ཉིད་ཀྱང་བཀའ་སྩལ། དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་དང ། རྫུ་འཕྲུལ་གྱི་རྐང་པ་རྣམས་དང ། དབང་པོ་རྣམས་དང ། སྟོབས་རྣམས་དང ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིའང་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་འཕགས་པའི་ལམ་ཡན་ལག་བརྒྱད་པའི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། མི་མཐུན་པའི་ཕྱོགས་དང ། གཉེན་པོ་དང ། བསྒོམ་པ་དང ། མ་སྐྱེས་པ་རྣམས་སྐྱེ་བ་དང ། སྐྱེས་པ་རྣམས་གནས་པ་དང ། མི་བསྐྱུད་པ་དང ། སླར་ཞིང་འབྱུང་བ་དང ། འཕེལ་ཞིང་ཡངས་པ་ཉིད་ཀྱང་བཀའ་སྩལ་ལ། བཅོམ་ལྡན་འདས་ཀྱིས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་ཀྱང་བཀའ་སྩལ་ལགས་ན། བཅོམ་ལྡན་འདས་ཀྱིས་ཇི་ལྟར་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ།་ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བཀའ་སྩལ་སྙམ་བགྱིད་ལགས་ཏེ། བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་ 26a ༄#། །པ་ཞེས་བཀའ་སྩལ་པའི་དོན་དེ་ཉིད་བཅོམ་ལྡན་འདས་ལ་བདག་ཡོངས་སུ་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དོན་དམ་ཡང་དག་འཕགས་ཁྱོད་ཀྱི་སེམས་ཀྱི་ཡོངས་སུ་རྟོག་པ། དགེ་བ་ཚུལ་བཞིན་སྐྱེས་པ་ལེགས་སོ། །ལེགས་སོ། །དོན་དམ་ཡང་དག་འཕགས་ཁྱོད་དེ་ལྟར་སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་སྙིང་བརྩེ་བ་དང ། ལྷ་དང་མིར་བཅས་པའི་སྐྱེ་དགུའི་དོན་དང ། ཕན་པ་དང་བདེ་བའི་ཕྱིར་ཞུགས་ཏེ། དེ་བཞིན་གཤེགས་པ་ལ་དོན་འདི་ཉིད་འདྲི་བར་སེམས་པ་ནི་ཡང་ཁྱོད་ལེགས་སོ། །དོན་དམ་ཡང་དག་འཕགས། དེའི་ཕྱིར་ཉོན་ཅིག་དང ། ངས་ཅི་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གསུངས་པ་ཁྱོད་ལ་བཤད་པར་བྱའོ། །དོན་དམ་ཡང་དག་འཕགས། ངས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང ། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང ། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ 26b ཏོ། །དོན་དམ་ཡང་དག་འཕགས། དེ་ལ་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། ཀུན་བརྟགས་པའི་མཚན་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་མིང་དང་བརྡར་རྣམ་པར་བཞག་པའི་མཚན་ཉིད་ཡིན་གྱི། རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་དེའི་ཕྱིར་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དོན་དམ་ཡང་དག་འཕགས། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་བ་ཡིན་གྱི། བདག་ཉིད་ཀྱིས་ནི་མ་ཡིན་པས་དེའི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དོན་དམ་ཡང་དག་འཕགས། ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་གང་དག་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་དེ་དག་ནི་དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པའང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས། ཆོས་རྣམས་ལ་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་ངས་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་ལ། གཞན་གྱི་དབང་གི་མཚན་ཉིད་དེ་ནི་རྣམ་པར་དག་པའི་དམིགས་པ་མ་ཡིན་པས་དེའི་ཕྱིར་དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དོན་དམ་ཡང་དག་འཕགས། 27a ༄#། །གཞན་ཡང་ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཡིན་པ་དེའང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས། ཆོས་རྣམས་ཀྱི་ཆོས་བདག་མེད་པ་གང་ཡིན་པ་དེ་ནི། དེ་དག་གི་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་སྟེ། དེ་ནི་དོན་དམ་པ་ཡིན་ལ། དོན་དམ་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་པས་དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དོན་དམ་ཡང་དག་འཕགས། དེ་ལ་འདི་ལྟ་སྟེ། དཔེར་ན། ནམ་མཁའི་མེ་ཏོག་ཇི་ལྟ་བ་དེ་ལྟ་བུར་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་བལྟ་བར་བྱའོ། །དོན་དམ་ཡང་དག་འཕགས། དེ་ལ་འདི་ལྟ་སྟེ། དཔེར་ན། སྒྱུ་མ་བྱས་པ་ཇི་ལྟ་བ་དེ་ལྟ་བུར་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱང་བལྟ་བར་བྱ། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་དེ་ལས་གཅིག་ཀྱང་བལྟ་བར་བྱའོ། །དོན་དམ་ཡང་དག་འཕགས། དེ་ལ་འདི་ལྟ་སྟེ། དཔེར་ན། ནམ་མཁའི་གཟུགས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཙམ་གྱིས་རབ་ཏུ་ཕྱེ་བ་དང ། ཐམས་ཅད་དུ་སོང་བ་ཇི་ལྟ་བ་དེ་ལྟ་བུར་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་དང་ཐམས་ཅད་དུ་སོང་བ་གཅིག་བལྟ་བར་བྱ་སྟེ། དོན་དམ་ཡང་དག་འཕགས། ངས་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་དེ་དག་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ 27b ཉིད་མེད་པའོ་ཞེས་བསྟན་ཏོ། །དོན་དམ་ཡང་དག་འཕགས། དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ནས། ངས་ཆོས་ཐམས་ཅད་མ་སྐྱེས་བ། མ་འགགས་པ། གཟོད་མ་ནས་ཞི་བ།་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས། འདི་ལྟར་རང་གི་མཚན་ཉིད་ཀྱིས་མེད་པ་གང་ཡིན་པ་དེ་ནི་མ་སྐྱེས་པ་ཡིན། མ་སྐྱེས་པ་གང་ཡིན་པ་དེ་ནི་མ་འགགས་པ་ཡིན། མ་སྐྱེས་པ་དང་མ་འགགས་པ་གང་ཡིན་པ་དེ་ནི། གཟོད་མ་ནས་ཞི་བ་ཡིན། གཟོད་མ་ནས་ཞི་བ་གང་ཡིན་པ་དེ་ནི་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ལ་ནི། ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་ཅུང་ཟད་ཀྱང་མེད་དེ། དེའི་ཕྱིར་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ། །དོན་དམ་ཡང་དག་འཕགས། ཡང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ལས་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ནི་རྟག་ 28a ༄#། །པ་རྟག་པའི་དུས་དང ། ཐེར་ཟུག་ཐེར་ཟུག་གི་དུས་སུ་རྣམ་པར་གནས་པ་ཁོ་ན་ཡིན་ལ། དེ་ནི་ཆོས་རྣམས་ཀྱི་ཆོས་ཉིད་དུ་འདུས་མ་བྱས་པ་ཉོན་མོངས་པ་ཐམས་ཅད་དུ་བྲལ་བ་ཡིན་ཏེ། རྟག་པ་རྟག་པའི་དུས་དང ། ཐེར་ཟུག་ཐེར་ཟུག་གི་དུས་སུ་ཆོས་ཉིད་དེ་ཉིད་ཀྱིས་རྣམ་པར་གནས་པ་འདུས་མ་བྱས་པ་གང་ཡིན་པ་དེ་ནི་འདུས་མ་བྱས་པའི་ཕྱིར་མ་སྐྱེས་པ་དང་མ་འགགས་པ་ཡིན་ལ། དེ་ནི་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར་གཟོད་མ་ནས་ཞི་བ་དང ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ཏེ། དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ལས་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ། །དོན་དམ་ཡང་དག་འཕགས། ངས་ནི་སེམས་ཅན་གྱི་ཁམས་ན་སེམས་ཅན་རྣམས་ཀྱིས་ཀུན་བརྟགས་པའི་ངོ་བོ་ཉིད་ངོ་བོ་ཉིད་ཀྱིས་ཐ་དད་པར་མཐོང་ཞིང ། གཞན་གྱི་དབང་གི་ངོ་བོ་ཉིད་དང ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱང་ངོ་བོ་ཉིད་ཀྱིས་ཐ་དད་པར་མཐོང་ན། དེའི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་མི་འདོགས་ཀྱི། སེམས་ཅན་རྣམས་གཞན་གྱི་དབང་དང ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་སྒྲོ་བཏགས་ནས། གཞན་གྱི་དབང་དང ། ཡོངས་སུ་ 28b གྲུབ་པའི་ངོ་བོ་ཉིད་ལ། ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་རྗེས་སུ་ཐ་སྙད་འདོགས་ཏེ། ཇི་ལྟ་ཇི་ལྟར་རྗེས་སུ་ཐ་སྙད་འདོགས་པ་དེ་ལྟ་དེ་ལྟར་ཐ་སྙད་བཏགས་པས་ཡོངས་སུ་བསྒོས་པའི་སེམས་ཐ་སྙད་བཏགས་པ་དང་རྗེས་སུ་འབྲེལ་པའམ། ཐ་སྙད་བཏགས་པ་བག་ལ་ཉལ་གྱིས་གཞན་གྱི་དབང་དང ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་མངོན་པར་ཞེན་ནོ། །ཇི་ལྟ་ཇི་ལྟར་མངོན་པར་ཞེན་པ་དེ་ལྟ་དེ་ལྟར་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པའི་རྒྱུ་དེ་དང ། རྐྱེན་དེས་ཕྱི་མ་ལ་གཞན་གྱི་དབང་གི་ངོ་བོ་ཉིད་ཀུན་ཏུ་བསྐྱེད་དེ། གཞི་དེས་ན། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པས་ཀྱང་ཀུན་ནས་ཉོན་མོངས་པར་འགྱུར། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང།་སྐྱེ་བའི་ཀུན་ནས་ཉོན་མོངས་པས་ཀྱང་ཀུན་ནས་ཉོན་མོངས་པར་འགྱུར་ཞིང ། ཡུན་རིང་པོར་ཡང་ན་སེམས་ཅན་དམྱལ་བ་རྣམས་དང ། ཡང་ན་དུད་འགྲོ་རྣམས་སམ། ཡང་ན་ཡི་དྭགས་རྣམས་སམ། ཡང་ན་ལྷ་རྣམས་སམ། ཡང་ན་ལྷ་མ་ཡིན་རྣམས་སམ། ཡང་ན་མི་རྣམས་ཀྱི་ནང་དུ་ཀུན་ཏུ་རྒྱུག་ཅིང་འཁོར་བར་འགྱུར་ཏེ། འཁོར་བ་ལས་མི་འདའ་བའི་ཕྱིར་རོ། །དོན་དམ་ཡང་དག་འཕགས། དེ་ལ་སེམས་ཅན་གང་དག་དང་པོ་ཉིད་ནས་དགེ་བའི་རྩ་བ་མ་བསྐྱེད་པ། སྒྲིབ་པ་ཡོངས་སུ་མ་དག་པ། རྒྱུད་ཡོངས་སུ་མ་སྨིན་པ། མོས་པ་མི་མང་ 29a ༄#། །བ།་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་མ་གྲུབ་པ་དེ་དག་ལ་ནི་ང་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ལས་བརྩམས་ནས་ཆོས་སྟོན་ཏེ། དེ་དག་གིས་ཆོས་དེ་ཐོས་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་འདུ་བྱེད་རྣམས་ལ་མི་རྟག་པ་ཉིད་དུ་ཤེས་ཤིང་མི་བརྟན་པ་ཉིད་དང ། ཡིད་བརྟན་དུ་མི་རུང་བ་ཉིད་དང ། འགྱུར་བའི་ཆོས་ཉིད་དུ་ཤེས་ནས་འདུ་བྱེད་ཐམས་ཅད་ལས་ཡིད་སྡང་བར་བྱེད། སྐྱོ་བར་བྱེད་དོ། །ཡིད་སྡང་བར་བྱས། སྐྱོ་བར་བྱས་ནས་སྡིག་པ་ལས་ཕྱིར་ཟློག་སྟེ། དེ་དག་སྡིག་པ་གང་ཡིན་པ་དེ་མི་བྱེད་ཅིང་དགེ་བ་ལ་བསྟེན་པར་བྱེད་དོ། །དགེ་བ་ལ་བསྟེན་པའི་རྒྱུས་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ནི་སྐྱེད་དོ། །སྒྲིབ་པ་ཡོངས་སུ་མ་བྱང་བ་རྣམས་ཀྱང་ཡོངས་སུ་སྦྱོང་ངོ ། །རྒྱུད་ཡོངས་སུ་མ་སྨིན་པའང་ཡོངས་སུ་སྨིན་པར་བྱེད་དོ། །གཞི་དེས་མོས་པ་མང་ཞིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་གྲུབ་པར་འགྱུར་རོ། །དེ་དག་དེ་ལྟར་དགེ་བའི་རྩ་བ་བསྐྱེད་པ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བར་དུ་ཡང་དག་པར་འགྲུབ་མོད་ཀྱི། འོན་ཀྱང་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང ། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གཉིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས། འདུ་བྱེད་ཐམས་ཅད་ལས་ཡང་དག་པར་སྐྱོ་བར་མི་འགྱུར། ཡང་དག་པར་ 29b འདོད་ཆགས་དང་བྲལ་བར་མི་འགྱུར། ཡང་དག་པར་རྣམ་པར་གྲོལ་བར་མི་འགྱུར་ཞིང ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལས་ཀྱང་ཡོངས་སུ་གྲོལ་བར་མི་འགྱུར། ལས་ཀྱི་ཀུན་ནས་ཉོན་མོངས་པ་ལས་ཀྱང་ཡོངས་སུ་གྲོལ་བར་མི་འགྱུར། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལས་ཀྱང་ཡོངས་སུ་གྲོལ་བར་མི་འགྱུར་བས། ཡང་དེ་བཞིན་གཤེགས་པ་དེ་དག་ལ་འདི་ལྟ་སྟེ།་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང ། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་བརྩམས་ནས་འདི་ལྟར་འདུ་བྱེད་ཐམས་ཅད་ལས་ཡང་དག་པར་སྐྱོ་བར་བྱ་བ་དང ། འདོད་ཆགས་དང་བྲལ་བར་བྱ་བ་དང ། རྣམ་པར་གྲོལ་བར་བྱ་བ་དང ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལས་ཡང་དག་པར་བཟླ་བ་དང ། ལས་ཀྱི་ཀུན་ནས་ཉོན་མོངས་པ་ལས་ཡང་དག་པར་བཟླ་བ་དང ། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལས་ཡང་དག་པར་བཟླ་བའི་ཕྱིར་ཆོས་སྟོན་ཏོ། །དེ་དག་གིས་ཆོས་དེ་ཐོས་ནས་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་མངོན་པར་ཞེན་པ་མེད་པས་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དེ། དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དུ་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་དུ་མོས་པར་བྱེད། རབ་ཏུ་རྣམ་པར་འབྱེད་པར་བྱེད། ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་ཅིང་འདི་ལྟ་སྟེ། ཐ་སྙད་བཏགས་པས་ཡོངས་སུ་མ་བསྒོས་པའི་ཤེས་པ་ཐ་སྙད་བཏགས་པ་དང་རྗེས་སུ་འབྲེལ་བ་མེད་ཅིང་ཐ་ 30a ༄#། །སྙད་བག་ལ་ཉལ་མེད་པའི་ཤེས་པས་གཞན་གྱི་དབང་གི་མཚན་ཉིད་དེ། ཚེ་འདི་ལ་ཤེས་པའི་སྟོབས་བསྐྱེད་པ་དང ། ཕྱི་མ་ལ་རྒྱུད་ཡང་དག་པར་ཆད་པས་འགོག་པར་བྱེད་དེ། གཞི་དེས་འདུ་བྱེད་ཐམས་ཅད་ལས་ཡང་དག་པར་སྐྱོ་བ་དང ། ཡང་དག་པར་འདོད་ཆགས་དང་བྲལ་བ་དང ། ཡང་དག་པར་རྣམ་པར་གྲོལ་བར་འགྱུར་ཞིང་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང ། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང ། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལས་ཀྱང་ཡོངས་སུ་གྲོལ་བར་འགྱུར་རོ། །དོན་དམ་ཡང་དག་འཕགས། དེ་ལ་སེམས་ཅན་ཉན་ཐོས་ཀྱི་ཐེག་པའི་རིགས་ཅན་རྣམས་ཀྱིས་ཀྱང་ལམ་འདི་ཉིད་དང ། སྒྲུབ་པ་འདི་ཉིད་ཀྱིས་གྲུབ་པ་དང་བདེ་བ་བླ་ན་མེད་པའི་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་ལ། སེམས་ཅན་རང་སངས་རྒྱས་ཀྱི་ཐེག་པའི་རིགས་ཅན་རྣམས་དང ། དེ་བཞིན་གཤེགས་པའི་རིགས་ཅན་རྣམས་ཀྱིས་ཀྱང་ལམ་འདི་ཉིད་དང ། སྒྲུབ་པ་འདི་ཉིད་ཀྱིས་གྲུབ་པ་དང་བདེ་བ་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བས་འདི་ནི། ཉན་ཐོས་དང ། རང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་དག་པའི་ལམ་གཅིག་པ་ཡིན་ལ། རྣམ་པར་དག་པ་གཅིག་སྟེ། གཉིས་པ་གང་ཡང་མེད་པས་ངས་དེ་ལས་དགོངས་ནས་ཐེག་པ་གཅིག་བུ་བསྟན་ཏེ། སེམས་ཅན་གྱི་ཁམས་ན་སེམས་ཅན་ 30b རང་བཞིན་གྱིས་དབང་པོ་རྟུལ་པོ་རྣམས་དང ། དབང་པོ་འབྲིང་རྣམས་དང ། དབང་པོ་རྣོན་པོ་རྣམས་ཀྱི་སེམས་ཅན་གྱི་རིགས་སྣ་ཚོགས་དག་ཀྱང་མེད་པ་མ་ཡིན་ནོ། །དོན་དམ་ཡང་དག་འཕགས་ཉན་ཐོས་ཀྱི་རིགས་ཅན་གང་ཟག་ཞི་བའི་བགྲོད་པ་གཅིག་པུ་བ་ནི་སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་སྙིང་རྗེ་ཤིན་ཏུ་ཆུང་བ་དང ། སྡུག་བསྔལ་གྱིས་ཤིན་ཏུ་འཇིགས་པའི་ཕྱིར་རང་བཞིན་གྱིས་རིགས་དམན་པར་ཁོ་ན་ཡིན་པའི་ཕྱིར་རོ། །དེ་ཇི་ལྟར་སྙིང་རྗེ་ཤིན་ཏུ་ཆུང་བ་དེ་བཞིན་དུ་སེམས་ཅན་གྱི་དོན་བྱ་བ་ལ་ཤིན་ཏུ་མི་ཕྱོགས་པར་འགྱུར་རོ། །ཇི་ལྟར་སྡུག་བསྔལ་གྱིས་ཤིན་ཏུ་འཇིགས་པ་དེ་བཞིན་དུ་འདུ་བྱེད་མངོན་པར་འདུ་བྱ་བ་ཐམས་ཅད་ལ་ཤིན་ཏུ་མི་ཕྱོགས་པར་འགྱུར་རོ། །སེམས་ཅན་གྱི་དོན་བྱ་བ་ལ་ཤིན་ཏུ་མི་ཕྱོགས་པ་དང ། འདུ་བྱེད་མངོན་པར་འདུ་བྱ་བ་ཐམས་ཅད་ལ་ཤིན་ཏུ་མི་ཕྱོགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངས་མ་བསྟན་ནོ། །དེའི་ཕྱིར་ཞི་བའི་བགྲོད་པ་གཅིག་པུ་བ་ཞེས་བྱའོ། །ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་གང་ཡིན་པ་དེ་ནི་ངས་རྣམ་གྲངས་ཀྱིས་བྱང་ཆུབ་སེམས་དཔའ་ཡིན་པར་བསྟན་ཏེ། འདི་ལྟར་དེ་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ནས། དེ་བཞིན་གཤེགས་པ་རྣམས་ཀྱིས་ 31a ༄#། །བསྐུལ་ན། ཤེས་བྱའི་སྒྲིབ་པ་ལས་སེམས་རྣམ་པར་གྲོལ་བར་བྱེད་པའི་ཕྱིར་རོ། །དེ་ནི་དང་པོར་བདག་གི་དོན་ལ་སྦྱོར་བའི་རྣམ་པས་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པས་དེ་ཉན་ཐོས་ཀྱི་རིགས་སུ་འདོགས་སོ། །དོན་དམ་ཡང་དག་འཕགས། འདི་ལྟར་ངའི་ཆོས་འདུལ་བ་ལེགས་པར་གསུངས་པ། ཤིན་ཏུ་གྱ་ནོམ་པ། བསམ་པ་ཤིན་ཏུ་རྣམ་པར་དག་པ་སྟོན་པ། ཆོས་ལེགས་པར་བསྟན་པ་ལ་ནི་སེམས་ཅན་རྣམས་ཀྱི་མོས་པའི་རིམ་པའང་སྣང་སྟེ། དོན་དམ་ཡང་དག་འཕགས། འདི་ལ་དེ་བཞིན་གཤེགས་པ་ནི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་དེ་དག་ཉིད་ལས་དགོངས་ནས་དྲང་བའི་དོན་གྱི་མདོ་བརྗོད་པའི་རྣམ་པས་འདི་ལྟ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་ཆོས་སྟོན་ཏོ། །དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པ་དང ། སྒྲིབ་པ་ཡོངས་སུ་དག་པ། རྒྱུད་ཡོངས་སུ་སྨིན་པ། མོས་པ་མང་བ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡང་དག་པར་གྲུབ་པ་དེ་དག་གིས་ནི་ཆོས་དེ་ཐོས་ན་ངའི་དགོངས་ཏེ་བཤད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང ། ཆོས་དེ་ལའང་ཆོས་ཤེས་པར་འགྱུར་ལ། དོན་ 31b དེའང་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་འགྱུར་ཞིང ། དེ་རྟོགས་པ་གོམས་པས་ཀྱང་མྱུར་བ་མྱུར་བ་ཁོ་ནར་ཤིན་ཏུ་མཐར་ཐུག་པ་ཉིད་རྗེས་སུ་འཐོབ་པར་འགྱུར་ཏེ། དེ་ལའང་ཨ་ལ་ལ། བཅོམ་ལྡན་འདས་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཏེ། དེས་ནི་ཆོས་ཐམས་ཅད་ལེགས་པར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་དད་པ་ཐོང་པར་འགྱུར་རོ། །དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་མ་བསྐྱེད་པ་དང ། སྒྲིབ་པ་ཡོངས་སུ་མ་དག་པ་དང ། རྒྱུད་ཡོངས་སུ་མ་སྨིན་པ་དང ། མོས་པ་ཆེན་པོ་མ་ཡིན་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡང་དག་པར་མ་གྲུབ་པ། དྲང་པོ་དང་དྲང་པོའི་རང་བཞིན་ཅན། རྟོག་པ་དང་སེལ་མི་ནུས་པ། རང་གི་ལྟ་བ་མཆོག་ཏུ་འཛིན་པར་མི་གནས་པ་དེ་དག་གིས་ནི་ཆོས་དེ་ཐོས་ན་ངའི་དགོངས་ཏེ་བཤད་པའང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་མོད་ཀྱི། འོན་ཀྱང་ཆོས་དེ་ལ་མོས་པར་བྱེད་ཅིང་དད་པའང་འཐོབ་སྟེ། མདོ་སྡེ་འདི་དག་ནི་དེ་བཞིན་གཤེགས་པས་གསུངས་པ་ཟབ་པ་ཟབ་པར་སྣང་བ། སྟོང་པ་ཉིད་དང་ལྡན་པ་མཐོང་བར་དཀའ་བ། རྟོགས་པར་དཀའ་བ། བརྟག་མི་ནུས་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ།་ཞིབ་མོ་བརྟགས་པའི་མཁས་པ་མཛངས་པས་རིག་པ་ཡིན་ནོ་ཞེས་མོས་པར་བྱེད་དོ། །མདོ་སྡེ་དེ་དག་གི་དོན་བསྟན་པ་དག་གི་དོན་བསྟན་པ་དག་ལ་བདག་མི་ཤེས་སོ་སྙམ་ནས་ 32a ༄#། །འདུག་སྟེ། འདི་སྐད་ཅེས་སངས་རྒྱས་ཀྱི་བྱང་ཆུབ་ནི་ཟབ། ཆོས་རྣམས་ཀྱི་ཆོས་ཉིད་ཀྱང་ཟབ་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་གྱི་བདག་ཅག་གིས་ནི་མི་ཤེས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་ནི་སེམས་ཅན་རྣམས་ལ་མོས་པ་སྣ་ཚོགས་ཀྱིས་འཇུག་པ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ནི་མཁྱེན་པ་དང་གཟིགས་པ་མཐའ་ཡས་པ་ཡིན་གྱི། བདག་ཅག་གི་ཤེས་པ་དང་མཐོང་བ་ནི་བ་ལང་གི་རྗེས་ཙམ་མོ་སྙམ་ནས། དེ་དག་མདོ་སྡེ་དེ་རྣམས་ལ་གུས་པར་བྱས་ཏེ་ཡི་གེར་འདྲི་བར་ཡང་བྱེད། ཡི་གེར་བྲིས་ནས་འཆང་བར་ཡང་བྱེད། ཀློག་པར་ཡང་བྱེད། ཡང་དག་པར་འགེད་པར་ཡང་བྱེད། མཆོད་པར་ཡང་བྱེད། ལུང་ནོད་པར་ཡང་བྱེད། འདོན་པར་ཡང་བྱེད། ཁ་ཏོན་དུའང་བྱེད་མོད་ཀྱི། འདི་ལྟར་ངའི་དགོངས་ཏེ་བཤད་པ་ཟབ་མོ་འདི་མ་རྟོགས་པའི་ཕྱིར་བསྒོམ་པའི་རྣམ་པས་སྦྱོར་བར་མི་ནུས་སོ། །དེ་དག་གཞི་དེས་ན་བསོད་ནམས་ཀྱི་ཚོགས་ཀྱིས་ཀྱང་འཕེལ་བར་འགྱུར། ཡེ་ཤེས་ཀྱི་ཚོགས་ཀྱིས་ཀྱང་འཕེལ་བར་འགྱུར་ལ། གོང་དུའང་རྒྱུད་ཡོངས་སུ་མ་སྨིན་པ་དག་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །ཅི་སྟེ་སེམས་ཅན་དེ་དག་ལས་སེམས་ཅན་གང་དག་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོའི་བར་དུ་ཡང་དག་པར་གྲུབ་པ་མ་ཡིན་ཡང་དྲང་པོ་དང་དྲང་པོའི་རང་བཞིན་ཅན་མ་ཡིན་ལ། རྟོག་པ་དང་སེལ་ 32b ནུས་ལ། རང་གི་ལྟ་བ་མཆོག་ཏུ་འཛིན་པར་གནས་པ་དེ་དག་གིས་ནི་ཆོས་དེ་ཐོས་ན་ངའི་དགོངས་ཏེ་བཤད་པ་ཟབ་མོ་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་ཏེ། ཆོས་དེ་ལ་མོས་ཀྱང་ཆོས་འདི་དག་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་ནོ། །ཆོས་འདི་དག་ཐམས་ཅད་ནི་མ་སྐྱེས་པ་ཁོ་ནའོ། །མ་འགགས་པ་ཁོ་ནའོ། །གཟོད་མ་ནས་ཞི་བ་ཁོ་ནའོ། །རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཁོ་ནའོ་ཞེས་ཆོས་ཀྱི་དོན་ལ་སྒྲ་ཇི་བཞིན་ཁོ་ནར་མངོན་པར་ཞེན་པར་བྱེད་དེ། དེ་དག་གཞི་དེས་ན་ཆོས་ཐམས་ཅད་ལ་མེད་པར་ལྟ་བ་དང ། མཚན་ཉིད་མེད་པར་ལྟ་བ་འཐོབ་པར་འགྱུར་ཏེ། མེད་པར་ལྟ་བ་དང ། མཚན་ཉིད་མེད་པར་ལྟ་བ་ཐོབ་ནས་ཀྱང་ཐམས་ཅད་ལ་མཚན་ཉིད་ཐམས་ཅད་ཀྱིས་སྐུར་བ་འདེབས་ཏེ། ཆོས་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་ལ་སྐུར་བ་འདེབས། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་དང ། ཡོངས་སུ་གྲུབ་པའི་མཚན་ཉིད་ལའང་སྐུར་བ་འདེབས་སོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས། འདི་ལྟར་གཞན་གྱི་དབང་ཉིད་དང ། ཡོངས་སུ་གྲུབ་པའི་མཚན་ཉིད་ཡོད་ན་ནི། ཀུན་བརྟགས་པའི་མཚན་ཉིད་ཀྱང་རབ་ཏུ་ཤེས་པར་གྱུར་ན། དེ་ལ་གང་དག་གཞན་གྱི་དབང་གི་མཚན་ཉིད་དང ། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་མཚན་ཉིད་མེད་པར་མཐོང་བ་དེ་དག་གིས་ནི་ཀུན་བརྟགས་པའི་མཚན་ཉིད་ལའང་སྐུར་བ་བཏབ་པ་ཡིན་པའི་ཕྱིར་ཏེ། 33a ༄#། །དེ་ལྟ་བས་ན་དེ་དག་ནི་མཚན་ཉིད་རྣམ་པ་གསུམ་ཆར་ལའང་སྐུར་པ་འདེབས་པ་ཞེས་བྱའོ། །དེ་དག་ནི་ངའི་ཆོས་ལ་ཆོས་སུ་འདུ་ཤེས་པ་དང ། དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་པ་ཡིན་ཏེ། ངའི་ཆོས་ལ་ཆོས་སུ་འདུ་ཤེས་པ་དང ། དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་པ་དེ་དག་ཆོས་ལའང་ཆོས་སུ་འཛིན། དོན་མ་ཡིན་པ་ལའང་དོན་དུ་འཛིན་ཏོ། །དེ་དག་ཆོས་ལ་མོས་པས་དགེ་བའི་ཆོས་རྣམས་ཀྱིས་འཕེལ་མོད་ཀྱི། འོན་ཀྱང་དོན་མ་ཡིན་པ་ལ་མངོན་པར་ཞེན་པས་ཤེས་རབ་ལས་ཡོངས་སུ་ཉམས་པར་འགྱུར་ཏེ། ཤེས་རབ་ལས་ཡོངས་སུ་ཉམས་ན་དགེ་བའི་ཆོས་ཤིན་ཏུ་རྒྱ་ཆེ་བ་དང ། ཤིན་ཏུ་དཔག་ཏུ་མེད་པ་རྣམས་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་རོ། །དེ་དག་ལས་གཞན་དག་གིས་ཆོས་ལ་ཆོས་སུ་དང ། དོན་མ་ཡིན་པ་ལ་དོན་དུ་ཐོས་ནས་གང་དག་ལྟ་བ་ལ་དགའ་བར་བྱེད་པ་དེ་དག་ནི་ཆོས་ལ་ཆོས་སུ་འདུ་ཤེས་པ་དང ། དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་པས་ཆོས་ལ་ཆོས་སུ་དང ། དོན་མ་ཡིན་པ་ལ་དོན་དུ་མངོན་པར་ཞེན་པར་འགྱུར་ཏེ། དེ་དག་གཞི་དེས་ན་དེ་བཞིན་དུ་དགེ་བའི་ཆོས་ལས་ཉམས་པར་རིག་པར་བྱའོ། །གང་དག་ལྟ་བ་ལ་དགའ་བར་མི་བྱེད་པ་དེ་དག་ནི་དེ་དག་ལས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཐོས་ཤིང་ཆོས་རྣམས་ཀྱི་སྐྱེ་བ་མེད་པ་དང ། འགག་པ་མེད་པ་དང ། གཟོད་མ་ནས་ཞི་བ་དང་ 33b རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཐོས་ནས་སྐྲག་ཅིང་དངངས་ལ་ཀུན་ཏུ་དབང་པར་འགྱུར་ཞིང་འདི་སྐད་ཅེས་འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་གྱི། འདི་ནི་བདུད་ཀྱིས་སྨྲས་པ་ཡིན་ནོ་ཞེས་ཀྱང་ཟེར་ཞིང ། དེ་ལྟར་རིག་ནས་མདོ་སྡེ་དེ་དག་ལ་སྐུར་པ་འདེབས་པར་བྱེད། སྤོང་བར་བྱེད། མི་བསྔགས་པ་རྗོད་པར་བྱེད། ངན་དུ་རྗོད་པར་བྱེད། གཞི་དེས་ན་ཕོངས་པ་ཆེན་པོ་འཐོབ་པར་འགྱུར་ཞིང་ལས་ཀྱི་སྒྲིབ་པ་ཆེན་པོས་ཀྱང་རེག་པར་འགྱུར་རོ། །གཞི་དེས་ཀྱང་གང་དག་སྐྱེ་བོ་ཕལ་པོ་ཆེ་ལ་ལས་ཀྱི་སྒྲིབ་པ་ཆེན་པོ་འཐོབ་པས་སླུ་བར་བྱེད་པ། མཚན་ཉིད་ཐམས་ཅད་མེད་པར་ལྟ་ཞིང་དོན་མ་ཡིན་པ་དོན་དུ་སྟོན་པར་བྱེད་པ་དེ་དག་ནི་ལས་ཀྱི་སྒྲིབ་པ་ཆེན་པོ་དང་ལྡན་པར་ང་སྨྲའོ། །དོན་དམ་པ་ཡང་དག་འཕགས། དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་མ་བསྐྱེད། སྒྲིབ་པ་ཡོངས་སུ་མ་དག་།རྒྱུད་ཡོངས་སུ་མ་སྨིན། མོས་པ་མི་མང ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་མ་གྲུབ་ཅིང ། དྲང་པོ་དང་དྲང་པོའི་རང་བཞིན་ཅན་མ་ཡིན་ལ་རྟོག་པ་དང་སེལ་མི་ནུས་ལ། རང་གི་ལྟ་བ་མཆོག་ཏུ་འཛིན་པར་གནས་པ་དེ་དག་གིས་ནི་ཆོས་དེ་ཐོས་ན། ངའི་དགོངས་ཏེ་བཤད་པའང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཤིང་ཆོས་དེ་ལ་མོས་པར་ཡང་མི་འགྱུར་ལ། དེ་དག་ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་ཤིང ། དོན་ལ་དོན་མ་ཡིན་པར་འདུ་ཤེས་ལ། ཆོས་ལའང་ཆོས་མ་ཡིན་པ་ 34a ༄#། །དང།་དོན་ལའང་དོན་མ་ཡིན་པར་མངོན་པར་ཞེན་ནས། འདི་སྐད་ཅེས་འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་གྱི། འདི་ནི་བདུད་ཀྱིས་སྨྲས་པ་ཡིན་ནོ་ཞེས་ཀྱང་ཟེར་ཞིང ། དེ་ལྟར་རིག་ནས་མདོ་སྡེ་དག་ལ་སྐུར་པ་འདེབས་པར་བྱེད། སྤོང་བར་བྱེད། མི་བསྔགས་པ་རྗོད་པར་བྱེད། ངན་དུ་རྗོད་པར་བྱེད་ཅིང་ལྷད་ཀྱང་འཇུག་པར་བྱེད་དེ། རྣམ་གྲངས་དུ་མར་མདོ་སྡེ་དེ་དག་སྤང་བ་དང ། ཆུད་གཟན་པ་དང ། རྣམ་པར་གཞིག་པའི་ཕྱིར་ཞུགས་ཤིང་དེ་ལ་མོས་པའི་གང་ཟག་རྣམས་ལའང་དགྲར་འདུ་ཤེས་པར་འགྱུར་རོ། །དེ་དག་ནི་དང་པོ་ཉིད་ནས་ཀྱང་ལས་ཀྱི་སྒྲིབ་པས་བསྒྲིབས་པ་ཡིན་ལ། གཞི་དེས་ཀྱང་ཡང་ལས་ཀྱི་སྒྲིབ་པ་དེ་ལྟ་བུས་སྒྲིབ་པ་བྱེད་དེ། ལས་ཀྱི་སྒྲིབ་པ་དེའི་དང་པོ་ནི་གདགས་པར་སླའི། བསྐལ་བ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་འདི་སྙེད་ཀྱི་བར་གྱིས་འབྱུང་བར་འགྱུར་རོ་ཞེས་གདགས་པར་ནི་དཀའོ། །དོན་དམ་པ་ཡང་དག་འཕགས། དེ་ལྟར་ན་ངའི་ཆོས་འདུལ་བ་ལེགས་པར་གསུངས་པ། ཤིན་ཏུ་གྱ་ནོམ་པ། བསམ་པ་ཤིན་ཏུ་རྣམ་པར་དག་པ། སྟོན་པ་ཆོས་ལེགས་པར་བསྟན་པ་ལ་སེམས་ཅན་རྣམས་ཀྱི་མོས་པའི་རིམ་པ་དེ་ལྟ་བུ་དག་ཀྱང་སྣང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་ངེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཆོས་རྣམས་ངོ་བོ་ཉིད་མེད་ཆོས་རྣམས་མ་སྐྱེས་དང ། 34b ཆོས་རྣམས་མ་འགགས་ཆོས་རྣམས་གཟོད་ནས་ཞི་བ་དང ། །ཆོས་རྣམས་ཐམས་ཅད་རང་བཞིན་མྱ་ངན་འདས་པར་ནི། །དགོངས་པ་མེད་པར་མཁས་པ་སུ་ཞིག་སྨྲ་བར་བྱེད། །མཚན་ཉིད་ངོ་བོ་ཉིད་མེད་སྐྱེ་བ་ངོ་བོ་མེད། །དོན་དམ་པ་ངོ་བོ་ཉིད་མེད་དོ་ཞེས་པ་ངས་བཤད་དེ། །འདི་ལ་མཁས་པ་གང་ཞིག་དགོངས་པ་ཤེས་པ་ནི། །རབ་ཏུ་ཉམས་པར་འགྱུར་བའི་ལམ་དུ་དེ་མི་འགྲོ།་ཀུན་གྱི་རྣམ་དག་ལམ་ནི་གཅིག་པུ་འདི་ཡིན་ཏེ། །རྣམ་པར་དག་པའང་གཅིག་སྟེ་གཉིས་པ་གང་ཡང་མེད། །དེ་ཕྱིར་ཐེག་པ་གཅིག་པ་འདི་ནི་འདོགས་བྱེད་ཀྱང ། །སེམས་ཅན་རིགས་ནི་རྣམ་པ་སྣ་ཚོགས་མེད་མ་ཡིན། །སེམས་ཅན་ཁམས་འདི་ན་ནི་གང་བདག་གཅིག་པུ་པ། །མྱ་ངན་འདའ་བར་བྱེད་པའི་སེམས་ཅན་དཔག་ཏུ་མེད། །གང་དག་མྱ་ངན་འདས་ཀྱང་སེམས་ཅན་མི་གཏོང་བའི། །བརྟན་པ་སྙིང་རྗེ་ལྡན་པ་དེ་དག་ཤིན་ཏུ་དཀོན། །གང་གྲོལ་དེ་དག་རྣམས་ཀྱི་ཟག་པ་མེད་པའི་དབྱིངས། །ཕྲ་ཞིང་བསམ་གྱིས་མི་ཁྱབ་མཉམ་ཞིང་བྱེ་བྲག་མེད། ། ཐམས་ཅད་དོན་གྲུབ་སྡུག་བསྔལ་ཉོན་མོངས་སྤངས་པ་སྟེ། །གཉིས་སུ་བརྗོད་པ་མ་ཡིན་བདེ་ཞིང་བརྟན་པ་ཡིན། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ཙམ་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགོངས་ཏེ་གསུངས་པ། ཕྲ་བ། མཆོག་ཏུ་ཕྲ་བ། ཟབ་ 35a ༄#། །པ།་མཆོག་ཏུ་ཟབ་པ། རྟོགས་པར་དཀའ་བ། མཆོག་ཏུ་རྟོགས་པར་དཀའ་བ་ནི་ངོ་མཚར་རྨད་དུ་བྱུང་བ་ལགས་སོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ལ། གཟུགས་ཀྱི་ཕུང་པོ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་བཞག་པ་དང ། གཟུགས་ཀྱི་ཕུང་པོ་སྐྱེའོ་ཞེའམ། འགག་གོ་ཞེའམ། གཟུགས་ཀྱི་ཕུང་པོ་སྤང་བ་དང ། ཡོངས་སུ་ཤེས་པ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་བཞག་པ་གང་ལགས་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མ་མཆིས་པ་ཉིད་འདོགས་པར་མཛད་ལགས་སོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མ་མཆིས་པ་ཉིད་དང ། དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་དེ་ཉིད་ལས་གཅིག་ཀྱང་འདོགས་པར་མཛད་ལགས་སོ། །བཅོམ་ལྡན་འདས། བཅོམ་ 35b ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས། འདུ་བྱེད་ཀྱི་མཚན་མ་དེ་ཉིད་ཀུན་བརྟགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་མེད། དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་དོན་དམ་པའི་ངོ་བོ་ཉིད་མ་མཆིས་པ་དེ་ཉིད་ལས་གཅིག་འདོགས་པར་མཛད་ལགས་སོ། ། གཟུགས་ཀྱི་ཕུང་པོ་ལ་ཇི་ལྟ་བ་བཞིན་དུ་ཕུང་པོ་ལྷག་མ་རྣམས་ལའང་དེ་བཞིན་དུ་སྦྱར་བར་བགྱི་ལགས་སོ། །ཕུང་པོ་རྣམས་ལ་ཇི་ལྟ་བ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་པོ་དག་གི་སྐྱེ་མཆེད་རེ་རེ་ལའང་དེ་བཞིན་ལགས་སོ། །སྲིད་པའི་ཡན་ལག་བཅུ་གཉིས་པོ་དེ་དག་གི་སྲིད་པའི་ཡན་ལག་རེ་རེ་ལའང་དེ་བཞིན་བགྱི་ལགས་སོ། །ཟས་བཞི་པོ་དག་གི་ཟས་རེ་རེ་ལའང་དེ་བཞིན་ལགས་སོ། །ཁམས་དྲུག་དང ། ཁམས་བཅོ་བརྒྱད་པོ་དག་གི་ཁམས་རེ་རེ་ལའང་དེ་བཞིན་ལགས་སོ། །བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ལ་སྡུག་བསྔལ་གྱི་བདེན་པ་དང ། སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ 36a ༄#། །ཤེས་པ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་བཞག་པ་གང་ལགས་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མ་མཆིས་པ་ཉིད་འདོགས་པར་མཛད་ལགས་སོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མ་མཆིས་པ་ཉིད་དང ། དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་དེ་ལས་གཅིག་ཀྱང་འདོགས་པར་མཛད་ལགས་སོ། །བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད་ཀུན་བརྟགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་ཉིད་དེ་ལས་གཅིག་འདོགས་པར་མཛད་ལགས་སོ། །སྡུག་བསྔལ་འཕགས་ 36b པའི་བདེན་པ་ལ་ཇི་ལྟ་བ་དེ་བཞིན་དུ་བདེན་པ་ལྷག་མ་རྣམས་ལའང་དེ་བཞིན་དུ་སྦྱར་བར་བགྱི་ལགས་སོ། །བདེན་པ་རྣམས་ལ་ཇི་ལྟ་བ་བཞིན་དུ་དྲན་པ་ཉེ་བར་བཞག་པ་རྣམས་དང ། ཡང་དག་པར་སྤོང་བ་རྣམས་དང ། རྫུ་འཕྲུལ་གྱི་རྐང་པ་རྣམས་དང ། དབང་པོ་རྣམས་དང ། སྟོབས་རྣམས་དང ། བྱང་ཆུབ་ཀྱི་ཡན་ལག་རྣམས་དང ། ལམ་གྱི་ཡན་ལག་རྣམས་ཀྱི་ཡན་ལག་རེ་རེ་ལའང་དེ་བཞིན་དུ་སྦྱར་བར་བགྱི་ལགས་སོ། །བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ལ་ཡང་དག་པའི་ཏིང་ངེ་འཛིན་ཞེའམ། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་དང་གཉེན་པོ་ཞེའམ། ཏིང་ངེ་འཛིན་བསྒོམ་པ་ཞེའམ། མ་སྐྱེས་བ་སྐྱེ་བ་ཞེའམ། སྐྱེས་པ་གནས་པ་དང ། མི་བསྐྱུད་པ་དང ། སླར་ཞིང་འབྱུང་བ་དང ། འཕེལ་ཞིང་རྒྱས་པ་ཉིད་ཅེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་བཞག་པ་གང་ལགས་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མ་མཆིས་པ་ཉིད་འདོགས་པར་མཛད་ལགས་སོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་ 37a ༄#། །གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མ་མཆིས་པ་ཉིད་དང ། དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་དེ་ལས་གཅིག་ཀྱང་འདོགས་པར་མཛད་ལགས་སོ། །བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད་ཀུན་བརྟགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་དེ་ལས་གཅིག་འདོགས་པར་མཛད་ལགས་སོ། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་བགྱི་ན། བཅའ་སྒའི་ཕྱེ་མའི་སྨན་སྦྱར་བ་དང ། བཅུད་ཀྱིས་ལེན་སྦྱར་བ་ཐམས་ཅད་དུ་སྩལ་བར་བགྱི་བ་ལགས་སོ། །དེ་བཞིན་དུ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང།་འགག་པ་མ་མཆིས་པ་དང ། གཟོད་མ་ནས་ཞི་བ་དང ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། བཅོམ་ལྡན་འདས་ངེས་པའི་དོན་བསྟན་ 37b པ་འདིའང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་དུ་སྩལ་བར་བགྱི་བ་ལགས་སོ། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་བགྱི་ན། རི་མོ་བྲི་བའི་གཞི་ནི་སྔོན་པོའམ། སེར་པོའམ། དམར་པོའམ། དཀར་པོའམ། རི་མོར་བགྱི་བ་ཐམས་ཅད་ལ་རོ་གཅིག་ལ་ལགས་ཤིང་རི་མོར་བྲིས་པ་དེའང་ཤིན་ཏུ་གསལ་བར་བགྱིད་པ་ལགས་སོ། །དེ་བཞིན་དུ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་དང ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ཀྱི་བར་ལས་བརྩམས་ནས་བཅོམ་ལྡན་འདས་ཀྱི་ངེས་པའི་དོན་བསྟན་པ་འདིའང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་ལ་རོ་གཅིག་པ་དང་དྲང་བའི་དོན་དེ་དག་ཤིན་ཏུ་གསལ་བར་བགྱིད་པ་ལགས་སོ། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་བགྱི་ན། ཆབ་མར་ནི་སྣོད་དུ་བསྒྲལ་བ་དང ། ཤ་གཡོས་དང།་བག་ཆོས་ཀྱི་རྣམ་པ་ཐམས་ཅད་དུ་སྩལ་ན་ཤིན་ཏུ་གདའ་བར་འགྱུར་ལགས་སོ། །དེ་བཞིན་དུ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་དང ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ཀྱི་བར་ལས་བརྩམས་ནས་བཅོམ་ལྡན་འདས་ཀྱི་ངེས་པའི་དོན་བསྟན་པ་འདིའང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་དུ་སྩལ་ན་དགའ་བ་དང ། མཆོག་ཏུ་དགའ་བ་ཆེན་པོར་འགྱུར་ལགས་སོ། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་བགྱི་ན། ནམ་མཁའ་ནི་ཐམས་ཅད་ལ་རོ་གཅིག་པ་དང ། བརྩམ་པ་ཐམས་ཅད་ལ་སྒྲིབ་པར་མི་འགྱུར་བ་ལགས་ 38a ༄#། །སོ། །དེ་བཞིན་དུ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་དང ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ཀྱི་བར་ལས་བརྩམས་ནས་བཅོམ་ལྡན་འདས་ཀྱི་ངེས་པའི་དོན་བསྟན་པ་འདིའང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་ལ་རོ་གཅིག་པ་དང ། ཉན་ཐོས་ཀྱི་ཐེག་པ་དང ། རང་སངས་རྒྱས་ཀྱི་ཐེག་པ་དང ། ཐེག་པ་ཆེན་པོར་བརྩམ་པ་ཐམས་ཅད་ལ་སྒྲིབ་པར་མི་འགྱུར་བ་ལགས་སོ། །དེ་སྐད་ཅེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། དོན་དམ་ཡང་དག་འཕགས། ལེགས་སོ། །ལེགས་སོ། །དོན་དམ་ཡང་དག་འཕགས་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་དགོངས་ཏེ་བཤད་པ་ཤེས་ཏེ། དོན་དེ་ལ་འདི་ལྟ་སྟེ།་བཅའ་སྒྲ་དང ། རི་མོ་འདྲི་བའི་གཞི་དང ། མར་གྱིས་གདབ་པ་དང ། ནམ་མཁའི་དཔེ་ལེགས་པར་བྱས་པ་དེ་ནི། དོན་དམ་ཡང་དག་འཕགས། དེ་བཞིན་ཏེ། གཞན་དུ་མ་ཡིན་གྱི། དེ་ནི་དེ་བཞིན་དུ་གཟུང་ཞིག་།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་ར་ཎཱ་སི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པར་བསྟན་པས་ཆོས་ཀྱི་ 38b འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ། སྔོན་ལྷར་གྱུར་བའམ། མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་ཏུ་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང ། འགག་པ་མ་མཆིས་པ་དང ། གཟོད་མ་ནས་ཞི་བ་དང ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང ། འགག་པ་མ་མཆིས་པ་དང ། གཟོད་མ་ནས་ཞི་བ་དང ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ། ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་ 39a ༄#། །པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །བཅོམ་ལྡན་འདས། ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ཀྱི་བར་ལས་བརྩམས་ནས། བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་བསྟན་པ་འདི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཐོས་ནས་མོས་པར་བགྱིད་པ་དང ། ཡི་གེར་འདྲིར་སྩོལ་བ་དང ། ཡི་གེར་བྲིས་ནས་ཀྱང་འཆང་བ་དང ། ཀློག་པ་དང ། མཆོད་པ་དང ། ཡང་དག་པར་འགྱེད་པ་དང ། ལུང་ནོད་པ་དང ། ཁ་ཏོན་བགྱིད་པ་དང ། སེམས་པ་དང ། སེམས་པ་དང ། བསྒོམ་པའི་རྣམ་པས་སྦྱོར་བར་བགྱིད་པ་དེ་བསོད་ནམས་ཇི་ཙམ་ཞིག་བསྐྱེད་པར་འགྱུར་བ་ལེགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དོན་དམ་ཡང་དག་འཕགས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ནི་བསོད་ནམས་དཔག་ཏུ་མེད་གྲངས་མེད་པ་བསྐྱེད་དེ། དེའི་དཔེ་བྱ་བར་སླ་བ་མ་ཡིན་མོད་ཀྱི། འོན་ཀྱང་མདོར་བསྡུས་ཏེ་ཁྱོད་ལ་བཤད་པར་བྱའོ། །དོན་དམ་ཡང་དག་འཕགས། འདི་ལྟ་སྟེ། དཔེར་ན། སེན་མོའི་ 39b རྩེ་མོ་ལ་གནས་པའི་སའི་རྡུལ་གང་ད་གྱིན་པ་དེ་ནི། ས་ལ་གནས་པའི་རྡུལ་རྣམས་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞིང་སྟོང་གི་ཆ་དང ། འབུམ་གྱི་ཆ་དང ། གྲངས་དང ། ཆ་དང།་བགྲང་པ་དང ། དཔེ་དང ། རྒྱུར་ཡང་ཉེ་བར་མི་འགྲོའོ། །བ་ལང་གི་རྗེས་ཀྱི་ཆུ་ནི་རྒྱ་མཚོ་ཆེན་པོ་བཞིའི་ཆུ་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུའང་ཉེ་བར་མི་འགྲོའོ། །དོན་དམ་ཡང་དག་འཕགས། དེ་བཞིན་དུ་ངས་དྲང་བའི་དོན་གྱི་མདོ་སྡེ་ལ་མོས་པ་ནས། བསྒོམ་པའི་རྣམ་པར་སྦྱོར་བར་བྱེད་པའི་བར་གྱི་བསོད་ནམས་གང་བཤད་པ་དེ་ནི་ངེས་པའི་དོན་བསྟན་པ་ལ་མོས་པ་ལས་ཡང་དག་པར་གྲུབ་པ་ནས། བསྒོམ་པའི་རྣམ་པས་སྦྱོར་བ་ལས་ཡང་དག་པར་གྲུབ་པའི་བར་གྱི་བསོད་ནམས་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུའང་ཉེ་བར་མི་འགྲོའོ། །དེ་སྐད་ཅེས་བཀའ་སྩལ་བ་དང ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དགོངས་པ་ངེས་པར་འགྲེལ་བའི་ཆོས་ཀྱི་རྣམ་གྲངས་འདིར་བསྟན་པ་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། དོན་དམ་ཡང་དག་འཕགས། འདི་ནི་དོན་དམ་པའི་ངེས་པའི་དོན་བསྟན་པ་ཡིན་ཏེ། འདི་དོན་དམ་པ་ངེས་པའི་དོན་བསྟན་པ་ཞེས་བྱ་བར་གཟུང་ཞིག་ 40a ༄#། །དོན་དམ་པ་ངེས་པའི་དོན་བསྟན་པ་འདི་བཤད་པ་ན་སྲོག་ཆགས་དྲུག་འབུམ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །ཉན་ཐོས་སུམ་འབུམ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ་།ཉན་ཐོས་འབུམ་ལྔ་ཁྲི་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དོན་དམ་ཡང་དག་འཕགས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་ཞུ་བ་ཞུས་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ཅི་ལ་གནས། ཅི་ལ་བརྟེན་ཏེ་ཐེག་པ་ཆེན་པོ་ལ་ཞི་གནས་དང ། ལྷག་མཐོང་སྒོམ་པར་བགྱིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ། ཆོས་གདགས་པ་རྣམ་པར་བཞག་པ་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་མི་གཏོང་བ་ལ་གནས་ཤིང་བརྟེན་ཅིང་བརྟེན་ནས་སོ། །བཅོམ་ལྡན་འདས་ཀྱིས་ཞི་གནས་དང ། ལྷག་མཐོང་གི་དམིགས་པའི་དངོས་པོ་བཞི་པོ་འདི་ལྟ་སྟེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང ། རྣམ་པར་མི་རྟོག་པའི་གཟུགས་བརྙན་དང ། དངོས་པོའི་མཐའ་དང ། དགོས་པ་ཡོངས་སུ་གྲུབ་པའོ་ཞེས་གང་དག་ 40b བསྟན་པ་དེ་ལ། བཅོམ་ལྡན་འདས། དུ་ཞིག་ཞི་གནས་ཀྱི་དམིགས་པ་ལགས། བཀའ་སྩལ་པ། གཅིག་སྟེ། འདི་ལྟ་སྟེ། རྣམ་པར་མི་རྟོག་པའི་གཟུགས་བརྙན་ནོ། །དུ་ཞིག་ལྷག་མཐོང་གི་དམིགས་པ་ལགས། བཀའ་སྩལ་པ། གཅིག་ཁོ་ན་སྟེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ནོ། །དུ་ཞིག་དེ་གཉིས་ཀའི་དམིགས་པ་ལགས། བཀའ་སྩལ་པ། གཉིས་ཏེ། འདི་ལྟ་སྟེ། དངོས་པོའི་མཐའ་དང ། དགོས་པ་ཡོངས་སུ་གྲུབ་པའོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ཞི་གནས་དང ། ལྷག་མཐོང་གི་དམིགས་པའི་དངོས་པོ་བཞི་པོ་དེ་དག་ལ་བརྟེན་ཅིང་གནས་ནས་ཇི་ལྟར་ཞི་གནས་ཡོངས་སུ་ཚོལ་བར་བགྱིད་བ་དང ། ལྷག་མཐོང་ལ་མཁས་པ་ལགས། བཀའ་སྩལ་བ། བྱམས་པ། ངས་ཆོས་གདགས་པ་རྣམ་པར་བཞག་པ་འདི་ལྟ་སྟེ། མདོའི་སྡེ་དང ། དབྱངས་ཀྱིས་བསྙད་པའི་སྡེ་དང ། ལུང་དུ་བསྟན་པའི་སྡེ་དང ། ཚིགས་སུ་བཅད་པའི་སྡེ་དང ། ཆེད་དུ་བརྗོད་པའི་སྡེ་དང ། གླེང་གཞིའི་སྡེ་དང ། རྟོགས་པ་བརྗོད་པའི་སྡེ་དང ། དེ་ལྟ་བུ་བྱུང་བའི་སྡེ་དང ། སྐྱེས་པའི་རབས་ཀྱི་སྡེ་དང ། ཤིན་ཏུ་རྒྱས་པའི་སྡེ་དང ། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང ། གཏན་ལ་དབབ་པར་བསྟན་པའི་སྡེ་གང་དག་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་པ་དེ་དག་བྱང་ཆུབ་སེམས་དཔས་ལེགས་པར་ཐོས། ལེགས་པར་བཟུང ། ཁ་ཏོན་བྱང་བར་བྱས། ཡིད་ཀྱིས་ལེགས་པར་བརྟགས། 41a ༄#། །མཐོང་པས་ཤིན་ཏུ་རྟོགས་པར་བྱས་ནས་དེ་གཅིག་པུ་དབེན་པར་འདུག་སྟེ། ནང་དུ་ཡང་དག་བཞག་ནས་ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ཡིད་ལ་བྱེད་ཅིང ། སེམས་གང་གིས་ཡིད་ལ་བྱེད་པའི་སེམས་དེ་ནང་དུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་ཡིད་ལ་བྱེད་དོ། །དེ་ལྟར་ཞུགས་ཤིང་དེ་ལ་ལན་མང་དུ་གནས་པ་དེ་ལ་ལུས་ཤིན་ཏུ་སྦྱངས་པ་དང ། སེམས་ཤིན་ཏུ་སྦྱངས་པ་འབྱུང་བ་གང་ཡིན་པ་དེ་ནི་ཞི་གནས་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཞི་གནས་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ནོ། །དེ་ལུས་ཤིན་ཏུ་སྦྱངས་པ་དང ། སེམས་ཤིན་ཏུ་སྦྱངས་པ་དེ་ཐོས་ནས་དེ་ཉིད་ལ་གནས་ཏེ། སེམས་ཀྱི་རྣམ་པ་སྤངས་ནས་ཇི་ལྟར་བསམས་པའི་ཆོས་དེ་དག་ཉིད་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོག་པར་བྱེད། མོས་པར་བྱེད་དོ། །དེ་ལྟར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་དག་ལ་ཤེས་བྱའི་དོན་དེ་རྣམ་པར་འབྱེད་པ་དང ། རབ་ཏུ་རྣམ་པར་འབྱེད་པ་དང ། ཡོངས་སུ་རྟོག་པ་དང ། ཡོངས་སུ་དཔྱོད་པ་དང ། བཟོད་པ་དང ། འདོད་པ་དང ། བྱེ་བྲག་འབྱེད་པ་དང ། ལྟ་བ་དང ། རྟོག་པ་གང་ཡིན་བ་དེ་ནི་ལྷག་མཐོང་ཞེས་བྱ་སྟེ།་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་དེ་ལ་སེམས་ལ་དམིགས་པའི་སེམས་ནང་དུ་ཡིད་ལ་ 41b བགྱིད་པ་ན། ཇི་སྲིད་དུ་ལུས་ཤིན་ཏུ་སྦྱངས་པ་དང ། སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེའི་བར་དུ་ཡིད་ལ་བགྱིད་པ་དེ་ལ་ཅི་ཞེས་བགྱི། བྱམས་པ། ཞི་གནས་ནི་མ་ཡིན་ཏེ། ཞི་གནས་ཀྱི་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱའོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་དེ་ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེའི་བར་དུ་ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་ཡིད་ལ་བགྱིད་པའི་ཡིད་ལ་བགྱིད་པ་དེ་ལ་ཅི་ཞེས་བགྱི། བྱམས་པ། ལྷག་མཐོང་ནི་མ་ཡིན་ཏེ། ལྷག་མཐོང་གི་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱའོ། །བཅོམ་ལྡན་འདས། ཞི་གནས་ཀྱི་ལམ་དང ། ལྷག་མཐོང་གི་ལམ་ཐ་དད་ཅེས་བགྱིའམ། ཐ་དད་པ་མ་ལགས་ཞེས་བགྱི། བཀའ་སྩལ་པ། བྱམས་པ། ཐ་དད་པའང་མ་ཡིན། ཐ་དད་པ་མ་ཡིན་པའང་མ་ཡིན་ཞེས་བྱའོ། །ཅིའི་ཕྱིར་ཐ་དད་པ་མ་ཡིན་ཞེ་ན། ལྷག་མཐོང་གི་དམིགས་པའི་སེམས་ལ་དམིགས་པའི་ཕྱིར་རོ། །ཅིའི་ཕྱིར་ཐ་དད་པ་མ་ཡིན་པ་མ་ཡིན་ཞེ་ན། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པའི་ཕྱིར་རོ། །བཅོམ་ལྡན་འདས། རྣམ་པར་ལྟ་བར་བགྱིད་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གང་ལགས་བདེ་ཅི་ལགས། སེམས་དེ་དང་ཐ་དད་པ་ཞེས་བགྱིའམ། ཐ་དད་ 42a ༄#། །པ་མ་ལགས་ཞེས་བགྱི། བྱམས་པ། ཐ་དད་པ་མ་ཡིན་ཞེས་བྱའོ། །ཅིའི་ཕྱིར་ཐ་དད་པ་ཡིན་ཞེ་ན། གཟུགས་བརྙན་དེ་རྣམ་པར་རིག་པ་ཅོམ་དུ་ཟད་པའི་ཕྱིར་ཏེ། བྱམས་པ། རྣམ་པར་ཤེས་པ་ནི་དམིགས་པ་རྣམས་པར་རིག་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་ངས་བཤད་དོ། །བཅོམ་ལྡན་འདས། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་གལ་ཏེ་གཟུགས་སེམས་དེ་ལས་ཐ་དད་པ་མ་ལགས་ན། སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་ལ་ཇི་ལྟར་རྟོག་པར་བགྱིད་ལགས། བཀའ་སྩལ་པ། བྱམས་པ། དེ་ལ་ཆོས་གང་ཡང་ཆོས་གང་ལའང་རྟོག་པར་མི་བྱེད་མོད་ཀྱི། འོན་ཀྱང་དེ་ལྟར་སྐྱེས་པའི་སེམས་གང་ཡིན་པ་དེ་དེ་ལྟར་སྣང་ངོ ། །བྱམས་པ། འདི་ལྟ་སྟེ། དཔེར་ན། གཟུགས་ལ་བརྟེན་ནས་མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཡོངས་སུ་དག་པ་ལ་གཟུགས་ཉིད་མཐོང་ཡང་གཟུགས་བརྙན་མཐོང་ངོ་སྙམ་དུ་སེམས་ཏེ། དེ་ལ་གཟུགས་དེ་དང ། གཟུགས་བརྙན་སྣང་བ་དེ་དོན་ཐ་དད་པར་སྣང་ངོ ། །དེ་བཞིན་དུ་དེ་ལྟར་སྐྱེས་པའི་སེམས་དེ་དང ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་ཞེས་བྱ་བ་གང་ཡིན་པ་དེའང་དེ་ལས་དོན་གཞན་ཡིན་པ་ལྟ་བུར་སྣང་ངོ ། །བཅོམ་ལྡན་འདས་།སེམས་ཅན་རྣམས་ཀྱི་གཟུགས་ལ་སོགས་པར་སྣང་བ་སེམས་ཀྱི་གཟུགས་བརྙན་རང་བཞིན་དུ་གནས་པ་གང་ལགས་པ་དེའང་སེམས་དེ་དང་ཐ་དད་ 42b པ་མ་ལགས་ཞེས་བགྱིའམ། བཀའ་སྩལ་པ། བྱམས་པ། ཐ་དད་པ་མ་ཡིན་ཞེས་བྱ་སྟེ། བྱིས་པ་ཕྱིན་ཅི་ལོག་གི་བློ་ཅན་རྣམས་ནི་གཟུགས་བརྙན་དེ་དག་ལ་རྣམ་པར་རིག་པ་ཙམ་དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པས་ཕྱིན་ཅི་ལོག་ཏུ་སེམས་སོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ཇི་ཙམ་གྱིས་ན། གཅིག་ཏུ་ལྷག་མཐོང་སྒོམ་པ་ལགས། བཀའ་སྩལ་པ།་གང་གི་ཚེ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་སེམས་ཀྱི་མཚན་ཉིད་ལ་བྱེད་པའོ། །ཇི་ཙམ་གྱིས་ན་གཅིག་ཏུ་ཞི་གནས་བསྒོམ་པ་ལགས། བཀའ་སྩལ་པ། གང་གི་ཚེ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་བར་ཆད་མེད་པའི་སེམས་ཡིད་ལ་བྱེད་པའོ། །ཇི་ཙམ་གྱིས་ན་ཞི་གནས་དང ། ལྷག་མཐོང་གཉིས་འདྲེས་པར་འགྱུར་ཏེ་མཉམ་པར་ཟུང་དུ་འཇུག་པ་ལགས། བཀའ་སྩལ་པ།་གང་གི་ཚེ་སེམས་རྩེ་གཅིག་པ་ཉིད་ཡིད་ལ་བྱེད་པའོ། །བཅོམ་ལྡན་འདས། སེམས་ཀྱི་མཚན་མ་གང་ལགས། བྱམས་པ། ལྷག་མཐོང་གི་དམིགས་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གང་ཡིན་པའོ། །བར་ཆད་མ་མཆིས་པའི་སེམས་གང་ལགས། བྱམས་པ། ཞི་གནས་ཀྱི་དམིགས་པ་གཟུགས་བརྙན་ལ་དམིགས་པའི་སེམས་གང་ཡིན་པའོ། །སེམས་རྩེ་གཅིག་པ་ཉིད་གང་ལགས། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་ལ་འདི་ནི་རྣམ་པར་རིག་པ་ཙམ་ཡིན་ནོ་ཞེས་བྱ་བར་རྟོགས་ཏེ། དེ་རྟོགས་ 43a ༄#། །ནས་དེ་བཞིན་ཉིད་དུ་ཡིད་ལ་བྱེད་པ་གང་ཡིན་པའོ། །བཅོམ་ལྡན་འདས། ལྷག་མཐོང་ལ་རྣམ་པ་དུ་མཆིས། བྱམས་པ། རྣམ་པ་གསུམ་སྟེ། མཚན་མ་ལས་བྱུང་བ་དང ། ཡོངས་སུ་ཚོལ་བ་ལས་བྱུང་བ་དང ། སོ་སོར་རྟོག་པ་ལས་བྱུང་བའོ། །མཚན་མ་ལས་བྱུང་བ་གང་ཞེ་ན། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་འབའ་ཞིག་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ། །ཡོངས་སུ་ཚོལ་བ་ལས་བྱུང་བ་གང་ཞེ་ན། དེ་དང་དེར་ཤེས་རབ་ཀྱིས་ཤིན་ཏུ་ལེགས་པར་མ་རྟོགས་པའི་ཆོས་དེ་དག་ཉིད་ཤིན་ཏུ་ལེགས་པར་རྟོགས་པར་བྱ་བའི་ཕྱིར་བྱིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་བའོ། །སོ་སོར་རྟོག་པ་ལས་བྱུང་བ་གང་ཞེ་ན། དེ་དང་དེར་ཤེས་རབ་ཀྱིས་ཤིན་ཏུ་ལེགས་པར་རྟོགས་པའི་ཆོས་རྣམས་ལ་རྣམ་པར་གྲོལ་བས་ཤིན་ཏུ་ལེགས་པར་བདེ་བ་ལ་རེག་པར་བྱ་བའི་ཕྱིར་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ། །ཞི་གནས་ལ་རྣམ་པ་དུ་མཆིས། བཀའ་སྩལ་པ། བར་ཆད་མེད་པའི་སེམས་དེའི་རྗེས་སུ་འབྲང་བས་དེའང་རྣམ་པ་གསུམ་དུ་བརྗོད་པར་བྱའོ། །བྱམས་པ། ཡང་ཞི་གནས་ནི་རྣམ་པ་བརྒྱད་དེ།་བསམ་གཏན་དང་པོ་པ་དང ། གཉིས་པ་དང ། གསུམ་པ་དང ། བསམ་གཏན་བཞི་པ་དང ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ 43b དང།་ཅིའང་མེད་པའི་སྐྱེ་མཆེད་དང ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་པའོ། །ཡང་རྣམ་པ་བཞི་སྟེ། བྱམས་པ་ཚད་མེད་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་ཚེད་མེད་པའོ། །བཅོམ་ལྡན་འདས། ཞི་གནས་དང ། ལྷག་མཐོང་ནི་ཆོས་ལ་གནས་པ་ཞེས་ཀྱང་བགྱི། ཆོས་ལ་མི་གནས་པ་ཞེས་ཀྱང་བགྱི་ན། ཆོས་ལ་གནས་པ་ནི་གང་ལགས། ཆོས་ལ་མི་གནས་པ་ནི་གང་ལགས། བྱམས་པ། ཇི་ལྟར་བཟུང་བ་དང་བསམས་པའི་ཆོས་ཀྱི་མཚན་མའི་རྗེས་སུ་འབྲང་བས་དོན་ལ་ཞི་གནས་དང ། ལྷག་མཐོང་གང་ཡིན་པ་དེ་ནི་ཆོས་ལ་གནས་པ་ཡིན་ནོ། །བཟུང་བ་དང་བསམས་པའི་ཆོས་ལ་མི་ལྟོས་པར་གཞན་གྱི་གདམས་ངག་དང ། རྗེས་སུ་བསྟན་པ་ལ་བརྟེན་ནས་དོན་ལ་ཞི་གནས་དང ། ལྷག་མཐོང་འདི་ལྟ་སྟེ། རྣམ་པར་རྔོས་པའམ། རྣམ་པར་རངས་པའམ། དེ་ལྟ་བུ་དང་མཐུན་པ་རྣམས་སམ། འདུ་བྱེད་ཐམས་ཅད་མི་རྟག་པ་ཞེས་བྱ་བའམ། སྡུག་བསྔལ་བ་ཞེས་བྱ་བའམ། ཆོས་ཐམས་ཅད་བདག་མེད་པ་ཞེས་བྱ་བའམ། མྱ་ངན་ལས་འདས་པ་ཞི་བ་ཞེས་བྱ་བ་དང ། དེ་ལྟ་བུ་དང་མཐུན་པའི་ཞི་གནས་དང ། ལྷག་མཐོང་དེ་ནི་ཆོས་ལ་མི་གནས་པ་ཡིན་པར་རིག་པར་བྱའོ། །བྱམས་པ།་དེ་ལ་ང་ནི་ཆོས་ལ་གནས་པའི་ཞི་གནས་དང ། ལྷག་མཐོང་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྗེས་སུ་འབྲང་བ་དབང་པོ་རྣོན་པོར་འདོགས་སོ། །ཆོས་ལ་མི་གནས་པ་ 44a ༄#། །ལ་བརྟེན་ནས་དད་པས་རྗེས་སུ་འབྲང་བ་དབང་པོ་རྟུལ་པོར་འདོགས་སོ། །བཅོམ་ལྡན་འདས། ཞི་གནས་དང ། ལྷག་མཐོང་ནི་མ་འདྲེས་པའི་ཆོས་ལ་དམིགས་པ་ཞེས་ཀྱང་བགྱི། འདྲེས་པའི་ཆོས་ལ་དམིགས་པ་ཞེས་ཀྱང་བགྱིན། མ་འདྲེས་པའི་ཆོས་ལ་དམིགས་པ་ནི་གང་ལགས། འདྲེས་པའི་ཆོས་ལ་དམིགས་པ་ནི་གང་ལགས། བྱམས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་ཇི་ལྟར་བཟུང་བ་དང་བསམ་པའི་ཆོས་རྣམས་ལས་མདོའི་སྡེ་ལ་སོགས་པའི་ཆོས་སོ་སོ་ལ་དམིགས་པའི་ཞི་གནས་དང ། ལྷག་མཐོང་སྒོམ་པར་བྱེད་པ་དེ་ནི་མ་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང ། ལྷག་མཐོང་ཡིན་ནོ། །གལ་ཏེ་མདོ་སྡེ་ལ་སོགས་པའི་ཆོས་དེ་གཅིག་ཏུ་བཟླུམ་པ་དང ། གཅིག་ཏུ་བསྡུ་བ་དང ། གཅིག་ཏུ་བརྟུལ་བ་དང ། ཕུང་པོ་གཅིག་ཏུ་བྱས་ཏེ། ཆོས་འདི་དག་ཐམས་ཅད་ནི་དེ་བཞིན་ཉིད་ལ་གཞོལ་བ། དེ་བཞིན་ཉིད་ལ་འབབ་པ། དེ་བཞིན་ཉིད་ལ་བབ་པ། བྱང་ཆུབ་ལ་གཞོལ་པ།་བྱང་ཆུབ་ལ་འབབ་པ། བྱང་ཆུབ་ལ་བབ་པ། མྱ་ངན་ལས་འདས་པ་ལ་གཞོལ་བ། མྱ་ངན་ལས་འདས་པ་ལ་འབབ་པ། མྱ་ངན་ལས་འདས་པ་ལ་བབ་པ། གནས་གྱུར་པ་ལ་གཞོལ་བ། གནས་གྱུར་པ་ལ་འབབ་པ། གནས་གྱུར་པ་ལ་བབ་པ་དག་སྟེ། ཆོས་འདི་དག་ཐམས་ཅད་ནི་དགེ་བའི་ཆོས་དཔག་ཏུ་མེད་པ། གྲངས་མེད་པ་དག་མངོན་པར་བརྗོད་ 44b པས་བརྗོད་པ་ཡིན་ནོ་སྙམ་དུ་ཡིད་ལ་བྱེད་པ་དེ་ནི། འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང ། ལྷག་མཐོང་ཡིན་ནོ། །བཅོམ་ལྡན་འདས། ཞི་གནས་དང ། ལྷག་མཐོང་ནི་འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པ་ཞེས་ཀྱང་བགྱི། འདྲེས་པ་ཆེན་པོར་གྱུར་པའི་ཆོས་ལ་དམིགས་པ་ཞེས་ཀྱང་བགྱི། འདྲེས་པ་ཚད་མ་མཆིས་པའི་ཆོས་ལ་དམིགས་པ་ཞེས་ཀྱང་བགྱི་ན། འདྲེས་པ་ཆུང་དུའི་ཆོས་ལ་དམིགས་པ་ནི་གང་ལགས། འདྲེས་པ་ཆེན་པོར་གྱུར་པའི་ཆོས་ལ་དམིགས་པ་ནི་གང་ལགས། འདྲེས་པ་ཚད་མ་མཆིས་པའི་ཆོས་ལ་དམིགས་པ་ནི་གང་ལགས། བྱམས་པ། མདོའི་སྡེ་ནས་ཤིན་ཏུ་རྒྱས་པའི་སྡེ་དང ། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང ། གཏན་ལ་དབབ་པར་བསྟན་པའི་སྡེའི་བར་དག་སོ་སོར་གཅིག་ཏུ་བཟླུམས་ཏེ་ཡིད་ལ་བྱེད་པའི་ཞི་གནས་དང ། ལྷག་མཐོང་ནི་འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པ་ཡིན་པར་རིག་པར་བྱའོ། །མདོའི་སྡེ་ལ་སོགས་པ་དེ་དག་ཉིད་ཇི་སྙེད་བཟུང་བ་དང ། བསམས་པ་སོ་སོར་གཅིག་ཏུ་བཟླུམས་ཏེ་ཡིད་ལ་བྱེད་པ་ནི་འདྲེས་པ་ཆེན་པོར་གྱུར་པའི་ཆོས་ལ་དམིགས་པ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་ཚད་མེད་པ་རྣམས་དང ། ཆོས་ཀྱི་ཚིག་དང ། ཡི་གེ་ཚད་མེད་པ་རྣམས་དང ། གོང་ནས་གོང་དུ་ཤེས་རབ་དང ། སྤོབས་པ་ཚད་མེད་པ་རྣམས་གཅིག་ཏུ་བཟླུམས་ཏེ་ཡིད་ལ་བྱེད་པའི་ནི་འདྲེས་པ་ཚད་མེད་པའི་ཆོས་ལ་དམིགས་པ་ཡིན་ 45a ༄#། །པར་རིག་པར་བྱའོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ཇི་ཙམ་གྱིས་ན་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང ། ལྷག་མཐོང་ཐོབ་པར་འགྱུར་ལགས། བྱམས་པ། དེ་ནི་རྒྱུ་ལྔས་ཐོབ་པར་འགྱུར་བར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཡིད་ལ་བྱེད་པའི་ཚེ་སྐད་ཅིག་སྐད་ཅིག་ལ་གནས་ངན་ལེན་གྱི་རྟེན་ཐམས་ཅད་འཇིག་པར་བྱེད་པ་དང ། འདུ་བྱེད་སྣ་ཚོགས་རྣམ་པར་སྤངས་ཏེ། ཆོས་ཀྱི་ཀུན་དགའ་ལ་དགའ་བ་འཐོབ་པ་དང ། ཆོས་སྣང་བ་ཕྱོགས་བཅུར་ཚད་མེད་ཅིང་རྣམ་པ་ཡོངས་སུ་མ་ཆད་པ་ཡང་དག་པར་ཤེས་པ་དང ། དགོས་པ་ཡོངས་སུ་གྲུབ་པ་དང་ལྡན་པ་རྣམ་པར་དག་པའི་ཆ་དང་མཐུན་པའི་མཚན་མ་རྣམ་པར་མ་བརྟགས་པ་རྣམས་དེ་ལ་ཀུན་འབྱུང་བ་དང ། ཆོས་ཀྱི་སྐུ་འཐོབ་པ་དང ། ཡོངས་སུ་རྫོགས་པ་དང ། ཡོངས་སུ་འགྲུབ་པར་བྱ་བའི་ཕྱིར། རྒྱུ་གོང་མ་བས་ཆེས་གོང་མ། བཟང་པོ་བས་ཆེས་བཟང་པོ་ཡང་དག་པར་ཡོངས་སུ་འཛིན་པར་བྱེད་པའོ། །བཅོམ་ལྡན་འདས། འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང ། ལྷག་མཐོང་དེ་གང་ལ་རྟོགས་ཤིང་གང་ལ་འཐོབ་པར་འཚལ་བར་བགྱི་ལགས། བཀའ་སྩལ་པ།་བྱམས་པ། ས་དང་པོ་རབ་ཏུ་དགའ་བ་ལ་ནི་རྟོགས་པ་ཡིན་ལ། ས་གསུམ་པ་འོད་བྱེད་པ་ལ་ནི་ཐོབ་པར་རིག་པར་བྱ་སྟེ། བྱམས་པ། དེ་ལྟ་མོད་ཀྱི། བྱང་ཆུབ་སེམས་དཔའ་ 45b ལས་དང་པོ་པས་ཀྱང་དེ་ལ་རྗེས་སུ་བསླབ་ཅིང་ཡིད་ལ་བྱ་བར་མི་གཏང་བར་བྱའོ། །བཅོམ་ལྡན་འདས། ཇི་ལྟར་ན་ཞི་གནས་དང ། ལྷག་མཐོང་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དུ་འགྱུར་བ་ལགས། ཇི་ལྟར་རྟོག་པ་མ་མཆིས་ཤིང་དཔྱོད་པ་ཙམ་དུ་འགྱུར་བ་ལགས། ཇི་ལྟར་ན་རྟོག་པ་མ་མཆིས་པ་དང་དཔྱོད་པ་མ་མཆིས་པར་འགྱུར་བ་ལགས། བྱམས་པ། ཇི་ལྟར་བཟུང་ཞིང་བརྟགས་པ་དང ། དཔྱད་པའི་ཆོས་རྣམས་ལ་དེ་དག་གི་མཚན་མ་གསལ་ཞིང་རགས་པ་མྱོང་བའི་རྗེས་སུ་དཔྱོད་པའི་ཞི་གནས་དང ། ལྷག་མཐོང་གང་ཡིན་པ་དེ་ནི། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཡིན་ནོ། །དེ་དག་ཉིད་ཀྱི་མཚན་མ་གསལ་ཞིང་རགས་པ་མྱོང་བའི་རྗེས་སུ་དཔྱོད་པ་མ་ཡིན་མོད་ཀྱི། འོན་ཀྱང་དེ་སྣང་བ་འོལ་བྱི་དྲན་པ་ཙམ་ཕྲ་མོ་མྱོང་བའི་རྗེས་སུ་དཔྱོད་པའི་ཞི་གནས་དང ། ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཡིན་ནོ། །དེ་དག་གི་མཚན་མ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་ལྷུན་གྱིས་གྲུབ་པར་ཆོས་མྱོང་བ་ཡིད་ལ་བྱེད་པས་རྣམ་པར་དཔྱོད་པའི་ཞི་གནས་དང ། ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་མེད་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ཡིན་ནོ། །བྱམས་པ། ཡང་ཡོངས་སུ་ཚོལ་བ་ལས་བྱུང་བའི་ཞི་གནས་དང ། ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་ 46a ༄#། །བཅས་པའི་ཏིང་ངེ་འཛིན་ཡིན་ནོ། །སོ་སོར་རྟོག་པ་ལས་བྱུང་བ་གང་ཡིན་པ་དེ་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཡིན་ནོ། །འདྲེས་བའི་ཆོས་ལ་དམིགས་པ་གང་ཡིན་པ་དེ་ནི་རྟོག་པ་མེད་པ་དང ། དཔྱོད་པ་མེད་པའི་ཏིང་ངེ་འཛིན་ཡིན་ནོ། །བཅོམ་ལྡན་འདས། ཞི་གནས་ཀྱི་རྒྱུ་མཚན་ནི་གང་ལགས། རབ་ཏུ་འཛིན་པའི་རྒྱུ་མཚན་ནི་གང་ལགས། བཏང་སྙོམས་ཀྱི་རྒྱུ་མཚན་ནི་གང་ལགས། བྱམས་པ། སེམས་རྒོད་པའམ། རྒོད་དུ་དོགས་པ་ན། ཀུན་ཏུ་སྐྱོ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་དང ། བར་ཆད་མེད་པའི་སེམས་དེ་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་ཞི་གནས་ཀྱི་རྒྱུ་མཚན་ཞེས་བྱའོ། །བྱམས་པ། སེམས་བྱིང་ངམ། བྱིང་དུ་དོགས་པ་ན། མངོན་པར་དགའ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་དང ། སེམས་ཀྱི་མཚན་མ་དེ་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་རབ་ཏུ་འཛིན་པའི་རྒྱུ་མཚན་ཞེས་བྱའོ། །བྱམས་པ། ཞི་གནས་ལ་གཅིག་ཏུ་ངེས་པའམ། ལྷག་མཐོང་ལ་གཅིག་ཏུ་ངེས་པའམ། ཟུང་དུ་འབྲེལ་བའི་ལམ་ཡང་རུང་སྟེ། དེ་གཉིས་ཀའི་ཉེ་བའི་ཉོན་མོངས་པས་ཉེ་བར་ཉོན་མོངས་པ་མེད་པ་ལ་སེམས་རང་གི་ངང་གིས་འཇུག་པ་ན་ཡིད་ལ་བྱེད་པ་ལྷུན་གྱིས་གྲུབ་པ་གང་ཡིན་པ་དེ་ནི་བཏང་སྙོམས་ཀྱི་རྒྱུ་མཚན་ཞེས་བྱའོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་བསྒོམ་པ། 46b ཆོས་སོ་སོར་ཡང་དག་པར་རིག་པ་དང ། དོན་སོ་སོར་ཡང་དག་པར་རིག་པ་ལགས་ན། ཇི་ལྟར་ཆོས་སོ་སོར་ཡང་དག་པར་རིག་པ་ལགས། ཇི་ལྟར་དོན་སོ་སོར་ཡང་དག་པར་རིག་པ་ལགས་བྱམས་པ། རྣམ་པ་ལྔས་སོ་སོར་ཡང་དག་པར་རིག་པ་ཡིན་ཏེ། མིང་དང ། ཚིག་དང ། ཡི་གེ་དང ། སོ་སོ་བ་དང ། བསྡུས་པས་སོ། །མིང་གང་ཞེ་ན། ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བའི་ཆོས་རྣམས་ལ་ངོ་བོ་ཉིད་དང ། བྱེ་བྲག་གི་མིང་དུ་བྱ་བར་བཏགས་པ་གང་ཡིན་པའོ། །ཚིག་གང་ཞེ་ན། ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བ་བའི་དོན་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་གནས་དང་རྟེན་མིང་དེ་དག་ཉིད་ཀྱི་ཚོགས་ལ་བརྟེན་པ་གང་ཡིན་པའོ། །ཡི་གེ་གང་ཞེ་ན། དེ་གཉིས་ཀའི་གནས་ཀྱི་ཡིག་འབྲུ་གང་ཡིན་པའོ། །དེ་དག་སོ་སོ་ལས་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། མ་འདྲེས་པ་ལ་དམིགས་པའི་ཡིད་ལ་བྱེད་པས་སོ་སོ་ཡང་དག་པར་རིག་པ་གང་ཡིན་པའོ། །བསྡུས་པ་ལས་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། འདྲེས་པ་ལ་དམིགས་པའི་ཡིད་ལ་བྱེད་པས་སོ་སོ་ཡང་དག་པར་རིག་པ་གང་ཡིན་པའོ། །དེ་དག་ཐམས་ཅད་གཅིག་ཏུ་བསྡུ་ན་ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་སྟེ། དེ་ལྟར་ན་ཆོས་སོ་སོ་ཡང་དག་པར་རིག་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་རྣམ་པ་བཅུས་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ། ཇི་སྙེད་ཡོད་པ་ཉིད་དང ། ཇི་ལྟ་བ་བཞིན་དུ་ 47a ༄#། །ཡོད་པ་ཉིད་དང ། འཛིན་པའི་དོན་དང ། གཟུང་བའི་དོན་དང ། གནས་པའི་དོན་དང ། ལོངས་སྤྱོད་ཀྱི་དོན་དང ། ཕྱིན་ཅི་ལོག་གི་དོན་དང ། ཕྱིན་ཅི་མ་ལོག་པའི་དོན་དང ། ཀུན་ནས་ཉོན་མོངས་པའི་དོན་དང ། རྣམ་པར་བྱང་བའི་དོན་གྱིས་སོ། །བྱམས་པ། དེ་ལ་ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བའི་ཆོས་རྣམས་ལ་རྣམ་པ་རབ་ཏུ་དབྱེ་བ་ཐམས་ཅད་ཀྱི་མཐར་ཐུག་པ་གང་ཡིན་པ་དེ་ནི་ཇི་སྙེད་ཡོད་པ་ཉིད་ཡིན་ཏེ། འདི་ལྟ་སྟེ། ཕུང་པོ་རྣམས་ཀྱི་ནི་གྲངས་ལྔས་སོ། །ནང་གི་སྐྱེ་མཆེད་རྣམས་ཀྱི་ནི་གྲངས་དྲུག་གིས་སོ། །ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ཀྱིའང་གྲངས་དྲུག་ཁོ་ནས་སོ་ཞེས་བྱ་བ་ལ་སོགས་པའོ། །བྱམས་པ། དེ་ལ་ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བ་པའི་ཆོས་དེ་དག་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཡིན་ཏེ། དེའང་རྣམ་པ་བདུན་ཏེ། འབྱུང་བའི་དེ་བཞིན་ཉིད་ནི་འདུ་བྱེད་རྣམས་ཀྱི་ཐོག་མ་དང་ཐ་མ་མེད་པ་ཉིད་གང་ཡིན་པའོ། །མཚན་ཉིད་ཀྱི་དེ་བཞིན་ཉིད་ནི་ཆོས་ཐམས་ཅད་ཀྱི་གང་ཟག་བདག་མེད་པ་དང ། ཆོས་བདག་མེད་པ་གང་ཡིན་པའོ། །རྣམ་པར་རིག་པའི་དེ་བཞིན་ཉིད་ནི་འདུ་བྱེད་རྣམས་རྣམ་པར་རིག་པ་ཉིད་གང་ཡིན་པའོ། །གནས་པའི་དེ་བཞིན་ཉིད་ནི་ངས་སྡུག་བསྔལ་གྱི་བདེན་པ་བསྟན་པ་གང་ཡིན་པའོ། །ལོག་པར་སྒྲུབ་པའི་ 47b དེ་བཞིན་ཉིད་ནི་ངས་ཀུན་འབྱུང་བའི་བདེན་པ་བསྟན་པ་གང་ཡིན་པའོ། །རྣམ་པར་དག་པའི་དེ་བཞིན་ཉིད་ནི་ངས་འགོག་པའི་བདེན་པ་བསྟན་པ་གང་ཡིན་པའོ། །ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་ནི་ངས་ལ་མ་གྱི་བདེན་པ་བསྟན་པ་གང་ཡིན་པའོ། །བྱམས་པ། དེ་ལ་འབྱུང་བའི་དེ་བཞིན་ཉིད་གང་ཡིན་པ་དེ་དང ། གནས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་དང ། ལོག་པར་སྒྲུབ་པའི་དེ་བཞིན་ཉིད་གང་ཡིན་པ་དེས་ནི་སེམས་ཅན་ཐམས་ཅད་མཚུངས་ཤིང་མཉམ་མོ། །བྱམས་པ། དེ་ལ་མཚན་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་དང ། རྣམ་པར་རིག་པའི་དེ་བཞིན་ཉིད་གང་ཡིན་པ་དེས་ནི་ཆོས་ཐམས་ཅད་དང་མཚུངས་ཤིང་མཉམ་མོ། །བྱམས་པ། རྣམ་པར་དག་པའི་དེ་བཞིན་ཉིད་གང་ཡིན་པ་དེས་ནི་ཉན་ཐོས་ཀྱི་བྱང་ཆུབ་གང་ཡིན་པ་དང ། རང་སངས་རྒྱས་ཀྱི་བྱང་ཆུབ་གང་ཡིན་པ་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ཡིན་པའི་བྱང་ཆུབ་ཐམས་ཅད་མཚུངས་ཤིང་མཉམ་མོ། ། བྱམས་པ། དེ་ལ་ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་དེས་ནི་ཐོས་པ་ཐམས་ཅད་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང ། ལྷག་མཐོང་གི་བསྡུས་པའི་ཤེས་རབ་མཚུངས་ཤིང་མཉམ་མོ། །བྱམས་པ། དེ་ལ་འཛིན་པའི་དོན་ནི་སྐྱེ་མཆེད་གཟུགས་ཅན་ལྔ་དང ། སེམས་དང ། ཡིད་དང ། རྣམ་པར་ཤེས་པ་དང ། སེམས་ལས་བྱུང་བའི་ཆོས་རྣམས་ 48a ༄#། །སོ། །བྱམས་པ། དེ་ལ་གཟུང་བའི་དོན་ནི་ཕྱི་རོལ་གྱི་སྐྱེ་མཆེད་དྲུག་པོ་དག་ཡིན་ནོ། །བྱམས་པ། ཡང་འཛིན་པའི་དོན་གང་ཡིན་པ་དེ་ནི་གཟུང་བའི་དོན་ཀྱང་ཡིན་ནོ། །བྱམས་པ། དེ་ལ་གནས་ཀྱི་དོན་ནི་འཇིག་རྟེན་གྱི་ཁམས་གང་ཡིན་པ་སྟེ། གང་ལ་གནས་ན་སེམས་ཅན་གྱི་ཁམས་སྣང་བའོ། །འདི་ལྟ་སྟེ། གྲོང་ཚིགས་དང ། གྲོང་ཚིགས་བརྒྱ་དང ། དེ་སྟོང་དང ། དེ་འབུམ་དང ། རྒྱ་མཚོ་ལ་ཐུག་པའི་ས་དང ། དེ་བརྒྱ་དང ། དེ་འབུམ་དང ། ཛམྦུའི་གླིང་དང ། དེ་བརྒྱད་དང ། དེ་སྟོང་དང ། དེ་འབུམ་དང ། གླིང་བཞི་པ་དང།་དེ་བརྒྱ་དང ། དེ་སྟོང་དང ། དེ་འབུམ་དང ། སྟོང་གི་འཇིག་རྟེན་གྱི་ཁམས་དང ། དེ་བརྒྱ་དང ། དེ་སྟོང་དང ། དེ་འབུམ་དང ། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་དང།་དེ་བརྒྱ་དང ། དེ་སྟོང་དང ། དེ་འབུམ་དང ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བརྒྱ་དང ། དེ་སྟོང་དང ། དེ་འབུམ་དང ། དེ་བྱེ་བ་དང ། དེ་བྱེ་བ་ཕྲག་བརྒྱ་དང།་དེ་བྱེ་བ་ཕྲག་སྟོང་དང ། དེ་བྱེ་བ་ཕྲག་འབུམ་དང ། དེ་གྲངས་མེད་པ་དང ། དེ་གྲངས་མེད་པ་ཕྲག་བརྒྱ་དང ། དེ་གྲངས་མེད་པ་ཕྲག་སྟོང་དང ། དེ་གྲངས་མེད་པ་ཕྲག་འབུམ་དང ། ཕྱོགས་བཅུ་དག་གི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ཕྲག་འབུམ་གྱི་རྡུལ་ཕྲ་རབ་ 48b ཀྱི་རྡུལ་སྙེད་དག་གོ་།བྱམས་པ། དེ་ལ་ལོངས་སྤྱོད་ཀྱི་དོན་ནི་ཡོངས་སུ་སྤྱད་པར་བྱ་བའི་ཕྱིར་ངས་སེམས་ཅན་རྣམས་ཀྱི་ཡོངས་སུ་བཟུང་བ་དང ། ཡོ་བྱད་བསྟན་པ་གང་དག་ཡིན་པ་རྣམས་སོ། །བྱམས་པ། དེ་ལ་ཕྱིན་ཅི་ལོག་གི་དོན་ནི་འཛིན་པ་ལ་སོགས་པའི་དོན་དེ་དག་ཉིད་ལ་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་ཕྱིན་ཅི་ལོག་དང ། སེམས་ཕྱིན་ཅི་ལོག་དང ། ལྟ་བ་ཕྱིན་ཅི་ལོག་དང།་སྡུག་བསྔལ་ལ་བདེ་བ་དང ། མི་གཙང་པ་ལ་གཙང་བ་དང ། བདག་མེད་པ་ལ་བདག་ཏུ་འདུ་ཤེས་ཕྱིན་ཅི་ལོག་དང ། སེམས་ཕྱིན་ཅི་ལོག་དང ། ལྟ་བ་ཕྱིན་ཅི་ལོག་གང་ཡིན་པའོ། ། བྱམས་པ། དེ་ལ་ཕྱིན་ཅི་མ་ལོག་པའི་དོན་ནི་དེ་ལས་བཟློག་པ་སྟེ། དེའི་གཉེན་པོ་ཡིན་པར་རིག་པར་བྱའོ། །བྱམས་པ། དེ་ལ་ཀུན་ནས་ཉོན་མོངས་པའི་དོན་ནི་རྣམ་པ་གསུམ་སྟེ། ཁམས་གསུམ་པའི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང ། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང ། སྐྱེ་བའི་ཀུན་ནས་ཉོན་མོངས་པའོ། །བྱམས་པ། དེ་ལ་རྣམ་པར་བྱང་བའི་དོན་ནི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་པོ་དེ་དག་ཉིད་དང་བྲལ་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་གང་དག་ཡིན་པ་རྣམས་ཏེ། བྱམས་པ། རྣམ་པ་བཅུ་པོ་དེ་དག་གིས་དོན་ཐམས་ཅད་བསྡུས་པར་རིག་པར་བྱའོ། །བྱམས་པ། ཡང་བྱང་ཆུབ་སེམས་དཔས་རྣམ་པ་ལྔས་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ། དོན་རྣམ་པ་ལྔ་གང་ཞེ་ 49a ༄#། །ན།་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང ། ཡོངས་སུ་ཤེས་པར་བྱ་བའི་དོན་དང ། ཡོངས་སུ་ཤེས་པ་དང ། ཡོངས་སུ་ཤེས་པའི་འབྲས་བུ་ཐོབ་པ་དང ། དེ་རབ་ཏུ་རིག་པར་བྱེད་པའོ། །བྱམས་པ། དེ་ལ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ནི་ཤེས་བྱ་ཐམས་ཅད་ཡིན་པར་བལྟ་བར་བྱ་སྟེ། འདི་ལྟ་སྟེ། ཕུང་པོ་རྣམས་ཞེས་བྱ་བའམ། ནང་གི་སྐྱེ་མཆེད་རྣམས་ཞེས་བྱ་བའམ། ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ཞེས་བྱ་བའམ། དེ་ལྟ་བུ་ལ་སོགས་པ་དག་གོ། བྱམས་པ། དེ་ལ་ཡོངས་སུ་ཤེས་པར་བྱ་བའི་དོན་ནི་རྣམ་པ་ཇི་སྙེད་ཀྱིས་ཤེས་བྱ་དེ་ཇི་ལྟ་བ་བཞིན་ཤེས་པར་བྱ་བ་སྟེ། འདི་ལྟ་སྟེ། ཀུན་རྫོབ་དང ། དོན་དམ་པ་དང ། སྐྱོན་དང ། ཡོན་ཏན་དང ། རྐྱེན་དང ། དུས་དང ། སྐྱེ་བ་དང ། གནས་པ་དང།་འཇིག་པའི་མཚན་ཉིད་དང ། ནད་ལ་སོགས་པ་དང ། སྡུག་བསྔལ་དང ། ཀུན་འབྱུང་བ་ལ་སོགས་པ་དང ། དེ་བཞིན་ཉིད་དང ། ཡང་དག་པའི་མཐའ་དང ། ཆོས་ཀྱི་དབྱིངས་དང ། བསྡུ་བ་དང ། དབྱེ་བ་དང ། མགོ་གཅིག་ཏུ་ལན་གདབ་པ་དང ། རྣམ་པར་དབྱེ་བ་དང ། བྲིས་ཏེ་ལན་གདབ་པ་དང ། གཞག་པ་དང ། གསང་བ་དང ། བསྒྲགས་པ་དང ། དེ་ལྟ་བུ་དང་མཐུན་པ་ནི་ཡོངས་སུ་ཤེས་པར་བྱ་བའི་དོན་ཡིན་པར་རིག་པར་བྱའོ། །བྱམས་པ། དེ་ལ་ཡོངས་སུ་ཤེས་པ་ནི་དེ་གཉིས་ཀ་འཛིན་པར་བྱེད་པ། བྱང་ཆུབ་ཀྱི་ 49b ཕྱོགས་དང་མཐུན་པའི་ཆོས་གང་ཡིན་པ་དག་སྟེ། འདི་ལྟ་སྟེ། དྲན་པ་ཉེ་བར་བཞག་པ་རྣམས་དང ། ཡང་དག་པར་སྤོང་བ་རྣམས་དང ། དེ་ལ་སོགས་པའོ། །བྱམས་པ། དེ་ལ་ཡོངས་སུ་ཤེས་པའི་འབྲས་བུ་འཐོབ་པ་ནི་འདི་ལྟ་སྟེ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་འདུལ་བ་དང ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ལ་ལུས་པར་སྤོང་བ་དང ། དགེ་སྦྱོང་ཉིད་ཀྱི་འབྲས་བུ་རྣམས་དང ། ངས་ཉན་ཐོས་དང ། དེ་བཞིན་གཤེགས་པའི་ཡོན་ཏན་འཇིག་རྟེན་པ་དང ། འཇིག་རྟེན་པ་ལས་འདས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གང་དག་བསྟན་པ་དེ་དག་མངོན་དུ་བྱ་བ་གང་ཡིན་པའོ། །བྱམས་པ། དེ་ལ་རབ་ཏུ་རིག་པར་བྱེད་པ་ནི་མངོན་སུམ་དུ་བྱས་པའི་ཆོས་དེ་དག་ཉིད་ལས་རྣམ་པར་གྲོལ་བར་ཤེས་པ་དང ། གཞན་དག་ལའང་རྒྱ་ཆེར་སྟོན་པ་དང ། ཡང་དག་པར་སྟོན་པ་གང་ཡིན་པ་སྟེ། བྱམས་པ། དོན་ལྔ་པོ་དེ་དག་གིས་ཀྱང་དོན་ཐམས་ཅད་བསྡུས་པར་རིག་པར་བྱའོ། །བྱམས་པ། ཡང་བྱང་ཆུབ་སེམས་དཔས་རྣམ་པ་བཞིས་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ། དོན་རྣམ་པ་བཞི་གང་ཞེ་ན། སེམས་ཀྱི་ལེན་པའི་དོན་དང ། མྱོང་བའི་དོན་དང ། རྣམ་པར་རིག་པའི་དོན་དང།་ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བའི་དོན་གྱིས་ཏེ། བྱམས་པ། དོན་རྣམ་པ་བཞི་པོ་དེ་དག་གིས་ཀྱང་དོན་ཐམས་ཅད་བསྡུ་བར་རིག་པར་བྱའོ། །བྱམས་པ། 50a ༄#། །ཡང་བྱང་ཆུབ་སེམས་དཔའི་རྣམ་པ་གསུམ་གྱིས་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ། དོན་རྣམ་པ་གསུམ་གང་ཞེ་ན། ཚིག་འབྲུའི་དོན་དང ། དོན་གྱི་དོན་དང ། ཁམས་ཀྱི་དོན་གྱིས་སོ། །བྱམས་པ། དེ་ལ་ཚིག་འབྲུའི་དོན་ནི་མིང་གི་ཚོགས་ལ་སོགས་པ་ཡིན་པར་བལྟ་བར་བྱའོ། །བྱམས་པ། དེ་ལ་དོན་གྱི་དོན་ནི་རྣམ་པ་བཅུར་རིག་པར་བྱ་སྟེ།་དེ་ཁོ་ནའི་མཚན་ཉིད་དང ། ཡོངས་སུ་ཤེས་པའི་མཚན་ཉིད་དང ། སྤང་བའི་མཚན་ཉིད་དང ། མངོན་དུ་བྱ་བའི་མཚན་ཉིད་དང ། བསྒོམ་པའི་མཚན་ཉིད་དང ། དེ་ཁོ་ནའི་མཚན་ཉིད་ལ་སོགས་པ་དེ་དག་ཉིད་ཀྱི་རྣམ་པ་རབ་ཏུ་དབྱེ་བའི་མཚན་ཉིད་དང ། གནས་དང་གནས་པར་འབྲེལ་བའི་མཚན་ཉིད་དང ། ཡོངས་སུ་ཤེས་པ་ལ་སོགས་པའི་བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་དང ། རྗེས་སུ་མཐུན་པའི་ཆོས་ཀྱི་མཚན་ཉིད་དང ། ཡོངས་སུ་མི་ཤེས་པ་ལ་སོགས་པ་དང ། ཡོངས་སུ་ཤེས་པ་ལ་སོགས་པའི་ཉེས་དམིགས་དང ། ཕན་ཡོན་གྱི་མཚན་ཉིད་དོ། །བྱམས་པ། དེ་ལ་ཁམས་ཀྱི་དོན་ནི་ཁམས་ལྔ་སྟེ། འཇིག་རྟེན་གྱི་ཁམས་དང ། སེམས་ཅན་གྱི་ཁམས་དང ། ཆོས་ཀྱི་ཁམས་དང ། འདུལ་བའི་ཁམས་དང ། འདུལ་བའི་ཐབས་ཀྱི་ཁམས་ཏེ། བྱམས་པ། དོན་རྣམ་པ་གསུམ་པོ་དེ་དག་གིས་ཀྱང་དོན་ཐམས་ཅད་བསྡུས་པར་རིག་པར་བྱའོ། །བཅོམ་ལྡན་ 50b འདས། ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱི་ས་དོན་སོ་སོ་ཡང་དག་པར་རིག་པ་གང་ལགས་པ་དང ། བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་དོན་སོ་སོ་ཡང་དག་པར་རིག་པ་གང་ལགས་པ་དང ། བཅོམ་ལྡན་འདས། ཞི་གནས་དང ། ལྷག་མཐོང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་དོན་སོ་སོ་ཡང་དག་པར་རིག་པ་གང་ལགས་པ་དེ་དག་ལ་ཐ་དད་དུ་བགྱི་བ་ཅི་མཆིས་ལགས། བཀའ་སྩལ་པ། བྱམས་པ། བྱང་ཆུབ་སེམས་དཔས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ནི་ཚིག་འབྲུ་ལ་གནས་པ། སྒྲ་ཇི་བཞིན་པ། དགོངས་པ་མེད་པ།་མངོན་དུ་མ་གྱུར་པ། རྣམ་པར་ཐར་པའི་རྗེས་སུ་མཐུན་པ། རྣམ་པར་ཐར་པར་བྱེད་པ་མ་ཡིན་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་དོ། །བྱམས་པ། བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ནི་ཚིག་འབྲུ་ལ་གནས་པ་ཁོ་ན་ཡིན་ལ། སྒྲ་ཇི་བཞིན་མ་ཡིན་པ། དགོངས་པ་ཅན། མངོན་དུ་གྱུར་པ། རྣམ་པར་ཐར་པའི་རྗེས་སུ་ཆེས་མཐུན་པ། རྣམ་པར་ཐར་པར་བྱེད་པ་མ་ཡིན་པའི་དོན་སོ་སོ་ཡང་དག་པར་རིག་པ་བྱེད་དོ། །བྱམས་པ། བྱང་ཆུབ་སེམས་དཔས་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ནི་ཚིག་འབྲུ་ལ་གནས་པ་དང ། ཚིག་འབྲུ་ལ་གནས་པ་མ་ཡིན་པ་དང ། སྒྲ་ཇི་བཞིན་པ་དང ། དགོངས་པ་ཅན་དང ། ཤེས་བྱའི་དངོས་པོ་དང་ཆ་མཐུན་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ 51a ༄#། །གྱིས་མངོན་དུ་གྱུར་པ། རྣམ་པར་ཐར་པའི་རྗེས་སུ་ཆོས་ཤིན་ཏུ་མཐུན་པ། རྣམ་པར་ཐར་པར་བྱེད་པའི་དོན་ཀྱང་སོ་སོར་ཡང་དག་པར་རིག་པར་བྱེད་དོ། བྱམས་པ། དེ་དག་གི་ཐ་དད་དུ་བྱ་བ་ནི་དེ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ཞི་གནས་དང ། ལྷག་མཐོང་སྒོམ་པ་ཆོས་སོ་སོར་ཡང་དག་པར་རིག་པ་དང ། དོན་སོ་སོ་ཡང་དག་པར་རིག་པའི་ཤེས་པ་ནི་གང་ལགས། མཐོང་བ་ནི་གང་ལགས། བྱམས་པ། ང་ནི་ཤེས་པ་དང ། མཐོང་བ་རྣམ་གྲངས་དུ་མས་སྟོན་པར་བྱེད་མོད་ཀྱི། འོན་ཀྱང་མདོར་བསྡུས་ཏེ་བཤད་པར་བྱའོ། །འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང ། ལྷག་མཐོང་གི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པ་ཡིན་ནོ། །མ་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང ། ལྷག་མཐོང་གི་ཤེས་རབ་གང་ཡིན་པ་དེ་ནི་མཐོང་བ་ཡིན་ནོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ཞི་གནས་དང ། ལྷག་མཐོང་སྒོམ་པས་ཡིད་ལ་བགྱིད་པ་གང་གིས་མཚན་མ་གང་ཇི་ལྟར་རྣམ་པར་སེལ་བར་བགྱིད་ལགས། བྱམས་པ། དེ་བཞིན་ཉིད་ཡིད་ལ་བྱེད་པས་ཆོས་ཀྱི་མཚན་མ་དང ། དོན་གྱི་མཚན་མ་རྣམ་པར་སེལ་བར་བྱེད་ལ། མིང་ལ་མིང་གི་ངོ་བོ་ཉིད་མི་དམིགས་ཤིང་དེའི་གནས་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་བས་རྣམ་པར་སེལ་ལོ་།མིང་ 51b ལ་ཇི་ལྟ་བ་བཞིན་དུ་ཚིག་དང ། ཡི་གེ་དང ། དོན་ཐམས་ཅད་ལའང་དེ་བཞིན་དུ་རིག་པར་བྱའོ། །བྱམས་པ། ཁམས་ཀྱི་བར་ལ་ཁམས་ཀྱི་ངོ་བོ་ཉིད་མི་དམིགས་ཤིང ། དེའི་གནས་ཀྱི་མཚན་མའང་ཡང་དག་པར་རྗེས་སུ་མི་མཐོང་བས་རྣམ་པར་སེལ་ལོ། །བཅོམ་ལྡན་འདས། ཅི་ལགས། དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པའི་མཚན་མ་གང་ལགས་པ་དེའང་རྣམ་པར་སེལ་བར་བགྱིད་ལགས་སམ། བྱམས་པ། དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པ་ལ་ནི་མཚན་མ་མེད་དེ་མི་དམིགས་ན། དེ་ལ་ཅི་ཞིག་རྣམ་པར་སེལ་བར་འགྱུར་ཏེ། བྱམས་པ། དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པས་ནི་ཆོས་དང་དོན་གྱི་མཚན་མ་ཐམས་ཅད་ཟིལ་གྱིས་གནོན་གྱི་།དེ་ནི་གང་གིས་ཀྱང་ཟིལ་གྱིས་མནན་པར་བྱ་བ་ཡིན་པར་ང་མི་སྨྲའོ། །བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་ཆབ་རྙོག་པ་ཅན་མཆིས་པའི་སྣོད་ཀྱི་དཔེ་དང ། མེ་ལོང་ཡོངས་སུ་མ་དག་པའི་དཔེ་དང ། མཚེའུ་འཁྲུགས་པའི་དཔེས་ཇི་ལྟར་རང་བཞིན་གྱི་མཚན་མ་བརྟག་པར་མི་ནུས་པ་དེ་ལས་བཟློག་པ་ནི་ནུས་པ་དེ་བཞིན་དུ་མ་བསྒོམས་པའི་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པར་མི་ནུས་ཀྱི། བསྒོམས་པས་ནི་ནུས་སོ་ཞེས་བཀའ་སྩལ་པ་གང་ལགས་པ་དེ་ལ་སེམས་ཀྱིས་སོ་སོར་བརྟག་པ་ནི་གང་ལགས། དེ་བཞིན་ཉིད་ནི་གང་ལས་དགོངས་ཏེ་བཀའ་སྩལ་པ་ནི་གང་ལགས། བཀའ་སྩལ་པ། བྱམས་པ། སེམས་ཀྱིས་སོ་སོར་བརྟག་པ་རྣམ་པ་གསུམ་གྱི་ཕྱིར་པོ་ 52a ༄#། །ཐོས་པ་ལས་བྱུང་བའི་སེམས་ཀྱིས་སོ་སོར་བརྟག་པ་དང ། བསམས་པ་ལས་བྱུང་བའི་སེམས་ཀྱིས་སོ་སོར་བརྟག་པ་དང ། བསྒོམ་པ་ལས་བྱུང་བའི་སེམས་ཀྱིས་སོ་སོར་བརྟག་པའོ། །རྣམ་པར་རིག་པའི་དེ་བཞིན་ཉིད་ལས་དགོངས་ཏེ་ཡོངས་སུ་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་དེ་ལྟར་ཆོས་དང་དོན་སོ་སོ་ཡང་དག་པར་རིག་པ་དང ། མཚན་མ་རྣམ་པར་སེལ་བ་ལ་ཞུགས་པའི་མཚན་མ་དུ་ཞིག་ནི་རྣམ་པར་བསལ་དཀའ་བ་དག་ལགས་ལ། གང་གིས་ནི་དེ་དག་རྣམ་པར་སེལ་ལགས། བྱམས་པ་བཅུ་སྟེ། དེ་དག་ནི་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ལོ། །བཅུ་གང་ཞེ་ན། ཆོས་ཀྱི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་ཚིག་དང ། ཡི་གེའི་མཚན་མ་སྣ་ཚོགས་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ལོ། །གནས་པའི་དེ་བཞིན་ཉིད་ཀྱིས་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་སྐྱེ་བ་དང ། འཇིག་པ་དང ། གནས་པ་དང ། གཞན་དུ་འགྱུར་བ་ཉིད་ཀྱི་རྒྱུན་གྱི་རྗེས་སུ་འཇུག་པའི་མཚན་མ་གང་ཡིན་པ་དེ་ནི་མཚན་ཉིད་སྟོང་པ་ཉིད་དང ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ལོ། །འཛིན་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་འཇིག་ཚོགས་ལ་ལྟ་བའི་མཚན་མ་དང ། ངའོ་སྙམ་པའི་མཚན་མ་གང་ཡིན་པ་དེ་ནི་ནང་སྟོང་པ་ཉིད་དང ། མི་དམིགས་པ་སྟོང་པ་ 52b ཉིད་ཀྱིས་རྣམ་པར་སེལ་ལོ། །གཟུང་བའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་ལོངས་སྤྱོད་ལ་ལྟ་བའི་མཚན་མ་གང་ཡིན་པ་དེ་ནི་ཕྱི་སྟོང་པ་ཉིད་ཀྱིས་རྣམ་པར་སལ་ལོ། །ཡོངས་སུ་ལོངས་སྤྱོད་བའི་དོན་དུ་སྐྱེས་པ་དང ། བུད་མེད་ཀྱི་བསྙེན་བཀུར་དང ། ཡོ་བྱད་དང་ལྡན་པ་སོ་སོ་ཡང་དག་པར་རིག་པར་བྱེད་པའི་ནང་གི་བདེ་བའི་མཚན་མ་དང ། ཕྱི་རོལ་གྱི་སྡུག་པའི་མཚན་མ་གང་ཡིན་པ་དེ་ནི་ཕྱི་སྟོང་པ་ཉིད་དང ། རང་བཞིན་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ལོ། །གནས་ཀྱི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་ཚད་མེད་པའི་མཚན་མ་གང་ཡིན་པ་དེ་ནི་ཆེན་པོ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ལོ། །གཟུགས་མེད་པ་ལ་བརྟེན་ཏེ། ནང་གི་ཞི་བའི་རྣམ་པར་ཐར་པའི་མཚན་མ་གང་ཡིན་པ་དེ་ནི་འདུས་བྱས་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ལོ། །མཚན་ཉིད་ཀྱི་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་གང་ཟག་བདག་མེད་པའི་མཚན་མ་དང ། ཆོས་བདག་མེད་པའི་མཚན་མ་དང ། རྣམ་པར་རིག་པ་ཙམ་གྱི་མཚན་མ་དང ། དོན་དམ་པའི་མཚན་མ་གང་ཡིན་པ་དེ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དང ། དངོས་པོ་མེད་པ་སྟོང་པ་ཉིད་དང ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང ། དོན་དམ་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ལོ། །རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པའི་འདུས་མ་བྱས་ཀྱི་མཚན་མ་དང ། འགྱུར་ 53a ༄#། །བ་མེད་པའི་མཚན་མ་གང་ཡིན་པ་དེ་ནི་འདུས་མ་བྱས་སྟོང་པ་ཉིད་དང ། དོར་བ་མེད་བ་སྟོང་པ་ཉིད་ཀྱིས་རྣམ་པ་སེལ་ལོ། །མཚན་མ་དེའི་གཉེན་པོ་སྟོང་པ་ཉིད་དེ་ཉིད་ཡིད་ལ་བྱེད་པའི་སྟོང་པ་ཉིད་ཀྱི་མཚན་མ་གང་ཡིན་པ་དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ལོ། །བཅོམ་ལྡན་འདས། མཚན་མ་རྣམ་བཅུ་རྣམ་པར་སེལ་བར་བགྱིད་ན། མཚན་མ་གང་རྣམ་པར་སེལ་བར་བགྱིད་ཅིང་འཆིང་བའི་མཚན་མ་གང་ལས་ཡོངས་སུ་གྲོལ་བར་འགྱུར་ལགས། བྱམས་པ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གྱི་མཚན་མ་རྣམ་པར་སེལ་བར་བྱེད་ཅིང་ཀུན་ནས་ཉོན་མོངས་པའི་མཚན་མའི་མཚན་མ་ལས་ཡོངས་སུ་གྲོལ་བར་འགྱུར་བ་དེའང་རྣམ་པར་སེལ་ལོ། །བྱམས་པ། སྟོང་པ་ཉིད་དེ་དག་ནི་དངོས་སུ་ན་མཚན་མ་དེ་དག་གི་གཉེན་པོར་གྱུར་པ་ཡིན་པར་རིག་པར་བྱའོ། །རེ་རེའང་མཚན་མ་ཐམས་ཅད་ཀྱི་གཉེན་པོར་མི་འགྱུར་བ་ནི་མ་ཡིན་ནོ། །བྱམས་པ། འདི་ལྟ་སྟེ།་དཔེར་ན། མ་རིག་པ་ནས་རྒ་ཤིའི་བར་གྱི་ཀུན་ནས་ཉོན་མོངས་པ་གྲུབ་པར་མི་བྱེད་པ་ཡིན་མོད་ཀྱི། ཉེ་བ་དང་ཤིན་ཏུ་ཉེ་བའི་རྐྱེན་ཉིད་ཡིན་པའི་ཕྱིར། དངོས་སུ་ན་འདུ་བྱེད་འགྲུབ་པར་བྱེད་པ་ཡིན་པར་བསྟན་པ་བཞིན་དུ་འདི་ལའང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ། །བཅོམ་ལྡན་འདས། ཐེག་པ་ཆེན་པོ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་རྟོགས་ 53b ན་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་མངོན་པའི་ང་རྒྱལ་མ་མཆིས་པས་རབ་ཏུ་ཉམས་པར་མི་འགྱུར་བའི་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་གང་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བྱམས་པ་ཁྱོད་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་སྟོང་པ་ཉིད་ལས་རབ་ཏུ་ཉམས་པར་མི་འགྱུར་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ལ་ཁྱོད་དོན་འདི་ཉིད་འདྲི་བ་ལེགས་སོ། །ལེགས་སོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ལས་རབ་ཏུ་ཉམས་པ་ནི་ཐེག་པ་ཆེན་པོ་མཐའ་དག་ལས་ཀྱང་རབ་ཏུ་ཉམས་པར་འགྱུར་བའི་ཕྱིར་རོ། །བྱམས་པ། དེའི་ཕྱིར་ཉོན་ཅིག་དང ། སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་ཁྱོད་ལ་བཤད་པར་བྱའོ། །བྱམས་པ། གཞན་གྱི་དབང་གི་མཚན་ཉིད་དང ། ཡོངས་སུ་གྲུབ་པའི་མཚན་ཉིད་རྣམ་པ་ཐམས་ཅད་དུ་ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བའི་ཀུན་བརྟགས་པའི་མཚན་ཉིད་དང ། ཤིན་ཏུ་རྣམ་པར་བྲལ་བའི་མཚན་ཉིད་དང ། དེ་ལ་དེ་དམིགས་པ་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོ་ལ་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་པ་ཞེས་བྱའོ། །བཅོམ་ལྡན་འདས། ཞི་གནས་དང ། ལྷག་མཐོང་དག་གིས་ཏིང་ངེ་འཛིན་དུ་ཞིག་བསྡུས་ལགས། བཀའ་སྩལ་པ། བྱམས་པ། ངས་ཉན་ཐོས་རྣམས་དང ། བྱང་ཆུབ་སེམས་དཔའ་རྣམས་དང ། དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་ 54a ༄#། །རྣམ་པ་དུ་མ་བསྟན་པ་གང་ཡིན་པ་དེ་དག་ཐམས་ཅད་བསྡུས་པར་རིག་པར་བྱའོ། །བཅོམ་ལྡན་འདས། ཞི་གནས་དང ། ལྷག་མཐོང་རྒྱུ་གང་ལས་བྱུང་པ་ལགས། བྱམས་པ། ཚུལ་ཁྲིམས་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་དང ། ཐོས་པ་དང་བསམས་པ་ལས་བྱུང་བའི་ལྟ་བ་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །བཅོམ་ལྡན་འདས། དེ་དག་གི་འབྲས་བུ་གང་ལགས་པར་བརྗོད་པར་བགྱི། བྱམས་པ། སེམས་རྣམ་པར་དག་པ་ནི་འབྲས་བུ་ཡིན། ཤེས་རབ་རྣམ་པར་དག་པ་ནི་འབྲས་བུ་ཡིན་ནོ། །བྱམས་པ། ཡང་ཉན་ཐོས་རྣམས་ཀྱིའམ། བྱང་ཆུབ་སེམས་དཔའ་རྣམས་ཀྱིའམ། དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་ཆོས་འཇིག་རྟེན་པ་དང ། འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ཞི་གནས་དང།་ལྷག་མཐོང་གི་འབྲས་བུ་ཡིན་པར་རིག་པར་བྱའོ། །བཅོམ་ལྡན་འདས། ཞི་གནས་དང ། ལྷག་མཐོང་གི་ལས་ཅི་ལགས། བྱམས་པ། འཆིང་བ་རྣམ་པ་གཉིས་པོ་མཚན་མའི་འཆིང་བ་དང ། གནས་ངན་ལེན་གྱི་འཆིང་བ་ལས་རྣམ་པར་ཐར་པར་བྱེད་པ་ཡིན་ནོ། །བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་གེགས་རྣམ་པ་ལྔ་གསུངས་པ་གང་དག་ལགས་པ་དེ་དག་ལས་དུ་ནི་ཞི་གནས་ཀྱི་གེགས་དག་ལགས། དུ་ནི་ལྷག་མཐོང་གི་གེགས་དག་ལགས། དུ་ནི་གཉིས་ཀའི་གེགས་དག་ལགས། བྱམས་པ། ལུས་དང་ལོངས་ 54b སྤྱོད་ལ་ལྟ་བ་ནི་ཞི་གནས་ཀྱི་གེགས་ཡིན་ནོ། །འཕགས་པའི་གཏམ་འདོད་པ་བཞིན་མ་ཐོབ་པ་ནི་ལྷག་མཐོང་གི་གེགས་ཡིན་ནོ། །འདྲེས་པར་གནས་པ་དང ། ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ནི་དེ་གཉིས་ཀའི་གེགས་ཡིན་ཏེ། དེ་ལའང་གཅིག་གིས་ཀྱང་སྦྱོར་བར་མི་བྱེད་དོ། །གཅིག་ཤོས་ཀྱིས་ནི་སྦྱོར་བ་མཐར་ཐུག་པར་མི་འགྱུར་རོ། །བཅོམ་ལྡན་འདས། སྒྲིབ་པ་ལྔ་པོ་གང་དག་ལགས་པ་དེ་དག་ལས་དུ་ནི་ཞི་གནས་ཀྱི་སྒྲིབ་པ་དག་ལགས། དུ་ནི་ལྷག་མཐོང་གི་སྒྲིབ་པ་དག་ལགས། དུ་ནི་གཉིས་ཀའི་སྒྲིབ་པ་དག་ལགས། བྱམས་པ། རྒོད་པ་དང ། འགྱོད་པ་ནི་ཞི་གནས་ཀྱི་སྒྲིབ་པ་ཡིན་ནོ། །རྨུགས་པ་དང ། གཉིད་དང ། ཐེ་ཚོམ་ནི་ལྷག་མཐོང་གི་སྒྲིབ་པ་ཡིན་ནོ། །འདོད་པ་ལ་འདུན་པ་དང ། གནོད་སེམས་ནི་གཉིས་ཀའི་སྒྲིབ་པ་ཡིན་ནོ། །བཅོམ་ལྡན་འདས། ཇི་ཙམ་གྱིས་ན་ཞི་གནས་ཀྱི་ལམ་ཡོངས་སུ་དག་པ་ལགས། བྱམས་པ། གང་གི་ཚེ་རྨུགས་པ་དང ། གཉིད་ལེགས་པར་རབ་ཏུ་ཆོམས་པར་གྱུར་པའོ། །བཅོམ་ལྡན་འདས། ཇི་ཙམ་གྱིས་ན་ལྷག་མཐོང་གི་ལམ་ཡོངས་སུ་དག་པ་ལགས། བྱམས་པ། གང་གི་ཚེ་རྒོད་པ་དང ། འགྱོད་པ་ལེགས་པར་རབ་ཏུ་ཆོམས་པར་གྱུར་པའོ། ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ཞི་གནས་དང ། ལྷག་མཐོང་ལ་ཞུགས་པས་རྣམ་པ་དུ་དག་གིས་སེམས་རྣམ་པར་གཡེང་བར་འཚལ་བར་བགྱི་ལགས། བཀའ་སྩལ་པ། 55a ༄#། །བྱམས་པ། རྣམ་པ་ལྔས་ཏེ། ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་དང ། ཕྱི་རོལ་ཏུ་སེམས་རྣམ་པར་གཡེང་བ་དང ། ནང་དུ་སེམས་རྣམ་པར་གཡེང་བ་དང ། མཚན་མའི་རྣམ་པར་གཡེང་བ་དང ། གནས་ངན་ལེན་གྱི་རྣམ་པར་གཡེང་བས་སོ། །བྱམས་པ། གལ་ཏེ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་པ་བཏང་སྟེ། ཉན་ཐོས་དང།་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པར་རབ་ཏུ་ལྷུང་ན་དེ་ནི་ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ཡིན་ནོ། །གལ་ཏེ་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་ལྔ་པོ་དག་དང ། འདུ་འཛི་དང ། མཚན་མ་དང ། རྣམ་པར་རྟོག་པ་དང ། ཉོན་མོངས་པ་དང ། ཉེ་བའི་ཉོན་མོངས་པ་དང ། ཕྱི་རོལ་གྱི་དམིགས་པ་རྣམས་ལ་སེམས་རྣམ་པར་འཕྲོ་བར་གཏོང་ན་དེ་ནི་ཕྱི་རོལ་ཏུ་སེམས་རྣམ་པར་གཡེང་བ་ཡིན་ནོ། །གལ་ཏེ་རྨུགས་པ་དང་གཉིད་ཀྱིས་བྱིང་བའམ། སྙོམས་པར་འཇུག་པའི་རོ་མྱང་བའམ། སྙོམས་པར་འཇུག་པའི་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་ཉོན་མོངས་པར་གྱུར་ན། དེ་ནི་ནང་དུ་སེམས་རྣམ་པར་གཡེང་པ་ཡིན་ནོ། །གལ་ཏེ་ཕྱི་རོལ་གྱི་མཚན་མ་ལ་བརྟེན་ནས་ནང་གི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཚན་མ་ཡིད་ལ་བྱེད་ན་དེ་ནི་མཚན་མའི་རྣམ་པར་གཡེང་བ་ཡིན་ནོ། །གལ་ཏེ་ནང་གི་ཡིད་ལ་བྱེད་པ་ལ་བརྟེན་ནས་བྱུང་བའི་ཚོར་བ་ལ་གནས་ངན་ལེན་གྱི་ལུས་ཀྱིས་ངའོ་སྙམ་དུ་རློམ་སེམས་སུ་བྱེད་ན་དེ་ནི་ 55b གནས་ངན་ལེན་གྱི་རྣམ་པར་གཡང་བ་ཡིན་ནོ། །བཅོམ་ལྡན་འདས། ཞི་གནས་དང་ལྷག་མཐོང་དག་བྱང་ཆུབ་སེམས་དཔའི་ས་དང་པོ་ནས་བཟུང་སྟེ། དེ་བཞིན་གཤེགས་པའི་སའི་བར་ལ་གང་གི་གཉེན་པོ་ལགས། བྱམས་པ། ཞི་གནས་དང ། ལྷག་མཐོང་ས་དང་པོ་ལ་ནི་ངན་སོང་བའི་ཉོན་མོངས་པ་དང ། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་གཉེན་པོ་ཡིན་ནོ། །གཉིས་པ་ལ་ནི་ལྟུང་བ་ཕྲ་མོའི་འཁྲུལ་པ་ཀུན་ཏུ་འབྱུང་བ་རྣམས་ཀྱིའོ། །གསུམ་པ་ལ་ནི་འདོད་པའི་འདོད་ཆགས་ཀྱིའོ། །བཞི་པ་ལ་ནི་སྙོམས་པར་འཇུག་པ་ལ་སྲེད་པ་དང ། ཆོས་ལ་སྲེད་པའི་འོ། །ལྔ་པ་ལ་ནི་འཁོར་བ་དང ། མྱ་ངན་ལས་འདས་པ་དག་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་དང ། མངོན་དུ་ཕྱོགས་པ་ཉིད་ཀྱིའོ། །དྲུག་པ་ལ་ནི་མཚན་མ་མང་པོ་ཀུན་ཏུ་འབྱུང་བའི་འོ།། བདུན་པ་ལ་ནི་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བའི་འོ། །བརྒྱད་པ་ལ་ནི་མཚན་མ་མེད་པ་ལ་རྩོལ་བ་དང ། མཚན་མ་ལ་དབང་དུ་མ་གྱུར་པའི་འོ། །དགུ་པ་ལ་ནི་རྣམ་པ་ཐམས་ཅད་དུ་ཆོས་སྟོན་པ་ལ་དབང་དུ་མ་གྱུར་པའི་འོ། །བཅུ་པ་ལ་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་སོ་སོ་ཡང་དག་པར་རིག་པ་མི་འཐོབ་པའི་འོ། །བྱམས་པ། ཞི་གནས་དང ། ལྷག་མཐོང་དེ་བཞིན་གཤེགས་པའི་ས་ལ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བ་མཆོག་ཏུ་ཆེས་ཤིན་ཏུ་ཕྲ་བའི་གཉེན་པོ་ཡིན་ཏེ། དེ་ལེགས་པར་བཅོམ་པས་ཐམས་ཅད་ལ་ཆགས་པ་མེད་ 56a ༄#། །པ་དང ། ཐོགས་པ་མེད་པའི་ཤེས་པ་དང ། མཐོང་བ་ཐོབ་ཅིང་དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་ལ་ཆོས་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པ་ལ་གནས་པ་ཡིན་ནོ། ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ཞི་གནས་དང ། ལྷག་མཐོང་ལ་ཇི་ལྟར་སྒྲུབ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ། འདི་ལ་བྱང་ཆུབ་སེམས་དཔའ་ཞི་གནས་དང ། ལྷག་མཐོང་ཐོབ་ནས་དེ་བཞིན་ཉིད་རྣམ་པ་བདུན་ལས་བརྩམས་ཏེ།་ཇི་ལྟར་ཐོས་པ་དང་བསམས་པའི་ཆོས་རྣམས་མཉམ་པར་བཞག་པའི་སེམས་ཀྱིས་བཟུང་བ་དང ། ལེགས་པར་བསམས་པ་དང ། ལེགས་པར་མཉམ་པར་བཞག་པའི་དེ་བཞིན་ཉིད་ནང་དུ་ཡིད་ལ་བྱེད་དེ། དེ་ལྟར་དེ་བཞིན་ཉིད་ཡིད་ལ་བྱེད་པ་ན་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བ་ཐམས་ཅད་ལའང་རེ་ཞིག་སེམས་ལྷག་པར་བཏང་སྙོམས་སུ་འཇོག་ན་རགས་པ་དག་ལ་ལྟ་སྨོས་ཀྱང་ཅི་དགོས། བྱམས་པ། དེ་ལ་མཚན་མ་ཕྲ་མོ་ནི་འདི་དག་ཡིན་ཏེ། སེམས་ཀྱི་ལེན་པའི་མཚན་མའམ། མྱོང་བའི་མཚན་མའམ། རྣམ་པར་རིག་པའི་མཚན་མའམ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་མཚན་མའམ། ནང་གི་མཚན་མའམ། ཕྱི་རོལ་གྱི་མཚན་མའམ། དེ་གཉིས་ཀའི་མཚན་མའམ། སེམས་ཅན་ཐམས་ཅད་ཀྱི་ 56b དོན་ལ་སྦྱར་བར་བྱའོ་སྙམ་པའི་མཚན་མའམ། ཤེས་པའི་མཚན་མའམ། དེ་བཞིན་ཉིད་དང ། སྡུག་བསྔལ་བ་དང ། ཀུན་འབྱུང་བ་དང ། འགོག་པ་དང ། ལམ་གྱི་མཚན་མའམ། འདུས་བྱས་ཀྱི་མཚན་མའམ། འདུས་མ་བྱས་ཀྱི་མཚན་མའམ། རྟག་པའི་མཚན་མའམ། མི་རྟག་པའི་མཚན་མའམ། སྡུག་བསྔལ་བ་དང་འགྱུར་བ་དང་བཅས་པའི་རང་བཞིན་གྱི་མཚན་མའམ། དེ་མི་འགྱུར་བའི་རང་བཞིན་གྱི་མཚན་མའམ། འདུས་བྱས་ཀྱི་མཚན་ཉིད་མི་འདྲ་བའི་མཚན་མའམ། དེ་རང་གི་མཚན་ཉིད་ཀྱི་མཚན་མའམ། ཐམས་ཅད་ཐམས་ཅད་ཅེས་བྱ་བར་རིག་ནས་ཐམས་ཅད་ཀྱི་མཚན་མའམ། གང་ཟག་བདག་མེད་པའི་མཚན་མའམ། ཆོས་བདག་མེད་པའི་མཚན་མ་གང་དག་ཡིན་པ་སྟེ། དེ་དག་ཀུན་ཏུ་འབྱུང་བ་ལ་སེམས་ལྷག་པར་བཏང་སྙོམས་སུ་འཇུག་གོ་།དེ་ལྟར་ཞུགས་ཤིང་དེ་ལ་མང་དུ་གནས་པ་དུས་དུས་སུ་གེགས་དང ། སྒྲིབ་པ་དང ། རྣམ་པར་གཡེང་བ་དག་ལས་སེམས་རྣམ་པར་སྦྱོང་བར་བྱེད་པ་དེ་ལ་ནང་གི་སོ་སོའི་བདག་ཉིད་ལ་སོ་སོར་རང་རིག་པ་དེ་བཞིན་ཉིད་རྣམ་པ་བདུན་སོ་སོར་རྟོགས་པའི་ཤེས་པ་རྣམ་པ་བདུན་སྐྱེ་བར་འགྱུར་ཏེ། དེ་ནི་དེའི་མཐོང་བའི་ལམ་ཡིན་ནོ། །དེ་ཐོབ་ཕས་བྱང་ཆུབ་སེམས་དཔའ་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་པ་ཡིན། དེ་བཞིན་གཤེགས་པའི་ནརིགྶ་སུ་སྐྱེས་པ་ཡིན། ས་དང་པོ་ཐོབ་ 57a ༄#། །པ་དང ། ས་དེའི་ཕན་ཡོན་ཡང་ཉམས་སུ་མྱོང་བ་ཡིན་ནོ། །དེས་སྔར་ཞི་གནས་དང ། ལྷག་མཐོང་ཐོབ་པས་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང ། རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་རྣམ་པ་གཉིས་ཐོབ་པ་ཡིན་ནོ། །དེ་ལྟར་ན་མཐོང་བའི་ལམ་ཐོབ་པས་དངོས་པོའི་མཐའི་དམིགས་པ་ཐོབ་པ་ཡིན་ཏེ། དེས་གོང་མ་གོང་མ་རྣམས་སུ་བསྒོམ་པའི་ལམ་ལ་ཞུགས་ཤིང ། དམིགས་པ་རྣམ་པ་གསུམ་པོ་དེ་དག་ཉིད་ཡིད་ལ་བྱེད་པ་ན། འདི་ལྟ་སྟེ། དཔེར་ན། ལ་ལ་ཞིག་ཁྱེའུ་ཆེས་ཕྲ་མོས་ཁྱེའུ་ཆེས་སྦོམ་པོ་འབྱིན་པར་བྱེད་པ་དེ་བཞིན་དུ་དེའང་ཁྱེའུས་ཁྱེའུ་དབྱུང་བའི་ཚུལ་དུ་ནང་གི་མཚན་མ་རྣམ་པར་སེལ་བ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པའི་ཆ་དང་མཐུན་པའི་མཚན་མ་ཐམས་ཅད་རྣམ་པར་སེལ་བར་བྱེད་དེ། མཚན་མ་རྣམས་པར་སེལ་བ་ན་གནས་ངན་ལེན་རྣམས་ཀྱང་རྣམ་པར་སེལ་བར་བྱེད་དོ། །མཚན་མ་དང་གནས་ངན་ལེན་ཐམས་ཅད་ལེགས་པར་བཅོམ་པས་རིམ་གྱིས་ས་གོང་མ་གོང་མ་རྣམས་སུ་གསེར་ལྟ་བུར་སེམས་རྣམ་པར་སྤྱོད་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་དགོས་པ་ཡོངས་སུ་གྲུབ་པའི་དམིགས་པའང་འཐོབ་སྟེ། བྱམས་པ། བྱང་ཆུབ་སེམས་དཔའ་ཞི་གནས་དང ། ལྷག་མཐོང་ལ་དེ་ལྟར་སྒྲུབ་ན་བླ་ན་མེད་ 57b པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཇི་ལྟར་སྒྲུབ་པར་བགྱིད་ན། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་མངོན་པར་སྒྲུབ་པ་ལགས། བྱམས་པ། བྱང་ཆུབ་སེམས་དཔའ་གནས་དྲུག་ལ་མཁས་པ་ནི་བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་མངོན་པར་སྒྲུབ་པ་ཡིན་ཏེ། སེམས་ཀྱི་སྐྱེ་བ་ལ་མཁས་པ་དང ། གནས་པ་ལ་མཁས་པ་དང ། བསླང་བ་ལ་མཁས་པ་དང ། འཕེལ་བ་ལ་མཁས་པ་དང ། འགྲིབ་པ་ལ་མཁས་པ་དང ། ཐབས་ལ་མཁས་པའོ། །ཇི་ལྟར་ན་སེམས་ཀྱི་སྐྱེ་བ་ལ་མཁས་པ་ཡིན་ཞེ་ན། སེམས་ཀྱི་སྐྱེ་བ་རྣམ་པ་བཅུ་དྲུག་ཤེས་ན་སེམས་ཀྱི་སྐྱེ་བ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁས་པ་ཡིན་ཏེ། དེ་ལ་སེམས་ཀྱི་སྐྱེ་བ་རྣམ་པ་བཅུ་དྲུག་ནི་བརྟན་པ་དང་སྣོད་རྣམ་པར་རིག་པའི་ནི་འདི་ལྟ་སྟེ། ལེན་པའི་རྣམ་པར་ཤེས་པའིའོ། །དམིགས་པའི་རྣམ་པ་སྣ་ཚོགས་རྣམ་པར་རིག་པའི་ནི་འདི་ལྟ་སྟེ། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་གཟུགས་ལ་སོགས་པ་ཡུལ་ཅིག་ཅར་འཛིན་པ་ཕྱི་རོལ་དང ། ནང་གི་ཡུལ་ཅིག་ཅར་འཛིན་པ། སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་ཅིག་ལ་ཅིག་ཅར་ཏིང་ངེ་འཛིན་མང་པོ་ལ་སྙོམས་པར་འཇུག་པ། སངས་རྒྱས་ཀྱི་ཞིང་མང་པོ་མཐོང་བ། དེ་བཞིན་གཤེགས་པ་མང་པོ་མཐོང་བ། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནའིའོ། །དམིགས་པའི་མཚན་མ་ཆུང་ 58a ༄#། །དུ་རྣམ་པར་རིག་པའི་ནི་འདི་ལྟ་སྟེ། འདོད་པ་དང་ལྡན་པའིའོ། །དམིགས་པའི་མཚན་མ་ཆེན་པོར་གྱུར་པ་རྣམ་པར་རིག་པའི་ནི་འདི་ལྟ་སྟེ། གཟུགས་དང་ལྡན་པའིའོ། །དམིགས་པའི་མཚན་མ་ཚད་མེད་པ་རྣམ་པར་རིག་པའི་ནི་འདི་ལྟ་སྟེ། ནམ་མཁའ་མཐའ་ཡས་དང ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་དང་ལྡན་པའིའོ། ། དམིགས་པའི་མཚན་མ་ཕྲ་མོ་རྣམ་པར་རིག་པའི་ནི་འདི་ལྟ་སྟེ། ཅིའང་མེད་པའི་སྐྱེ་མཆེད་དང་ལྡན་པའིའོ། །དམིགས་པའི་མཚན་མ་མཐར་ཐུག་པ་རྣམ་པར་རིག་པའི་ནི་འདི་ལྟ་སྟེ།་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་ལྡན་པའིའོ། །མཚན་མ་མེད་པ་རྣམ་པར་རིག་པའི་ནི་འདི་ལྟ་སྟེ། འཇིག་རྟེན་ལས་འདས་པ་དང ། འགོག་པ་ལ་དམིགས་པའིའོ། །སྡུག་བསྔལ་དང་ལྡན་པའི་ནི་འདི་ལྟ་སྟེ། སེམས་ཅན་དམྱལ་བའི་འོ། །ཚོར་བ་འདྲེན་མ་དང་ལྡན་པའི་ནི་འདི་ལྟ་སྟེ། འདོད་པ་ན་སྤྱོད་པའི་འོ། །དགའ་བ་དང་ལྡན་པའི་ནི་འདི་ལྟ་སྟེ། བསམ་གཏན་དང་པོ་དང ། བསམ་གཏན་གཉིས་པ་བའི་འོ། །བདེ་བ་དང་ལྡན་པའི་ནི་འདི་ལྟ་སྟེ། བསམ་གཏན་གསུམ་པ་པའིའོ། །སྡུག་བསྔལ་ཡང་མ་ཡིན། བདེ་བའང་མ་ཡིན་པ་དང་ལྡན་པའི་ནི་འདི་ལྟ་སྟེ། བསམ་གཏན་བཞི་པ་བ་དང ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་པའི་བར་གྱིའོ། །ཉོན་མོངས་པ་ཅན་དང་ལྡན་པའི་ 58b ནི་འདི་ལྟ་སྟེ། ཉོན་མོངས་པ་དང ། ཉེ་བའི་ཉོན་མོངས་པ་དང་ལྡན་པའི་འོ། །དགེ་བ་དང་ལྡན་པའི་ནི་འདི་ལྟ་སྟེ། དད་པ་ལ་སོགས་པ་དང་ལྡན་པའི་འོ། །ལུང་དུ་མ་བསྟན་པ་དང་ལྡན་པའི་ནི་འདི་ལྟ་སྟེ།་དེ་གཉིས་ཀའི་དང་མི་ལྡན་པའི་འོ། །ཇི་ལྟར་ན་གནས་པ་ལ་མཁས་པ་ཡིན་ཞེ་ན། གལ་ཏེ་རྣམ་པར་རིག་པའི་དེ་བཞིན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་བསླང་བ་ལ་མཁས་པ་ཡིན་ཞེ་ན། གལ་ཏེ་འཆིང་བ་རྣམས་པ་གཉིས་པོ་མཚན་མའི་འཆིང་བ་དང ། གནས་ངན་ལེན་གྱི་འཆིང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། དེ་རབ་ཏུ་ཤེས་ནས་དེ་ལས་སེམས་འདི་བསླང་པར་བྱའོ་ཞེས་བྱ་བ་ལ་མཁས་པ་ཡིན་ནོ། །ཇི་ལྟར་ན་འཕེལ་བ་ལ་མཁས་པ་ཡིན་ཞེ་ན། གལ་ཏེ་མཚན་མ་དང་གནས་ངན་ལེན་གྱི་གཉེན་པོའི་སེམས་གང་ཡིན་པ་དེ་སྐྱེ་བ་དང ། འཕེལ་བའི་ཚེ་སྐྱེ་བ་དང ། འཕེལ་ལོ་ཞེས་འཕེལ་བ་ལ་མཁས་པ་ཡིན་ནོ། །ཇི་ལྟར་ན་འགྲིབ་པ་ལ་མཁས་པ་ཡིན་ཞེ་ན། གལ་ཏེ་དེ་དང་མི་མཐུན་པའི་ཕྱོགས་སུ་གྱུར་པ་མཚན་མ་གནས་ངན་ལེན་གྱི་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་དེ་འགྲིབ་ཅིང་འབྲི་བར་གྱུར་པ་ན་འགྲིབ་ཅིང་འབྲིའོ་ཞེས་འགྲིབ་པ་ལ་མཁས་པ་ཡིན་ནོ། །ཇི་ལྟར་ན་ཐབས་ལ་མཁས་པ་ཡིན་ཞེ་ན། གལ་ཏེ་རྣམ་པར་ཐར་པ་དང་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དག་དང ། ཟད་པར་གྱི་སྐྱེ་མཆེད་དག་སྒོམ་པར་བྱེད་པ་སྟེ། བྱམས་པ། དེ་ལྟར་ན་ 59a ༄#། །བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་མངོན་པར་བསྒྲུབས་པ་དང ། མངོན་པར་སྒྲུབ་པར་འགྱུར་པ་དང ། མངོན་པར་སྒྲུབ་པར་བྱེད་པ་ཡིན་ནོ། །བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཚོར་བ་ཐམས་ཅད་མ་ལུས་པར་འགག་གོ་ཞེས་གང་གསུངས་པ་ལ།་བཅོམ་ལྡན་འདས། ཡང་དག་པའི་ཚོར་བ་དེ་དག་གང་ལགས། བྱམས་པ། མདོར་བསྡུས་ན་ཚོར་བ་རྣམ་པ་གཉིས་འགག་སྟེ། གནས་ཀྱི་གནས་ངན་ལེན་རིག་པ་དང ། དེའི་འབྲས་བུ་ཡུལ་རིག་པའོ། །དེ་ལ་གནས་ཀྱི་གནས་ངན་ལེན་རིག་པ་ནི་རྣམ་པ་བཞིར་རིག་སྟེ། གཟུགས་ཀྱི་གནས་ངན་ལེན་རིག་པ་དང ། གཟུགས་མེད་པའི་གནས་ངན་ལེན་རིག་པ་དང།་འབྲས་བུ་གྲུབ་པའི་གནས་ངན་ལེན་རིག་པ་དང ། འབྲས་བུ་མ་གྲུབ་པའི་གནས་ངན་ལེན་རིག་པའོ། །དེ་ལ་འབྲས་བུ་གྲུབ་པ་ནི་ད་ལྟར་གྱི་གང་ཡིན་པའོ། །འབྲས་བུ་མ་གྲུབ་པ་ནི་མ་འོངས་པའི་རྒྱུར་གྱུར་པ་གང་ཡིན་པའོ། །ཡུལ་རིག་པའང་རྣམ་པ་བཞིར་རིག་པར་བྱ་སྟེ། གནས་རིག་པ་དང ། ཡོ་བྱད་རིག་པ་དང ། ལོངས་སྤྱོད་རིག་པ་དང ། ལྟོས་པ་རིག་པའོ། །དེའང་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ནའོ། །འབྲས་བུ་མ་གྲུབ་པར་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱོང་བ་དེའི་མི་མཐུན་པའི་ 59b ཕྱགས་ཐམས་ཅད་ཀྱི་ཐམས་ཅད་དུ་འགག་པ་མ་ཡིན་ཏེ། འདྲེན་མར་མྱོང་ངོ ། །འབྲས་བུ་གྲུབ་པ་མྱོང་བའི་ནི་ཚོར་བ་རྣམ་པ་དེ་གཉིས་ཀ་ཐམས་ཅད་ཀྱི་ཐམས་ཅད་དུ་འགགས་ཏེ། རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འབའ་ཞིག་མྱོང་ངོ ། །ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བ་ན་དེའང་འགག་པར་འགྱུར་ཏེ། དེའི་ཕྱིར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཚོར་བ་ཐམས་ཅད་འགག་ཅེས་བྱའོ། །དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་ཁྱོད་ཀྱིས་རྣལ་འབྱོར་གྱི་ལམ་ཡོངས་སུ་རྫོགས་པ་དང ། ཤིན་ཏུ་ཡོངས་སུ་དག་པ་ལས་བརྩམས་ནས། འདི་ལྟ་སྟེ། རྣལ་འབྱོར་ལ་ཤིན་ཏུ་རྣམ་པར་ངེས་ཤིང་མཁས་པས་དེ་བཞིན་གཤེགས་པ་ལ་དྲི་བ་དྲིས་པ་ལེགས་སོ། །ལེགས་སོ། །ངས་ཀྱང་རྣལ་འབྱོར་གྱི་ལམ་དེ་ཡོངས་སུ་རྫོགས་པ་དང ། ཡོངས་སུ་དག་པར་བསྟན་ཏེ།་འདས་པ་དང་མ་འོངས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱིས་ཀྱང་དེ་ལྟར་བསྟན་ཅིང་སྟོན་པར་འགྱུར་རོ། །རིགས་ཀྱི་བུ་རྣམས་དང ། རིགས་ཀྱི་བུ་མོ་དག་གིས་འདི་ལྟ་ཤིན་ཏུ་བརྩོན་པར་བྱ་བའི་རིགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཆོས་རྣམས་གདགས་པ་ 60a ༄#། །རྣམ་གཞག་གང་ཡིན་པ། །དེ་ནི་རྣལ་འབྱོར་བག་ཡོད་དོན་ཆེན་ཡིན། །གང་དག་ཆོས་དེར་བརྟེན་ནས་རྣལ་འབྱོར་འདིར། །ཡང་དག་བརྩོན་པ་དེ་དག་བྱང་ཆུབ་འཐོབ། །གང་དག་གླགས་ལྟ་དེ་སྐད་རྒོལ་བ་ལས། །ཐར་པར་ལྟ་བ་ཆོས་ཀུན་ཆུབ་བྱེད་པ། །བྱམས་པ་དེ་དག་རྣལ་འབྱོར་འདི་ལས་ནི། །ཐར་རིང་གནམ་ས་རིང་བ་ཇི་བཞིན་ནོ། །བློ་ལྡན་སེམས་ཅན་དོན་ཞེས་དེ་དག་ལས། །ལན་བྱེད་རིག་ནས་སེམས་ཅན་དོན་བརྩོན་མིན། །ལན་དེ་རྟོག་ན་ཀུན་གྱི་དམ་པ་དང ། །ཟང་ཟིང་མེད་པའི་དགའ་བ་འཐོབ་མི་འགྱུར། །གང་དག་འདོད་ཕྱིར་ཆོས་ཀྱི་ལུང་འབོག་པ། །དེ་དག་འདོད་པ་སྤངས་པ་ཕྱིར་ལེན་ཏེ། །རྨོངས་པ་དེ་དག་ཆོས་ཀྱི་རིན་པོ་ཆེ། །རིན་ཐང་མེད་པ་རྙེད་ཀྱང་སྤོང་ཞིང་རྒྱུ། །དེ་ཕྱིར་རྩོད་དང་འདུ་འཛི་སྤྲོས་ལྡན་པ། །རྣམ་པར་སྤོངས་ཏེ་བརྩོན་འགྲུས་མཆོག་བྱོས་ཏེ། །ལྷར་བཅས་འཇིག་རྟེན་བསྒྲལ་བར་བྱ་བའི་ཕྱིར། །རྣལ་འབྱོར་འདི་ལ་རབ་ཏུ་བརྩོན་པར་གྱིས། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དགོངས་པ་ངེས་པར་འགྲེལ་པའི་ཆོས་ཀྱི་རྣམ་གྲངས་འདིར་བསྟན་པ་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། བྱམས་པ། འདི་ནི་རྣལ་འབྱོར་ངེས་པའི་དོན་བསྟན་པ་ཡིན་ཏེ། རྣལ་འབྱོར་ངེས་པའི་དོན་ 60b བསྟན་པ་ཞེས་བྱ་བར་གཟུང་ཞིག་།རྣལ་འབྱོར་ངེས་པའི་དོན་བསྟན་པ་འདི་བཤད་པ་ན་སྲོག་ཆགས་དྲུག་འབུམ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །ཉན་ཐོས་སུམ་འབུམ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ་།ཉན་ཐོས་འབུམ་ལྔ་ཁྲི་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་གིས་ནི་རྣལ་འབྱོར་ཆེན་པོའི་ཡིད་ལ་བྱེད་པ་ཐོབ་པར་གྱུར་ཏོ། །བྱམས་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གིས་ཞུ་བ་ཞུས་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཅུ་གང་ལགས་པ་དེ་དག་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཞེས་བགྱི་བ་དང ། དྲི་མ་མེད་པ་དང ། འོད་བྱེད་པ་དང།་འོད་འཕྲོ་བ་ཅན་དང ། ཤིན་ཏུ་སྤྱང་དཀའ་དང ། མངོན་དུ་གྱུར་པ་དང ། རིང་དུ་སོང་བ་དང ། མི་གཡོ་བ་དང ། ལེགས་པའི་བློ་གྲོས་དང ། ཆོས་ཀྱི་སྤྲིན་ལགས། སངས་རྒྱས་ཀྱིས་ནི་བཅུ་གཅིག་པ་ལགས་ན། ས་དེ་དག་རྣམ་པར་དག་པ་དུ་དག་དང ། ཡན་ལག་དུ་དག་གིས་བསྡུས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྱན་ 61a ༄#། །རས་གཟིགས་དབང་ཕྱུག་།དེ་དག་ནི་རྣམ་པར་དག་པ་བཞི་དང ། ཡན་ལག་བཅུ་གཅིག་གིས་བསྡུས་པར་རིག་པར་བྱའོ། །སྤྱན་རས་གཟིགས་དབང་ཕྱུག་།དེ་ལ་ས་དང་པོ་ནི་བསམ་པ་རྣམ་པར་དག་པས་བསྡུས་སོ། །ས་གཉིས་པ་ནི་ལྷག་པའི་ཚུལ་ཁྲིམས་རྣམ་པར་དག་པས་སོ། །ས་གསུམ་པ་ནི་ལྷག་པའི་སེམས་རྣམ་པར་དག་པས་སོ། །ས་བཞི་པ་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་ནི་ལྷག་པའི་ཤེས་རབ་རྣམ་པར་དག་པ་གོང་ནས་གོང་དུ་གྱ་ནོམ་པ་བས་ཀྱང་ཆེས་གྱ་ནོམ་པས་བསྡུས་པར་རིག་པར་བྱ་སྟེ། ས་དེ་དག་ནི་རྣམ་པར་དག་\?\་བཞི་པོ་དག་གིས་བསྡུས་པ་ཡིན་ནོ། །ཡན་ལག་བཅུ་གཅིག་གང་ཞེ་ན། སྤྱན་རས་གཟིགས་དབང་ཕྱུག།་མོས་པས་སྤྱོད་པའི་ས་ལ་བྱང་ཆུབ་སེམས་དཔའ་ཆོས་སྤྱད་པ་རྣམ་པ་བཅུ་པོ་དག་ལ་མོས་པ་ཤིན་ཏུ་བསྒོམས་པའི་ཕྱིར་བཟོད་པས་ས་དེ་ལས་ཡང་དག་པར་འདས་ནས་བྱང་ཆུབ་སེམས་དཔའི་ཡང་དག་པ་ཉིད་སྐྱོན་མེད་པ་ལ་འཇུག་གོ་།དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཡང་ལྟུང་བ་ཕྲ་མོའི་འཁྲུལ་པ་ཀུན་ཏུ་འབྱུང་བ་དག་ལ་ཤེས་བཞིན་དུ་སྤྱོད་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེའང་ 61b འཐོབ་བོ། །དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཡང་འཇིག་རྟེན་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་ལ་སྙོམས་པར་འཇུག་པ་དང ། ཐོས་པའི་གཟུངས་ཡོངས་སུ་རྫོགས་པ་ཐོབ་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས། དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཡང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཇི་ལྟར་ཐོབ་པ་དག་གིས་དེ་ལ་མང་དུ་གནས་པར་བྱ་བ་དང ། སྙོམས་པར་འཇུག་པ་ལ་སྲེད་པ་དང ། ཆོས་ལ་སྲེད་པ་ལས་སེམས་ལྷག་པར་བཏང་སྙོམས་སུ་འཇུག་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེའང་འཐོབ་བོ། །དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཡང་བདེན་པ་རྣམས་རྣམ་པར་དཔྱད་པ་དང ། འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་དང ། མངོན་དུ་ཕྱོགས་པའི་ཡིད་ལ་བྱེད་པ་ལྷག་པར་བཏང་སྙོམས་སུ་བཞག་སྟེ། ཐབས་ཀྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་བསྒོམ་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེའང་འཐོབ་ 62a ༄#། །བོ། །དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཡང་འདུ་བྱེད་ཀྱི་འཇུག་པ་ཇི་ལྟ་བ་བཞིན་མངོན་སུམ་དུ་བྱས་ནས་དེ་ལ་སྐྱོ་བ་མང་བ་དང།་མཚན་མ་མེད་པ་ཡིད་ལ་བྱེད་པས་མང་དུ་གནས་པར་མི་ནུས་པས་དེ་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེའང་འཐོབ་བོ། །དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཡང་བར་ཆད་མེད་པ་དང ། རྒྱུན་མི་འཆད་པར་མཚན་མ་མེད་པའི་ཡིད་ལ་བྱེད་པས་མང་དུ་གནས་པར་མི་ནུས་པས། དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེའང་འཐོབ་བོ། །དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཡང་མཚན་མ་མེད་པར་གནས་པ་དེ་ལ་རྩོལ་བ་ལྷག་པར་བཏང་སྙོམས་སུ་བཞག་པ་དང ། མཚན་མ་ལ་དབང་ཐོབ་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་བས་དེའང་འཐོབ་བོ། །དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཡང་རྣམ་གྲངས་དང ། མཚན་ཉིད་དང ། ངེས་པའི་ཚིག་དང ། རབ་ཏུ་དབྱེ་བས་རྣམ་པ་ཐམས་ཅད་དུ་ཆོས་ 62b སྟོན་པ་ལའང་དབང་ཐོབ་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེའང་འཐོབ་བོ། །དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཡང་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་སོ་སོར་ཡང་དག་པར་རིག་པ་འཐོབ་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེའང་འཐོབ་བོ། །དེ་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཡང་ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་པ་དང ། ཐོགས་པ་མེད་པའི་ཤེས་པ་དང ། མཐོང་བ་ཐོབ་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་བས་དེའང་འཐོབ་སྟེ། དེ་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ཡན་ལག་དེས་ཡོངས་སུ་རྫོགས་པའི་ཕྱིར་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ཏེ། སྤྱན་རས་གཟིགས་དབང་ཕྱུག་།དེ་དག་ནི་ཡན་ལག་བཅུ་གཅིག་པོ་དེ་དག་གིས་བསྡུས་པར་རིག་པར་བྱའོ། ། བཅོམ་ལྡན་འདས། ཅིའི་སླད་དུ་ས་དང་པོ་ལ་རབ་ཏུ་དགའ་བ་ཞེས་བགྱི། ཅིའི་སླད་དུ་སངས་རྒྱས་ཀྱི་སའི་བར་ལ་སངས་རྒྱས་ཀྱི་ས་ཞེས་བགྱི་ལགས། ས་དང་ 63a ༄#། །པོ་ནི་དོན་ཆེ་བ། འདྲིས་པ་མ་ཡིན་པ། འཇིག་རྟེན་ལས་འདས་པའི་སེམས་ཐོབ་པས་དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེ་བའི་ཕྱིར་རབ་ཏུ་དགའ་བ་ཞེས་བྱའོ། །ས་གཉིས་པ་ནི་ལྟུང་བ་ཕྲ་མོ་དང་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར་དྲི་མ་མེད་པ་ཞེས་བྱའོ། །ས་གསུམ་པ་ནི་ཏིང་ངེ་འཛིན་དེ་དང་ཐོས་པའི་གཟུངས་དེ་ཤེས་པའི་སྣང་བ་ཚད་མེད་པའི་གནས་ཉིད་ཡིན་པའི་ཕྱིར་འོད་བྱེད་པ་ཞེས་བྱའོ། །ས་བཞི་པ་ནི་ཉོན་མོངས་པའི་ཤིང་བསྲེག་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སྒོམ་པ་དེ་ཡེ་ཤེས་ཀྱི་མེའི་འོད་འཕྲོ་བར་གྱུར་པའི་ཕྱིར་འོད་འཕྲོ་ཅན་ཞེས་བྱའོ། །ས་ལྔ་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དེ་དག་ཉིད་ཐབས་ཀྱིས་སྒོམ་པ་དེ་ལ་དབང་བྱ་བར་དཀའ་བ་ཉིད་ཀྱི་ཕྱིར་ཤིན་ཏུ་སྦྱང་དཀའ་ཞེས་བྱའོ། །ས་དྲུག་པ་ནི་འདུ་བྱེད་ཀྱི་འཇུག་པ་མངོན་སུམ་དུ་གྱུར་པ་ཉིད་དང ། མཚན་མ་མེད་པ་མང་དུ་ཡིད་ལ་བྱེད་པ་མངོན་སུམ་དུ་གྱུར་པའི་ཕྱིར་མངོན་དུ་གྱུར་ཅེས་བྱའོ། །ས་བདུན་པ་ནི་མཚན་མ་མེད་པ་ཡིད་ལ་བྱེད་པ་བར་ཆད་མེད་ཅིང་རྒྱུན་མི་འཆད་པར་རིང་དུ་རྗེས་སུ་ཞུགས་པ་དང ། རྣམ་པར་དག་པའི་ས་དང་རྗེས་སུ་འབྲེལ་བ་ཉིད་ཀྱི་ཕྱིར་རིང་དུ་སོང་བ་ 63b ཞེས་བྱའོ། །ས་བརྒྱད་པ་ནི་མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པ་ཉིད་དང ། མཚན་མའི་ཉོན་མོངས་པ་ཀུན་ཏུ་བྱུང་བས་མི་བསྐྱོད་པ་ཉིད་ཀྱི་ཕྱིར་མི་གཡོ་བ་ཞེས་བྱའོ། ། ས་དགུ་བ་ནི་རྣམ་པ་ཐམས་ཅད་དུ་ཆོས་སྟོན་པའི་དབང་ལ་ཁ་ན་མཐོ་བ་མེད་པའི་བློ་གྲོས་ཤིན་ཏུ་ཡངས་པ་ཐོབ་པ་ཉིད་ཀྱི་ཕྱིར་ལེགས་པའི་བློ་གྲོས་ཞེས་བྱའོ། །ས་བཅུ་པ་ནི་གནས་ངན་ལེན་གྱི་ལུས་ནམ་མཁའ་ལྟ་བུ་ལ་ཆོས་ཀྱི་ཚོགས་སྤྲིན་ཆེན་ལྟ་བུས་ཁྱབ་ཅིང་ཁེབས་པའི་ཕྱིར་ཆོས་ཀྱི་སྤྲིན་ཞེས་བྱའོ། །ས་བཅུ་གཅིག་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་མོ་སྤངས་པས་ཆགས་པ་མེད་ཅིང་ཐོགས་པ་མེད་པར་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱིས་ཞེས་བྱའོ། །བཅོམ་ལྡན་འདས། ས་དེ་དག་ལ་ཀུན་ཏུ་རྨོངས་པ་ནི་དུ་མཆིས། གནས་ངན་ལེན་མི་མཐུན་པའི་ཕྱོགས་ནི་དུ་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྱན་རས་གཟིགས་དབང་ཕྱུག་།ཀུན་ཏུ་རྨོངས་པ་ཉི་ཤུ་རྩ་གཉིས་དང ། གནས་ངན་ལེན་མི་མཐུན་པའི་ཕྱོགས་བཅུ་གཅིག་སྟེ། ས་དང་པོ་ལ་ནི་གང་ཟག་དང་ཆོས་ལ་མངོན་པར་ཞེན་པ་ཀུན་ཏུ་རྨོངས་པ་དང ། ངན་སོང་བའི་ཉོན་མོངས་པས་ཀུན་ཏུ་ཉོན་མོངས་པ་དང ། དེའི་གནས་ 64a ༄#། །ངན་ལེན་མི་མཐུན་པའི་ཕྱོགས་སོ། །གཉིས་པ་ལ་ནི་ལྟུང་བ་ཕྲ་མོའི་འཁྲུལ་པ་ཀུན་ཏུ་རྨོངས་པ་དང ། ལས་ཀྱི་རྣམ་པར་སྨིན་པ་རྣམ་པ་སྣ་ཚོགས་ལ་ཀུན་ཏུ་རྨོངས་པ་དང ། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །གསུམ་པ་ལ་ནི་འདོད་པའི་འདོད་ཆགས་ཀྱི་ཀུན་ཏུ་རྨོངས་པ་དང ། ཐོས་པའི་གཟུངས་ཡོངས་སུ་རྫོགས་པ་ལ་ཀུན་ཏུ་རྨོངས་པ་དང ། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །བཞི་པ་ལ་ནི་སྙོམས་པར་འཇུག་པ་ལ་སྲེད་པ་ཀུན་ཏུ་རྨོངས་པ་དང ། ཆོས་ལ་སྲེད་པ་ཀུན་ཏུ་རྨོངས་པ་དང ། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །ལྔ་པ་ལ་ནི་འཁོར་བ་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་དང ། མངོན་དུ་ཕྱོགས་པ་ཉིད་ཡིད་ལ་བྱེད་པ་ཀུན་ཏུ་རྨོངས་པ་དང ། མྱ་ངན་ལས་འདས་པ་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་དང ། མངོན་དུ་ཕྱོགས་པ་ཉིད་ཡིད་ལ་བྱེད་པ་ཀུན་ཏུ་རྨོངས་པ་དང ། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །དྲུག་པ་ལ་ནི་འདུ་བྱེད་ཀྱི་འཇུག་པ་མངོན་སུམ་དུ་བྱ་བ་ཉིད་ལ་ཀུན་ཏུ་རྨོངས་པ་དང།་མཚན་མ་མང་པོ་ཀུན་ཏུ་འབྱུང་བ་ཀུན་ཏུ་རྨོངས་པ་དང ། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །བདུན་པ་ལ་ནི་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བ་ཀུན་ཏུ་ 64b རྨོངས་པ་དང ། མཚན་མ་མེད་པ་གཅིག་ཏུ་ཡིད་ལ་བྱེད་པས་ཐབས་ལ་ཀུན་ཏུ་རྨོངས་པ་དང ། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །བརྒྱད་པ་ལ་ནི་མཚན་མ་མེད་པ་ལ་རྩོལ་བ་ཀུན་ཏུ་རྨོངས་པ་དང ། མཚན་མ་རྣམས་ལ་མི་དབང་བ་ཀུན་ཏུ་རྨོངས་པ་དང ། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །དགུ་པ་ལ་ནི་ཆོས་བསྟན་པ་དཔག་ཏུ་མེད་པ་དང ། ཆོས་ཀྱི་ཚིག་དང་ཡི་གེ་དཔག་ཏུ་མེད་པ་དང ། གོང་ནས་གོང་དུ་ཤེས་རབ་དང་སྤོབས་པ་ལ་གཟུངས་ཀྱི་དབང་ལ་ཀུན་ཏུ་རྨོངས་པ་དང ། སྤོབས་པའི་དབང་ལ་ཀུན་ཏུ་རྨོངས་པ་དང ། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །བཅུ་པ་ནི་མངོན་པར་ཤེས་པ་ཆེན་པོ་ལ་ཀུན་ཏུ་རྨོངས་པ་དང ། གསང་བ་དང་ཕྲ་བ་ལ་འཇུག་པ་ལ་ཀུན་ཏུ་རྨོངས་པ་དང ། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །སངས་རྒྱས་ཀྱིས་ལ་ནི་ཤེས་བྱ་ཐམས་ཅད་ལ་ཆགས་པ་ཤིན་ཏུ་ཕྲ་མོ་ཀུན་ཏུ་རྨོངས་པ་དང ། ཐོགས་པ་ཀུན་ཏུ་རྨོངས་པ་དང ། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །སྤྱན་རས་གཟིགས་དབང་ཕྱུག། ས་དེ་དག་ནི་ཀུན་ཏུ་རྨོངས་པ་ཉི་ཤུ་རྩ་གཉིས་དང ། གནས་ངན་ལེན་བཅུ་གཅིག་པོ་དེ་དག་གིས་རྣམ་པར་བཞག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མི་ལྡན་པ་ཡིན་ནོ། །བཅོམ་ལྡན་འདས། གང་ 65a ༄#། །ལ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་ཀུན་ཏུ་རྨོངས་པའི་དྲ་བ་ཆེན་པོ་རབ་ཏུ་བྲལ་ཞིང་དེའི་གནས་ངན་ལེན་ཐིབས་པོ་ཆེན་པོ་ལས་ཡང་དང ། པར་འདས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ཙམ་དུ་ཕན་ཡོན་ཆེ་ཞིང་འབྲས་བུ་ཆེ་བ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས། དེ་དག་རྣམ་པར་དག་པ་དུ་དག་གིས་རྣམ་པར་བཞག་པ་ལགས། སྤྱན་རས་གཟིགས་དབང་ཕྱུག་བརྒྱད་ཀྱིས་ཏེ། ལྷག་པའི་བསམ་པ་རྣམ་པར་དག་པ་དང ། སེམས་རྣམ་པར་དག་པ་དང ། སྙིང་རྗེ་རྣམ་པར་དག་པ་དང ། ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང ། སངས་རྒྱས་མཐོང་ཞིང་བསྙེན་བཀུར་བྱེད་པ་རྣམ་པར་དག་པ་དང ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་རྣམ་པར་དག་པ་དང ། སྐྱེ་བ་རྣམ་པར་དག་པ་དང ། མཐུ་རྣམ་པར་དག་པས་སོ། །སྤྱན་རས་གཟིགས་དབང་ཕྱུག་ས་དང་པོ་ལ་ལྷག་པའི་བསམ་པ་རྣམ་པར་དག་པ་ནས་མཐུ་རྣམ་པར་དག་པའི་བར་གང་ཡིན་པ་དང ། ས་གོང་མ་གོང་མ་རྣམས་དང ། སངས་རྒྱས་ཀྱི་སའི་བར་ལ་ལྷག་པའི་བསམ་པ་རྣམ་པར་དག་པ་ནས་མཐུ་རྣམ་པར་དག་པའི་བར་གང་ཡིན་པ་དེ་ནི་ཆེས་རྣམ་པར་དག་པ་དང ། ཆེས་ 65b ཤིན་ཏུ་རྣམ་པར་དག་པ་ཡིན་པར་རིག་པར་བྱའོ། །དེ་ལ་སངས་རྒྱས་ཀྱི་ས་ལ་སྐྱེ་བ་རྣམ་པར་དག་པ་མ་གཏོགས་པ་ས་དང་པོའི་ཡོན་ཏན་གང་ཡིན་པ་དེ་དག་གིས་དེའི་གོང་མའི་ས་རྣམས་དེའི་ཡོན་ཏན་དང་ཡང་མཉམ་ལ། རང་གི་སའི་ཡོན་ཏན་གྱིས་ཁྱད་པར་དུ་འཕགས་པའང་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་ས་བཅུ་པོ་ཐམས་ཅད་ནི་ཡོན་ཏན་བླ་ན་ཡོད་པ་དག་ཡིན་ལ། སངས་རྒྱས་ཀྱིས་ནི་ཡོན་ཏན་བླ་ན་མེད་པར་ཡང་དག་པར་རིག་པར་བྱའོ། །བཅོམ་ལྡན་འདས། ཅིའི་སླད་དུ་སྲིད་པར་སྐྱེ་བ་ཐམས་ཅད་ཀྱི་ནང་ན་བྱང་ཆུབ་སེམས་དཔའི་སྐྱེ་བ་རབ་ཏུ་མཆོག་ཅེས་བགྱི་ལགས། སྤྱན་རས་གཟིགས་དབང་ཕྱུག་རྣམ་པ་བཞིའི་ཕྱིར་ཏེ། དགེ་བའི་རྩ་བ་ཤིན་ཏུ་རྣམ་པར་དག་པ་འགྲུབ་པ་ཉིད་ཀྱི་ཕྱིར་དང ། སོ་སོར་བརྟགས་ཏེ་ལེན་པ་ཉིད་ཀྱི་ཕྱིར་དང ། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་སྙིང་རྗེ་དང་ལྡན་བ་ཉིད་ཀྱི་ཕྱིར་དང ། བདག་ཉིད་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ཉིད་དང ། གཞན་གྱི་ཀུན་ནས་ཉོན་མོངས་པ་རྣམ་པར་ཟློག་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །བཅོམ་ལྡན་འདས། ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་རྣམས་སྨོན་ལམ་རྒྱ་ཆེན་པོས་མཆི་བ་དང ། སྨོན་ལམ་གྱ་ནོམ་པ་དང་ལྡན་པ་དང ། སྨོན་ལམ་གྱི་སྟོབས་ཅན་ལགས། སྤྱན་རས་གཟིགས་དབང་ཕྱུག་རྣམ་པ་བཞིའི་ཕྱིར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནི་མྱ་ངན་ལས་འདས་པའི་ 66a ༄#། །བདེ་བ་ལ་གནས་པ་ལ་མཁས་པ་དང ། དེ་མྱུར་དུ་འཐོབ་པར་ནུས་པ་དང ། མྱུར་དུ་ཐོབ་པ་དེ་དང་བདེ་བར་གནས་པ་དེའང་སྤངས་ཏེ། སེམས་ཅན་གྱི་དོན་རྒྱུ་བ་མེད་པ། དགོས་པ་མེད་པ། སྡུག་བསྔལ་མང་པོ་སྣ་ཚོགས་ཡུན་རིང་པོ་འབྱུང་བ་ལ་ཡིད་ཀྱིས་སྨོན་པར་བྱེད་པས་ཏེ། དེའི་ཕྱིར་སྨོན་ལམ་རྒྱ་ཆེན་པོས་འགྲོ་བ་དང ། སྨོན་ལམ་གྱ་ནོམ་པ་དང་ལྡན་པ་དང ། སྨོན་ལམ་གྱི་སྟོབས་ཅན་རྣམས་ཞེས་བྱའོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་དུ་མཆིས་ལགས། སྤྱན་རས་གཟིགས་དབང་ཕྱུག་དྲུག་སྟེ། སྦྱིན་པ་དང ། ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་བོ། །བཅོམ་ལྡན་འདས། གཞི་དྲུག་པོ་དེ་དག་ལས་དུ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལགས། དུ་ནི་ལྷག་པའི་སེམས་ཀྱི་བསླབ་པ་ལགས། དུ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལགས། སྤྱན་རས་གཟིགས་དབང་ཕྱུག་དང་པོ་གསུམ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པར་རིག་པར་བྱའོ། །བསམ་གཏན་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཡིན་ནོ། །ཤེས་རབ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡིན་ནོ། །བརྩོན་འགྲུས་ནི་ཀུན་ཏུ་འགྲོ་བ་ཡིན་པར་ང་སྨྲའོ། །བཅོམ་ལྡན་འདས། བསླབ་པའི་གཞི་དྲུག་པོ་དེ་དག་ལས་དུ་ 66b ནི་བསོད་ནམས་ཀྱི་ཚོགས་ལགས། དུ་ནི་ཡེ་ཤེས་ཀྱི་ཚོགས་ལགས། སྤྱན་རས་གཟིགས་དབང་ཕྱུག་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་ཚོགས་ཡིན་ནོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ནོ། །བརྩོན་འགྲུས་དང ། བསམ་གཏན་ནི་ཀུན་ཏུ་འགྲོ་བ་ཡིན་པར་ང་སྨྲའོ། །བཅོམ་ལྡན་འདས། བསླབ་པའི་གཞི་དྲུག་པོ་དེ་དག་ལ་བྱང་ཆུབ་སེམས་དཔས་ཇི་ལྟར་བསླབ་པར་བགྱི་ལགས། སྤྱན་རས་གཟིགས་དབང་ཕྱུག་རྣམ་པ་ལྔས་ཏེ། ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དམ་པའི་ཆོས་བསྟན་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་ཐོག་མ་ཁོ་ནར་ཤིན་ཏུ་མོས་པ་དང ། དེའི་འོག་ཏུ་ཆོས་སྤྱད་པ་བཅུ་པོ་དག་གིས་ཐོས་པ་དང ། བསམས་པ་དང ། བསྒོམས་པ་ལས་བྱུང་བའི་ཤེས་རབ་བསྒྲུབ་པ་དང ། བྱང་ཆུབ་ཀྱི་སེམས་རྗེས་སུ་བསྲུང་བ་དང ། དགེ་བའི་བཤེས་གཉེན་ལ་བསྟེན་པ་དང ། རྒྱུན་མི་འཆད་པར་དགེ་བའི་ཕྱོགས་ལ་སྦྱོར་བས་བསླབ་པར་བྱའོ། །བཅོམ་ལྡན་འདས། ཅིའི་སླད་དུ་བསླབ་པའི་གཞི་དེ་དག་གྲངས་དྲུག་ཏུ་གདགས་པར་རིག་པར་བགྱི་ལགས། སྤྱན་རས་གཟིགས་དབང་ཕྱུག་རྣམ་པ་གཉིས་ཀྱི་ཕྱིར་ཏེ། སེམས་ཅན་ལ་ཕན་གདགས་པ་དང ། ཉོན་མོངས་པའི་གཉེན་པོ་ཉིད་ཀྱི་ཕྱིར་རོ། །དེ་ལ་གསུམ་ནི་སེམས་ཅན་ལ་ཕན་ན་གདགས་པ་ཡིན་ལ། གསུམ་ནི་ཉོན་མོངས་ 67a ༄#། །པའི་གཉེན་པོ་ཡིན་པར་རིག་པར་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་སྦྱིན་པས་ནི་སེམས་ཅན་རྣམས་ལ་ཡོ་བྱད་ཉེ་བར་བསྒྲུབ་པའི་ཕན་འདོགས་པས་ཕན་འདོགས་སོ། །ཚུལ་ཁྲིམས་ཀྱིས་ནི་ཕོངས་པ་དང ། གནོད་པ་དང ། རྣམ་པར་མཐོ་འཚམ་པ་ཉེ་བར་མི་སྒྲུབ་པའི་ཕན་འདོགས་པས་ཕན་འདོགས་སོ། །བཟོད་པས་ནི་ཕོངས་པ་དང་གནོད་པ་དང་རྣམ་པར་མཐོ་འཚམ་པ་ལ་ཅི་མི་སྙམ་པས་ཕན་འདོགས་ཏེ། དེ་གསུམ་གྱིས་ནི་སེམས་ཅན་ལ་ཕན་འདོགས་སོ། །བརྩོན་འགྲུས་ཀྱིས་ནི་ཉོན་མོངས་པ་རྣམ་པར་བཅིལ་བ་དང ། ཉོན་མོངས་པ་ཡང་དག་པར་བཅོམ་པའི་དགེ་བའི་ཕྱོགས་ལ་སྦྱོར་བར་བྱེད་དེ། དེ་ནི་ཉོན་མོངས་པས་དགེ་བའི་ཕྱོགས་ལ་སྦྱོར་བ་ལས་བསྐྱོད་པར་མི་ནུས་སོ། །བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམས་རྣམ་པར་གནོན་ཏོ། །ཤེས་རབ་ཀྱིས་ནི་བག་ལ་ཉལ་ལེགས་པར་འཇོམས་པར་བྱེད་དེ། དེ་གསུམ་ནི་ཉོན་མོངས་པའི་གཉེན་པོ་ཡིན་ནོ། །བཅོམ་ལྡན་འདས། ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་གཞན་དག་གྲངས་བཞིར་གདགས་པར་རིག་པར་བགྱི་ལགས། སྤྱན་རས་གཟིགས་དབང་ཕྱུག། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཉིད་ཀྱི་གྲོགས་སུ་གྱུར་པ་ཉིད་ཡིན་པའི་ཕྱིར་ཏེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་གསུམ་གྱིས་སེམས་ཅན་རྣམས་ལ་ཕན་བཏགས་ནས་བྱང་ཆུབ་ 67b སེམས་དཔས་བསྡུ་བའི་དངོས་པོས་ཟིན་པའི་ཐབས་ལ་མཁས་པས་དགེ་བ་ལ་འཇོག་པར་བྱེད་དེ། དེའི་ཕྱིར་ངས་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ནི་གསུམ་པོ་དག་གི་གྲོགས་སུ་གྱུར་པ་ཡིན་པར་ཡོངས་སུ་བསྟན་ཏོ། །སྤྱན་རས་གཟིགས་དབང་ཕྱུག་།གལ་ཏེ་བྱང་ཆུབ་སེམས་དཔའ་ཚེ་འདི་ལ་ཉོན་མོངས་པ་མང་བས་རྟག་ཏུ་སྒོམ་མི་ནུས་པ་དང ། ཁམས་དང་མོས་པ་དམའ་བའི་ཕྱིར་ལྷག་པའི་བསམ་པ་སྟོབས་ཆུང་བས་སེམས་ནང་དུ་འཇོག་མི་ནུས་པ་དང ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་པའི་དམིགས་པ་ལ་བསམ་གཏན་ཡོངས་སུ་མ་བསྒོམས་པས་འཇིག་རྟེན་ལས་འདས་པའི་ཤེས་རབ་མངོན་པར་སྒྲུབ་མི་ནུས་པ་ཡིན་ན། དེ་བསོད་ནམས་ཀྱི་ཚོགས་ཆུང་ངུའང་ཡང་དག་པར་བླངས་ཏེ་གནས་ཤིང་ཕྱི་མ་ལ་ཉོན་མོངས་པ་ཆུང་བ་ཉིད་དུ་ཡིད་ཀྱིས་སྨོན་པར་བྱེད་པ་དེ་ནི་དེའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེས་ཉོན་མོངས་པ་ཆུང་བ་དང ། བརྩོན་འགྲུས་རྩོམ་ནུས་པར་འགྱུར་བས། དེའི་ཕྱིར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲོགས་སུ་གྱུར་པ་ཡིན་ནོ། །དེས་སྐྱེས་བུ་དམ་པ་ཡང་དག་པར་བསྟེན་པ་དང ། དམ་པའི་ཆོས་མཉན་པ་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་ཐོབ་ཅིང་ལྷག་པའི་བསམ་པ་སྟོབས་ཆུང་བ་ཉིད་རྣམ་པར་ 68a ༄#། །བཟློག་ནས་ཁམས་གྱ་ནོམ་པ་ལས་བསམ་པའི་སྟོབས་ཐོབ་པར་འགྱུར་བ་དེ་ནི་དེའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེས་སེམས་ནང་དུ་འཇོག་ནུས་པས། དེའི་ཕྱིར་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གྲོགས་སུ་གྱུར་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་པའི་དམིགས་པ་ཡོངས་སུ་བསྒོམས་པ་ལ་བསམ་གཏན་བྱེད་དེ། དེ་ནི་དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེས་འཇིག་རྟེན་ལས་འདས་པའི་ཤེས་རབ་མངོན་པར་སྒྲུབ་ནུས་པར་འགྱུར་བས་དེའི་ཕྱིར་ངས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲོགས་སུ་གྱུར་པ་ཡིན་པར་ཡོངས་སུ་བསྟན་ཏོ། །བཅོམ་ལྡན་འདས། ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གི་གོ་རིམ་དེ་ལྟར་བསྟན་པར་རིག་པར་བགྱི་ལགས། སྤྱན་རས་གཟིགས་དབང་ཕྱུག། དེ་དག་གོང་ནས་གོང་དུ་འགྲུབ་པའི་རྟེན་ཉིད་ཡིན་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་ལུས་དང་ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེད་དོ། །ཚུལ་ཁྲིམས་རྗེས་སུ་སྲུང་ན་བཟོད་པ་དང་ལྡན་པར་འགྱུར་རོ། །བཟོད་པ་དང་ལྡན་ན་བརྩོན་འགྲུས་རྩོམ་པར་འགྱུར་རོ། །བརྩོན་འགྲུས་བརྩམས་ན་བསམ་གཏན་སྒྲུབ་པར་འགྱུར་རོ། །བསམ་གཏན་ 68b གྲུབ་ན་འཇིག་རྟེན་ལས་འདས་པའི་ཤེས་རབ་འཐོབ་བོ། །བཅོམ་ལྡན་འདས། ཕ་རོལ་ཏུ་ཕྱིན་པ་དེ་དག་རྣམ་པ་དུར་རབ་ཏུ་དབྱེ་ལགས། སྤྱན་རས་གཟིགས་དབང་ཕྱུག། རྣམ་པ་གསུམ་དུ་སྟེ། སྦྱིན་པ་རྣམ་པ་གསུམ་ནི་ཆོས་སྦྱིན་པ་དང ། ཟང་ཟིང་སྦྱིན་པ་དང ། མི་འཇིགས་པ་སྦྱིན་པའོ། །ཚུལ་ཁྲིམས་རྣམ་པ་གསུམ་ནི་མི་དགེ་བ་ལས་ལྡོག་པའི་ཚུལ་ཁྲིམས་དང ། དགེ་བ་ལ་འཇུག་པའི་ཚུལ་ཁྲིམས་དང ། སེམས་ཅན་གྱི་དོན་ལ་འཇུག་པའི་ཚུལ་ཁྲིམས་སོ། །བཟོད་པ་རྣམ་པ་གསུམ་ནི་གནོད་པ་བྱེད་པ་ལ་མི་མཇེད་པའི་བཟོད་པ་དང ། སྡུག་བསྔལ་ལ་ཅི་མི་སྙམ་པའི་བཟོད་པ་དང ། ཆོས་ལ་ངེས་པར་རྟོག་པའི་བཟོད་པའོ། །བརྩོན་འགྲུས་རྣམ་པ་གསུམ་ནི་གོ་ཆའི་བརྩོན་འགྲུས་དང ། དགེ་བ་ལ་སྦྱོར་བའི་བརྩོན་འགྲུས་དང ། སེམས་ཅན་གྱི་དོན་ལ་སྦྱོར་བའི་བརྩོན་འགྲུས་སོ། ། བསམ་གཏན་རྣམ་པ་གསུམ་ནི་རྣམ་པར་མི་རྟོག་ཅིང་ཞི་ལ་རབ་ཏུ་ཞི་བས་ཉོན་མོངས་པ་དང ། སྡུག་བསྔལ་གྱི་གཉེན་པོ་བདེ་བར་གནས་པའི་བསམ་གཏན་དང ། ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན་དང ། སེམས་ཅན་གྱི་དོན་མངོན་པར་སྒྲུབ་པའི་བསམ་གཏན་ནོ། །ཤེས་རབ་རྣམ་པ་གསུམ་ནི་ཀུན་རྫོབ་ཀྱི་བདེན་པ་ལ་དམིགས་པ་དང ། དོན་དམ་པའི་བདེན་པ་ལ་དམིགས་པ་དང ། སེམས་ཅན་གྱི་དོན་ལ་དམིགས་པའོ། །བཅོམ་ལྡན་འདས། ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་དེ་དག་ཕ་རོལ་ཏུ་ཕྱིན་པ་རྣམས་ཞེས་བགྱི་ལགས། སྤྱན་རས་གཟིགས་དབང་ཕྱུག། ལྔའི་ཕྱིར་ཏེ། 69a ༄#། །ཆགས་པ་མེད་པ་ཉིད་དང ། མི་ལྟ་བ་ཉིད་དང ། ཁ་ན་མ་ཐོ་བ་མེད་པ་ཉིད་དང ། རྣམ་པར་མི་རྟོག་པ་ཉིད་དང ། ཡོངས་སུ་བསྔོ་བ་ཉིད་ཀྱི་ཕྱིར་རོ། །དེ་ལ་ཆགས་པ་མེད་པ་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་ལ་ལྷག་པར་ཆགས་པ་མེད་པ་གང་ཡིན་པའོ། །དེ་ལ་མི་ལྟ་བ་ཉིད་ནི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་རྣམ་པར་སྨིན་པ་དང ། ལན་དུ་ཕན་འདོགས་པ་དང་འབྲེལ་བའི་སེམས་མེད་པ་གང་ཡིན་པའོ། །དེ་ལ་ཁ་ན་མ་ཐོ་བ་མེད་པ་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་དེ་དག་ཀུན་ནས་ཉོན་མོངས་པ་ཅན་གྱི་ཆོས་དང་མ་འདྲེས་ཤིང་ཐབས་མ་ཡིན་པར་རྣམ་པར་སྤངས་པ་གང་ཡིན་པའོ། །དེ་ལ་རྣམ་པར་མི་རྟོག་པ་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་རང་གི་མཚན་ཉིད་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་མེད་པ་གང་ཡིན་པའོ། །དེ་ལ་ཡོངས་སུ་བསྔོ་བ་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་དེ་དག་ཉིད་བྱས་ཤིང་བསགས་པ་བྱང་ཆུབ་སེམས་དཔའི་འབྲས་བུར་སྨོན་པ་གང་ཡིན་པའོ། །བཅོམ་ལྡན་འདས། ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་གང་ལགས། སྤྱན་རས་གཟིགས་དབང་ཕྱུག་།དེ་དག་ནི་དངོས་པོ་དྲུག་ཏུ་རིག་པར་བྱ་སྟེ། འདོད་པའི་དགའ་བ་དང་ལོངས་སྤྱོད་དང་དབང་ཕྱུག་དང་བདག་ཉིད་ཀྱི་བསོད་ནམས་ལ་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བ་དང ། ལུས་དང་ངག་དང་ཡིད་ཅི་འདོད་དགུར་ཀུན་ཏུ་སྤྱེད་པ་དང ། བརྙས་པ་མི་བཟོད་པ་དང་མི་བརྩོན་པས་བསོད་ནམས་དང་འདུ་འཛིན་དང ། འཇིག་རྟེན་གྱི་ལས་སྣ་ཚོགས་དང་རྣམ་པར་གཡེང་ 69b པ་ལ་འཇུག་པ་དང ། མཐོང་བ་དང་ཐོས་པ་དང ། བྱེ་ཕྲག་ཕྱེད་པ་དང ། རྣམས་པར་ཤེས་པའི་ཐ་སྙད་ཀྱི་སྤྲོས་པ་དག་ལ་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བའོ། །བཅོམ་ལྡན་འདས། ཕ་རོལ་ཏུ་ཕྱིན་པ་དེ་དག་གི་རྣམ་པར་སྨིན་པའི་འབྲས་བུ་གང་ལགས། སྤྱན་རས་གཟིགས་དབང་ཕྱུག། དེའང་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། ལོངས་སྤྱོད་ཆེན་པོ་ཉིད་དང ། བདེ་འགྲོར་འགྲོ་བ་དང ། ཁོ་ན་མེད་ཅིང་དབྱེན་མེད་ལ་བདེ་བ་དང་ཡིད་བདེ་བ་མང་བ་དང ། སེམས་ཅན་གྱི་བདག་པོ་དང ། ལུས་ལ་གནོད་པ་མེད་པ་དང ། དབང་ཆེ་བར་གྲགས་པའོ། །བཅོམ་ལྡན་འདས། ཕ་རོལ་ཏུ་ཕྱིན་པ་དེ་དག་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་ཆོས་དང་འདྲེས་པ་གང་ལགས། སྤྱན་རས་གཟིགས་དབང་ཕྱུག། དེ་ནི་སྦྱོར་བ་བཞིས་རིག་པར་བྱ་སྟེ། སྙིང་རྗེ་མེད་པའི་སྦྱོར་བ་དང ། ཚུལ་བཞིན་མ་ཡིན་པའི་སྦྱོར་བ་དང ། རྟག་ཏུ་མི་བྱེད་པའི་སྦྱོར་བ་དང ། གུས་པར་མི་བྱེད་པའི་སྦྱོར་བས་སོ། །དེ་ལ་ཚུལ་བཞིན་མ་ཡིན་པའི་སྦྱོར་བ་ནི་འདི་ཡིན་ཏེ། དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་དག་ལ་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པའི་སྒོམ་པ་ཉམས་པ་གང་ཡིན་པའོ། །བཅོམ་ལྡན་འདས། ཐབས་མ་ལགས་པ་གང་ལགས། སྤྱན་རས་གཟིགས་དབང་ཕྱུག། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དེ་དག་གིས་སེམས་ཅན་རྣམས་ལ་ཕན་འདོགས་པ་ན། གལ་ཏེ་ཟང་ཟིང་གིས་ཕན་འདོགས་པ་ཉེ་བར་སྒྲུབ་པ་ཙམ་གྱིས་ཆོག་པར་འཛིན་ཅིང་མི་དགེ་བའི་གནས་ལས་བསླང་སྟེ། དགེ་བའི་གནས་སུ་འཇོག་པར་ 70a ༄#། །མི་བྱེད་ན། དེ་ནི་ཐབས་མ་ཡིན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྤྱན་རས་གཟིགས་དབང་ཕྱུག་དེ་ཙམ་གྱིས་སེམས་ཅན་ལ་ཕན་གདགས་པ་མ་ཡིན་པའི་ཕྱིར་ཏེ། འདི་ལྟ་སྟེ།་དཔེར་ན། མི་གཙང་བ་ནི་ཆེའང་རུང་ཆུང་ཡང་རུང་སྟེ། རྣམ་གྲངས་གང་གིས་ཀྱང་དྲི་ཞིམ་པར་བྱ་བར་མི་ནུས་སོ། །དེ་བཞིན་དུ་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱི་རང་བཞིན་གྱིས་སྡུག་བསྔལ་བར་གྱུར་བའི་སེམས་ཅན་རྣམས་ཀྱང་ཟང་ཟིང་གིས་ཕན་གདགས་པ་ཉེ་བར་སྒྲུབ་པ་ཙམ་གྱི་རྣམ་གྲངས་གང་གིས་ཀྱང་བདེ་བར་བྱར་མི་ནུས་ཀྱི། དགེ་བ་ལ་འཇོག་པ་གང་ཡིན་པ་དེ་ནི་དེ་དག་ལ་ཕན་འདོགས་པའི་མཆོག་ཁོ་ན་ཡིན་ནོ། །བཅོམ་ལྡན་འདས། ཕ་རོལ་ཏུ་ཕྱིན་པ་དེ་དག་གི་རྣམ་པར་དག་པ་དུ་མཆིས་ལགས། སྤྱན་རས་གཟིགས་དབང་ཕྱུག། ང་ནི་རྣམ་པ་ལྔ་པོ་དེ་དག་མ་གཏོགས་པར་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྣམ་པར་དག་པ་གཞན་ཡོད་པར་མི་སྨྲ་མོད་ཀྱི། འོན་ཀྱང་དེ་དག་ཉིད་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྣམ་པར་དག་པ་བསྡུས་པ་དང ། སོ་སོ་བ་ཁྱོད་ལ་བཤད་པར་བྱའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་རྣམ་པར་དག་པ་བསྡུས་པ་ནི་རྣམ་པ་བདུན་གྱིས་རིག་པར་བྱ་སྟེ། བདུན་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཆོས་དེ་དག་གིས་གཞན་ལས་ཤེས་ཀྱི་ཡོངས་སུ་མི་འཚོལ་བ་དང ། ཆོས་དེ་དག་ལ་ལྟ་བས་མངོན་པར་ཞེན་པར་མི་བྱེད་པ་དང ། ཆོས་འདི་དག་བྱང་ཆུབ་ཏུ་ངེས་ 70b པར་འབྱིན་པ་ཡིན་ནམ་མ་ཡིན་སྙམ་དུ་ཡིད་གཉིས་དང་ཐེ་ཚོམ་སྐྱེད་པར་མི་བྱེད་པ་དང ། བདག་ལ་མི་བསྟོད་གཞན་ལ་མི་སྨོད་ཅིང་བརྙས་པར་མི་བྱེད་པ་དང ། དྲེགས་པར་མི་བྱེད་ཅིང་བག་མེད་པར་མི་བྱེད་པ་དང ། ཅུང་ཟད་ཙམ་དང་ངན་དོན་ཙམ་གྱིས་ཆོག་པ་མི་འཛིན་པ་དང ། ཆོས་དེ་དག་གིས་སེར་སྣ་མི་བྱེད་ཅིང་གཞན་དག་ལ་ཕྲག་དོག་མི་བྱེད་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པའི་རྣམ་པར་དག་པ་སོ་སོ་ཐ་དད་པ་དེའང་རྣམ་པ་བདུན་ཁོ་ནར་རིག་པར་བྱ་སྟེ། ཐ་དད་པའི་རྣམ་པ་བདུན་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པ་རྣམ་པར་དག་པ་རྣམས་བདུན་པོ་སྦྱིན་པར་བྱ་བའི་དངོས་པོ་རྣམ་པར་དག་པས་སྦྱིན་པ་རྣམ་པར་དག་པ་སྦྱིན་པར་བྱེད་པ་དང ། ཚུལ་ཁྲིམས་རྣམ་པར་དག་པ་དང ། ལྟ་བ་རྣམ་པར་དག་པ་དང ། སེམས་རྣམ་པར་དག་པ་དང ། ངག་རྣམ་པར་དག་པ་དང ། ཤེས་པ་རྣམ་པར་དག་པ་དང ། དྲི་མ་རྣམ་པར་དག་པས་སྦྱིན་པ་རྣམ་པར་དག་པ་སྦྱིན་པར་བྱེད་དོ་ཞེས་ངས་བསྟན་པ་གང་ཡིན་པ་དེ་དག་བྱང་ཆུབ་སེམས་དཔས་ཡང་དག་པར་བླངས་ཏེ་གནས་པ་དེ་ནི་སྦྱིན་པ་རྣམ་པར་དག་པ་བདུན་ཡིན་ནོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སྡོམ་པ་བཅས་པ་ལ་བསླབ་པའི་གཞི་རྣམ་པ་ཐམས་ཅད་ལ་མཁས་པ་དང ། ལྟུང་བ་ལས་བསླང་བ་ལ་མཁས་པ་དང ། དེ་ལ་ངེས་པའི་ཚུལ་ཁྲིམས་ཅན་དང ། བརྟན་པའི་ཚུལ་ཁྲིམས་ཅན་དང ། རྟག་ཏུ་བྱེད་པ་དང ། རྟག་ཏུ་འཇུག་པ་དང ། 71a ༄#། །བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པར་བྱེད་པ་དེ་ནི་ཚུལ་ཁྲིམས་རྣམ་པར་དག་པ་རྣམ་པར་བདུན་ཡིན་ནོ། །འདི་ལྟ་སྟེ། ཐམས་ཅད་ལས་གནོད་པ་ཐམས་ཅད་ཉེ་བར་གནས་པ་ན། བདག་ཉིད་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པས་མི་འཁྲུག་པ་དང ། ལན་བྱ་བའི་ཕྱིར་སླར་སྤྱོད་བ་དང ། གཤེ་བ་དང ། བརྡེག་པ་དང ། བསྡིགས་པ་དང ། མཚང་འདྲུ་བའི་གནོད་པ་དག་གིས་སྦྱོར་བར་མི་བྱེད་པ་དང ། ཁོན་གྱི་བསམ་པ་མི་འཛིན་པ་དང ། ཤད་ཀྱིས་འཆགས་པ་ན་ཡོངས་སུ་ཉོན་མོངས་པར་མི་བྱེད་པ་དང ། ཤད་ཀྱིས་འཆགས་པ་ལ་མི་སྡོང་པ་དང ། འཇིགས་པ་དང་ཟང་ཟིང་གི་སེམས་ཀྱིས་བཟོད་པ་བྱེད་པ་མ་ཡིན་པ་དང ། ཕན་གདགས་པར་བྱ་བ་ལ་ཡལ་བར་མི་འདོར་བ་དེ་ནི་བཟོད་པ་རྣམ་པར་དག་པ་རྣམ་པ་བདུན་ནོ། །འདི་ལྟ་སྟེ། བརྩོན་འགྲུས་ཀྱི་མཉམ་པ་ཉིད་རབ་ཏུ་ཤེས་པ་དང ། བརྩོན་འགྲུས་བརྩམས་པ་དེས་བདག་ལ་མི་བསྟོད་ཅིང་གཞན་ལ་མི་སྨོད་པ་དང ། མཐུ་དང་ལྡན་པ་དང ། བརྩོན་འགྲུས་དང་ལྡན་པ་དང ། སྤྲོ་བ་དང་ལྡན་པ་དང ། རྟུལ་བ་བརྟན་པ་དང ། དགེ་བའི་ཆོས་རྣམས་ལ་བརྩོན་པ་མ་གཏང་བ་དེ་ནི་བརྩོན་འགྲུས་རྣམ་པར་དག་པ་བདུན་ཡིན་ནོ། །འདི་ལྟ་སྟེ། མཚན་མ་ལེགས་པར་རྟོགས་པའི་ཏིང་ངེ་འཛིན་ལ་བསམ་གཏན་པ་དང ། ཡོངས་སུ་ 71b རྫོགས་པའི་ཏིང་ངེ་འཛིན་ལ་བསམ་གཏན་པ་དང ། གཉིས་ཀའི་ཆའི་ཏིང་ངེ་འཛིན་ལ་བསམ་གཏན་པ་དང ། ཤུགས་ཀྱིས་འབྱུང་བའི་ཏིང་ངེ་འཛིན་ལ་བསམ་གཏན་པ་དང ། མི་གནས་པའི་ཏིང་ངེ་འཛིན་ལ་བསམ་གཏན་པ་དང ། ཤིན་ཏུ་སྦྱང་བ་བྱས་པའི་ཏིང་ངེ་འཛིན་ལ་བསམ་གཏན་པ་དང ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་དམིགས་པ་ཡོངས་སུ་བསྒོམས་པ་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ལ་བསམ་གཏན་པ་དེ་ནི་བསམ་གཏན་རྣམ་པར་དག་པ་རྣམ་པ་བདུན་ཡིན་ནོ། །འདི་ལྟ་སྟེ། དེའི་ཤེས་པར་དེ་སྒྲོ་འདོགས་པའི་མཐའ་དང་སྐུར་བ་འདེབས་པའི་མཐའ་རྣམ་པར་སྤངས་ཏེ་དབུ་མའི་ལམ་གྱིས་ངེས་པར་འབྱུང་བ་དང ། ཤེས་རབ་དེས་སྟོང་པ་ཉིད་དང ། སྨོན་པ་མེད་པ་དང ། མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ་གསུམ་པོ་དག་ལ་རྣམ་པར་ཐར་པའི་སྒོའི་དོན་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང ། ཀུན་བརྟགས་པ་དང ། གཞན་གྱི་དབང་དང ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གསུམ་པོ་དག་ལ་ངོ་བོ་ཉིད་ཀྱི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང ། མཚན་ཉིད་དང ། སྐྱེ་བ་དང ། དོན་དམ་པ་ངོ་བོ་ཉིད་མེད་པ་གསུམ་པོ་དག་ལ་ངོ་བོ་ཉིད་མེད་པའི་དོན་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང ། རིག་པའི་གནས་ལྔ་པོ་དག་ལ་ཀུན་རྫོབ་ཀྱི་བདེན་པའི་དོན་ཀྱང་ཡང་དག་པ་ཇི་ལྟ་བ་ 72a ༄#། །བཞིན་དུ་རབ་ཏུ་ཤེས་པ་དང ། དེ་བཞིན་ཉིད་རྣམ་པ་བདུན་ལ་དོན་དམ་པའི་བདེན་པའི་དོན་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང ། རྣམ་པར་མི་རྟོག་ཅིང་སྤྲོས་པ་མེད་ལ་ཚུལ་གཅིག་ཏུ་དེ་ལ་མང་དུ་གནས་པ་དང ། འདྲེས་པ་ཚད་མེད་པའི་ཆོས་ལ་དམིགས་པའི་ལྷག་མཐོང་གིས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ཡང་དག་པར་སྒྲུབ་པར་བྱེད་པ་དེ་ནི་ཤེས་རབ་རྣམ་པར་དག་པ་རྣམ་པ་བདུན་ཡིན་པར་རིག་པར་བྱའོ། །བཅོམ་ལྡན་འདས། རྣམ་པ་ལྔ་པོ་དེ་དག་གི་སོ་སོའི་ལས་གང་ལགས། སྤྱན་རས་གཟིགས་དབང་ཕྱུག་།དེ་དག་གི་ལས་ཀྱང་རྣམ་པར་ལྔར་རིག་པར་བྱ་སྟེ། ཆགས་པ་མེད་པ་ཉིད་ཀྱིས་ནི་བྱང་ཆུབ་སེམས་དཔའ་ཚེ་འདི་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རྟག་ཏུ་བྱེད་པ་དང ། གུས་པར་བྱེད་པའི་སྦྱོར་བས་བག་ཡོད་པར་བྱེད་དོ། །མི་ལྟ་བ་ཉིད་ཀྱིས་ནི་ཕྱི་མར་དེ་དག་ལ་བག་ཡོད་པའི་རྒྱུ་ཡོངས་སུ་འཛིན་པར་བྱེད་དོ། །ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཡོངས་སུ་རྫོགས་པ་དང ། ཡོངས་སུ་དག་པ་དང ། ཡོངས་སུ་བྱང་བ་དག་སྒོམ་པར་བྱེད་དོ། །རྣམ་པར་མི་རྟོག་པ་ཉིད་ཀྱིས་ནི་ཐབས་ལ་མཁས་པ་དེས་མྱུར་དུ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཡོངས་སུ་བསྔོ་བ་ཉིད་ཀྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ 72b ཀྱི་བར་དུ་ཚེ་རབས་ཐམས་ཅད་དུ་རྣམ་པར་སྨིན་པའི་འབྲས་བུ་འདོད་པ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པ་ཉིད་འཐོབ་པར་བྱེད་དོ། །བཅོམ་ལྡན་འདས། ཕ་རོལ་ཏུ་ཕྱིན་པ་དེ་དག་གི་རྒྱ་ཆེ་བ་ཉིད་གང་ལགས། སྤྱན་རས་གཟིགས་དབང་ཕྱུག་།ཆགས་པ་མེད་པ་ཉིད་དང ། མི་ལྟ་བ་ཉིད་དང ། ཡོངས་སུ་བསྔོ་བ་ཉིད་གང་ཡིན་པའོ། །ཀུན་ནས་ཉོན་མོངས་པ་མ་མཆིས་པ་གང་ལགས། ཁ་ན་མ་ཐོ་བ་མེད་པ་ཉིད་དང ། རྣམ་པར་མི་རྟོག་པ་ཉིད་གང་ཡིན་པའོ། །སྦྱངས་པ་ཉིད་གང་ལགས། སོ་སོར་བརྟག་ཅིང་བྱ་བ་ཉིད་གང་ཡིན་པའོ། ། མི་གཡོ་བ་ཉིད་གང་ལགས། སར་ཆུད་པ་རྣམས་ཀྱི་ཡོངས་སུ་མི་ཉམས་པའི་ཆོས་ཉིད་གང་ཡིན་པའོ། །ཤིན་ཏུ་རྣམ་པར་དག་པ་ཉིད་གང་ལགས། སྤྱན་རས་གཟིགས་དབང་ཕྱུག། ས་བཅུ་པར་རྟོགས་པ་ཉིད་དང ། སངས་རྒྱས་ཀྱི་སར་གཏོགས་པ་ཉིད་གང་ཡིན་པའོ། །བཅོམ་ལྡན་འདས། ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་རྟག་ཏུ་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའི་འབྲས་བུ་འདོད་པ་བས་མ་འཚལ་བ་དང ། ཕ་རོལ་ཏུ་ཕྱིན་པ་བས་མ་འཚལ་བ་དང་ལྡན་པ་ལགས། སྤྱན་རས་གཟིགས་དབང་ཕྱུག་།གཅིག་ལ་གཅིག་བརྟེན་ན་སར་གྲུབ་པ་བསྒོམ་པ་ཉིད་ཀྱི་ཕྱིར་རོ། །བཅོམ་ལྡན་འདས། ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཇི་ལྟར་དེ་ལྟར་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་ 73a ༄#། །སྨིན་པའི་འབྲས་བུ་འདོད་པ་ལ་དད་པས་གནས་པ་མ་ལགས། སྤྱན་རས་གཟིགས་དབང་ཕྱུག་།རྒྱུ་ལྔའི་ཕྱིར་ཏེ། ཕ་རོལ་ཏུ་ཕྱིན་པ་རྣམས་ནི་ཆོས་ལྷག་པར་བདེ་བ་དང ། ཡིད་བདེ་བའི་རྒྱུ་ཡིན་པའི་ཕྱིར་དང ། བདག་དང་གཞན་ལ་ཕན་འདོགས་པའི་རྒྱུ་ཡིན་པའི་ཕྱིར་དང ། ཕྱི་མ་ལ་དེའི་རྣམ་པར་སྨིན་པའི་འབྲས་བུ་འདོད་པའི་རྒྱུ་ཡིན་པའི་ཕྱིར་དང ། ཀུན་ནས་ཉོན་མོངས་པ་མེད་པའི་གཞི་ཡིན་པའི་ཕྱིད་དང ། མི་འགྱུར་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས། ཕ་རོལ་ཏུ་ཕྱིན་པ་དེ་དག་གི་སོ་སོའི་མཐུ་གང་ལགས། སྤྱན་རས་གཟིགས་དབང་ཕྱུག། དེ་དག་གི་སོ་སོའི་མཐུ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་མཐུན་པའི་ཕྱོགས་སེར་སྣ་དང ། འཆལ་བའི་ཚུལ་ཁྲིམས་དང ། སེམས་འཁྲུག་པ་དང ། ལེ་ལོ་དང ། རྣམ་པར་གཡེང་བ་དང ། ལྟ་བའི་རྣམ་པ་རབ་ཏུ་སྤོང་བ་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་དང ། ཚེ་འདི་ལ་བདག་དང་སེམས་ཅན་རྣམས་ལ་ཕན་འདོགས་པར་འགྱུར་བ་དང ། ཕྱི་མ་ལ་རྣམ་པར་སྨིན་པའི་འབྲས་བུ་འདོད་པ་རྒྱ་ཆེན་པོ་ཟད་མི་ཤེས་པ་འཐོབ་པར་འགྱུར་བའི། །བཅོམ་ལྡན་འདས། ཕ་རོལ་ཏུ་ཕྱིན་པ་དེ་དག་རྒྱུ་གང་ལས་བྱུང་བ་དང ། འབྲས་བུ་གང་དང་ལྡན་པ་དང ། དོན་གང་དང་ལྡན་པ་ལགས། བཅོམ་ 73b ལྡན་འདས་ཀྱིས་བཀའ་སྩལ་པ། སྤྱན་རས་གཟིགས་དབང་ཕྱུག་།ཕ་རོལ་ཏུ་ཕྱིན་པ་རྣམས་ནི་སྙིང་རྗེའི་རྒྱུ་ལས་བྱུང་བ་དང ། རྣམ་པར་སྨིན་པའི་འབྲས་བུ་འདོད་པ་དང ། སེམས་ཅན་ལ་ཕན་འདོགས་པའི་འབྲས་བུ་དང་ལྡན་པ་དང ། བྱང་ཆུབ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་པའི་དོན་ཆེན་པོ་དང་ལྡན་པ་ཡིན་ནོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ལོངས་སྤྱོད་བས་མ་འཚལ་བ་དང་ལྡན་པ་དང ། སྙིང་རྗེ་ཅན་ལགས་ན་ཅིའི་སླད་དུ་འཇིག་རྟེན་ན་དབུལ་པོ་གདའ་ལགས། སྤྱན་རས་གཟིགས་དབང་ཕྱུག། དེ་ནི་སེམས་ཅན་རྣམས་ཀྱི་རང་གི་ལས་ཀྱི་ཉེས་པ་ཁོ་ན་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། སེམས་ཅན་རྣམས་ཀྱི་རང་གི་ཉེས་བྱས་དེའི་གེགས་སུ་གྱུར་པ་མ་ཡིན་དུ་ཟིན་ན། དེ་དག་ལ་རྟག་ཏུ་བྱ་བ་ཉིད་ལ་ཞུགས་པ་དང ། ལོངས་སྤྱོད་མི་ཟད་པ་ཉིད་ཡོད་བཞིན་དུ་འཇིག་རྟེན་སྡུག་བསྔལ་བ་ལྟར་སྣང་བར་ག་ལ་འགྱུར། སྤྱན་རས་གཟིགས་དབང་ཕྱུག་།འདི་ལྟ་སྟེ། དཔེར་ན། ཡི་དྭགས་ལུས་སྐོམ་པས་གདུངས་པ་རྣམས་ཀྱིས་རྒྱ་མཚོའི་ཆུ་བསྐམས་པར་མཐོང་བ་དེ་ནི་རྒྱ་མཚོ་དག་གིས་ཉེས་པ་མ་ཡིན་གྱི། ཡི་དྭགས་དེ་དག་ཉིད་ཀྱི་རང་གི་ལས་ཀྱི་འབྲས་བུའི་ཉེས་པ་ཡིན་ནོ། །དེ་བཞིན་དུ་འབྲས་བུ་མེད་པར་གྱུར་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱིན་པ་དག་གིས་རྒྱ་མཚོ་ལྟ་བུར་གྱུར་པ་རྣམས་ 74a ༄#། །ཀྱི་ཉེས་པ་མ་ཡིན་གྱི། སེམས་ཅན་རང་གི་ཉེས་པ་བྱས་པ་ཡི་དྭགས་ལྟ་བུ་རྣམས་ཀྱི་རང་གི་ལས་ཀྱི་ཉེས་པ་ཡིན་ནོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ཕ་རོལ་ཏུ་ཕྱིན་པ་གང་གིས་འཛིན་ལགས། སྤྱན་རས་གཟིགས་དབང་ཕྱུག་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་འཛིན་ནོ། །བཅོམ་ལྡན་འདས། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ངོ་བོ་ཉིད་མ་མཆིས་པ་ཉིད་འཛིན་ན། ངོ་བོ་ཉིད་དང་བཅས་པ་ཉིད་ཀྱང་ཅིའི་སླད་དུ་མི་འཛིན་ལགས། སྤྱན་རས་གཟིགས་དབང་ཕྱུག་།ང་ནི་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་འཛིན་པར་མི་སྨྲ་མོད་ཀྱི། འོན་ཀྱང་ཡི་གེས་བསྟན་པ་མེད་པར་ངོ་བོ་ཉིད་མེད་པ། ཡི་གེ་མེད་པ། སོ་སོ་རང་རིག་པ་དེ་བསྟན་པར་མི་ནུས་པས་དེའི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་འཛིན་ནོ་ཞེས་དེ་སྐད་བརྗོད་དོ། །བཅོམ་ལྡན་འདས། ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་བགྱི། ཉེ་བའི་ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་བགྱི། ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཞེས་ཀྱང་བགྱི་ལགས་ན། བཅོམ་ལྡན་འདས། ཕ་རོལ་ཏུ་ཕྱིན་པ་གང་ལགས། ཉེ་བའི་ཕ་རོལ་ཏུ་ཕྱིན་པ་ནི་གང་ལགས། ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ནི་གང་ལགས། སྤྱན་རས་གཟིགས་དབང་ཕྱུག་།འདི་ལ་བྱང་ཆུབ་སེམས་དཔའ་དུས་དཔག་ཏུ་མེད་པ་ནས་ཡོངས་སུ་བསྒོམས་པའི་སྦྱིན་པ་ལ་སོགས་པ་དགེ་བའི་ཆོས་རྣམས་དང་ 74b ལྡན་པའང་ཡིན་ལ། དེ་ལ་ཉོན་མོངས་པའང་ཀུན་འབྱུང་ཞིང་དེ་ཟིལ་གྱིས་གནོན་པར་ནི་མི་ནུས་ཀྱི། དེས་ཟིལ་གྱིས་གནོན་པར་འགྱུར་བ་འདི་ལྟ་སྟེ། མོས་པས་སྤྱོད་པའི་ས་ལ་མོས་པ་ཆུང་དུ་དང་འབྲིང་ལ་ཞུགས་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། ཡང་དུས་དཔག་ཏུ་མེད་པ་ནས་ཆེས་ཡོངས་སུ་བསྒོམས་པའི་དགེ་བའི་ཆོས་དེ་དག་ཉིད་དང་ལྡན་ཞིང་དེ་ལ་ཉོན་མོངས་པའང་ཀུན་ཏུ་འབྱུང་ལ། དེ་ཟིལ་གྱིས་གནོན་ཅིང་དེས་ཟིལ་གྱིས་གནོན་པར་མི་འགྱུར་བ་འདི་ལྟ་སྟེ། ས་དང་པོ་ནས་བཟུང་བ་དེ་ནི་ཉེ་བའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཡང་དུས་དཔག་ཏུ་མེད་པ་ནས་ཆེས་ཤིན་ཏུ་ཡོངས་སུ་བསྒོམས་པའི་དགེ་བའི་ཆོས་དེ་དག་ཉིད་དང་ལྡན་ཞིང་དེ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་ཉོན་མོངས་པ་ཀུན་ཏུ་མི་འབྱུང་བའི་ཆོས་ཅན་དུ་གྱུར་པ་འདི་ལྟ་སྟེ། ས་བརྒྱད་པ་ནས་བཟུང་བ་དེ་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཞེས་བྱའོ། །བཅོམ་ལྡན་འདས། ས་དེ་དག་ལ་ཉོན་མོངས་པའི་བག་ལ་ཉལ་རྣམ་པ་དུ་མཆིས་ལགས། སྤྱན་རས་གཟིགས་དབང་ཕྱུག་།རྣམ་པ་གསུམ་སྟེ། སྤྱན་རས་གཟིགས་དབང་ཕྱུག་།གྲོགས་ཡང་དག་པར་བཅོམ་པ་ནི་འདི་ལྟ་སྟེ། ས་ལྔ་པོ་དག་ན་ཉོན་མོངས་པ་ལྷན་ཅིག་སྐྱེས་པ། ཀུན་ཏུ་འབྱུང་བའི་གྲོགས་ཉོན་མོངས་པ་ལྷན་ཅིག་སྐྱེས་པ་མ་ཡིན་པ་ཀུན་ཏུ་འབྱུང་བ་དེ་དེའི་ཚེ་དེ་ལ་མེད་པས་དེའི་ཕྱིར་གྲོགས་ཡང་དག་པར་བཅོམ་པ་ཞེས་བྱའོ། །བག་ལ་ཉལ་སྟོབས་ 75a ༄#། །ཆུང་བ་ནི་འདི་ལྟ་སྟེ། ས་དྲུག་པ་དང ། བདུན་པ་ལ་ཆ་ཕྲ་མོ་ཀུན་ཏུ་འབྱུང་བ་ཉིད་དང ། བསྒོམས་པས་མནན་པས་ཀུན་ཏུ་འབྱུང་བ་ཉིད་ཀྱི་ཕྱིར་རོ། །བག་ལ་ཉལ་ཕྲ་མོ་ནི་འདི་ལྟ་སྟེ། ས་བརྒྱད་པ་དང ། དེའི་གོང་མ་རྣམས་ལ་ཉོན་མོངས་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཀུན་ཏུ་མི་འབྱུང་བ་དང ། ཤེས་བྱའི་སྒྲིབ་པ་ཙམ་ལ་གནས་པ་ཉིད་ཀྱི་ཕྱིར་རོ། །བཅོམ་ལྡན་འདས། བག་ལ་ཉལ་དེ་དག་གནས་ངན་ལེན་སྤངས་པ་རྣམ་པ་དུས་རབ་ཏུ་ཕྱེ་བ་ལགས། སྤྱན་རས་གཟིགས་དབང་ཕྱུག། རྣམ་པ་གསུམ་གྱིས་ཏེ། གནས་ངན་ལེན་ལྤགས་ཤུན་ལ་ཡོད་པ་ལྟ་བུ་སྤངས་པས་ནི་དང་པོ་དང ། གཉིས་པ་རབ་ཏུ་ཕྱེ་བ་ཡིན་ནོ། །ཁྲི་ལ་ཡོད་པ་ལྟ་བུ་སྤངས་པ་ནི་གསུམ་པའོ། །གནས་ངན་ལེན་སྙིང་པོ་ལ་ཡོད་པ་ལྟ་བུ་སྤངས་པ་གང་ཡིན་པ་དེ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་བག་ལ་ཉལ་མེད་པའི་གནས་སྐབས་ཡིན་ཏེ། སངས་རྒྱས་ཀྱི་ས་ཡིན་པར་ངས་ཡོངས་སུ་བསྟན་ཏོ། །བཅོམ་ལྡན་འདས། གནས་ངན་ལེན་དེ་དག་བསྐལ་པ་གྲངས་མ་མཆིས་པ་དུ་དག་གིས་སྤོང་བར་འགྱུར་ལགས། སྤྱན་རས་གཟིགས་དབང་ཕྱུག་།གྲངས་མེད་པ་གསུམ་གྱིས་སམ། དུས་ཚིགས་དང།་ཟླ་བ་དང ། ཟླ་བ་ཕྱེད་དང ། ཞག་དང ། ཉི་མ་དང ། ཐུན་དང ། ཐུན་ཕྱེད་དང ། སྐད་ཅིག་དང ། ཐང་ཅིག་དང ། ཡུད་ཙམ་དང ། བསྐལ་པ་དཔག་ཏུ་མེད་ 75b པ་དག་གིས་སྤོང་ངོ ། །བཅོམ་ལྡན་འདས། ས་དེ་དག་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་སྐྱེ་བའི་མཚན་ཉིད་ནི་གང་ལགས། སྐྱོན་ནི་གང་ལགས། ཡོན་ཏན་ནི་གང་ལགས་པར་རིག་པར་བགྱི། སྤྱན་རས་གཟིགས་དབང་ཕྱུག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་སྐྱེ་བ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་མཚན་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ས་དང་པོ་ལ་སོ་སོར་ངེས་པ་ཁོ་ནར་ཆོས་ཀྱི་དབྱིངས་ཐམས་ཅད་རབ་ཏུ་རྟོགས་པའི་ཕྱིར་ཏེ། དེས་ན་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་ནི་ཤེས་བཞིན་ཁོ་ནར་སྐྱེ་བ་ཡིན་གྱི། མི་ཤེས་པར་མ་ཡིན་པས་དེའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའི་མཚན་ཉིད་ཡིན་ནོ། །རང་གི་རྒྱུད་ལ་སྡུག་བསྔལ་སྐྱེད་པར་མི་ནུས་པ་ཉིད་ཀྱི་ཕྱིར་སྐྱོན་མེད་པ་ཡིན་ནོ། །སེམས་ཅན་གྱི་ཁམས་ཀྱི་སྡུག་བསྔལ་རྣམ་པར་བཟློག་པའི་རྒྱུ་ཉིད་ཡིན་པའི་ཕྱིར་ཡོན་ཏན་དཔག་ཏུ་མེད་པ་ཡིན་ནོ། །བཅོམ་ལྡན་འདས། གང་ལ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་སྐྱེ་བ་དག་གིས་ཀྱང་སེམས་ཅན་དང ། ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྣམས་དེ་ཙམ་དུ་ཟིལ་གྱིས་གནོན་པར་བགྱིད་ན། དེ་ལས་གཞན་པའི་ཡོན་ཏན་རྣམས་ཀྱིས་ལྷ་སྨོས་ཀྱང་ཅི་འཚལ་ཏེ། བྱང་ཆུབ་ཇི་ཙམ་དུ་དོན་ཆེ་བ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས། བཅོམ་ 76a ༄#། །ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་པ་གང་ཡིན་པ་དང ། ཐེག་པ་ཆེན་པོ་གང་ཡིན་པ་དེ་ནི་ཐེག་པ་གཅིག་གོ་ཞེས་བཀའ་སྩལ་པ་དེ་ལ་དགོངས་པ་གང་ལགས།་སྤྱན་རས་གཟིགས་དབང་ཕྱུག། ངས་ཉན་ཐོས་ཀྱི་ཐེག་པར་ཆོས་སྣ་ཚོགས་ཀྱི་ངོ་བོ་ཉིད་འདི་ལྟ་སྟེ། ཕུང་པོ་ལྔ་དང ། ནང་གི་སྐྱེ་མཆེད་དྲུག་དང ། ཕྱི་རོལ་གྱི་སྐྱེ་མཆེད་དྲུག་དང ། དེ་དག་ལ་སོགས་པ་གང་དག་བསྟན་པ་དེ་དག་ཉིད་ངས་ཐེག་པ་ཆེན་པོར་ཆོས་ཀྱི་དབྱིངས་ཚུལ་གཅིག་པར་བསྟན་པས་བཤད་དེ། དེའི་ཕྱིར་ང་ནི་ཐེག་པ་ཐ་དད་པར་མི་སྨྲའོ། །དེ་ལ་གང་དག་དོན་ལ་སྒྲ་ཇི་བཞིན་ཁོ་ནར་རྣམ་པར་རྟོག་པ་ཁ་ཅིག་ནི་སྒྲོ་འདོགས་པར་བྱེད། ཁ་ཅིག་ནི་སྐུར་པ་འདེབས་པར་བྱེད་ཅིང་ཐེག་པ་ཐ་དད་པ་ཉིད་དུ་རྣམ་པར་རྟོག་པར་ཡང་བྱེད་དེ། དེ་གཉིས་ནི་མི་མཐུན་པར་སེམས་ཤིང་ཕན་ཚུན་རྩོད་པར་ཟད་དེ། དེ་ལས་དགོངས་པ་ནི་དེ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཐེག་པ་ཆེ་དང་ཐེག་པ་དམན་པ་ལ། །རང་བཞིན་སྣ་ཚོགས་ཆོས་རྣམས་གང་བསྟན་པ། །དེ་དག་ཉིད་ནི་ཚུལ་གཅིག་ཡང་བསྟན་ཏེ། །དེ་ཕྱིར་ཐེག་པ་ཐ་དད་ང་མི་སྨྲ། །དོན་ལ་སྨྲ་བཞིན་རྣམ་པར་རྟོག་བྱེད་པ། །སྒྲོ་བཏགས་བྱས་ཤིང་སྐུར་པ་བཏབ་བྱས་ནས། །དེ་དག་འགལ་བ་སྙམ་དུ་སེམས་ 76b པ་ན། །རྣམ་པར་རྨོངས་ནས་བློ་གྲོས་སྣ་ཚོགས་འགྱུར། །ས་རྣམས་བསྡུས་དང་མིང་དང་མི་མཐུན་ཕྱོགས། །ཁྱད་པར་སྐྱེ་དང་སྨོན་དང་བསླབ་པ་རྣམས། །དེ་ནི་སངས་རྒྱས་རྣམས་ཀྱིས་ཐེག་ཆེན་བཤད། །འདི་ལ་གང་བརྩོན་དེ་དག་སངས་རྒྱས་འགྱུར། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དགོངས་པ་ངེས་པར་འགྲེལ་པའི་ཆོས་ཀྱི་རྣམ་གྲངས་འདིར་བསྟན་པ་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། སྤྱན་རས་གཟིགས་དབང་ཕྱུག་།འདི་ནི་ས་དང་ཕ་རོལ་ཏུ་ཕྱིན་པའི་ངེས་པའི་དོན་བསྟན་པ་ཡིན་ཏེ། འདི་ས་དང་ཕ་རོལ་ཏུ་ཕྱིན་པའི་ངེས་པའི་དོན་བསྟན་པ་ཞེས་བྱ་བར་གཟུང་ཞིག་།ས་དང་ཕ་རོལ་ཏུ་ཕྱིན་པའི་ངེས་པའི་དོན་བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་གིས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐེག་པ་ཆེན་པོ་སྣང་བ་ཐོབ་པར་གྱུར་ཏོ། །སྤྱན་རས་གཟིགས་དབང་ཕྱུག་གི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཞུ་བ་ཞུས་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་སྐུ་ཞེས་བགྱི་ན། བཅོམ་ལྡན་འདས། དེ་ 77a ༄#། །བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུའི་མཚན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུའི་མཚན་ཉིད་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་ངེས་པར་འབྱུང་བའི་གནས་གྱུར་པ་ཡང་དག་པར་གྲུབ་པ་ཡིན་ནོ། །དེའང་རྒྱུ་གཉིས་ཀྱིས་བསམ་གྱིས་མི་ཁྱབ་པའི་མཚན་ཉིད་དུ་རིག་པར་བྱ་སྟེ། དེ་ནི་སྤྲོས་པ་མེད་ཅིང་མངོན་པར་འདུ་བྱ་བ་མེད་པ་ཉིད་ཀྱི་ཕྱིར་དང ། སེམས་ཅན་རྣམས་ནི་སྤྲོས་པ་དང་མངོན་པར་འདུ་བྱ་བ་ལ་མངོན་པར་ཞེན་པ་ཉིད་ཀྱི་ཕྱིར་རོ། །བཅོམ་ལྡན་འདས། ཅི་ལགས། ཉན་ཐོས་དང ། རང་སངས་རྒྱས་རྣམས་ཀྱི་གནས་གྱུར་པ་གང་ལགས་པ་དེའང་ཆོས་ཀྱི་སྐུ་ལགས་པར་བརྗོད་པར་བགྱིའམ། འཇམ་དཔལ། བརྗོད་པར་མི་བྱའོ། །བཅོམ་ལྡན་འདས། འོ་ན་ཅི་ལགས་པར་བརྗོད་པར་བགྱི། འཇམ་དཔལ། རྣམ་པར་གྲོལ་བའི་ལུས་ཡིན་ཏེ། འཇམ་དཔལ། རྣམ་པར་གྲོལ་བའི་ལུས་ཀྱིས་ནི་དེ་བཞིན་གཤེགས་པ་རྣམས་དང ། ཉན་ཐོས་དང ། རང་སངས་རྒྱས་རྣམས་ཀྱང་མཚུངས་ཤིང་མཉམ་མོ། །ཆོས་ཀྱི་སྐུས་ནི་ཁྱད་པར་དུ་འཕགས་ཏེ། ཆོས་ཀྱི་སྐུས་ཁྱད་པར་དུ་འཕགས་ན་ཡོན་ཏན་གྱི་ཁྱད་པར་དཔག་ཏུ་མེད་པས་ཀྱང་ཁྱད་པར་འཕགས་པ་ཡིན་ཏེ། དེ་ལ་ནི་ 77b དཔེ་བྱ་བར་ཡང་སླ་བ་མ་ཡིན་ནོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་འབྱུང་བའི་མཚན་ཉིད་ཇི་ལྟ་བུར་རིག་པར་བགྱི་ལགས། འཇམ་དཔལ་སྤྲུལ་པའི་སྐུའི་མཚན་ཉིད་འཇིག་རྟེན་གྱི་ཁམས་འབྱུང་བ་དང་འདྲའོ། །སྤྲུལ་པའི་སྐུའི་མཚན་ཉིད་འབྱུང་བའི་དེ་བཞིན་གཤེགས་པའི་ཡོན་ཏན་བཀོད་པའི་རྒྱན་གྱི་རྣམ་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་མཚན་ཉིད་དུ་བལྟ་བར་བྱའོ། །ཆོས་ཀྱི་སྐུ་ལ་ནི་སྐྱེ་བ་འབྱུང་བ་མེད་དོ། །བཅོམ་ལྡན་འདས། སྤྲུལ་པའི་སྐུ་སྟོན་པའི་ཐབས་ལ་མཁས་པ་གང་ལགས་པར་བལྟ་བར་བགྱི་ལགས། འཇམ་དཔལ། སྤྲུལ་པའི་སྐུ་སྟོན་པའི་ཐབས་ལ་མཁས་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བདག་པོར་གྲགས་པའམ། སྦྱིན་གནས་སུ་གྲགས་པའི་ཁྱིམ་དུ་མངལ་དུ་འཇུག་པ་དང ། བཙས་པ་དང ། སྐྱེ་བ་དང་འདོད་པ་ལ་ལོངས་སྤྱོད་པ་དང ། མངོན་པར་འབྱུང་བ་དང ། དཀའ་བ་སྤྱད་པ་ཅིག་ཅར་ཀུན་ཏུ་སྟོན་པ་དང ། དེ་གཏོང་བ་དང ། མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་ཀུན་ཏུ་སྟོན་པ་ཡིན་པར་བལྟ་བར་བྱའོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱི་སྐུས་གསུང་གང་དག་བརྗོད་པས་འདུལ་བའི་ཁམས་ཡོངས་སུ་མ་སྨིན་ 78a ༄#། །པ་ནི་ཡོངས་སུ་སྨིན་པར་མཛད་ལ། ཡོངས་སུ་སྨིན་པ་ནི་དམིགས་པ་དེ་ཉིད་ཀྱིས་རྣམ་པར་གྲོལ་བར་མཛད་པའི་གསུང་བརྗོད་པ་དུ་ཞིག་བརྗོད་པར་མཛད་ལགས། འཇམ་དཔལ། དེ་བཞིན་གཤེགས་པའི་གསུང་བརྗོད་པ་ནི་གསུམ་པོ་འདི་དག་ཡིན་ཏེ། མདོ་སྡེ་བརྗོད་པ་དང ། འདུལ་བ་བརྗོད་པ་དང ། མ་མོ་བརྗོད་པའོ། ། བཅོམ་ལྡན་འདས། མདོ་སྡེ་ནི་གང་ལགས། འདུལ་བ་ནི་གང་ལགས། མ་མོ་ནི་གང་ལགས། འཇམ་དཔལ། འདི་ལྟ་སྟེ། དངོས་པོ་བཞིའམ། དགུའམ། ཉི་ཤུ་རྩ་དགུའི་དབང་དུ་བྱས་ནས་ཆོས་རྣམས་ཀྱི་དངོས་པོ་བསྡུས་པ་ཙམ་ངས་གང་དུ་བསྟན་པ་དེ་ནི་མདོ་སྡེ་ཡིན་ནོ། །དངོས་པོ་བཞི། གང་ཞེ་ན། འདི་ལྟ་སྟེ། ཐོས་པའི་དངོས་པོ་དང་།སྐྱབས་སུ་འགྲོ་བའི་དངོས་པོ་དང ། བསླབ་པའི་དངོས་པོ་དང ། བྱང་ཆུབ་ཀྱི་དངོས་པོའོ། །དངོས་པོ་དགུ་གང་ཞེ་ན། སེམས་ཅན་དུ་གདགས་པའི་དངོས་པོ་དང ། དེའི་ལོངས་སྤྱོད་ཀྱི་དངོས་པོ་དང ། དེ་འབྱུང་བའི་དངོས་པོ་དང ། དེ་འབྱུང་བ་གནས་པའི་དངོས་པོ་དང ། དེའི་ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བའི་དངོས་པོ་དང ། དེའི་སྣ་ཚོགས་ཀྱི་དངོས་པོ་དང ། སྟོན་པའི་དངོས་པོ་དང ། བསྟན་པར་བྱ་བའི་དངོས་པོ་དང ། འཁོར་གྱི་དངོས་པོའོ། །དངོས་པོ་ཉི་ཤུ་རྩ་དགུ་གང་ཞེ་ན། ཀུན་ནས་ཉོན་མོངས་པའི་ཕྱོགས་ 78b ལས་བརྩམས་ཏེ། འདུ་བྱེད་བསྡུ་བའི་དངོས་པོ་དང ། དེའི་གོ་རིམ་རྗེས་སུ་འཇུག་པའི་དངོས་པོ་དང ། དེ་དག་ཉིད་ལ་གང་ཟག་གི་མིང་དུ་བྱས་ནས་ཕྱི་མར་འབྱུང་བའི་རྒྱུའི་དངོས་པོ་དང ། ཆོས་ཀྱི་མིང་དུ་བྱས་ནས་ཕྱི་མར་འབྱུང་བའི་རྒྱུའི་དངོས་པོ་དང ། རྣམ་པར་བྱང་བའི་ཕྱོགས་ལས་བརྩམས་ཏེ། དམིགས་པ་ལ་ཉེ་བར་གཏོད་པའི་དངོས་པོ་དང ། དེ་ཉིད་ལ་རྩོལ་བའི་དངོས་པོ་དང ། སེམས་གནས་པའི་དངོས་པོ་དང ། ཚེ་འདི་ལ་བདེ་བར་གནས་པའི་དངོས་པོ་དང ། སྡུག་བསྔལ་ཐམས་ཅད་ལས་ཡང་དག་པར་འདའ་བའི་ཐབས་ཀྱི་དམིགས་པའི་དངོས་པོ་དང ། དེ་ཡོངས་སུ་ཤེས་པའི་དངོས་པོ་ནི་ཕྱིན་ཅི་ལོག་གི་གནས་ཡོངས་སུ་ཤེས་པ་དང ། སེམས་ཅན་དུ་འདུ་ཤེས་པ་ལས་བརྩམས་ཏེ་ཕྱི་རོལ་གྱི་སེམས་ཅན་རྣམས་ལ་ལོག་པར་སྒྲུབ་པའི་གནས་ཡོངས་སུ་ཤེས་པ་དང ། ནང་ལ་མངོན་པའི་ང་རྒྱལ་མེད་པའི་གནས་ཡོངས་སུ་ཤེས་པས་དེའང་རྣམ་པ་གསུམ་དང ། བསྒོམ་པའི་གནས་ཀྱི་དངོས་པོ་དང ། མངོན་དུ་བྱ་བའི་དངོས་པོ་དང ། བསྒོམ་པའི་དངོས་པོ་དང ། དེ་སྙིང་པོར་བྱ་བའི་དངོས་པོ་དང ། དེའི་རྣམ་པའི་དངོས་པོ་དང ། དེའི་དམིགས་པའི་དངོས་པོ་དང ། སྤངས་པ་དང ། མ་སྤངས་པ་ལ་དཔྱོད་པ་ལ་མཁས་པའི་དངོས་པོ་དང ། དེ་ལས་རྣམ་པར་གཡེང་བའི་དངོས་པོ་དང ། དེ་ལས་རྣམ་པར་མི་གཡེང་བའི་དངོས་པོ་དང ། རྣམ་ 79a ༄#། །པར་མི་གཡེང་བ་གནས་ཀྱི་དངོས་པོ་དང ། བསྒོམ་པ་ལས་ཡོངས་སུ་སྐྱོབ་པའི་སྦྱོར་བ་གསལ་བའི་དངོས་པོ་དང ། བསྒོམ་པའི་ཕན་ཡོན་གྱི་དངོས་པོ་དང ། དེ་བརྟན་པའི་དངོས་པོ་དང ། འཕགས་པའི་དབང་ཕྱུག་བསྡུ་བའི་དངོས་པོ་དང ། འཕགས་པའི་ཕྱོགས་དང་འཁོར་བསྡུ་བའི་དངོས་པོ་དང ། དེ་ཁོ་ན་རབ་ཏུ་རྟོགས་པའི་དངོས་པོ་དང ། མྱ་ངན་ལས་འདས་པ་ཡང་དག་པར་འཐོབ་པའི་དངོས་པོ་དང ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་འདི་ལས་ཕྱི་རོལ་པ་ཐམས་ཅད་ཀྱི་ཡང་དག་པའི་ལྟ་བ་ལས་སྤྱི་བོར་གྱུར་པ་ཉིད་ཀྱི་དངོས་པོ་དང ། དེ་མི་བསྒོམ་པས་ཡོངས་སུ་ཉམས་པས་དངོས་པོ་སྟེ། འཇམ་དཔལ། འདི་ལྟར་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ནི་མི་སྒོམ་པས་ཡོངས་སུ་ཉམས་པར་འགྱུར་གྱི། ལྟ་བའི་ཉེས་པས་ནི་མ་ཡིན་ནོ། །འཇམ་དཔལ། ངས་གང་དུ་ཉན་ཐོས་རྣམས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོར་ཐར་པའམ། སོ་སོར་ཐར་པ་དང་ལྡན་པ་ཡོངས་སུ་བསྟན་པ་གང་ཡིན་པ་དེ་ནི་འདུལ་བའི་དངོས་པོ་ཡིན་ནོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོར་ཐར་པ་རྣམ་པ་དུས་བསྡུས་པར་རིག་པར་བགྱི་ལགས། འཇམ་དཔལ། རྣམ་པ་བདུན་གྱིས་ཏེ། ཡང་དག་པར་བླང་བའི་ཆོ་ག་བསྟན་པ་ 79b དང།་ཕམ་པའི་གནས་ལྟ་བུའི་དངོས་པོ་བསྟན་པ་དང ། ལྟུང་བའི་གནས་ལྟ་བུའི་དངོས་པོ་བསྟན་པ་དང ། ལྟུང་བའི་ངོ་བོ་ཉིད་བསྟན་པ་དང ། ལྟུང་བ་མ་ཡིན་པའི་ངོ་བོ་ཉིད་བསྟན་པ་དང ། ལྟུང་བ་ལས་དབྱུང་བ་བསྟན་པ་དང ། སྡོམ་པ་གཏོང་བ་བསྟན་པས་སོ། །འཇམ་དཔལ། ངས་གང་དུ་མཚན་ཉིད་རྣམ་པ་བཅུ་གཅིག་བཤད་པ་དང ། རྣམ་པར་ཕྱེ་བ་དང ། བསྟན་པ་གང་ཡིན་པ་དེ་ནི་མ་མོ་ཞེས་བྱའོ། །དེ་ལ་མཚན་ཉིད་རྣམ་པ་བཅུ་གཅིག་གང་ཞེ་ན། ཀུན་རྫོབ་ཀྱི་མཚན་ཉིད་དང ། དོན་དམ་པའི་མཚན་ཉིད་དང ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཀྱི་དམིགས་པའི་མཚན་ཉིད་དང ། རྣམ་པའི་མཚན་ཉིད་དང ། ངོ་བོ་ཉིད་ཀྱི་མཚན་ཉིད་དང ། དེའི་འབྲས་བུའི་མཚན་ཉིད་དང ། དེ་མྱོང་བ་རྣམ་པར་བསྙད་པའི་མཚན་ཉིད་དང ། དེའི་བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་དང ། དེ་དང་རྗེས་སུ་མཐུན་པའི་ཆོས་ཀྱི་མཚན་ཉིད་དང ། དེའི་ཉེས་དམིགས་ཀྱི་མཚན་ཉིད་དང ། དེའི་ཕན་ཡོན་གྱི་མཚན་ཉིད་དོ། །འཇམ་དཔལ། དེ་ལ་ཀུན་རྫོབ་ཀྱི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། གང་ཟག་བསྟན་པ་དང ། ཀུན་བརྟགས་པའི་ངོ་བོ་ཉིད་བསྟན་པ་དང ། ཆོས་རྣམས་ཀྱི་བྱེད་པ་དང ། གཡོ་བ་དང ། ལས་བྱེད་པ་བསྟན་པར་བལྟ་བར་བྱའོ། །དེ་ལ་དོན་དམ་པའི་མཚན་ཉིད་ནི་དེ་བཞིན་ཉིད་རྣམ་པ་བདུན་བསྟན་པ་ཡིན་པར་བལྟ་བར་བྱའོ། ། 80a ༄#། །དམིགས་པའི་མཚན་ཉིད་ནི་ཤེས་བྱའི་དངོས་པོ་རྣམ་པ་ཐམས་ཅད་བསྟན་པ་ཡིན་པར་བལྟ་བར་བྱའོ། །རྣམ་པའི་མཚན་ཉིད་ནི་བརྟག་པ་རྣམ་པ་བརྒྱང་བསྟན་པ་ཡིན་པར་བལྟ་བར་བྱ་སྟེ། རྟག་པ་རྣམ་པ་བརྒྱད་གང་ཞེ་ན། བདེན་པ་དང ། གནས་པ་དང ། སྐྱོན་དང ། ཡོན་ཏན་དང ། ཚུལ་དང ། འཇུག་པ་དང ། རིགས་པ་དང ། བསྡུས་པ་དང ། རྒྱས་པས་སོ། །དེ་ལ་བདེན་པ་ནི་དེ་བཞིན་ཉིད་གང་ཡིན་པའོ། །གནས་པ་ནི་གང་ཟག་རྣམ་པར་བཞག་པའམ། ཀུན་བརྟགས་པའི་ངོ་བོ་ཉིད་རྣམ་པར་བཞག་པའམ། མགོ་གཅིག་དང ། རྣམ་པར་དབྱེ་བ་དང ། དྲིས་ཏེ་ལན་གདབ་པ་རྣམ་པར་བཞག་པའམ། གཞག་པ་རྣམ་པར་བཞག་པའམ། གསང་བ་དང་རྣམ་པར་དབྱེ་བ་ལ་ལན་གདབ་པ་རྣམ་པར་བཞག་པ་གང་ཡིན་པའོ། །སྐྱོན་རྣམས་ནི་ངས་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་ཉེས་དམིགས་རྣམ་གྲངས་དུ་མར་བསྟན་པ་གང་ཡིན་པ་དག་གོ་།ཡོན་ཏན་རྣམས་ནི་ངས་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་ཕན་ཡོན་རྣམ་གྲངས་དུ་མར་བསྟན་པ་གང་ཡིན་པ་དག་གོ་།ཚུལ་ནི་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། དེ་ཁོ་ནའི་དོན་གྱི་ཚུལ་དང ། འཐོབ་པའི་ཚུལ་དང ། བཤད་པའི་ཚུལ་དང ། མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་དང ། བསམ་གྱིས་མི་ཁྱབ་པའི་ཚུལ་དང ། དགོངས་ 80b པའི་ཚུལ་ལོ། །འཇུག་པ་ནི་དུས་གསུམ་དང ། འདུས་བྱས་ཀྱི་མཚན་ཉིད་གསུམ་དང ། རྐྱེན་བཞི་པོ་དག་གོ་།རིགས་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། ལྟོས་པའི་རིགས་པ་དང ། བྱ་བ་བྱེད་པའི་རིགས་པ་དང ། འཐད་པས་སྒྲུབ་པའི་རིགས་པ་དང ། ཆོས་ཉིད་ཀྱི་རིགས་པའོ། །དེ་ལ་ལྟོས་པའི་རིགས་པ་ནི་འདུ་བྱེད་རྣམས་འབྱུང་བ་དང ། རྗེས་སུ་ཐ་སྙད་གདགས་པའི་རྒྱུ་གང་དག་ཡིན་པ་དང ། རྐྱེན་གང་དག་ཡིན་པ་སྟེ། དེ་ནི་ལྟོས་པའི་རིགས་པ་ཡིན་ནོ། །ཆོས་རྣམས་འཐོབ་པའམ། འགྲུབ་པའམ། སྐྱེས་པ་རྣམས་ལས་བྱེད་པར་འགྱུར་བའི་རྒྱུ་གང་དག་ཡིན་པ་དང ། རྐྱེན་གང་དག་ཡིན་པ་དེ་ནི་བྱ་བ་བྱེད་པའི་རིགས་པ་ཡིན་ནོ། །སོ་སོའི་ཤེས་པ་དང ། བཤད་པ་དང ། སྨྲས་པའི་དོན་སྒྲུབ་པ་དང ། ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་གང་དག་ཡིན་པ་དང ། རྐྱེན་གང་དག་ཡིན་པ་དེ་ནི་འཐད་པས་སྒྲུབ་པའི་རིགས་པ་ཡིན་ནོ། །དེའང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཡོངས་སུ་དག་པ་དང ། ཡོངས་སུ་མ་དག་པའོ། །དེ་ལ་ཡོངས་སུ་དག་པའི་མཚན་ཉིད་ནི་ལྔའོ། །ཡོངས་སུ་མ་དག་པའི་མཚན་ཉིད་བདུན་ནོ། །དེ་ལ་ཡོངས་སུ་དག་པའི་མཚན་ཉིད་ལྔ་པོ་དག་གང་ཞེ་ན། དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང ། དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང ། རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ 81a ༄#། །ཉིད་དང ། ཡོངས་སུ་གྲུབ་པའི་མཚན་ཉིད་དང ། ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་ཕབ་པར་བསྟན་པའི་མཚན་ཉིད་དོ། །དེ་ལ་འདུ་བྱེད་ཐམས་ཅད་མི་རྟག་པ་ཉིད་དང ། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་ཉིད་དང ། ཆོས་ཐམས་ཅད་བདག་མེད་པ་ཉིད་འཇིག་རྟེན་ན་མངོན་སུམ་དུ་དམིགས་པ་དང ། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཡིན་ནོ། །འདུ་བྱེད་ཐམས་ཅད་སྐད་ཅིག་པ་ཉིད་དང ། འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དང ། ལས་དགེ་བ་དང།་མི་དགེ་བ་ཆུད་མི་ཟ་བ་དེ་ལ་གནས་པའི་མི་རྟག་པར་རིགས་པ་ཉིད་མངོན་སུམ་དུ་དམིགས་པ་གང་ཡིན་པ་དང ། སེམས་ཅན་སྣ་ཚོགས་ལས་སྣ་ཚོགས་ལ་གནས་པ་མངོན་སུམ་དུ་དམིགས་པ་གང་ཡིན་པ་དང ། སེམས་ཅན་བདེ་བ་དང་སྡུག་བསྔལ་པ་ལས་དགེ་བ་དང་མི་དགེ་བ་ལ་གནས་པ་མངོན་སུམ་དུ་དམིགས་པ་གང་ཡིན་པ་དང ། གང་གིས་མངོན་སུམ་དུ་མ་གྱུར་པ་ལ་རྗེས་སུ་དཔག་པར་བྱ་བ་དང ། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཡིན་ནོ། །ནང་དང་ཕྱི་རོལ་གྱི་འདུ་བྱེད་རྣམས་ལ་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་འཆི་འཕོ་དང་སྐྱེ་བ་དམིགས་པ་ཉེ་བར་སྦྱར་བ་དང ། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དམིགས་པ་ཉེ་བར་ 81b སྦྱར་བ་དང ། རང་དབང་མེད་པའི་དམིགས་པ་ཉེ་བར་སྦྱར་བ་དང ། ཕ་རོལ་དག་ནའང་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་འབྱོར་པ་དང ། རྒུད་པ་དམིགས་པ་ཉེ་བར་སྦྱར་བ་དང ། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །དེ་ལྟར་དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང ། དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང ། རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་གང་ཡིན་པ་དེ་ནི་གྲུབ་པར་བྱ་བ་ལ་གཅིག་ཏུ་ངེས་པའི་ཕྱིར་ཡོངས་སུ་གྲུབ་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །འཇམ་དཔལ། གཏན་ལ་དབབ་པར་བསྟན་པ་ཐམས་ཅད་མཁྱེན་པས་གསུངས་པ་འདི་ལྟ་སྟེ། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་དང།་དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་ཕབ་པར་བསྟན་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །དེ་ལྟ་བས་ན་མཚན་ཉིད་རྣམ་པ་ལྔ་པོ་དེ་དག་གིས་རིགས་པ་བརྟག་པ་ཡོངས་སུ་དག་པ་སྟེ། ཡོངས་སུ་དག་པའི་ཕྱིར་བསྟེན་པར་བྱའོ། །བཅོམ་ལྡན་འདས། ཐམས་ཅད་མཁྱེན་པའི་མཚན་ཉིད་རྣམ་པ་དུས་རྟོགས་པར་བགྱི་ལགས། འཇམ་དཔལ། ལྔས་ཏེ། གང་སུའང་རུང་བཞིག་བྱུང་ན། འཇིག་རྟེན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སྒྲ་རྣམ་པར་གྲགས་པ་དང ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ 82a ༄#། །དང་ལྡན་པ་དང ། སྟོབས་བཅུས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པ་དང ། མི་འཇིགས་པ་བཞིས་ཆོས་སྟོན་པའི་དེའི་ཚིག་ལ་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་བརྒལ་དུ་མེད་ཅིང་བརྩད་དུ་མེད་པ་གང་ཡིན་པ་དང ། སུའི་ཆོས་འདུལ་བ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྣང་ཞིང་དགེ་སྦྱོང་བཞི་སྣང་བ་ཡིན་ཏེ།་དེ་ལྟར་ན་འབྱུང་བ་དང ། མཚན་དང ། ཐེ་ཚོམ་གཅོད་པ་དང ། བརྒལ་དུ་མེད་ཅིང་བརྩད་དུ་མེད་པ་དང ། དགེ་སྦྱོང་དམིགས་པས་ཐམས་ཅད་མཁྱེན་པའི་མཚན་ཉིད་ལྡར་རིག་པར་བྱའོ། །དེ་ལྟར་འཐད་པའི་སྒྲུབ་པའི་རིགས་པ་དེ་ནི་མངོན་སུམ་གྱི་ཚད་མ་དང ། རྗེས་སུ་དཔག་པའི་ཚད་མ་དང ། ཡིད་ཆེས་པའི་ལུང་གི་ཚད་མས་མཚན་ཉིད་ལྔ་པོ་དག་གིས་ཡོངས་སུ་དག་པ་ཡིན་ནོ། །ཡོངས་སུ་མ་དག་པའི་མཚན་ཉིད་རྣམ་པ་བདུན་གང་ཞེ་ན། དེ་ལས་གཞན་དང་མཐུན་པར་དམིགས་པའི་མཚན་ཉིད་དང ། དེ་ལ་གཞན་དང་མི་མཐུན་པར་དམིགས་པའི་མཚན་ཉིད་དང ། ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་དང ། ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་དང ། གཞན་གྱི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་དང ། ཡོངས་སུ་མ་གྲུབ་པའི་མཚན་ཉིད་དང ། ལུང་ཤིན་ཏུ་རྣམ་པར་མ་དག་པ་བསྟན་པའི་མཚན་ཉིད་དོ། །དེ་ལ་ཆོས་ཐམས་ 82b ཅད་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་ཡིན་ནོ། །རྟགས་དང ། ངོ་བོ་ཉིད་དང ། ལས་དང ། ཆོས་དང།་རྒྱུ་དང ། འབྲས་བུ་མཚན་ཉིད་མི་མཐུན་པ་རྣམས་ཀྱི་མཚན་ཉིད་མི་མཐུན་པ་གང་ཡང་རུང་བས་ཕན་ཚུན་མཚན་ཉིད་མི་མཐུན་པར་ངེས་པ་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་ཡིན་ནོ། །འཇམ་དཔལ། དེ་ལ་དེ་ལས་གཞན་དང་མཐུན་པར་དམིགས་པའི་མཚན་ཉིད་དཔེ་དང་བཅས་པ་ལ་ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་ཡོད་པས་དེས་ན་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པའི་ཕྱིར་དེ་ནི་ཡོངས་སུ་མ་གྲུབ་པའི་མཚན་ཉིད་ཅེས་བྱའོ། །དེ་ལས་གཞན་དང་མི་མཐུན་པར་དམིགས་པའི་མཚན་ཉིད་དཔེ་དང་བཅས་པ་ལའང་ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་ཡོད་པས་དེས་ན་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པའི་ཕྱིར་དེའང་ཡོངས་སུ་མ་གྲུབ་པའི་མཚན་ཉིད་ཅེས་བྱའོ། །ཡོངས་སུ་མ་གྲུབ་པའི་ཕྱིར་རིགས་པས་བརྟག་པ་ཡོངས་སུ་མ་དག་པ་ཡིན་ཏེ། ཡོངས་སུ་མ་དག་པའི་ཕྱིར་བསྟན་པར་མི་བྱའོ། །དེ་ལུང་ཤིན་ཏུ་རྣམ་པར་མ་དག་པ་བསྟེན་པའི་མཚན་ཉིད་ནི་རང་བཞིན་ཉིད་ཀྱིས་ཡོངས་སུ་མ་དག་པ་ཡིན་པར་རིག་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང ། མ་བྱུང་ཡང་རུང་སྟེ། ཆོས་གནས་པར་བྱ་ 83a ༄#། །བའི་ཕྱིར་ཆོས་ཉིད་དབྱིངས་གནས་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱི་རིགས་པ་ཡིན་ནོ། །དེ་ལ་བསྡུས་པ་དང་རྒྱས་པ་ནི་མདོར་བསྡུ་སྟེ། ཚིག་གཅིག་གིས་བསྟན་པའི་ཆོས་ཚིག་ཕྱི་མ་ཕྱི་མ་དག་གིས་རབ་ཏུ་ཕྱེ་སྟེ། མཐར་ཐུག་པར་བྱེད་པ་གང་ཡིན་པའོ། །ངས་རྣམ་པ་དང་བཅས་པའི་དམིགས་པ་འཛིན་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་གང་དག་བསྟན་པ་ནི་དེ་དག་གི་ངོ་བོ་ཉིད་ཀྱི་མཚན་ཉིད་ཡིན་ནོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པར་བཅས་པའི་ཉོན་མོངས་པ་སྤོང་བས་དེའི་འབྲས་བུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་མངོན་པར་སྒྲུབ་པ་གང་དག་ཡིན་པ་དེ་ནི་དེའི་འབྲས་བུ་འཐོབ་པའི་མཚན་ཉིད་ཡིན་ནོ། །དེ་ཉིད་རྣམ་པར་གྲོལ་བའི་ཤེས་པའི་སོ་སོ་ཡང་དག་པར་རིག་པ་གང་ཡིན་པ་གཞན་དག་ལའང་རྒྱ་ཆེར་སྒྲོགས་པ་དང ། འཆད་པ་དང ། ཡང་དག་པར་སྟོན་པ་དེ་ནི་དེ་མྱོང་བ་རྣམ་པར་བསྙད་པའི་མཚན་ཉིད་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དེ་དག་ཉིད་སྒོམ་པ་ལ་བར་ཆད་བྱེད་པའི་གནས་ལྟ་བུ་ཉོན་མོངས་པ་ཅན་གྱི་ཆོས་གང་དག་ཡིན་པ་དེ་ནི་དེའི་བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་ཡིན་ནོ། །དེ་དག་ཉིད་ལ་གཅེས་སྤྲས་བྱེད་པའི་ཆོས་གང་དག་ཡིན་པ་དེ་ནི་དེ་དང་རྗེས་སུ་མཐུན་པའི་ 83b ཆོས་ཀྱི་མཚན་ཉིད་ཡིན་ནོ། །བར་དུ་གཅོད་པ་རྣམས་ཀྱི་སྐྱོན་གང་ཡིན་པ་དེ་ནི་དེའི་ཉེས་དམིགས་ཀྱི་མཚན་ཉིད་ཡིན་ནོ། །འཇམ་དཔལ། རྗེས་སུ་མཐུན་པ་རྣམས་ཀྱི་ཡོན་ཏན་གང་ཡིན་པ་དེ་ནི་དེའི་ཕན་ཡོན་གྱི་མཚན་ཉིད་ཡིན་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གཟུངས་ཀྱི་དོན་གང་གི་ས་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཟབ་མོ་རྣམས་ཀྱི་ལྡེམ་པོར་དགོངས་པའི་རྗེས་སུ་འཇུག་པར་འགྱུར་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདོ་སྡེ་དང ། འདུལ་བ་དང ། མ་མོ་དེ་དག་གི་གཟུངས་ཀྱི་དོན་མ་ལུས་པ་འདི་ལས་སླད་རོལ་པ་རྣམས་དང ། ཐུན་མོང་མ་ལགས་པ་བཤད་དུ་གསོལ། འཇམ་དཔལ། དེའི་ཕྱིར་ཉོན་ཅིག་དང ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ངའི་ལྡེམ་པོ་དག་ལ་འཇུག་པར་བྱ་བའི་ཕྱིར་གཟུངས་ཀྱི་དོན་མ་ལུས་པ་ཁྱོད་ལ་བཤད་པར་བྱའོ། །འཇམ་དཔལ། ཀུན་ནས་ཉོན་མོངས་པའི་ཆོས་གང་དག་ཡིན་པ་དང ། རྣམ་པར་བྱང་བའི་ཆོས་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་གཡོ་བ་མེད་པ། གང་ཟག་མེད་པ་ཡིན་ཏེ། དེའི་ཕྱིར་ངས་ཆོས་རྣམས་རྣམ་པ་ཐམས་ཅད་དུ་བྱེད་པ་མེད་པར་བསྟན་ཏོ། །ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱང་སྔོན་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་ལ་ཕྱིས་རྣམ་པར་བྱང་བར་འགྱུར་ 84a ༄#། །བ་མ་ཡིན། རྣམ་པར་བྱང་བའི་ཆོས་རྣམས་ཀྱང་ཕྱིས་རྣམ་པར་བྱང་བ་ལ་སྔོན་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་མ་ཡིན་ན། དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་གནས་ངན་ལེན་གྱི་ལུས་ལ་ཆོས་དང་གང་ཟག་གི་ངོ་བོ་ཉིད་དུ་མངོན་པར་ཞེན་པའི་བག་ལ་ཉལ་བའི་ལྟ་བ་ལ་བརྟེན་ནས་བདག་གམ་བདག་གིར་འཛིན་ཅིང ། དེས་ན་མཐོང་ངོ ། །ཐོས་སོ། །སྣོམ་མོ། །མྱོང་ངོ ། །རེག་གོ་།རྣམ་པར་ཤེས་སོ། །ཟའོ། །བྱེད་དོ། །ཀུན་ནས་ཉོན་མོངས་སོ། །རྣམ་པར་བྱང་ངོ་ཞེས་ལོག་པར་མངོན་པར་འདུ་བྱེད་པ་འབྱུང་ངོ། །གང་ལ་ལ་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་གནས་ངན་ལེན་གྱི་ལུས་རབ་ཏུ་སྤོང་ཞིང ། ཉོན་མོངས་པ་ཐམས་ཅད་ཀྱི་གནས་མ་ཡིན་པ། ཤིན་ཏུ་རྣམ་པར་དག་པ། སྤྲོས་པ་མེད་པ། འདུས་མ་བྱས་པ། མངོན་པར་འདུ་བྱ་བ་མེད་པའི་ལུས་འཐོབ་པར་འགྱུར་ཏེ། འཇམ་དཔལ། དེ་ནི་གཟུངས་ཀྱི་དོན་མ་ལུས་པ་ཡིན་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཀུན་ནས་ཉོན་མོངས་ཆོས་དང་རྣམ་པར་བྱང་བའི་ཆོས། །ཐམས་ཅད་བྱེད་པ་མེད་ཅིང་གང་ཟག་མེད་པ་ཡིན། །དེ་ཕྱིར་དེ་དག་བྱེད་པ་མེད་པར་ངས་བཤད་དོ། །དེ་དག་སྔ་ཕྱིར་རྣམ་པར་དག་དང་ཉོན་མོངས་མིན། །གནས་ངན་ལེན་གྱི་ལུས་ལ་བག་ལ་ཉལ་བ་ཡི། ། 84b ལྟ་ལ་བརྟེན་ནས་བདག་དང་བདག་གིར་འཛིན་བྱེད་དེ། །དེས་ན་མཐོང་ངོ་ཟའོ་བྱེད་ཅེས་བྱ་བ་དང ། །ཉོན་མོངས་རྣམ་པར་བྱང་བར་འགྱུར་རོ་སྙམ་པའང་འབྱུང ། །གང་གིས་ད་ལྟར་ཡང་དག་ཇི་བཞིན་རབ་ཤེས་པ། །དེ་ནི་གནས་ངན་ལེན་ལུས་རབ་ཏུ་སྤོང་བྱེད་ཅིང ། །ཉོན་མོངས་གནས་མིན་ཤིན་ཏུ་དག་པའི་ལུས། །སྤྲོས་པ་མེད་ཅིང་འདུས་མ་བྱས་པ་འཐོབ་པར་འགྱུར།། བཅོམ་ལྡན་འདས། དེ་བཞིན་གཤེགས་པའི་སེམས་འབྱུང་བའི་མཚན་ཉིད་ཇི་ལྟ་བུར་རིག་པར་བགྱི་ལགས། འཇམ་དཔལ། དེ་བཞིན་གཤེགས་པ་རྣམས་ནི་སེམས་དང ། ཡིད་དང ། རྣམ་པར་ཤེས་པས་རབ་ཏུ་ཕྱེ་བ་མ་ཡིན་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པའི་སེམས་ནི་མངོན་པར་འདུ་བྱེད་པ་མེད་པར་འབྱུང་སྟེ། སྤྲུལ་པ་ལྟ་བུར་རིག་པར་བྱའོ། །བཅོམ་ལྡན་འདས། གལ་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་མངོན་པར་འདུ་བགྱི་བ་ཐམས་ཅད་དང་བྲལ་བ་ལགས་ན། འོ་ན་ཇི་ལྟར་མངོན་པར་འདུ་བགྱི་བ་མ་མཆིས་པར་སེམས་འབྱུང་བར་འགྱུར་ལགས། འཇམ་དཔལ། སྔོན་ཐབས་དང་ཤེས་རབ་བསྒོམ་པ་མངོན་པར་འདུས་བྱས་པའི་ཕྱིར་ཏེ། འཇམ་དཔལ། འདི་ལྟ་སྟེ། དཔེར་ན། གཉིད་ལོག་པ་སེམས་མེད་པ་ལ་ཕྱིར་སད་པར་མངོན་པར་འདུ་བྱ་བ་མེད་ཀྱང་སྔོན་མངོན་པར་འདུས་བྱས་པའི་དབང་གིས་སད་པར་འགྱུར་བ་དང ། འགོག་པ་ལ་སྙོམས་པར་ཞུགས་པ་ལ་ལྡང་ 85a ༄#། །བར་མངོན་པར་འདུ་བྱ་བ་མེད་ཀྱང་སྔོན་མངོན་པར་འདུས་བྱས་པའི་དབང་ཁོ་ནས་ལྡང་བར་འགྱུར་ཏེ། གཉིད་ལོག་པ་དང ། འགོག་པ་ལ་སྙོམས་པར་ཞུགས་པ་དག་གི་སེམས་འབྱུང་བ་ཇི་ལྟ་བ་དེ་བཞིན་དུ། དེ་བཞིན་གཤེགས་པའི་སེམས་འབྱུང་བའང་སྔོན་ཐབས་དང་ཤེས་རབ་བསྒོམ་པ་མངོན་པར་འདུ་བྱས་པ་ལས་རིག་པར་བྱའོ། །བཅོམ་ལྡན་འདས། ཅི་ལགས། དེ་བཞིན་གཤེགས་པས་སྤྲུལ་པའི་སེམས་མཆིས་སམ། མ་མཆིས་ཞེས་བགྱི། འཇམ་དཔལ། སེམས་ཡོད་པའང་མ་ཡིན། སེམས་མེད་པའང་མ་ཡིན་ཏེ། སེམས་རང་དབང་མེད་པ་ཉིད་དང ། སེམས་ཀྱི་དབང་ཉིད་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པའི་སྤྱོད་ཡུལ་གང་ལགས་པ་དང ། དེ་བཞིན་གཤེགས་པའི་ཡུལ་གང་ལགས་པ་དེ་གཉིས་ལ་ཐ་དད་དུ་བགྱི་བ་ཅི་མཆིས་ལགས། འཇམ་དཔལ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཐུན་མོང་བ། ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང ། ཚད་མེད་པའི་རྒྱན་བཀོད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གང་ཡིན་པའོ། །དེ་བཞིན་གཤེགས་པའི་ཡུལ་ནི་ཁམས་ལྔ་པོ་སེམས་ཅན་གྱི་ཁམས་དང ། འཇིག་རྟེན་གྱི་ཁམས་དང ། ཆོས་ཀྱི་ཁམས་དང ། འདུལ་བའི་ཁམས་དང ། འདུལ་བའི་ཐབས་ཀྱི་ཁམས་རྣམ་པ་ཐམས་ཅད་ 85b དེ།་དེ་གཉིས་ལ་ཐ་དད་དུ་བྱ་བ་ནི་དེ་ཡོད་དོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་གང་ལགས་པ་དང ། ཆོས་ཀྱི་འཁོར་ལོ་བསྐོར་བ་གང་ལགས་པ་དང ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་གང་ལགས་པ་དེ་དག་གི་མཚན་ཉིད་ནི་ཇི་ལྟ་བུར་རིག་པར་བགྱི་ལགས། འཇམ་དཔལ། གཉིས་སུ་མེད་པའི་མཚན་ཉིད་ཡིན་ཏེ། མངོན་པར་རྫོགས་པར་བྱང་ཆུབ་པའང་མ་ཡིན། མངོན་པར་རྫོགས་པར་བྱང་མ་ཆུབ་པའང་མ་ཡིན། ཆོས་ཀྱི་འཁོར་ལོ་བསྐོར་བའང་མ་ཡིན། ཆོས་ཀྱི་འཁོར་ལོ་མི་བསྐོར་བའང་མ་ཡིན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའང་མ་ཡིན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་མེད་པའང་མ་ཡིན་ཏེ། ཆོས་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་དང ། སྤྲུལ་པའི་སྐུ་ཀུན་ཏུ་སྟོན་པ་ཉིད་ཀྱི་ཕྱིར་རོ། །བཅོམ་ལྡན་འདས། སྤྲུལ་པའི་སྐུ་ལ་བལྟ་བ་དང ། ཉན་པ་དང ། བསྙེན་བཀུར་བགྱིད་པ་དག་གིས་སེམས་ཅན་རྣམས་བསོད་ནམས་བསྐྱེད་པ་དེ་ཅིའི་སླད་དུ་དེ་བཞིན་གཤེགས་པ་ལས་བྱུང་བར་རིག་པར་བགྱི་ལགས། འཇམ་དཔལ། དེ་བཞིན་གཤེགས་པ་ལ་ལྷག་པར་དམིགས་པའི་བྱ་བ་ཉིད་ཡིན་པའི་ཕྱིར་དང ། སྤྲུལ་པའི་སྐུའང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཉིད་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས། མངོན་པར་འདུ་ 86a ༄#། །བགྱི་བ་མ་མཆིས་པར་འདྲ་བ་ལགས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཁོ་ན་ལས་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་འདི་འབྱུང་ཞིང ། སྤྲུལ་པའི་གཟུགས་བརྙན་དཔག་ཏུ་མ་མཆིས་པ་དག་ཀྱང་འབྱུང་ལ། ཉན་ཐོས་དང ། རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བའི་ལུས་ལས་ནི་མི་འབྱུང་ལགས། འཇམ་དཔལ། འདི་ལྟ་སྟེ། དཔེར་ན། མངོན་པར་འདུ་བྱེད་པ་མེད་པར་འདྲའང་འདི་ལྟ་སྟེ། སེམས་ཅན་མཐུ་ཆེན་པོའི་བྱིན་གྱི་རླབས་ཉིད་དང ། སེམས་ཅན་གྱི་ལས་ཀྱི་དབང་ཉིད་ཀྱི་ཕྱིར་ཟླ་བ་དང ། ཉི་མའི་དཀྱིལ་འཁོར་གྱི་ཆུ་ཤེལ་དང ། མེ་ཤེལ་ཁོ་ན་ལས་སེམས་ཅན་རྣམས་ལ་སྣང་བ་ཆེན་པོ་འབྱུང་ལ། དེ་ལས་གཞན་པའི་ཆུ་ཤེལ་དང ། མེ་ཤེལ་དག་ལས་ནི་མི་འབྱུང་བ་དང ། ནོར་བུ་རིན་པོ་ཆེ་རིགས་དང་ལྡན་པ་དང ། ལས་ཀྱི་བྱི་དོར་ལེགས་པར་བྱས་པ་ལས་རྒྱའི་གཟུགས་བརྙན་འབྱུང་ལ། དེ་ལས་གཞན་པའི་བྱི་དོར་མ་བྱས་པ་དག་ལས་ནི་མི་འབྱུང་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའང་ཆོས་ཀྱི་དབྱིངས་དཔག་ཏུ་མེད་པ་ལ་དམིགས་པའི་ཐབས་དང་ཤེས་རབ་བསྒོམ་པས་ཤིན་ཏུ་སྦྱངས་པ་བྱས་པ་ལས་ཡང་དག་པར་གྲུབ་པ་ཡིན་པའི་ཕྱིར། དེ་ལ་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་དང ། སྤྲུལ་པའི་གཟུགས་བརྙན་ 86b དཔག་ཏུ་མེད་པ་དག་འབྱུང་གི་།རྣམ་པར་གྲོལ་བའི་ལུས་འབའ་ཞིག་དག་ལས་ནི་མི་འབྱུང་ངོ ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་དང ། བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ཀྱི་མཐུས་འདོད་པའི་ཁམས་ཀྱི་མིའི་ལུས་ཕུན་སུམ་ཚོགས་པ་རྒྱལ་རིགས་དང ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང ། འདོད་པ་ན་སྤྱོད་པའི་ལུས་ཕུན་སུམ་ཚོགས་པ་ཐམས་ཅད་དང ། གཟུགས་ན་སྤྱོད་པའི་ལྷའི་ལུས་ཕུན་སུམ་ཚོགས་པ་ཐམས་ཅད་དང ། གཟུགས་མ་མཆིས་པ་ན་སྤྱོད་པའི་ལྷའི་ལུས་ཕུན་སུམ་ཚོགས་པ་ཐམས་ཅད་གྔའོ་ཞེས་བགྱི་བ་དེ་ལ་བཅོམ་ལྡན་འདས་དགོངས་པ་གང་ལགས། འཇམ་དཔལ། འདི་ལ་དེ་བཞིན་གཤེགས་པ་རྣམས་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ནས། ལམ་གང་དང ། སྒྲུབ་པ་གང་གིས་ཐམས་ཅད་དུ་ལུས་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པར་འགྱུར་བའི་ལམ་དེ་དང ། སྒྲུབ་པ་དེ་ཇི་ལྟ་བ་བཞིན་དུ་སྟོན་ཏེ་།གང་དག་ལམ་དེ་དང ། སྒྲུབ་པ་དེ་སྒྲུབ་པར་བྱེད་པ་དེ་དག་ནི་ཐམས་ཅད་དུ་ལུས་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པར་འགྱུར་ལ། གང་དག་ལམ་དེ་དང ། སྒྲུབ་པ་དེའི་ཕྱིར་སྤོང་ཞིང་མི་སྙན་པར་བརྗོད་ལ། དེ་ལའང་ཀུན་ནས་མནར་སེམས་ཀྱི་སེམས་དང ། ཁོང་ཁྲོ་བའི་སེམས་དང་ལྡན་ཞིང་འཆི་བས་དུས་བྱེད་པ་དེ་དག་ནི་ཐམས་ཅད་དུ་ལུས་ངན་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། 87a ༄#། །འཇམ་དཔལ། རྣམ་གྲངས་དེས་ན་ཁྱོད་ཀྱིས་འདི་ལྟར་ལུས་ཕུན་སུམ་ཚོགས་པ་འབའ་ཞིག་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱི་མཐུ་ལས་འབྱུང་བ་མ་ཡིན་གྱི། ལུས་ངན་པར་སྐྱེ་བའང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱི་མཐུ་ལས་འབྱུང་བར་རིག་པར་བྱའོ། །བཅོམ་ལྡན་འདས། འཇིག་རྟེན་གྱི་ཁམས་ཡོངས་སུ་མ་དག་པ་དག་ན་གང་ནི་མོད་པ་ལགས། གང་ནི་དཀོན་པ་ལགས། ཡོངས་སུ་དག་པ་དག་ན་གང་ནི་མོད་པ་ལགས། གང་ནི་དཀོན་པ་ལགས། འཇམ་དཔལ། འཇིག་རྟེན་གྱི་ཁམས་ཡོངས་སུ་མ་དག་པ་དག་ན་དངོས་པོ་བརྒྱད་ནི་མོད་ལ་གཉིས་ནི་དཀོན་ཏེ། འདི་ལྟ་སྟེ། མུ་སྟེགས་ཅན་གཞན་དང ། སེམས་ཅན་སྡུག་བསྔལ་བ་རྣམས་དང ། རིགས་དང ། རུས་དང ། ཆོ་རིགས་འབྱོར་པ་དང ། རྒུད་པ་ཐ་དད་པ་རྣམས་དང ། ཉེས་པ་སྤྱད་པ་སྤྱོད་པ་རྣམས་དང ། ཚུལ་ཁྲིམས་རལ་བ་རྣམས་དང ། ངན་སོང་རྣམས་དང ། ཐེག་པ་དམན་པ་རྣམས་དང ། བྱང་ཆུབ་སེམས་དཔའ་བསམ་པ་དང་སྦྱོར་བ་དམན་པ་རྣམས་ནི་མོད་པ་ཡིན་ལ། བྱང་ཆུབ་སེམས་དཔའ་བསམ་པ་དང་སྦྱོར་བ་མཆོག་དང་ལྡན་པ་རྣམས་ཀྱི་སྤྱོད་པ་དང ། དེ་བཞིན་གཤེགས་པ་རྣམས་འབྱུང་བ་ནི་དཀོན་པ་ཡིན་ནོ། །འཇམ་དཔལ། འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་དག་ན་ནི་དེ་ལས་བཟློག་པས་དངོས་པོ་བརྒྱད་ 87b ནི་དཀོན་ལ། གཉིས་ནི་མོད་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དགོངས་པ་ངེས་པར་འགྲེལ་བའི་ཆོས་ཀྱི་རྣམ་གྲངས་འདིར་བསྟན་པ་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། འཇམ་དཔལ། འདི་དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པ་ངེས་པའི་དོན་བསྟན་པ་འདི་དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པ་ངེས་པའི་དོན་བསྟན་པ་ཞེས་བྱ་བར་གཟུང་ཞིག་།དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པ་ངེས་པའི་དོན་བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་གིས་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་སོ་སོ་ཡང་དག་པར་རིག་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་ཡོན་ཏན་གྱི་ཚོགས་རྣམ་པར་ངེས་པའི་ལེའུ་ཞེས་བྱ་བ་རྫོགས་སོ།། |