དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་པ། འཇིག་རྟེན་ཀུན་གྱི་མགོན་གཅིག་པ། །ཐམས་ཅད་མཁྱེན་པ་ཐུབ་པ་ཆེ། །ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི། །མཚན་བརྒྱ་རྩ་བརྒྱད་ལེགས་པར་བརྗོད། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །སྡིག་པ་ཐམས་ཅད་རབ་འཇོམས་པ། །སྡུག་བསྔལ་ཐམས་ཅད་སེལ་པ་པོ། །སྟོན་པ་ལ་ནི་བདག་ཕྱག་འཚལ། །བཀྲ་ཤིས་ཐམས་ཅད་སྦྱིན་པ་པོ། །ལུས་ཅན་ཀུན་གྱི་སྐྱབས་མཛད་པ། །ཀུན་ཏུ་བདེ་བ་སྦྱིན་པ་པོ། །ཟླ་བ་བཟང་ལ་བདག་ཕྱག་འཚལ། །བཀྲ་ཤིས་ཐམས་ཅད་ཡོངས་སུ་རྫོགས། །སེམས་ཅན་ཀུན་ལ་ཐུགས་བརྩེ་བ། །སེམས་ཅན་ཀུན་གྱི་མགོན་པོ་མཆོག་།ཐམས་ཅད་མཁྱེན་ལ་བདག་ཕྱག་འཚལ། ། རིག་པ་ཐམས་ཅད་ལེགས་བསྒྲུབས་པ། །སངས་རྒྱས་ཐོགས་མེད་རྟོགས་པ་པོ། །གནོད་པ་ཐམས་ཅད་སེལ་མཛད་པ། །དོན་ཀུན་གྲུབ་ལ་ཕྱག་འཚལ་ལོ། །རྫོགས་སངས་རྒྱས་པ་འགྲོ་བའི་གཉེན། །ལྷ་ཡི་ལྷ་ལ་བསྟོད་པ་ཡི། །མཚན་བརྒྱ་རྩ་བརྒྱད་དམ་པ་འདི། །མཆོག་ཏུ་དགེ་བ་བདག་གིས་བཤད། །དོན་ཀུན་གྲུབ་པ་རྫོགས་སངས་རྒྱས། །ཤཱཀྱའི་སྐྱེས་ 520b མཆོག་ཐམས་ཅད་མཁྱེན། །ཆོས་ཀུན་དབང་ཕྱུག་བརྟན་པ་པ། །དྲང་སྲོང་ཆེན་པོ་ཡོན་ཏན་མཚོ། །དགྲ་བཅོམ་བདེ་གཤེགས་དེ་བཞིན་གཤེགས། །བཅོམ་ལྡན་འཇིག་རྟེན་ཀུན་མཁྱེན་པ། །ཉེས་པའི་དྲི་མ་ཀུན་ལས་འདས། །ཆོས་ཀྱི་སྣང་བ་མཛད་པའི་མཆོག་།འཇིགས་མེད་ཤཱཀྱ་ཟས་གཙང་སྲས། །བུ་རམ་ཤིང་པའི་རིགས་དགའ་བ། །གཽ་ཏ་མ་སྟེ་ཉི་མའི་རིགས། །ཐུབ་དཔལ་ཉི་མའི་རྒྱུད་བདག་པོ། །འཇིག་རྟེན་མགོན་པོ་སྟོབས་བཅུར་ལྡན། །བདུད་དཔུང་ངེས་པར་འཇོམས་པ་པོ། །ཉེས་པ་སྤངས་པ་དྲུག་བཅོམ་པ། །མི་འདུལ་ཁ་ལོ་བཟང་པོ་པ། །རིག་པ་གྲོལ་བ་མུན་སེལ་བ། །ཞི་བ་དུལ་བ་དཔང་པོ་ཐུལ། །ཚུལ་ཁྲིམས་རྣམ་དག་དྲི་མ་མེད། །འདོད་ཆགས་བྲལ་བ་སེར་སྣ་མེད། །དཔག་ཏུ་མེད་པ་འཇིགས་མེད་བརྙེས། ། ཆོས་ཀྱི་མཆོག་དང་ལྡན་པ་པོ། །མཐའ་ཡས་དཔེ་མེད་གསུམ་ལྡན་པ། །བསམ་གྱིས་མི་ཁྱབ་ཡ་མཚན་སྟབས། །འཇིག་རྟེན་གསུམ་གཉེར་གསུམ་རིག་པ། །དུས་གསུམ་མཁྱེན་པ་ཉེས་གསུམ་འཇོམས། །ཆོ་འཕྲུལ་གསུམ་དང་ལྡན་པ་པོ། །ཕུང་པོ་གསུམ་གྱི་ལམ་སྟོན་པ། །མཚོན་ཆ་རྩོད་མེད་རིམས་ནད་མེད། །བདག་གི་མེད་པ་ང་རྒྱལ་མེད། །ཚེར་མ་མེད་པ་སྤྲོས་པ་མེད། །འཇིགས་མེད་ཁ་ན་མ་ཐོ་མེད། །དཔའ་བོ་མཆོག་སྦྱིན་མཆོག་དོན་སོ། །སྨྲ་བའི་སེངྒེ་མི་ཡི་མཆོག་།རྣམ་པར་དུལ་བ་ཉོན་མོངས་བྲལ། །རྣམ་དག་བདག་ཉིད་རྣམ་པར་ 521a ༄#། །འདྲེན། །རིག་དང་ཞབས་སུ་ལྡན་པ་པོ། །ཁྱབ་འཇུག་ཀུན་རྒྱལ་རྣམ་པར་མཛེས། །སེམས་རྡུལ་དྲི་མ་མི་མངའ་བ། །རྡུལ་དང་བྲལ་བ་རིག་པའི་མཆོག་།ཞི་བར་མཛད་པ་སྡིག་པ་ཞི། །བསིལ་བར་གྱུར་པ་ཤིས་པར་མཛད། །སྟོན་པ་འགྲོ་བའི་སྐྱབས་འོས་པ། །དཔའ་བོ་དག་པ་བསྙེངས་མི་མངའ། །མཚན་རྣམས་ཡོངས་རྫོགས་དཔལ་དང་ལྡན། །མིག་མཁན་ཟུག་རྔུ་འབྱིན་པ་པོ། །ཤཱཀྱ་སེངྒེ་དགེ་སྦྱོང་དབང ། །དགེ་བའི་ཆོས་ཀྱི་འབྱུང་གནས་གཙང ། །སངས་རྒྱས་ཆོས་དྲུག་རྒྱན་མངའ་བ། །ཆོས་དྲུག་དྲི་མ་མེད་པའི་སྤྱན། །མངོན་ཤེས་དྲུག་དང་ལྡན་པའི་མཆོག་།འགྲོ་དྲུག་རྒྱ་མཚོའི་ཕ་རོལ་གཤེགས། །རང་བྱུང་བདེ་གཤེགས་གྲུབ་པ་པོ། །འཇིག་རྟེན་ཀུན་ལ་ཕན་པར་དགྱེས། །མཉམ་བཞག་ཤེས་རབ་མཚུངས་པ་མེད། །ཏིང་ངེ་འཛིན་ལ་རྟག་ཏུ་དགྱེས། །སེམས་ཅན་ཀུན་གྱི་ཕན་པ་ཚོལ། །བདེན་པ་གསུང་པ་དབང་པོ་བསྡམས། །འཇིག་རྟེན་ཀུན་ལ་དགེ་བ་པོ།། སེམས་ཅན་སྙིང་པོ་ཀུན་གཟིགས་པ། །འཁོར་བའི་དགོན་ལས་རྒལ་བ་པོ། །དགོངས་པ་ཐམས་ཅད་རྫོགས་གྱུར་པ། །དབང་ལྡན་ཡུལ་ལས་རྣམ་པར་རྒྱལ། །བདེན་པ་བཞི་ནི་རབ་སྟོན་པ། །ཕ་རོལ་གཤེགས་པ་གྲོལ་མཛད་མཆོག་།འདྲེན་པ་ཤིན་ཏུ་མྱ་ངན་འདས། །བྲམ་ཟེ་ཚངས་པ་ཐུ་བོ་བཙུན། །གཙོ་བོ་བདེ་མཛད་བདེ་ལྡན་པ། །གསུང་མཛད་རྣམ་ 521b རྒྱལ་བདག་ཉིད་ཆེ། །རྣམ་གྲངས་འཇིག་རྟེན་ཞི་བར་མཛད། །སེམས་ཅན་ཀུན་ལ་ཕན་པ་པོ། །སྙིང་སྟོབས་ལྡན་པ་ཀུན་གྱི་མཆོག་།འཇིག་རྟེན་མཆོད་གནས་འཇིག་རྟེན་མཁྱེན། ། འཇིག་རྟེན་སྣང་བ་སྣང་མཛད་པ། །རྙེད་ལྡན་འཇིག་རྟེན་བྱ་བ་འདས། །འཇིག་རྟེན་འདས་པའི་ལམ་དུ་གཤེགས། །ཆོས་ཀྱི་མངའ་བདག་ཆོས་ཀྱི་རྒྱལ། །དེད་དཔོན་ལགས་ཏེ་འོད་མཛད་པ། །སྐྱོབ་པ་པོ་སྟེ་རྐང་གཉིས་མཆོག་།བཟོད་པ་གསུང་བ་བཟོད་དང་ལྡན། །གཟུགས་བཟང་བློ་བཟང་ཞི་བ་སྟེ། །མཛའ་བོ་བདེ་སྦྱིན་ངང་ཚུལ་བཟང ། །གསེར་གྱི་མདོག་ཅན་འོད་རབ་གསལ། །ཚུལ་བཟང་དགེ་བར་རབ་སྦྱིན་པ། །སངས་རྒྱས་དཔའ་ཆེན་མིའི་སེངྒེ། །དཔའ་བོ་གཅིག་ཏུ་མུན་སེལ་བ། །འཇོམས་པ་མེད་པ་འགྲོ་བའི་སྐྱབས། །རྒྱལ་བ་བླ་མ་མི་མཉམ་མཉམ། །ཞགས་ལས་གྲོལ་བ་སྲིད་པ་མེད། །མི་ཡི་སྐྱེ་མཆོག་ང་རྒྱལ་བཅོམ། །སྤྱན་དང་ལྡན་པ་ཀུན་ཏུ་གཟིགས། །མི་རྣམས་མིག་སྟེ་གསུང་བའི་མཆོག་།མཚན་བརྒྱ་རྩ་བརྒྱད་དམ་པ་འདི། །རྟག་ཏུ་གང་ཞིག་ཀློག་བྱེད་པ། །དེ་ནི་འཁོར་བའི་འཇིགས་པ་རྒལ། །གོ་འཕང་མཆོག་ཀྱང་ཐོབ་པར་འགྱུར། །དེ་ཕྱིར་རྟག་ཏུ་རབ་བསྒྲིམས་ཏེ། །ནང་པར་ལངས་ནས་མཁས་པ་དག་།བརྗོད་དམ་ཡང་ན་ཉན་པ་འམ། །ཡང་ན་ཡིད་ལ་སེམས་ཀྱང་རུང ། །རྒྱལ་བའི་མཚན་བསྟོད་དགེ་བ་དེ། །བཀྲ་ཤིས་བསོད་ནམས་མཆོག་ཏུ་འགྱུར། །དག་བྱེད་སྡིག་ 522a ༄#། །པ་སེལ་བ་སྟེ། །དོན་ཀུན་གྲུབ་ཅིང་སྲུང་བ་ཡིན། །སྡིག་པ་ཀུན་ལས་རབ་ཏུ་གྲོལ། །སྡུག་བསྔལ་ཀུན་དང་འཇིགས་ལས་གྲོལ། །ཉོན་མོངས་ཀུན་ལས་རྣམ་གྲོལ་ཞིང ། །སངས་རྒྱས་ཉིད་ནི་བདེ་བར་ཐོབ། །དེ་ལྟར་བདག་གིས་ཐུབ་པའི་ཡོན་ཏན་མཚན་བསྒྲགས་པས། །དགེ་བ་རྒྱ་ཆེན་ཡང་དག་འདི་བསྡུས་གང་ཡིན་པ། །འདི་ཡིས་འཇིག་རྟེན་ལྷ་ཡུལ་དང་ནི་ས་སྟེང་དུ། །བདེ་རྣམས་ཐོབ་ནས་བདེ་བ་མཆོག་གིས་སངས་རྒྱས་སྤྱོད། །དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་པ་རྫོགས་སོ།། །། |