rKTs


D449

(e-text produced by ADARSHA)

see text in transliteration
81-1-295a
༄#། །རྒྱ་གར་སྐད་དུ། ས་མཱ་ཛ་པ་ར་མཱ་ཐ་སརྦ་ཀརྨོད་ཡ་ཨུཏྟ་རཏནྡྷ་རཱ་ཛ། བོད་སྐད་དུ། ཕྲིན་ལས་ཐམས་ཅད་འབྱུང་བ་འདུས་པ་དོན་དམ་པ་ལས་ཕྱི་མའི་རྒྱུད་ཀྱི་རྒྱལ་པོ། སྒྲོལ་མ་ལ་པྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཆེན་མོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་དམ་ཚིག་སྒྲོལ་མ་ཞེས་བྱ་བ། དེ་བཞིན་གཤེགས་པ་དང ། རྡོ་རྗེ་དང ། རིན་པོ་ཆེ་དང ། པདྨ་དང ། ལས་ཀྱི་རིགས་ཐམས་ཅད་ཀྱི་བདག་པོ། རྒྱུ་བ་དང་མི་རྒྱུ་བའི་བྱེད་པ་པོ། བརྟན་པ་དང་གཡོ་བའི་རང་ བཞིན། གསང་བ་བས་ཆེས་ཤིན་ཏུ་གསང་བ། གསང་བ་ཆེན་པོས་དབང་ཕྱུག་མས། བདག་ཉིད་ཀྱི་རྡོ་རྗེའི་མིང་འདི་རྣམས། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ། །བཅོམ་ལྡན་འདས་ན་སྒྲོལ་མ། རྡོ་རྗེ་མ། དམ་ཚིག་སྒྲོལ་མ། རྡོ་རྗེ་རྣལ་འབྱོར་ མ་ཆེན་མོ། ཡེ་ཤེས་ལྔས་བརྒྱན་པ་མ། སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་མ། ཡེ་ཤེས་ཀྱི་དཀྱིལ་འཁོར། ཟླ་བའི་བདེ་མ། ངོ་མཚར་བདེ་མ། སྐུ་དང་གསུང་དང་ཐུགས་ཀྱི་འདོད་མ། ཕུང་པོའོ་བདག་མོ། སྐྱེ་མཆེད་ཀྱི་བདག་མོར་གྲུར་བ། འབྱུང་བ་རྣམས་
81-1-295b
རབ་ཏུ་ཐོབ་པ། ཡུལ་དང་བྲལ་བའི་རང་བཞིན། རྒྱུད་ཀུན་གྱི་དབང་ཕྱུག་མ། ཡེ་ཤེས་རྣམ་པ་ལྔས་བྱང་ཆུབ་པ། རྡུལ་དང་བྲལ་བ། དྲི་མ་མེད་པ། གསང་སྔགས་ཆེན་པོ། ཤིན་ཏུ་ཕྲ་བ། མཚན་དང་དཔེ་བྱད་རྣམས་ཀྱིས་སྤྲས་པ། དག་བྱེད། དག་བྱེད་ཆེན་མོ། ལས་ཐམས་ཅད་འགྲུབ་པར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། ཡི་གེ་བཅུའི་སྒྲ་སྒྲོག་པ། སྒྲ་སྒྲོག་དགྱེས་མ། གདུང་མ། མྱུར་མ། རྣམ་པར་ཤེས་པ་ཡོངས་སུ་དག་པ། སྲ་ཞིང་བདེ་བ། ཡེ་ཤེས་སྙིང་པོ། བདེ་བ་ཆེན་མོའོ། དེ་ལ་འདི་ནི་རྣལ་འབྱོར་ མ་རྣམས་ཀྱི་དམ་ཚིག་གི་གནས་སོ། །དེ་སྐད་ཀྱང་བཀའ་བསྩལ་ཏོ། །དེ་ནས་ཧེ་རུ་ཀའི་དཀྱིལ་འཁོར། །འདོད་པ་ཐམས་ཅད་རབ་ཏུ་སྒྲུབ། །དཀྱིལ་འཁོར་རྣམས་ཀྱི་མཆོག་གྱུར་གསུངས། །མ་མོ་འདུས་པ་ཉམས་དགའི་གནས། །ཱ་ལི་ཟླ་བ་ཀཱ་ལི་ཉི། ། ཧཱུཾ་གི་ཡེ་ཤེས་རྡོ་རྗེ་སེམས། །ཕྱོགས་བཅུའི་དཀྱིལ་འཁོར་རྣམས་སྤྲོ་བ། །སྔགས་འདིའི་མགོན་པོ་བསྐུལ་བར་བྱའོ། །ོཾ་བཛྲ་སཝཱ་ཏཱ་ཛཿ ཧཱུཾ་ཝཾ་ཧོཿ སུ་ར་ཏ་སྟཾ་དྲི་ཤྱ་ཧོཿ ་རྡོ་རྗེ་ཞེ་སྡང་བདག་ཉིད་ནི། །ནག་པོ་ཧཱུཾ་སྒྲོག་སིཏུའི་མིག། རྡོ་རྗེ་ཐོད་པས་ལག་བྲེལ་ བ། །རྩེ་གསུམ་སྲིན་པོའི་མགྲིན་པ་བཙིར། །ཁྲོ་མོའི་དབང་ཕྱུག་སྐུ་ལ་འཁྱུད། །མི་ལྤགས་རློན་པའི་ན་བཟའ་བཅས། །སྐྲ་སེར་གྱེན་དུ་འཁྱིལ་བའོ། །གོ་རཱི་ཙོ་རཱི་རབ་རྨོངས་དང ། །རོ་ལངས་སྤོས་མོ་ཟ་ནུས་མ། །དུར་ཁྲོད་མ་དང་གཏུམ་མོ་རྣམས། ། སྔོ་དང་སེར་མོ་བཙོད་ཀྱི་མདོག་།གནག་དང་དམར་སེར་ལྗང་གུ་དང ། །སྔོ་སངས་དེ་བཞིན་སེར་སྐྱའོ། །གོོ་རཱི་ཀང་རུས་དབྱུག་པ་དང ། །ཐོད་པ་གཡས་དང་གཡོན་པ་བསྣམས། །ཙོོ་རི་མདའ་གཞུ་འགེང་བྱེད་མ། །རབ་རྨོངས་རྒྱལ་མཚན་ཐོད་པ་འཛིན། ། རྡོ་རྗེ་དང་ནི་བྱིས་པའི་རོ། །རོ་ལངས་མ་ཡི་གཡས་གཡོན་ནའོ། །སྦོས་མོས་རྒྱུ་མ་འདྲེན་པར་བྱེད། །ཟ་ནུས་རྡོ་རྗེ་ཐོད་པའོ། །སྙིང་དང་སྙིང་གིས་བཀང་བ་ཡི། །ཐོད་པས་བྲེལ་བ་དུར་ཁྲོད་མ། །མགོ་དང་ལུས་འཛིན་གཏུམ་མོའོ། །ོཾ་ཛྭ་ལ་ཛྭ་ལ་བྷྱོཿ ཧཱུཾ་ཧཱུཾ་ཧཱུཾ་
81-1-296a
སྙིང་པོའོ། །ོཾ་ཨེ་ཧྱེ་ཧི་རུ་ལུ་རུ་ལུ་ཛཿ ཧཱུཾ་བཾ་ཧོཿ ་ཨོཾ་བཛྲ་ཌཱ་ཀི་ནཱི་བྷྱོཿ ་ཨཱ་ཀརྵ་ཡ། ་པྲ་བེ་ཤ་ཡ། ་པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཏོ་ཥཱ་ཡ། ཏོ་ཥཱ་ཡ། མོ་ཧ་ན། མོ་ཧ་ན། སརྦ་བཛྲ་ཌཱ་ཀི་ ནཱི་ནཾ་ཧྲྀ་ད་ཡ་ཧཱུཾ་ཕཊ། ཛཿ ཛཿ ཧཱུཾ་བཾ་ཧོཿ ་ཊཀྐི་ཧཱུཾ་ཛཿ ་དགུགས་པའི་སྔགས་སོ། །ོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥཱནྶ་མ་ཡ་མུ་ཏྲ་པྲ་བྷཉྫཀ་ཧཱུཾ་ཕཊ། ཟིལ་གྱི་གནོན་པའི་སྔགས་སོ། །ོཾ་པ་ཌ་པ་ཨཱ་ཀརྵ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོཾཥཱ་ཡ། ཏོ་ཥཱ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ནཾ་ཧྲྀ་ད་ཡཾ། ཧོ་ཧ་ཧི་ཧི་ཨོཾ་ཨཱཿ ་ཧཱུཾ། དབང་དུ་སྡུད་པའོ། །ཤ་ཆེན་མས་བ་ལང་ཤ། །ཁྲག་བཅས་ཧེ་རུ་ཀ་མཆོད་ན། །ཧེ་རུ་ཀ་དགྱེས་དངོས་གྲུབ་མཆོག་།དུར་ཁྲོད་ཆེན་པོར་སྩོལ་བར་མཛད། །ཡང་གསུངས་པ། ཁྲུ་ནི་ཉི་ཤུའི་ཚད་ལྡན་པ། །སྐུ་ཡི་དཀྱིལ་འཁོར་བྲི་བར་བྱ། །དབུས་སུ་གཟུགས་བརྙན་དགོད་པར་བྱ། །ཞལ་བཞི་གསེར་གྱི་མདོག་ལྟ་བུ། །རྡོ་རྗེ་ཞགས་པ་བདུང་དང་མདའ། །ལྕགས་ཀྱུ་ཨུཏྤལ་དང་གཞུ། །དེ་བཞིན་གདུག་ལ་སྡིགས་མཛུབ་མཛད། །པདྨ་ཟླ་ བའི་གདན་ལ་བཞུགས། །ཡི་གེ་བཅུ་བའི་གདན་ལས་སྐྱེས། །མེ་ཏོག་མ་དཀར་དེ་བཞིན་དུ། །སྤོས་མ་གནག་ཅིང་མར་མེ་མ། །སེར་མོ་དྲི་མ་ཁ་དོག་དམར། །གནོད་མཛེས་མ་དང་རྣལ་རྒྱལ་མ། །སྒོ་བཞིར་ལྕགས་ཀྱུ་ལ་སོགས་དགོད། །ཡང་གསུངས་པ། ཧཱུཾ་གི་ཡེ་ཤེས་ཧཱུཾ་འདོན་མ། །རྡོ་རྗེ་ཕག་མོ་རྣམ་པར་བསྒོམ། །རབ་ཁྲོས་ཕག་གི་གདོང་ལྡན་མ། །རྡོ་རྗེ་ཐོད་པ་ལག་ན་ཐོགས། །གར་གྱི་རོལ་ལྡན་བསྒོམས་བྱས་ན། །ཡི་གེ་ཧཱུཾ་གི་སྦྱོར་བཟླས་པས། །འོད་གསལ་བར་ནི་བྱེད་པ་དང ། །བགེགས་དང་ནད་རྣམས་ འཇོམས་པའོ། །དེ་ལ་འདི་ནི་དཀྱིལ་འཁོར་རོ། །ཆོས་རྣམས་རང་བཞིན་འགྱུར་བ་མེད། །འདི་ཡི་ཡེ་ཤེས་རྡོ་རྗེ་རྟག་།གཟོད་ནས་ཞི་བ་གཉིས་སུ་མེད། །ནམ་མཁར་ནམ་མཁའ་ཇི་ལྟ་བའོ། །དཔའ་བོ་ཆེན་པོ་འཁོར་ལོའི་རིག་པས་དེ་སྐད་ཅེས་བཀའ་
81-1-296b
སྩལ་ཏོ། །ཟབ་དང་རྒྱ་ཆེའི་རང་བཞིན་ནོ། །ཆོས་རྣམས་ཐམས་ཅད་མ་སྐྱེས་པ། །གཟུངས་དང་འཛིན་པ་རྣམ་སྤངས་པ། །གང་རྣམས་སྒྱུ་མའི་རང་བཞིན་ཅན། །དཔའ་བོ་ཆེན་པོ་རྡོ་རྗེ་འཛིན་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཆོས་རྣམས་ཐམས་ཅད་མཉམ་ པ་ཉིད། །རང་བཞིན་མེད་ཅིང་གནས་པ་མེད། །དབྱེར་མེད་བརྗོད་པ་དང་བྲལ་བ། །སེམས་ཅན་དག་པ་སྙིང་རྗེ་ཅན། །དཔའ་བོ་ཆེན་པོ་རྡོ་རྗེ་ཉམས་དེ་སྐད་ཅེས་བཀའ་སྩལ་ཏོ། །འདི་ནི་བདེ་ཆེན་དམ་པ་སྟེ། །འཕེལ་དང་བྲི་བ་ཡོད་མ་ཡིན། །རྒྱུ་དང་འབྲས་བུ་ རྣམ་འཕྲུལ་བ། །ཐམས་ཅད་རྟེན་ཅིང་འབྱུུང་བའོ། །དཔའ་པོ་ཆེན་པོ་འཇིག་རྟེན་དབང་ཕྱུག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །བདེན་པ་མ་ཡིན་རྫུན་མ་དངོས། །འགྲོ་འདིར་རང་བཞིན་ཡང་དག་པ། །ཇི་ལྟར་ཆུ་དང་ཆུ་རླབས་བཞིན། །མཆོག་ཏུ་དགའ་བ་བདག་མེད་ པའོ། །དཔའ་བོ་ཆེན་པོ་རལ་གྲིའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་རྡོ་རྗེ་སྙིང་པོ་སོགས། །སྔགས་རྣམས་བཞེངས་ཤིང་ཕྱག་འཚལ་ཏེ། །དམ་ཚིག་ཆེན་མོ་རྣལ་འབྱོར་མ། །གཙོ་མོ་ཆེ་ལ་འདི་སྐད་ཞུས། །ེ་མའི་ངོ་མཚར་ལས་བྱུང་བ། །ནམ་ མཁའ་ནམ་མཁའི་རང་བཞིན་ལས། །སྣ་ཚོགས་ཆོས་ཀུན་འབྱུང་བ་ནི། །རྡོ་རྗེ་རྒྱལ་མོ་ཅི་ཞིག་ལགས། །ཉོན་ཅིག་རྡོ་རྗེའི་ཇི་བཞིན་ཉོན། །བདག་ཏུ་ལྟ་བ་བཟློག་པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་སྟོང་པ་བསྟན། །སྟོང་པ་མ་ཡིན་མི་སྟོང་མིན། །ཐོགས་མེད་ བསགས་པའི་བག་ཆགས་ཀྱིས། །སྣ་ཚོགས་བཞི་དང་དབང་པོ་དང ། །གཟུགས་དང་སྒྲ་དང་རོ་ལྡན་པ། །དྲི་དང་རེག་བྱ་དང་ལྡན་ལུས། །ཕྱི་དང་ནང་དུ་རྣམ་གནས་པ། །ཐམས་ཅད་སེམས་ཀྱི་རྣམ་སྤྲུལ་ལོ། །འབྱུང་བ་རྣམས་དང་ཡུལ་མེད་དེ། །སེམས་ ཉིད་ཀྱི་རོལ་སྣང་བའོ། །ཀུན་རྫོབ་ཏུ་ནི་འཇིག་རྟེན་ཡོད། །དམ་པའི་དོན་དུ་གཞན་དག་མེད། །ནང་གི་བདེ་བ་རང་རིག་པ། །གསལ་བའི་དངོས་པོ་འདི་ཁོ་ན། །སྲིད་མེད་མྱ་ངན་འདས་པ་མེད། །ཁམས་མེད་རྣམ་པར་ཤེས་པ་མེད། །དངོས་པོ་མེད་ཅིང་
81-1-297a
སྒོམ་པ་མེད། །རྒྱ་མཚོ་ལྟ་བུ་དེ་བཞིན་ཉིད། །སྡིག་དང་བསོད་ནམས་བྱ་ལས་འདས། །གཅིག་དང་དུ་མའི་དངོས་ཀྱང་མིན། །ཐམས་ཅད་དངོས་པོ་གཅིག་གྱུར་པ། །ཡེ་ཤེས་གཅིག་ཉིད་རྣམ་པར་སྤྲོ། །སྡིག་བསྔལ་བདེ་བ་ཡུལ་རྣམས་ ཤེས། །ཀུན་ལས་འདས་པའི་བདེ་ཆེན་པོ། །བྱ་བ་མེད་ཅིང་བྱེད་པོ་མེད། །མ་དཀྲུགས་རང་བཞིན་དག་པའོ། །འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མར་དམིགས་པར་མི་འགྱུར་རོ། །འདོད་ཆགས་ཆེན་པོའི་ཡེ་ཤེས་འདིས། །ཆགས་ལྡན་རྣམས་ལ་ བྱང་ཆུབ་སྟེར། །འཁོར་བ་སེམས་ཉིད་ཕྱི་རོལ་དངོས་པོ་མེད། །སེམས་ལས་གཞན་དུ་བྱང་ཆུབ་ཡོང་མ་ཡིན། །སྲིད་དང་ཞི་བ་རོ་བྲལ་སྙིང་པོ་མེད། །རང་སེམས་སྙིང་རྗེའི་བདག་ཉིད་མགོན་འདིར་ཡོད། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་དང་རྒྱུད་ འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་བཀའ་སྩལ་ཏོ། །ོཾ་མ་ཎི་པདྨེ་ཧཱུཾ་ཕཊ་སཝཱ་ཧཱ། ཨོཾ་སརྦ་བུདྔྷཌཱ་ཀི་ནཱི་ཡེ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སཝཱ་ཧཱ། ན་མོ་བྷ་ག་ཝ་ཏེ་མེ་རུ་ཤི་ཁར་ཀྐུཊ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཐཱ་ཡ། ཨརྷ་ཏེ་སམྱ་སྶོ བུདྡྷཱ་ཡ། ཏ་རྱ་ཐཱ། ཨོཾ་མེ་རུ་མེ་རུ་མ་ཧཱ་མེ་རུ་ཡེ་སཝཱ་ཧཱ། ཨོཾ་ཨཱཿ མེེ་ཏྲི་ཡེ་ཧཱུཾ་སཝཱ་ཧཱ། ་ཨོཾ་བཛྲ་ཏཱིཀྵྞ་དྡྷཱིཿ ་་ཨོཾ་པི་ཙི་པི་ཙི་པྲ་ཛྙཱ་ཝདྡྷ་ནི། ཛྭ་ལ་ཛྭ་ལ་མེ་དྷ་ཝརྡྡྷ་ནི། དྷི་རི་དྷི་རི་བུདྡྷི་ཝརྡྡྷ་ནི་སཝཱ་ཧཱ། ་ཨོཾ་ཛམྦྷི་མོ་ཧེ་སཝཱ་ཧཱ། ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ། མ་དྷ་ནཾ། དེ་ཧི་དེ་ཧི་སཝཱ་ཧཱ། ོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུརེ་སནྡ་རཱ་ཎི་ཧྲཱིཿ སཝཱ་ཧཱ། ཨོཾ་ཀུ་རུ་ཀུ་ལླེ་ཧྲཱིཿ སཝཱ་ཧཱ། ཨོཾ་བཛྲ་ཙཎྜ་སརྦ་དུཥྟཱནྟཱ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ཨོཾ་ནི་ལམྦར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་ཧཱུཾ་ཕཊ། ཨོཾ་ཛི་དྷི་ཀ་ཐ་མ་ནོ་ཧ་ར་སརྦ་དྷ་ན་པཊྚརཏྣོ་ཧཱུཾ་ཛུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སཝཱ་ཧཱ། ཨོཾ་མ་ནོ་ཧ་ར་ཧ་ར། ོཾ་ཨངྐུ་ཤ་ཨངྐུ་ཤ་ཧྲིཿ ཧྲིཿ ཧྲིཿ ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སཝཱ་ཧཱ། ཨོཾ་ཧ་ཡ་གྲཝི་བ་ཧྲཱིཿ ་ཨ་ཧཾ་ཨ་ཧཾ། ཨཾ་ཨཾ་ཧཱུཾ་ཧཱུཾ་སཝཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་ཧ་ནཧ་ན་བཛྲེ་ཎ་ཀརྱཾ་ཀུ་རུ་ཀུ་རུ་སཝཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། ་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ལེ། ཨོཾ་ཧྲཱི་ཏཾ་ཀྵཾ་ཛཾ་ཧཱུཾ་ཧ།
81-1-297b
དིབྱར་ཏྣོོག་བ་རི་ཤ་ན། ཨར་པ་ཀ་ད་པ་ཡ་ཤ། ས་མ་ཡ། མ་ནུ་སྨ་ར་ཡ་ཧྲཱིཿ ཧཱུཾ་ཕཊ། ་ཨོཾ་མཾ་དི་རི་དི་རི་ཙཎྜ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། ཨོཾ་ཀཾ་ག་ན་བ་ཏི་མ་མརཏྣ་སིདྡྷ་ག་ག་ག་ག་ག་ག་ག་ག་ག་ན་བ་ཏི་སཝཱ་ཧཱ། ཨོཾ་ག་ག་ན་བཾ་ཧོ་ཡཾ་ཛཿ ག་ནཱ་བཾ་ཧྲཱིཿ ཡཾ་ཛཿ ་ཉི་མའི་ གདན་ལ་ཡང་དག་གནས། །བགྲང་ཕྲེང་པདྨ་དམར་པོ་བསྣམས། །གོས་དཀར་མོ་ཡིས་མགུལ་ནས་འཁྱུད། །འཇིག་རྟེན་དབང་ཕྱུག་བསྒོམས་པར་བྱ། །གྲི་གུག་ཐོད་པ་ལག་ན་ཐོགས། །ཕག་མོ་རབ་ཁྲོས་ཁཊྭཾ་བསྣམས། །མཛེས་མ་ཡ་བའི་མེ་ཏོག མཚུངས། །དཀར་མོ་ཕྱུགས་བདག་ཞབས་ཀྱིས་མནན། །གསེར་མདོག་མཚན་རྣམས་ཀུན་རྫོགས་ཤིང ། །བདུད་འདུལ་ཕྱག་རྒྱས་ཟིལ་གནོན་པ། །གོོ་ཏཾ་བྱང་ཆུབ་ཆེན་པོར་བསྒོམ། །མགོ་བྲེགས་རྟུལ་ཞུགས་ཆེན་པོའོ། །བྱུང་ཆུབ་མཆོད་རྟེན་ སྤྱི་བོར་འཛིན། །ཀླུ་ཤིང་དང་ནི་མཆོག་སྩོལ་ཕྱག་།དོང་ཀའི་མེ་ཏོག་ལྟར་མཛེས་པ། །སངས་རྒྱས་རིག་མ་བཅས་ཏེ་བརྟག་།མདོག་དཀར་འཇམ་པའི་རྡོ་རྗེ་ནི། །རལ་གྲི་གླེགས་བམ་ཕྱག་ན་བསྣམས། །ལྟེ་བར་རང་སྔགས་འཁོར་ལོ་བཅས། །གཞོན་ ནུའི་ཚུལ་ཅན་བསྒོམ་པར་བྱ། །ཟླ་བ་ལྟར་དཀར་མཆོག་སྦྱིན་དང ། །པོ་ཏིས་མཚན་པའི་ཆུ་སྐྱེས་བཅས། །བསྒོམས་ནས་ཤུ་དག་དང་བཅས་པའི། །སྐྱུར་པོ་འཐུང་བས་བློ་གྲོས་སྟེང། །རིན་ཆེན་བུམ་པ་སྙེ་མ་བཅས། །གང་གི་ལག་ན་ཉེར་གནས་པ། ། གསེར་ཅན་སྒྲོལ་མ་བསམ་བྱས་ནས། །ཡིད་བཞིན་ནོར་བུའི་སྤྲིན་དུ་འགྱུར། །དཔག་བསམ་ཤིང་རྟེན་ཡལ་ག་དང ། །ནོར་བུའི་འབྲས་བུ་འཛིན་པ་ནི། །གསེར་གྱི་ཕུག་ལ་གནས་པར་བསམ། །ཉི་མ་འཆར་ཀ་སར་བའི་མདོག་་།ལྕགས་ཀྱུ་ཨུཏྤལ་དམར་ པོ་བསྣམས། །སྒེག་འཆང་དུ་མས་རྣམ་བརྒྱན་པ། །དབང་དུ་བྱེད་མ་བསམ་པར་བྱ། །དམར་པོ་ཕྱག་ནི་བཞི་པ་སྟེ། །མདའ་དང་གཞུ་ནི་འཛིན་པའི་མཆོག་།ལྕགས་ཀྱུ་ཨུ་ཏྤལ་ཕྱག་ན་བསྣམས། །ཀུ་རུ་ཀུལླེ་བསམ་པར་བྱ། །རྡོ་རྗེ་འཆང་བ་གདན་གནོད་པ། །
81-1-298a
སྔོ་སངས་ཡིད་ཙམ་ཁྲོ་བ་སྟེ། །སྒྲུབ་པོས་མདུན་དུ་བཞག་ནས་ནི། །མཚན་བརྒྱད་པོ་ནི་བརྗོད་པར་བྱ། །ནག་པོ་མི་སྡུག་རྡོ་རྗེ་ཅན། །བརླ་གཉིས་བར་དུ་མཁའ་ལྡིང་ནི། །དུག་ཅན་ཨེ་ཛག་ག་ར་འཇོམས། །སྡིགས་བྱེད་ལག་ན་རྡོ་རྗེ་ བསྒོམ། །མདོག་བཟང་ཀཱ་མ་དྷེ་ནུའི་བ། །པི་ཅུ་ར་འབྲས་སྙེ་མ་འཛིན། །བུམ་པ་ལ་གནས་གནོན་སྦྱིན་མོ། །མ་རྐ་ཊ་བཅས་བསམ་པར་བྱ། །པདྨ་རཱ་གའི་འོད་དང་མཉམ། །ཀྱོ་བ་ནེའུ་ལེའི་རྐྱལ་བ་ཅན། །ནོར་རྒྱུན་མ་ནི་རྣམ་པར་བསྒོམས། །ངེས་པར་དབང་དུ་བྱེད་པ་ཡིན། ། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ནི། །ཁྱི་གདོང་རྡོ་རྗེ་ལྷ་མོ་བཞི། །བསྒོམས་ན་གདུག་པ་ཀུན་འདུལ་བའི། །གཟི་བརྗིད་རྟ་མཆོག་མཚུངས་པར་འགྱུར། །ཡང་ན་ནག་པོ་དམར་དང་དཀར། །རྡོ་རྗེ་དབྱུག་ཏོ་བཅས་རལ་གྲི། །ཐོད་པ་ཞགས་པ་ཐལ་མོར་བཅས། ། མཁའ་ལྡིང་རྒྱལ་པོ་རྣམ་པར་སྤྲོ། །ཕྱག་གཡོན་དབྱིག་ཐོ་འཛིན་བྱས་ནས། །ནོར་རྒྱས་ཚངས་པ་བཅས་གཟིར་བ། །བསྒོམས་ན་དུག་རྣམས་སྐྱོད་པ་དང ། །སྣ་ཚོགས་ལས་རྣམས་འགྲུབ་པར་འགྱུར། །མུན་པའི་སྐུ་ལུས་ཁྲག་འཛག་ཞལ། །གྲ་གྲི་ ཐོད་བཅས་ཤ་ཟ་བ། །ཁ་ཊྭཱཾ་མགོ་བོའི་ཕྲེང་བས་བརྒྱན། །དུག་ཤིང་ལས་བྱས་མཆོད་པར་བྱ། །ཛཾ་བྷ་ལ་ནི་ནོར་སྒྲུབ་པ། །སེར་པོ་བི་ཛ་པུ་ར་འཛིན། །ནེའུ་ལེ་གཡོན་བསྣམས་བསྒོམས་བྱས་ནས། །ཆུ་སྦྱིན་དབང་པོ་བསྒྲུབ་པར་བྱ། །རབ་དམར་ཐོད་ པོའི་གདན་ལ་གནས། །ཅང་ཏེའུ་ཐོད་པ་ཤས་གང་འཛིན། །རལ་བ་ཅན་ལ་བསྒོམས་བྱས་ནས། །ཤ་ཟ་མོ་རྣམས་མངག་གཞུག་འགྱུར། །གླང་པོ་སྤྲེའུ་རྒྱལ་བྱི་བའི་གཟུགས། །དགྲ་སྟ་ལ་ཕུག་ཕྱག་ན་བསྣམས། །ལྕགས་ཀྱུ་ཆང་སྣོད་བསྣམས་པ་ ཡི། །ཕྱག་དྲུག་ཞབས་ནི་བཞི་བ་ལ། །ཆུང་མར་གཡོག་མོ་བཅས་བསྒོམ་ནས། །བགེགས་ཀྱི་རྒྱལ་པོ་མཆོད་པར་བྱ། །རབ་དམར་མཆེ་བ་གཙིགས་པ་ནི། །ཞགས་པ་ལྕགས་ཀྱུའི་རབ་སྦྱོར་བ། །འདི་ཡིས་བགེགས་རྣམས་འཇོམས་པ་དང ། །
81-1-298b
བློ་དང་དབང་དུ་བྱེད་པ་ཡིན། ་།ཧྲཱིཿ ། བཾ། ཧཱུཾ། མཻཾ། དྡྷཱི། ཨ། ཏཱཾ། ཏཱཾ། ཏཱཾ། ཧྲཱིཿ ་ཧཱུཾ། ཧཱུཾ་བཾ། ཧྲཱིཿ ། ཧཾ། ཧཱུཾ། ཛཾ། ཧྲཱིཿ ། བཾ། བཾ། བདག་ཉིད་ཧེ་རུ་ཀའི་སྦྱོར་བས། །གནོད་གནས་དབང་པོ་དམར་པོ་གཡས་བརྐྱངས་པས་བཞུགས་པ། གནོད་སྦྱིན་མོ་ ལ་འཇུག་པ་བསམ་ནས། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་དྷ་ནཾ་མི་དེ་ཌཱ་ཀི་ནཱི་ཛཱ་ལ་སཾ་བྷ་ར་སཝཱ་ཧཱ། ཞེས་པ་འདིས་ཆུ་སྦྱིན་ན་ཁམས་གསུམ་གྱི་དབང་ཕྱུག་ཏུ་འགྱུར་རོ། །ཏཱཾ་ཡིག་ཡེ་ཤེས་ལས་སྐྱེས་པ། །ཞལ་བཞི་བ་ལ་ཤ་ཡི་མདོག་།ཕྱག་གཉིས་ཨུཏྤལ་ཕྱག་རྒྱ་ ཅན། །ཕྲེང་བ་མདའ་ཆེན་འཁོར་ལོ་དང ། །རྒྱལ་མཚན་གཞུ་དང་བུམ་པ་འཛིན། །ལྷ་མོ་སྒྲོལ་མ་བསམ་པར་བྱ། །འཇིགས་པ་བརྒྱད་ལས་བསྲུང་བར་འགྱུར། །སྔགས་འདིས་བཟའ་བཅའ་རོར་བཅས་འབུལ། །ན་མཿ སརྦ་བུདྡྷ་བོ་དྷི་སཝ་ཏྭཱ་ནཱཾ། ཨ་པྲ་ཏི་ཧ་ ཏ་ཤཱ་སནཱ་མྟཱ། ཧེ་ཧེ་བྷ་ག་བ་ཏེ་མ་ཧཱ་ས་ཏྭ་སརྦ་བུདྡྷ་ཨ་བ་ལོ་ཀི་ཏེ། མཱ་བི་ལ་མཱ་མཱ་བི་ལ་མཱ། ཨི་དཾ་བ་ལི་གྲིཧྣ་པ་ཡ་ཧཱུཾ་ཧཱུཾ་ཧཱུཾ་སརྦ་བཾ་སཉྩ་རེ་སཝཱ་ཧཱ། ཟླ་བ་ཉི་མ་སྨན་དང་དྲི། ་།མར་ཁུ་སྒྲོལ་མ་ལྷ་བཅས་པ། །རྣལ་འབྱོར་ལྡན་པས་བཟའ་བ་དང ། །ལྗོ་ རི་དེ་བཞིན་གཏོར་མ་བྱ། །སྒྲོལ་མའི་གཟུགས་ཀྱིས་བུམ་པ་ལ་བཟླས་ཏེ་ནད་པ་ལ་བཀྲུས་ན་ནད་ལས་ཐར་བར་འགྱུར་རོ། །ཐག་གུ་ལ་མདུད་པ་བྱས་ཤིང ། ཤིང་བུ་ལ་བསྔགས་ལ་ཨ་ཞེས་བཟླས་པས་ཆོམ་པོ་བསྲུང་བར་འགྱུར་རོ། །ཕག་མོའི་སྔགས་ འབུམ་བཟླས་ཏེ་དཀྱིལ་འཁོར་སིནྡྷུ་རས་བྱུགས་པ་བྱས་ལ། ཨོཾ་ཨ་བཛྲ་ན་ར་ཀ་ཧྲཱི་ཁཾ་ཧཱུཾ་ཕཊ། ཅེས་པ་ཞག་བདུན་གྱིས་རྨི་ལམ་དུ་ཞལ་སྟོན་པར་འགྱུར་རོ། །སྒྲོལ་མ་དམར་མོའི་རྣལ་འབྱོར་ལ་གནས་པས་སྐར་མ་རྒྱལ་ལ་མཆོད་རྟེན་དམར་པོ་བྱས་ལ། ཚེས་ བརྒྱད་ལ་ཨུཏྤལ་གྱི་འཁོར་ལོ་ཁ་སྦྱོར་བྱས་ལ་བུམ་པར་བཅུག་ནས་བསྐུལ་བ་དང་བཅས་བཟླས་པས་གང་དབང་དུ་བྱ་བ་དེ་འོང་བར་འགྱུར་རོ། །བྱམས་པའི་སྔགས་ཀྱིས་བཟླས་པའི་ཆུས་འཁྲུད་པ་དང་ས་དཀར་ལ་བཟླས་ཏེ་རི་ལུ་བྱས་པ་དང་སྲུང་སྐུད་བྱས་པ་དེ་དག་
81-1-299a
ནི་ནད་གདོན་ལས་ཐར་བ་དང ། མཚམས་མེད་པ་བྱས་པའང་ངན་འགྲོ་ལས་ཐར་བར་འགྱུར་རོ། །ཀུ་རུ་ཀུལྤེའི་རྣལ་འབྱོར་ལ་གནས་པས་གཙང་བོའི་ཆུ་ཟངས་མའི་སྣོད་དུ་བླངས་ཏེ་དེ་ལ་གནོད་སྦྱིན་མོ་རིན་པོ་ཆེ་དང་ལྕགས་ཀྱུ་འཛིན་པ་ བསམས་ནས། ཨོཾ་ཨུཥྞི་ཥ་ཡ་དྷ་ར་དྷ་ར་དྷི་རི་དྷི་རི་སཝཱ་ཧཱ། ཨོཾ་ཛམྦྷེ་མོ་ཧེ་ཧྲྀ་ད་ཡི་\ུ0f7ེཝརྡྷ་ནི་ཧཱུཾ་ཧཱུཾ་ཕཊ། ནངས་པར་སུམ་བརྒྱ་བཟླས་ནས་ཁྲུས་བྱས་ན་ཐམས་ཅད་དབང་དུ་འགྱུར་རོ། །ལྷ་མོ་བ་ཏ་ལཱི་སེར་མོ་ལྕགས་ཀྱུ་དང་ཞགས་པ་འཛིན་པ་བསམས་ནས། ཨོཾ་ བ་ཏ་ལཱི་པུ་ཏྲ་སིདྡྷི་ཧཱུཾ་ཕཊ། ཅེས་བཟླས་པས་རིགས་རྒྱུད་འཕེལ་བར་འགྱུར་རོ། །སརྦ་ཛ་ཡ་དངུལ་ཆུར་བཅས་པ་རྣ་བར་བཞག་ན་མཚོན་གྱིས་ཆོད་པར་མི་འགྱུར་རོ། །རང་ཉིད་གདུགས་དཀར་མོ་ཅན་དུ་བསྒོམས་ནས། ཏདྱ་ཐ། ཨོཾ་ཨ་ན་ལེ། ཨ་ན་ལེ། ཁ་ས་མེ། ཁ་ས་མེ། བ་རབ་ར། སཽ་མེ་སཽ་མེ། སརྦ་བུདྡྷ་དྷིཥྛ་ནཱ་དྷིཥྛི་ཏེ་སརྦ་ཏ་ཐཱ་ག་ཏ་ཨུཥྚི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ཕཊ། ཧཱུཾ་མ་མ་ཧཱུཾ་ནི་སཝཱ་ཧཱ། ཞེས་བཟླས་པས་བར་དུ་གཅོད་པ་ཐམས་ཅད་བཟློག་པར་འགྱུར་རོ། །ལག་ན་རྡོ་རྗེ་དང་གནོད་མཛེས་ཀྱི་རིག་སྔགས་གྲུབ་པས་དཀྱིལ་འཁོར་གྱི་ དབུས་སུ་རྡོ་བའི་རྡོ་རྗེའམ་གནམ་ལྕགས་ཀྱི་རྡོ་རྗེ་བྱས་ལ་བ་ཏ་ལ་སིདྡྷི་ཧཱུཾ་ཕཊ། བཟླས་པས་འབར་བར་གྱུར་ནས་ས་འོག་གི་དངོས་གྲུབ་ཐོབ་པར་འགྱུར་ཏེ་སྲད་བུ་ལ་སོགས་པའི་འཁྲུལ་འཁོར་བཅོམ་ནས་དཔལ་གྱི་སྒོའམ། བུག་སྒོ་རྣམས་སུ་འཇུག་སྟེ་སྟོབས་ཅན་དང་གཞན་ལེན་ ལ་སོགས་པས་མཆོད་པར་བྱེད་དེ། ཇི་ལྟར་ས་འོག་གི་རྟོག་པ་ལས་བཤད་པ་དེ་བཞིན་ནོ། །དཔའ་བོ་གཤིན་རྗེ་གཤེད་པོ་ནི། །ནག་པོ་དབྱུག་པ་ཞགས་པ་བསྣམས། །མ་ཧེ་ལ་གནས་བསྒོམ་པར་བྱ། །ོཾ་ཡ་མཱནྟ་ཀ་ཧཱུཾ་བཟླས། །རེ་མིག་དགུ་པ་ཁང་པ་ལྔ། ། ཁང་པ་བཅུ་གཉིས་དག་དང་བཅས། །ཧྲཱི[\[\ུ0f7f]ཥྚིཾ[\]]ལ་སོགས་དག་གིས་བསྐོར། །འདི་ཡིས་དྲག་ཤུལ་སྤྱོད་ཀུན་སྒྲུབ། །ཡ་ཀྛེ་མ་མེ་ད་ཛ་ས་དོ་རུ། ཎ་ཡོ་ནཱི་རཱ་ཡཙྪ་ནི་ར། གཞན་ཡང་གནོད་སྦྱིན་མོ་ལ་སོགས་པ་སྒྲུབ་བོ།། །།ོཾ་ཡོ་ཡཀྵི་ཎཱི་བཱི་ར་ཛེ་སཝཱ་ཧཱ། ཤིང་
81-1-299b
ལེབ་ལ་གོས་འཛིན་པ་མོ་བྲིས་ལ་སྐྱེ་གནས་སུ་གཟིར་བས་བཟླས་ནའོང་བར་འགྱུར་རོ། །འོངས་ནས་ཀྱང་ཅི་བགྱི་བྱེད་པར་འགྱུར་རོ། །ོཾ་བྷ་ག་ཝཱ་ཏེ་སཝཱ་ཧཱ། བྱང་ཆུབ་ཀྱི་ཤིང་ལ་སོགས་པར་གཟུགས་བརྙན་བྱའོ། །གནོད་སྦྱིན་མོ་ནོར་ཅན་གྱིའོ། །ན་མོ་བ་ཤྲ་མ་ ཎ། ཏ་ཡ་ན་ཌ་ཀུ་བ་རཱ་ཡ། དཱི་བྱ་པི་མཱ་ན་ཙི་ར་ཏཱ་ཡ། ཧེ་མ་མཱ་ལ་ཀུཎྜཱ་ལ། ཤ་རི་ཧ་ཡ། ཡཀྵ་ས། བནྡྷ་ཡཏྟཱཾ་བྷ་ག་ཝཱན། ཨཱ་བརྟ་ཡི་ཥྱ་མི། ཏདྱ་ཐཱ། ཨོཾ་མ་ཎི་མ་\ུ0f7ེམ་ཎི། ཀུཊྚ་ཀུཊྚ། ཀུ་ཀུ་ཀུ་ཀུ། པ་ར་པ་ར། པུ་ར་པུ་ར། ཀུ་པ་ར་ཀུ་པ་ར། ན་ཌ་ཀུ་པ་ར། དབྱ་མན་ཀུཎྜ་ལི་ཀུ་བི་ཀུ་པི་སཝཱ་ཧཱ། ན་ཌ་མོ་ཡི་འོ། །ོཾ་ན་ཌེ་བི་ན་ཌེ་དྷ་ར་ཎི་སཝཱ་ཧཱ། ན་ཌ་ཕོ་ཡིའོ། །ཡཀྵ་ཀེ་ལི་ཀི་ལོ་ན་མོ་སཏྟ་པ་དི་ཏྲིཊྚ་པྲ་ཏཿ ་ཏ་ཤ་ཏྱཿ ་པིཎྜ་དད་མི། སེ་མ་ཀཱ་མཱ་ན་པྲ་ཡཙྪ་ཏུ་སཝཱ་ཧཱ། ཀི་ལི་ཀི་ལིའིའི་འོ། །ཕུཿ ཧཾ་ཕུཿ ་ཀླུ་མོ་མཐའ་ཡས་ མའིའི་འོ། །ོཾ་ཧྲཱིཿ ཛ། གཞན་གྱིས་མི་ཐུབ་མའིའོ། །ན་མོ་བྷ་ག་བ་ཏེ་བི་ལུ་པ་ལཱ་ཡ། པི་ཤཱ་ཙེ། སཥྤ་བྷུངྒ་ཏེ། ས་མེ་ཀ་མ་ན། པྲ་ཡཙྪ་ཏུ། ཏདྱ་ཐ། ཧུ་ལུ་ཧུ་ལུ། པི་ཤཱ་ཙ། བར་བ་ར། བར་ད་བར་ད། ཙུ་ལུ་ཙུ་ལུ། ཙུ་ཊུ་ཙུ་ཊུ་ནམཿ སཝ་ཧ། ཤ་ཟ་པི་ལུ་ པའི་འོ། །ན་མོ་བྷ་ག་བ་ཏེ་པི་ཤཱ་ཙཱ་ཡ་ཨཾ་ཀ་ཀ་ན་ཀ་པི་ཤཱ་ཙ་དྷ་ར་མ་ཎི་སཝཱ་ཧཱ། ཤ་ཟ་ནོར་བུ་འཛིན་པའི་འོ། །ོཾ་ཀྲིཥྞ་པི་ཤཱ་ཙཱ་ཡ་པ་ར་པ་ར་སརྦ་ཨརྠ་ན་མེ་སཱ་དྷ་ཡ་སཝཱ་ཧཱ། ཤ་ཟ་ནག་མོའིའོ། ། ལུ་ཀེ་བོ་ལེ་ཀེ་གྲྀཧྞ་པིཎྜ་པི་ཤཱ་ཙི་ནི་སཝཱ་ཧཱ། ཨ་ལུ་ཀིའིའོ། ། ོཾ་ཁ་ར་མུ་ཁ་པི་ཤ་ཙེ་ནཱི་ཧི་ཧི་དད་པ་ཡ་སཝཱ་ཧཱ། བོང་གདོང་མའིའོ། །ོཾ་ཏ་ཏི་ལེ་ཏ་ཏི་ལེ་ཀྲིཥྞ་མུ་ཁེ་མ་ཧཱ་པི་ཤཱ་ཙི་དེ་ཧི་དེ་དཱ་ཧི་སཝཱ་ཧཱ། དུས་ཀྱི་གདོང་གདོང་གིའོ། །ཚེ་རིང་བཅུད་ལེན་རི་ལུ་སོགས། །བགྲོ་བ་ཕོ་མོ་འགུགས་པ་དང ། །ལྐོག་གྱུར་ཤེས་པ་སྟོན་ལ་ སོགས། །དེ་བཞིན་གསེར་གྱི་འདོད་པ་སྟེར། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཁྲོས་པ་རྡོ་རྗེ་གཏུམ་པོ་སྤྲོས་པ་ནི། ཧཱུཾ། རལ་གྲི་ཞགས་པ་བསྣམས་པའི་མཆོག་།སྐྲ་སེར་མཁྲང་ལ་གྲིམས་པའི་ལུས། །མ་རུངས་གཏུམ་པོ་ཆེར་འཁྲུགས་པ། །
81-1-300a
མདོག་ནག་མིག་ཡོན་སྤྲོ་བ་ཆེ། །ོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། །མེ་ཡིས་བགེགས་རྣམས་སྐྲོད་པ་དང ། །སྔགས་བཟླས་ཆུ་ཡིས་སྲུང་བའམ། །འཕར་མ་གཉིས་པའི་འཁོར་ལོ་བྲིས། །འདི་ཡི་བྲིས་སྐུ་བྱས་ནས་ནི། །ཁྲོ་རྒྱལ་རྟག་ཏུ་གཏོར་ མས་མཆོད། །ཡུངས་ཀར་ཆུ་དང་པུ་ཏ་ལིས། །བགེགས་རྣམས་ཉམས་པར་བྱེད་པ་དང ། །དཔུང་རྣམས་གནོན་དང་དབྱེ་བ་དང ། །གསད་པ་ལ་སོགས་རབ་བྱ་སྟེ། །གཏུམ་པོ་ཁྲོས་དང་གཏུམ་པོ་ཡི། །དམ་ཚིག་འབྱུང་བ་ལ་སོགས་པར། །མི་གཡོ་ རྒྱལ་པོ་ཉིད་ཀྱིས་གསུངས། །སྔོན་ཚེ་ལྷ་མོ་བདེ་ལྡན་དང ། །སངས་རྒྱས་མི་འཁྲུགས་འདུས་པ་ལས། །བདག་དང་མིང་པོ་མི་གཡོ་བཅས། །དགྲ་བཅོམ་རྣམས་ཀྱིས་ཆོས་བསྟན་པ། །བདུད་དང་ལྷ་མིན་གྱིས་ཉམས་བྱས། །ལྷ་དང་ལྷ་མིན་གཡུལ་ འགྱེད་ཚེ། །མི་གཡོ་མགོན་གྱིས་ལྷ་མིན་དབང། །ཁྲག་ཁྲིག་བཅུ་གཉིས་རབ་གཏུབས་ནས། །དེ་དེའི་ཆུང་མ་ཀུན་འདོད་བྱས། །མི་དང་དྲི་ཟ་མིའམ་ཅི། །གནོད་སྦྱིན་ཀླུ་རྣམས་སྲོག་བཅོམ་སྟེ། །ཐམས་ཅད་མི་འཁྲུགས་ཞིང་དུ་འཕངས། །ཀུན་གྱི་ མིང་ཡང་མི་འཁྲུགས་རྒྱལ། །མི་གཡོ་ཆགས་ཆེན་གྱུར་པ་ཡིས། །སྲིང་མོ་བདག་དང་མ་ཡང་བརྟེན། །བདེ་བའི་བདེ་བ་མཆོག་དེ་ཡིས། །སངས་རྒྱས་མི་གཡོ་མགོན་པོར་གྱུར། །མི་གཡོས་དགྲ་བཅོམ་རྣམས་ལ་སྨྲས། །བུད་མེད་སྤངས་པའི་སྡིག་ པ་ལས། །ཤེས་རབ་སྤངས་ཤིང་བདེ་སྤངས་པས། །སྙིང་རྗེ་ཤིན་ཏུ་དམན་པར་བྱས། །ཤེས་རབ་སྙིང་རྗེ་གང་སྤངས་ན། །འདིས་ནི་སངས་རྒྱས་དམ་ཆོས་དང ། །དགེ་འདུན་ཡང་ནི་རྣམ་སྤངས་པས། །དགེ་སློང་བུད་མེད་སྨོད་བྱེད་པ། །སྡོམ་པས་དམན་ ཅིང་སྡིག་དང་བཅས། །བུད་མེད་སྦྱོར་ལས་སྡོམ་བརྩོན་ཉིད། །གཞན་ནི་ཚངས་སྤྱོད་མེད་པའི་ཕྱིར། །མགོ་བྲེག་སྒྱུ་མས་འཇིག་རྟེན་སླུ། །ཁྱེད་ཅག་སྲིང་མོའི་དམ་ཚིག་གིས། །དེ་ཚེ་གླིང་བཞིའི་དགེ་སློང་གཙོ། །བུད་མེད་དམ་ཚིག་བདེ་བ་ཡིས། །བླ་མེད་བྱང་
81-1-300b
ཆུབ་ཐོབ་པར་གྱུར། །རྣམ་སྣང་ལ་སོགས་རབ་ཏུ་གྲགས། །དུས་འདིར་མིང་པོ་གཽ་ཏཾ་དེ། །གོ་པཱ་སྲིང་མོ་སྒྲོལ་མ་བད་ག་།བུད་མེད་བརྒྱད་ཁྲིའི་བདེ་བ་ཡིས། །ལོངས་སྤྱོད་ཁྱིམ་དུ་ས་བཅུ་ཐོབ། །དེ་ནས་ཞིང་དུ་ཀུན་འདར་གྱི། །སྤྱོད་པ་ཡོངས་སུ་ སྤྱོད་པ་ན།འཇིག་རྟེན་ཀུན་ཏུ་རྒྱུ་ཞེས་རྟོག་།དགའ་མོ་དང་ནི་དགའ་སྟོབས་མ། །ཟས་བཅས་སྙོམས་འཇུག་བདེ་བ་ཡིས། །དབང་བསྐུར་རྫོགས་སངས་རྒྱས་པ་ཉིད། །མི་གཡོ་ཁྲོས་པས་བདུད་བཅོམ་ནས། །བདུད་ཀྱི་བུ་མོ་རབ་བཀྲམ་རྣམ་རྣམས། །འདོད་ཆེན་ སྤྱད་པས་རྗེས་སུ་བཟུང ། །དྲག་ཤུལ་སྤྱོད་དང་འཁྲིག་སྦྱོར་ལས། །བྱང་ཆུབ་ལམ་གཞན་ཡོད་མིན་ཡང ། །བློ་ཆེན་ཆགས་བྲལ་བྱམས་པ་ལ། །མོས་ཕྱིར་རྒྱལ་བས་སྒྱུ་མ་མཛད། །བུད་མེད་བདག་སྒྲུབ་དེ་ཡིས་ནི། །མིང་པོ་ལ་སོགས་མཉེས་པར་བྱ། ། མི་གཡོ་རྒྱལ་པོའི་དམ་ཚིག་གིས། །རྣལ་འབྱོར་པ་གང་སྲིང་མོ་དང ། །བུ་མོ་མ་ཡང་མཆོད་པར་བྱ། །ཡུག་ས་མོ་ཀུན་བདེ་བ་ཡིས། །དགའ་བར་བྱས་ན་མི་གཡོ་མཉེས། །མི་གང་ང་ལ་མཆོད་བྱེད་པ། །ཁྲོ་བོ་གཏུམ་པོས་བྱིན་གྱིས་ཟློ་བ། །མི་གཡོ་བའི་དབུགས་ དབྱུང་བའོ། །ོཾ་ཏ་རེ་ཏུཏྟཱ་རེ་ཏུ་རེ། སརྦ་བྷ་ཡ་ཤ་མ་ནི་སརྦ་དུརྒ་ཏི་ཏཱ་ར་ནི་ཏུ་རེ་སཝ་ཧཱ། སེང་གེ་ལ་སོགས་སྲུང་བའིའོ། །ོཾ་དཱི་རད། བ་ད་ནི་ཨེ་ཀ་དཾཥྚྲི་མ་ཧཱ་ན་སེ་ལམྦོ་དྷ་རི་ཀརྡྷ་ཀརྡྷ་ཏྲ་ས་ཡ་ཏྲ་ས་ཡ། ཤོ་ཥ་ཡ་ཤོ་ཥ་ཡ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སཝཱ་ཧཱ། གླང་པོ་ཆེ་ལ་སོགས་ སྲུང་བའིའོ། །ོཾ་ཤི་ཁཱི་བ་ད་ནེ་མ་ཧཱ་ཨུ་ལ་ཀཱ་མུ་ཁཱི། ཛྭ་ལ་མཱ་ལི་ནི་ས་པྟ་ཛི་ཧཝཱི། ས་པྟ་མུ་ཁཱི་བི་ཤཝ་ན་རི་ཏཱ་རེ་ཏུཏྟ་རེ་ཏུ་རེ་སཝ་ཧཱ། མེའི་འཇིགས་པ་སྲུང་བའིའི་འོ། །ོཾ་ཕ་ནྭི་མ་ཧཱ་ཕ་ནི་ཀྲིཥྞ་ནེ་ཏྲེ་ཨེ་ཀ་ད་ན་ཛི་ཧཝི་ཀ་རེ་ཎ། ཙ་ལཱ་ཡ་ཙ་ལཱ་ཡ་མ་ཧཱ་བི་ཥ་བཀྵི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ སཝ་ཧ། སྦྲུལ་ལ་སོགས་པ་སྲུང་བའིའོ། །ོཾ་ཁངྒ་ཧསྟི་བྷྲྀ་ཀུ་ཊི་མུ་ཁཱི་ཨུདྡྷ་ཀེ་ཤ་མ་ཧཱ་ན་དི་ཀྲིཥྞ་ཨཉྫ་ན་བྷརྞ་ཚིནྡྷ་ཚིནྡྷ་བྷིནྡྷ་བྷིནྡྷ་ཨུ་ཏ་ར་ཡ་ཏ་རེ་ཏུཏྟཱ་རེ་ཏུ་རེ་སཝཱ་ཧཱ། ཆོམ་རྐུན་སོགས་པ་སྲུང་བའིའི་འོ། །ོཾ་རཀྟ་བརྞེ་བཱ་ཤངྐུ་རུ་ཤ་ཧསྟི་མ་ཧཱ་ར་ཝི། མ་ཧཱ་བ་ལ་ས་ར་ས་ར་
81-1-301a
བི་ས་ར། གྲྀན་གྲྀཧྟ་ཨཱ་ཀདྡྷ་ཨཱ་ཀདྡྷ་མ་ཧཱ་དུརྒན་མུ་ཙཱ་ལ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སཝཱ་ཧཱ། ལྕགས་སྒྲོག་ལས་སྐྱོབ་པའི་འོ། །ོཾ་ཛ་ལེ་ཛ་ལེ་མ་ཧཱུ་ཛ་ལེ་ཏཱ་ར་ཡ་ཏཱ་ར་ཡ་ཨུ་ཏ་རཱ་ཡ་ཨུ་ཏ་རཱ་ཡ། ཤྲིརླ་ལ་ཧསྟྲི་མ་ཧཱ་ཛ་ཝེ་ཨ་ཀ་ཝཱི་རི་མ་ཧཱ་ཀཱ་རུ་ཎ་ཏཱ་རེ་ཏུཏྟཱ་རེ་ ཏུ་རེ་སཝཱ་ཧཱ། ཆུ་ལས་སྐྱོབ་མའིའོ། །ོཾ་མ་ཧཱ་གམྦྷི་རྱཻ་མ་ཧཱ་ཀཱ་རུ་ཎི་ཀེ་བྷ་ག་ཝཱཾ་བཱ་ལེ་བར་ད་ཨ་བྷ་ཡ་ཧ་སྟི་ཏཱ་རེ་ཏུཏྟ་རེ་ཏུ་རེ་སཝཱ་ཧཱ། ཤ་ཟ་ལས་སྲུང་བའིའོ། །འཁོར་ལོ་ལྗང་གུ་རྩིབས་བརྒྱད་པ། །དབུས་སུ་བསྒྲུབ་བྱ་དགོད་པར་བྱ། །རྩིབས་བརྒྱད་ལ་ནི་ཡི་ གེ་བརྒྱད། །སྔགས་ཀྱི་གྲོང་ཁྱེར་བ་དག་པོས་བསྐོར། །ལྗང་གུ་ས་སྲུང་བར་འགྱུར་བ་སྟེ། །འཆི་བ་སླུ་བྱེད་དཀར་པོའོ། །ནད་དང་བཙོན་ལས་ཐར་བ་དང ། །ཚེ་དང་ལོངས་སྤྱོད་བརྩོན་འགྲུས་དང ། །དབང་ཕྱུག་དང་ནི་བློ་གྲོས་འཕེལ། །ཚཝ་ལ་གི་ཧང་དྲི་ཆུ་ དང ། །ས་དང་ཙི་ཏྲ་ཀ་དཔའ་བོ། །གླ་རྩི་རོ་ཚན་རི་ལུ་ཡིས། །དུག་རྣམས་སྲུང་བར་བྱེད་པ་སྟེ། །བཟླས་དང་བསྒོམ་པའི་རྣལ་འབྱོར་བྱ། །པིཎྜ་ཏ་ཀར་རྩ་བ་དང ། །བེའུའི་ལྕི་བས་དུག་རེངས་བྱེད། །རིམ་གསུམ་རྩིབས་ནི་བཅུ་དྲུག་པ། ། ཀུ་རུ་ཀུ་ལླེའི་སྔགས་བྲིས་ཏེ། །ཁ་སྦྱོར་གཟུགས་བརྙན་སྦྱོར་བ་བྱ། །ཟངས་མའི་ཁབ་ཀྱིས་གསང་གནས་ཕུག་།ཚར་བཅས་གཅིན་གྱིས་ཁ་བཀང་ནས། །རྒྱ་ཤུག་མེ་ལ་གདུང་བར་བར་བྱ། །མེ་ཏོག་བསྣུན་དང་ཟས་དང་སྤོས། །མིག་སྨན་སྦྱོར་ བས་དབང་དུ་བྱ། །སྒྲོལ་མ་དཀར་མོར་བསམས་བྱས་ནས། །མི་སྨྲ་བར་ནི་འབུམ་བཟླས་སོ། །སངས་རྒྱས་རྟག་པའི་སྦྱོར་ལས་བྱུང ། །ཡིད་གཞུངས་མ་སོགས་བཞི་དང་ལྡན། །ཧསྟྱ་ལི་དོང་ར་ཟི་ར། །གྲོགས་སྨན་རུ་རྟ་ལ་ལ་ཕུད། །ར་ཡི་ འོ་མ་མར་བཅས་བཏུང ། །ཤུ་དག་ཧལྟྱའི་བཟླས་ཟོས་ན། །འདིས་ནི་བློ་གྲོས་འཕེལ་བར་འགྱུར། །མཎྜལ་མཆོད་ནས་མི་འཇིགས་རྒྱ། །སྤྱི་བོར་རེག་པས་ཆོམ་རྐུན་སྲུང ། །གུ་གུལ་དཱ་ལིའི་འདབ་མ་དང ། །རུ་རྟ་གླ་རྩི་དཔའ་བོ་སྦྱར། །ཤུ་དག་
81-1-301b
ཤིང་ཁུནསྦྱར་བ་ལས། །རིལ་བུ་འབུམ་བཟླས་བཟའ་བར་བྱ། །དྲི་ཆུ་བླ་བས་གནས་ལྔར་བསྲུངས། །མཛེ་ན་དགསོ་བར་བྱེད་པའི་མཆོག་།མེ་ཏོག་བྷྲིངྒ་ར་ཛར་བཅས། །སྣ་ཡིས་རྔུབས་ན་རྒས་པ་སེལ། །ལོ་གསུམ་བུད་མེད་སྦྱོར་བ་ ཡིས། །ཁུ་བ་བཀག་པས་གཞོན་ནུར་བྱེད། །རྣ་བར་དུ་ག་དང་ན་ལེ་ཤཾ། །ལོ་གཅིག་ལོན་པས་འོན་པ་སེལ། །རྒྱ་མཚོའི་ཝུ་བ་རྒྱ་མཚོའིའི་འབྲས། །ར་གཅིནསྦྱར་བས་མིག་ནད་འཇོམས། །ོཾ་སུམྦྷི་རོ་བྷ་ན་ཡེ་སཝ་ཧ། ཀོཥྚའི་རུས་པ་ བྱ་རོག་མིག་།གསེར་གྱི་ཕུར་མས་བག་ནད་སྲུང ། །དཀྱིལ་འཁོར་ལྕགས་ཀྱུ་ལྡན་པ་བྱ། །མཆོད་ན་བཙོན་ལས་ཐར་བར་འགྱུར། །ཧལྟི་གི་ཧཾ་ཀསྠུ་རི། །རྩ་སྔགས་བུམ་པར་གདགས་བྱས་ལ། །ནམ་གུངསྦྲུམ་མ་བཀྲུ་བར་བྱ། ། ནད་མེད་བདེ་བས་བཙའ་བར་འགྱུར། །སུ་ཏོ་ཙི་འབྲས་མར་དང་བསྲེས། །བཟླས་ནས་བུད་མེད་ལ་སྦྱིན་ཏེ། །ཁྲུས་བྱས་མོ་གཤམ་གཟུགས་འཆང་བའང ། །ངེས་པར་བུ་དང་བཅས་པར་འགྱུར། །སྲུང་བའི་འཁོར་ལོ་གདགས་བྱས་ལ། ། མཎྜལ་མཆོད་དང་བཟླས་པ་དང ། །ཁྲུས་ནི་ཉིན་རེ་ཉིན་རེ་བྱ། །བྱིས་པ་འཚོ་བའི་དམ་པ་ཡིན། །ཡང་གསུངས་པ། ལྟེ་བར་ཧྲཱིཿ བརྒྱད་བུང་བའི་གཟུགས། །སྤྲོ་ཞིང་དེ་ཡི་བཅུད་གཞིབ་བྱ། །ཛཿ ཧོ་ཧཱུཾ་ཨ་པཾ་ཧི། ཨ་ཀཪྵ་ཡ་ཨངྐུ་ཤ་ཛཿ ་ དཔྲལ་བརཐིག་ལེ་བྱས་ན་ནི། །བུད་མེད་ཐམས་ཅད་དབང་དུ་བྱེད། །ཡང་གསུངས་པ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པ་ར། །དཔག་ཚད་བྱེ་བའི་དཀྱིལ་འཁོར་བསམ། །ཆོ་ག་ཤེས་པས་དེར་དབང་བསྐུར། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། ། རྡོ་རྗེ་གསང་བ་གསུམ་ལས་བྱུང ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །གནས་ཀྱི་དབང་བསྐུར་སྦྱིན་པར་བྱ། །སྐྱེས་པ་དེ་བཞིན་གཤེགས་ཡེ་ཤེས། །བུད་མེད་རིག་པའི་ལྷ་མོར་བྱ། །བུ་མོ་བཅུ་དྲུག་ལོ་ལོན་འཁྱུད། །བདེ་བ་སྒོམ་པ་སློབ་དཔོན་
81-1-302a
ནོ། །གསང་འདི་སུ་ལའང་བརྗོད་མི་བགྱི། །གལ་ཏེ་སྨྲས་ན་དེ་ཡི་ཚེ། །ཤིན་ཏུ་རྣོ་བའི་ཤཱུ་ལ་ནི། །རྣལ་འབྱོར་མ་ཡི་ཕྱག་ན་གནས། །གང་གི་དམ་ཚིག་འཇིག་བྱེད་པ། །དེ་ལ་འདི་ཡིས་མཆོག་ཏུ་འབིགས། །བྷ་ག་ འཇིབས་བཅས་ཙཱ་རུ་བཟའ། །གསང་བའི་དབང་སྟེ་གཉིས་པའོ། །སྟོན་པས་བུ་ལ་གཏང་བྱས་ནས། །སྙོམས་པར་འཇུག་པས་རོ་མཉམ་བསྒོམ། །ས་བཅུའི་བདེ་བ་ཐོབ་པ་ན། ཤེས་རབ་ཡེ་ཤེས་ཞེས་བརྗོད་དོ། །ཆགས་དང་ཆགས་བྲལ་ལས་ འདས་པ། །དབུ་མར་མི་དམིགས་འོད་གསལ་བ། །མི་འགྱུར་རྟག་པ་མཆོག་ཏུ་ཕྲ། །བཞི་པའི་ཡེ་ཤེས་འགྲོ་འོང་མེད། །གཉིས་སྦྱོར་བརྟུལ་ཞུགས་ཆེན་པོ་པ། །བདེ་བ་ཆེ་གྲུབ་སློབ་དཔོན་ཏེ། །ཆགས་ལྡན་གཡོ་སྒྱུས་བུད་མེད་སྨོད། །ལྷུང་ བཟེད་འགེངས་བྱེད་སློབ་དཔོན་མིན། །ས་ཆོག་སློབ་དཔོན་བྱ་བ་དང ། །དབང་བསྐུར་དམ་ཚིག་སྦྱིན་སྲེག་དང ། །རབ་གནས་མཆོད་ཡོན་ཆོ་ག་དང ། །རྡོ་རྗེ་དྲིལ་བུ་བགྲང་ཕྲེང་དང ། །དགང་བླུགས་དེ་བཞིན་ཕྱག་རྒྱ་དྲུག་།སྐུ་གཟུགས་ཚད་དང་ཐ་ མའི་ཆོག་།ཕྱིར་ཟློག་སྲུང་བ་བཟླས་པ་དང ། །ནད་དང་གདོན་དང་རིམས་འཇོམས་དང ། །ཚེ་དང་ལོངས་སྤྱོད་རིགས་འཕེལ་དང ། །དབང་དུ་བྱེད་དང་གསད་དང་སྐྲོད། །དབྱེ་དང་མནན་པ་ལྷ་ཁང་གི་།ཆོ་ག་འདི་རྣམས་སློབ་དཔོན་ལས། །དེ་བཞིན་ བཅུད་ལེན་རིག་འཛིན་དང ། །སྣ་ཚོགས་ལས་དང་དངོས་གྲུབ་དང ། །སྨུན་གྱི་སྦྱོར་བ་རྣམ་མང་པོ། །རྒྱུད་དང་རྒྱུད་དུ་མངོན་པར་བརྗོད། །ཁ་སྦྱོར་རྡོ་རྗེ་མཁའ་འགྲོ་དང ། །གདན་བཞི་དེ་བཞིན་རྡོ་རྗེ་གུར། །འབྱུང་དང་ཟླ་གསང་ཐིག་ལེ་དང ། །མི་གཡོ་ གཤིན་རྗེ་གཤེད་དམར་པོ། །སྣ་ཚོགས་སྒྲོལ་མའི་རྒྱུད་ཆེན་དང ། །ཀུ་རུ་ཀུ་ལྤེ་རལ་གཅིག་མ། །བཅུ་གཅིག་རྣལ་འབྱོར་མ་ཡི་རྒྱུད། །ཀུན་གྱི་སྦྱོར་བ་རྒྱས་པའོ། །གཞན་རྣམས་གང་རྣམས་དེ་དག་ནི། །སྣ་ཚོགས་རྒྱུད་དང་རྒྱུད་དུ་ཤེས། །རྩོད་ལྡན་
81-1-302b
དུས་སུ་གང་བསྟན་པ། །དེ་དག་ཐམས་ཅད་བསྡུས་པའོ། །འོན་ཀྱང་གཞན་རྣམས་སུ་སྦས་པ། །འདིར་ནི་གང་དག་མངོན་གསུངས་པའི། །མི་ཤེས་བྱིས་པ་རྣམས་ལ་ཡང ། །རྟག་ཏུ་གནས་པའི་བདེ་ཆེན་པོ། །བཞི་པའི་ཡེ་ཤེས་འགྱུར་བ་མེད། ། རང་བྱུང་ཆོས་ཀྱི་སྐུ་ཞེས་བརྗོད། །རྐྱེན་ལས་བྱུང་དང་མི་རྟག་ཕྱིར། །ཤེས་རབ་ཡེ་ཤེས་བཞི་པ་མིན། །ལས་དང་ཡེ་ཤེས་ཕྱག་རྒྱ་ནི། །དམ་པའི་དོན་དུ་དོན་མ་ཡིན། །དོན་དམ་བཏགས་པ་ཀུན་དང་བྲལ། །དེ་ཕྱིར་སྨྲ་བར་ནུས་མ་ཡིན། །འཇིག་རྟེན་ འདོད་པས་རབ་གཡེང་དང ། །ཆགས་བྲལ་རྣམས་ཀྱི་དབེན་པ་དང ། །ཞལ་ཕྱག་རྣམ་པའི་ཡིད་བདེ་དང ། །ཐིག་ལེ་ཕྲ་མོ་བདེ་སྒྲུབ་དང ། །ལྟེ་བའི་རེ་ག་སྒོམ་འབད་བཅས། །སྟོང་ཉིད་མཐོང་བས་རབ་དགའ་དང ། །རླུང་རྣམས་ཐིམ་པའི་སེམས་མེད་བད་བདེ། ། འགྲོ་དོན་བྱེད་འགྱུར་རབ་དགའ་དང ། །བུད་མེད་སྦྱོར་བའི་རབ་བདེ་དང ། །ཡིད་དང་གཟུགས་བརྙན་བདེ་བ་དེ། །འདི་དག་རྐྱེན་དང་བཅས་པ་ཡིན། །རང་བཞིན་བདེ་ཆེན་གཞན་པ་ཉིད། །ལུས་དང་ངག་ཡིད་དཔེ་དང་བཅས། །ཆགས་དང་ ཆགས་པ་བར་མ་དང ། །ཆགས་བྲལ་ཅེས་པའང་ཡི་གེར་བཅས། །དགའ་བ་དང་ནི་མཆོག་ཏུ་དགའ། །དགའ་བྲལ་གཡོ་བཅས་མི་བརྟན་པ། །བདེ་དང་སྡུག་བསྔལ་རིག་པ་པོ། །གསལ་དང་མི་གསལ་བརྡ་ཙམ་སྟེ། །དེ་དག་དེ་ལ་སྙིང་པོ་མེད། ། ཆགས་པ་ལ་ནི་ཆགས་དངོས་མེད། །ཆགས་བྲལ་ལ་ཡང་ཆགས་བྲལ་མེད། །དབུ་མ་ལས་ཀྱང་དབུ་མ་མེད། །ཐམས་ཅད་རྐྱེན་ལས་བྱུང་བཅོམ། །དངོས་དང་དངོས་པོ་ཀུན་བྲལ་བ། །དངོས་པོ་ཀུན་གྱི་བདག་ཉིད་དངོས། །འདི་ཡི་རང་བཞིན་མི་འགྱུར་ བདེ། །དཔེ་མེད་ཡི་གེ་མེད་པ་དང ། །གཡོ་བ་མེད་དང་འགྱུར་བ་མེད། །བདེ་ཆེན་རང་བཞིན་གྱིས། །མྱ་ངན་འདས་པ་གཅིག་པུ་བདེན། །ཀུན་བྱེད་འདི་ལ་བྱེད་པོ་མེད། །བདག་དང་སེམས་ཅན་སྲོག་ཅེས་དང ། །གཙོ་བོ་དབང་ཕྱུག་རྡུལ་ཕྲན་
81-1-303a
སོགས། །ཡེ་ཤེས་འདི་ལ་རྣམ་པར་བརྟགས། །རྡོ་རྗེ་སེམས་དཔའ་ལྷག་པའི་ལྷ། །འགོག་དང་ལམ་བདེན་ཆེན་པོ་པ། །དྲི་མ་སྔོན་ནས་ཟད་པ་དང ། །ཆོས་ཀུན་གདོད་ནས་སངས་རྒྱས་པ། །བདེན་གཉིས་དབྱེར་མེད་ ཚུལ་འདི་བསྟན། །ཇི་ལྟར་མེ་མར་ཁང་པར་བུས། །སྐར་ཁུང་ལྔ་ལས་ཕྱིར་སྣང་བ། །དེ་བཞིན་ཀུན་གཞིའི་མེ་མར་འོད། །དབང་ཤེས་ལྔ་ཞེས་རྣམ་པར་སྤྲུལ། །མེ་མར་ལྔ་ཞེས་ཡིད་ཀྱིས་རྟོག་།འོད་དང་མེ་གཞན་ཡིན་ནོ་ཞེས། །ཡིད་གཞན་ བླུན་པོས་ངར་འཛིན་བྱེད། །ཆུ་ལས་ཆུ་རླབས་ཇི་བཞིན་ལྟོས། །རྫོགས་སངས་རྒྱས་ཆོས་གང་གང་དེ། །སེམས་ཅན་ཁམས་ལ་རེ་རེར་གནས། །དབྱེ་བ་མེད་ཅིང་མཐོང་མེད་པ། །གསེར་ཁམས་རྡོ་ལ་གནས་པ་བཞིན། །ལུས་ངག་སེམས་ལ་ འཁྲིག་པ་སྟེ། །རྡོ་རྗེ་རྣམ་བཞི་མངོན་གྱུར་པ། །གཟུགས་བརྙན་བྲག་ཆ་ནམ་མཁའི་དངོས། །བདེ་བ་ཆེན་པོའི་སྐུ་ཞེས་བྱ། །ལྟེ་བ་མགྲིན་པ་སྙིང་པདྨ། །ཡང་ནི་མགོ་བོར་རབ་བརྗོད་པ། །སེམས་ཅན་སྲིད་གསུམ་འབྱུང་བ་དང ། །འདི་ཉིད་དུ་ནི་ཐིམ་ པའོ། །དབང་བསྐུར་བ་རྡོ་རྗེ་ཡེ་ཤེས་ཀྱིས་དེ་སྐད་ཅེས་གསུངས་སོ། །དེ་ནས་རྡོ་རྗེ་ཕག་མོ་ལ་སོགས་པ་རྣམས་དང ། མ་མོ་རྣམས་དང ། དབང་ཕྱུག་མ་རྣམས་དང ། ལྷ་དང་མི་དང་ཀླུ་དང་དྲི་ཟ་དང ། གནོད་སྦྱིན་དང་སྲིན་པོ་དང ། མིའམ་ཅི་ལ་སོགས་པའི་བུད་མེད་ རི་རབ་གྲངས་མེད་པ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་སྙེད་རྣམས་ཐེ་ཚོམ་དུ་གྱུར། ཡིད་གཉིས་སུ་གྱུར་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་རྡོ་རྗེ་འཛིན་པ་ཡི། །དབུགས་དབྱུང་བ་ནི་ཇི་ལྟར་བསྟན། །དུས་འདིར་ ཉུང་ངུ་གསུངས་པ་ཅི། །ཆགས་ཆེན་ངེས་པར་གསུངས་པ་གང ། །རིག་སྔགས་བཟླས་པ་བྱེད་རྣམས་ཀྱིས། །ཇི་ལྟར་ལྷ་ལ་བསྙེན་པར་བགྱིད། །རླུང་གི་སྦྱོར་བས་ལུས་དག་པ། །དེ་བཞིན་དགའ་བ་ལ་སོགས་ཅི། །མཆོག་གྱུར་བུད་
81-1-303b
མེད་དམ་ཚིག་དང ། །ངན་ཟོས་ངན་སྤྱོད་ཐམས་ཅད་ཀྱིས། །གྲོལ་བའི་བདག་ཉིད་གང་ཡིན་པ། །ལྷ་ལགས་མགོན་པོས་བཤད་དུ་གསོལ། །འདི་ལ་རིག་པའི་བརྟུལ་ཞུགས་ཅི། །བཙན་ཐབས་སྦྱོར་བའང་ཇི་ལྟར་འགྱུར། །བུད་མེད་དང་ནི་སྐྱེས་ པ་དག་།མངོན་པར་འགྲུབ་པའང་བཤད་དུ་གསོལ། །ཉོན་ཅིག་ཇི་བཞིན་རྡོ་རྗེ་ཉོན། །དབུགས་དབྱུང་རྣམ་པ་གཉིས་བསྟན་ཏོ། །འདི་ལ་དང་པོ་རྡོ་རྗེ་སེམས། །ཕྱི་ནས་དེ་བཞིན་གཤེགས་པའོ། །འདས་པའི་དུས་ན་སྔོན་བྱུང་བ། །རྡོ་རྗེ་སེམས་དཔའ་ལྷག་ པའི་ལྷ། །སངས་རྒྱས་བདག་ཉིད་རྣམས་བསྡུས་ནས། །རིག་མ་བཙུན་མོར་རྣམ་པར་རོ་ལ། །ཆོས་འབྱུང་ནམ་མཁའི་ཁམས་གནས་པ། །ཡེ་ཤེས་རྒྱ་མཚོས་རྣལ་རོལ་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། །མ་ལུས་ལུས་པ་མེད་པར་སྐྱེད། ། བདག་ཉིད་བདེ་བ་ཆེ་རང་བཞིན། །སེམས་ཅན་ཁམས་ལ་རྗེས་ཞུགས་པས། །ཐམས་ཅད་བདེ་ཆེན་བྱང་ཆུབ་ཐོབ། །བདེ་བས་མངོན་པར་ཞེན་རྣམས་ལ། །སངས་རྒྱས་རྣམས་ཀྱིས་སྟོང་ཉིད་བསྟན། །དེ་དེས་གྲངས་མེད་མངོན་བྱང་ཆུབ། །ཕྱི་ནས་ སྟོང་པར་མངོན་ཞེན་རྣམས། །ཐམས་ཅད་དམྱལ་བར་ལྟུང་གྱུར་པས། །རྒྱལ་བ་རྟག་པ་རྣམ་སྤྲུལ་ཏེ། །དབུ་མ་ལ་ནི་རྣམ་པར་གཞག་།རང་དང་གཞན་དོན་ཆེར་བསྒྲུབས་པས། །དཔག་ཡས་མཆོག་ཏུ་གྲོལ་བར་བྱས། །ཀུན་རྫོབ་རྗེས་ཞུགས་ངར་ འཛིན་ཅན། །རྣམ་རྟོག་དུ་མས་རྣམ་དཀྲུགས་པ། །དེ་དག་གཞན་གྱི་བསམ་པ་ཀུན། །རྫོགས་བྱེད་བྱ་བ་མཆོག་ལ་བསྐུལ། །རིན་ཆེན་ཉི་མ་རྣམ་སྤྲུལ་པས། །དེ་དག་བླ་མེད་བྱང་ཆུབ་ལ། །མཆོག་ཏུ་དགའ་བས་གཞོལ་བར་འགྱུར། །གཞན་ལས་ རྗེས་སུ་ཆགས་ལྡན་པ། །དེ་ཚེ་འདོད་ཆགས་ཀྱིས་བཅིངས་པས། །པདྨ་གར་དབང་རྣམ་སྤྲུལ་ཏེ། །འདོད་ཆགས་བདེ་བའི་ལམ་གྱིས་ནི། །བརྗོད་མེད་འགྲོ་བ་མངོན་བྱང་ཆུབ། །ཕྱི་ནས་བདེ་ལ་ཆགས་ལྡན་རྣམས། །ལེ་ལོས་མངོན་པར་ཉམས་གྱུར་ནས། །
81-1-304a
བློ་ངན་འཇིག་རྟེན་རྣམ་པར་འཁྲུགས། །རྟ་མཆོག་རྒྱལ་པོ་རང་སྤྲུལ་ཏེ། །སེམས་ཅན་བརྩོན་འགྲུས་གནས་ལ་བཞག་།བྱི་བོ་རྐུན་པོ་དགྲ་ལ་སོགས། །རང་རང་ཚུལ་གྱིས་མངོན་སྤྲུལ་པས། །ཐམས་ཅད་རྡོ་རྗེའི་གནས་ལ་བཞག་།བརྩོན་ ལྡན་སྤྱོད་པ་སྣ་ཚོགས་པས། །ཤིན་ཏུ་ཁྲོ་གཏུམ་གདུག་པ་ན།རབ་ཁྲོས་ཧེ་རུ་ཀར་སྤྲུལ་པ། །དྲག་ཤུལ་གསོད་ལ་དགྱེས་པར་གྱུར། །སྲིན་པོ་གནོད་སྦྱིན་འབྱུང་པོ་གདོན། །མ་མོ་བཅོམ་བྱས་རིག་སྔགས་དང ། །རྫས་དང་མཚོན་ཆ་འཁྲུལ་འཁོར་དང ། །སྨན་ གྱིས་ཀྱང་ནི་ཐམས་ཅད་བཅོམ། །ཞེ་སྡང་གདུག་གནོན་ཞི་བའི་ཕྱིར། །སླར་ཡང་བདེ་ཆེན་མགོན་པོ་ལ། །མ་འོངས་དུས་ན་རབ་འཇུག་སྟེ། །དབུགས་དབྱུང་དཀྱིལ་འཁོར་དམ་པའོ། །འདིར་ནི་དོན་དམ་ཀུན་རྫོབ་སྟེ། །ལོངས་སྤྱོད་རྫོགས་དང་སྤྲུལ་པ་ཞེས། །གཞན་ནི་རྒྱུ་དང་ འབྲས་བུ་སྟེ། །དབུགས་དབྱུང་གཉིས་སུ་བསྟན་པའོ། །འདིར་ཡང་དོན་དམ་རྣམ་པ་གཉིས། །བདེ་བ་ཆེ་དང་དེ་ཉིད་དོ། །ཀུན་རྫོབ་གཉིས་ཀྱང་འཇིག་རྟེན་དང ། །དཀྱིལ་འཁོར་ཞེས་ནི་རེ་ཞིག་བཞག་།ཚེ་ཐུང་བརྩོན་འགྲུས་ཞེན་པ་དང ། །སྲོག་ཆགས་གསོད་ལ་ དགའ་བ་དང ། །འདོད་ལ་སྤྱོད་པས་གཡེངས་གྱུར་པས། །ད་ལྟ་རྒྱུད་རྣམས་ཉུང་ངུར་གསུངས། །བསྐལ་པ་གྲངས་མེད་སུམ་ཅུ་གཉིས། །འབད་ཀྱང་ད་རུང་བྱང་ཆུབ་མེད། །བདེ་བས་ཚེ་འདིར་འགྲུབ་འགྱུར་བ། །དེ་ཕྱིར་འདོད་ཆགས་ཆེན་པོར་བསྟན། ། བདེ་བས་བདེ་བ་ཐོབ་འགྱུར་ཏེ། །སངས་རྒྱས་བདེ་བ་བདེ་ཆེན་པོ། །འབྲས་བུ་དང་མཚུངས་རྒྱུ་སྒྲུབ་པ། །མ་ཚང་སྟོང་པས་མྱ་ངན་འདའ། །སྡིག་པ་མེད་དང་དད་པ་དང ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དང ། །སེར་སྣ་དྲེགས་དང་ང་རྒྱལ་མེད། ། འདིས་ནི་ངེས་པར་འགྲུབ་པར་འགྱུར། །མཚམས་མེད་ལྔ་དག་བྱས་པ་ཡང ། །འདི་ཡི་སྒྲུབ་པ་པོར་འགྱུར་ན། །གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །བགེགས་འཇོམས་བདུད་རྩི་འཁྱིལ་པ་ནི། །དང་པོར་འབུམ་ཕྲག་བཟླས་བྱས་ནས། །
81-1-304b
མཆོད་རྟེན་ལ་སོགས་བྱེད་པ་དང ། །མཆོད་དང་བསྐོར་བ་ལ་སོགས་བྱ། །ཡན་ལག་མཆོག་དང་དད་ལྡན་པའི། །བུད་མེད་ཡིད་འོང་ཡང་ན་གཞན། །སྔགས་སྤྱོད་སྙིང་རྗེ་བློ་ལྡན་པ། །སྙིངསྟོབས་ལྡན་པ་གྲོགས་ཞེས་བྱ། །བྲམ་ཟེ་མུ་སྟེགས་ ཉན་ཐོས་མེད། །དང་པོའི་ལས་ཅན་དེར་གནས་བྱ། །བྲིས་སྐུ་མཆོད་པ་དང་བཅས་ཤིང ། །དང་པོར་རིགས་ཀྱི་ལྷ་ཉིད་བསྒོམ། །བྱེ་བ་བྱེ་བར་བར་བཟླས་ལ་བརྩོན། །ཕྱི་ནས་དཀྱིལ་འཁོར་རྣམ་བསྒོམས་ནས། །བཟླས་པ་འབུམ་དུ་བྱ་བ་ཡིན། །སྦྱིན་སྲེག་ མཆོད་ལ་མངོན་པར་བརྩོན། །དཀྱིལ་འཁོར་མཛེས་པ་བྲིས་ནས་ནི། །ཟླ་བ་དྲུག་ཏུ་མཆོད་པར་བྱ། །སྔགས་པ་སྔགས་དང་དེ་བཞིན་གྲོགས། །ཕྱོགས་དུས་རྫས་དང་བརྩོན་འགྲུས་དང ། །ལྷ་ནི་བདུན་པར་གསུངས་པ་ཡིན། །ད་མ་ཚིག་བརྩོན་འགྲུས་ བཟོད་པ་དང ། །དད་དང་སྙིང་རྗེ་སྔགས་མཉམས། །ལེ་ལོ་མེད་ན་མྱུར་ཐོབ་འགྱུར། །ལྷ་དང་རིག་སྔགས་མཐུ་ལྡན་ཞིང ། །སེམས་སྟོབས་ལྡན་དང་མཚན་མ་ཐོབ། །འདི་ཡིས་དངོས་གྲུབ་བསྒྲུབ་བྱ་ཡི། །གཞན་དུ་ན་ནི་ཉོན་མོངས་འགྱུར། །གཡོན་ ནས་ལྟ་བས་དགང་བ་དང ། །གཡས་ཀྱིས་དགུག་པ་དེ་བཞིན་ནོ། །དཔྲལ་བའི་ལྟ་བ་རེ་ཙ་ཀ།སྣ་རྩེར་བུམ་པ་ཅན་ཡིན་ནོ། །ལྟེ་བ་ལས་ནི་རླུང་སྐྱེད་པ། །མེ་ཉིད་དང་ནི་རླུང་ཉིད་དང ། །དེ་བཞིན་ཆུ་དང་དབང་ཆེན་ཏེ། །འཁོར་ལོར་སེམས་ ཀྱི་ཀུན་སྤྱོད་པས། །སྟེང་ལོགས་ཐད་ཀ་འོག་ཏུ་གནས། །སྲོག་ཉིད་དང་ནི་ཐུར་སེལ་དང ། །གྱེན་རྒྱུ་ཁྱབ་བྱེད་མེ་མཉམ་གནས། །འཁོར་ལོ་ཀུན་ཏུ་འགྲོ་སྤྱོད་པ། །ཀླུ་དང་རུས་སྦལ་སོགས་དེ་བཞིན། །སྙེ་མ་ལ་སོགས་རྣམ་བདེ་གནས། ། མིག་དང་རྣ་བ་དང་ནི་སྣ། །ལྕེ་དང་ལུས་ལ་བྱང་ཆུབ་སེམས། །དེ་བཞིན་སྒོ་ནི་དགུ་ན་ཡང ། །གྲོང་བཞི་དང་ནི་སྒོ་བཞི་པ། །སྒོ་ནི་དམ་པ་གཉིས་ཉིད་དང ། །དམན་པའི་སྒོ་ནི་རྣམ་པ་གཉིས། །བྱེད་པ་བཅིང་བས་སྒོ་ཕྱེ་ཞིང ། །ཡུར་བ་ལས་ནི་ཆུ་འབབ་ལྟར། །
81-1-305a
དེ་བཞིན་རླུང་གི་སྦྱོར་བ་ཡིས། །ལུས་ནི་དག་པར་བྱེད་པ་ཡིན། །སྒྲུབ་པོའི་དབང་པོ་གང་ཞིག་དགེ་བསྙེན་ནམ། དགེ་ཚུལ་ལམ། དགེ་སློང་ཡང་རུང་སྟེ། ཤིན་ཏུ་དབེན་པའི་རི་བོའམ། ནགས་ཚལ་ལམ། སྐྱེད་ མོས་ཚལ་ལམ། ཁྱིམ་དུ་གནས་པས། ལང་ཚོ་ལྡན་པ་གཞོན་ནུ་མའམ། དར་བབས་མ་བླངས་ཏེ། གཟུགས་བཟང་མིག་མཛེས་སྐྲ་བཟང་བ། །ལམ་འདིར་བློ་བརྟན་རྙེད་ནས་ནས་ནི། །མཆོག་ཏུ་དགའ་བ་རབ་ཏུ་བརྩམ། །འདོད་པའི་ལོངས་སྤྱོད་མ་ ཆགས་ཤིང ། །བདེ་ལ་མངོན་པར་རྗེས་ཆགས་པ། །རྣལ་འབྱོར་ལྡན་པ་མཐོང་དགའ་བ། །དེ་ལས་སྦྱོར་བའི་དངོས་གྲུབ་ཐོབ། །ལུས་ནི་རབ་ཏུ་རྟས་ལྡན་པ། །དགའ་བའི་ཚིག་འཇམ་རོལ་མོ་དང ། །འཁྱུད་དང་ཙུམ་པ་ཏ་ནུ་འདྲུད། །ཟེའུ་འབྲུ་འདབ་ ལྡན་བསྐུལ་བ་ཡིས། །གཡོ་དང་བརྟན་ཉམས་དགའ་བར་རིངས། །མིག་ཟུམ་འགྱུར་བ་བདག་ཉིད་ལ། །ལས་མངའབྲས་བྲས་བུ་བདེ་ཆུང་བས། །ཆ་ཤས་བདེ་བ་དགའ་དང་པོ། །སྟེང་དང་འོག་ཏུ་རྣམ་བལྟས་ནས། །རླན་བཅས་པ་དྨ་རབ་རྒྱས་པར། ། རྡོ་རྗེ་རྒྱས་པ་རབ་བཅུག་པས། །འདར་དང་འགྱུར་དང་སིཏ་ཀྱི་སྒྲ། །ུ་ཡིག་དྲོད་བཅས་སྒྲ་ཉམས་པ། །བུ་མོས་ཡེ་ཤེས་ཐོབ་འགྱུར་ཏེ། །རྩོལ་བྲལ་ཁྱབ་པའི་བདེ་བ་ནི། །མཆོག་ཏུ་དགའ་བར་ཡང་དག་བརྗོད། །རབ་བསྐྱོད་གཉིས་ཀྱིས་བསྐྱོད་པ་ ལས། །ངུ་བའམ་རྒོད་པའམ་བྱིས་པའི་ཚུལ། །འདོད་པས་མི་བཟོད་དྲན་ཉམས་པ། །བདག་གིས་ཡེ་ཤེས་བདེ་གསལ་བ། །རང་བཞིན་བྲལ་འདི་ལྷན་སྐྱེས་དགའ། །ཉམས་དང་བྲལ་བའི་དགའ་སྤངས་ནས། །ཡེ་ཤེས་མཆོག་གིས་དགག་པར་ བྱ། །ཡང་ན་བཙན་ཐབས་སྦྱོར་བས་སོ། །རྡོ་རྗེ་འཁུམས་དང་ཆུ་སྐྱེས་ཟུམ། །བདེ་བ་རྗེས་དྲན་དགའ་བའི་དགའ། །མཆོག་ཏུ་བཅིང་བ་རྣམ་པ་བདུན། །ཕྲག་པར་རྐང་པ་ཟུང་སྟེར་དང ། །སྟེང་དང་ལོགས་དང་ཐད་ཀ་རྒྱབ། །ཤིན་ཏུ་རྐྱོང་དང་
81-1-305b
བསྣོལ་བའོ། །རྫས་ཀྱིས་ཐིག་ལེའི་རིམ་གྲོར་བྱ། །སྐྱེ་གནས་དམ་པ་ཚ་བ་ཡི། །སྦྱོར་བ་ཐམས་ཅད་བྱ་བར་བྱ། །འདི་ཡིས་ཡེ་ཤེས་རྒྱས་པར་འགྱུར། །ཞིང་ན་གནས་པའི་བུད་མེད་རྣམས། །འདོད་ཆེན་སྦྱོར་བས་མནན་བྱ་ཡི། །མེ་ཏོག་སོགས་ ཀྱིས་མཆོད་མི་དགེས། །སྦྱོར་བ་གང་གིས་རྡོ་རྗེ་དང ། །པདྨ་སད་པ་དེ་བསྟེན་བྱ། །ཆུ་སྐྱེས་དབུས་སུ་སེམས་ཕྱུང་ལ། །དེ་ཡི་ཡེ་ཤེས་མཚོན་བྱས་ནས། །མེ་ཏོག་བཅས་པ་ལིངྒས་བཏུང ། །རཱ་ས་ཡ་ཎའི་བདེ་བའོ། །རབ་ཏུ་དགའ་སོགས་ གནས་བྱས་ནས། །འགྱུར་བ་མེད་ཀྱང་འགྱུར་བར་སྟོན། །ཁུ་བ་ཕྱེད་ཀྱིས་ཤེས་རབ་མའི། །འཁོར་ལོར་འགྲོ་འོང་ཟད་པར་བྱེད། །གཟུགས་མཛེས་བལྟས་དང་དགའ་བའི་སྒྲ། །དྲི་མནམས་མ་མཆུའི་སྦྲང་རྩི་བཏུང ། །རེག་དང་གཉིས་གཉིས་སྤྲོད་པ་ དང ། །རྡོ་རྗེ་བསླངས་པ་བྷ་ག་ཡིས། །འཚིར་དང་ཟིལ་བས་གཤེར་བ་དང ། །དྲོད་དང་གཡོ་བ་རྣམ་ཤེས་གསུམ། །རབ་དགའ་ལ་སོགས་སར་བརྗོད་པ། །ཕུང་པོརིན་ཆེན་སྣོད་དུ་སྦས། །དང་པོའི་ལས་ཅན་རྣམས་ལ་ནི། །བུད་མེད་སྤངས་པའི་ ཡེ་ཤེས་མེད། །དང་པོ་ཐ་མར་གཉིས་སྦྱོར་བས། །སངས་རྒྱས་བདེ་བ་རབ་ཏུ་འགྲུབ། །ནུས་བྲལ་སློབ་དཔོན་དབང་བསྐུར་བ། །པདྨར་སེམས་ནི་མངོན་དབབ་པས། །བདེ་གཤེགས་མཆོད་པར་བྱ་བ་ཉིད། །གཞན་དུ་ཕྱུང་ན་དངོས་གྲུབ་རིང ། ། བུད་མེད་དག་ཀྱང་འདིས་གྲོལ་ཏེ། །སོར་མོ་ཤིང་དང་པགས་པ་ཡི། །འཁྲུལ་འཁོར་དག་གིས་རྩ་སད་བྱ། །འདོད་ཆེན་བུད་མེད་རབ་གྲོལ་ཕྱིར། །རྣལ་འབྱོར་མ་རྒྱུད་རྒྱས་པར་ཕྱེ། །བདེ་བསྐྱེད་བྱེད་བདུན་ཅུ་གཉིས། །བུད་མེད་རྣམས་ཀྱི་ལྷག་པའི་རྩ། ། བུད་མེད་མྱུར་དུ་བྱང་ཆུབ་པ། །སྐྱེས་བུ་དེ་བཞིན་མིན་པ་ཉིད། །འདུ་ཤེས་གཞན་དང་མ་རྫོགས་དང ། །མི་དམིགས་འདི་ལས་ལྟུང་མེད་དེ། །འདོད་བཅས་སད་དང་རྨི་ལམ་ལ། །འཛག་བྱེད་དེ་དག་ཉེས་དང་བཅས། །དུས་བཞིར་བཟང་མོ་ལ་འདོད་སྤྱོད། །
81-1-306a
དམ་ཚིག་རྣམས་ཀྱི་གཙོ་བོའི་གཙོ། །ཟླ་རེའམ་ལོ་ནི་རེ་རེ་རུ། །པདྨ་མཆོད་པར་མི་བྱེད་ན། །དེ་ཚེ་དམ་ཚིག་ཉམས་པ་ཡིས། །ཚ་བ་ཆེན་པོར་རྣམ་པར་ལྟུང ། །དངོས་གྲུབ་འདོད་པས་བུད་མེད་ཀུན། །མཆོད་ཅིང་གུས་པས་ཕྱག་བྱའོ། །དུད་ འགྲོ་མོ་ལའང་གུས་བྱ་ན། །མི་མོ་ཅིའི་ཕྱིར་གུས་མི་བྱེད། །ཤེས་རབ་བུད་མེད་མི་མོའི་གཟུགས། །མ་དང་སྲིང་མོ་བུ་མོ་དང ། །ལྷ་དང་བླ་མ་གྲོགས་གྱུར་པ། །རབ་ཏུ་བྱམས་ལྡན་མཉེན་གཤིན་ལ། །མི་ཤེས་བྱ་བ་མི་གཟོ་བས། །སྐྱེ་གནས་དམན་ཅེས་ རྣམ་སྨོད་པ། །ནད་དང་རིམས་ནད་ཚེ་ཐུང་དང ། །དམྱལ་བར་ངེས་པར་འཚེད་པར་འགྱུར། །མི་ཤེས་སྔགས་པ་བུད་མེད་ལ། །སྣུན་བྱེད་དམ་ཚིག་ཀུན་ཉམས་པས། །སྐད་ཅིག་དེ་ལ་མནར་མེད་ལྟུང ། །སྡུག་པའི་སྤུན་གྱི་དགྲར་གྱུར་ན། །སྤུན་ ཟླ་མཆོད་ཀྱང་དགར་མི་འགྱུར། །བུད་མེད་སྨོད་ལ་ལྷ་མོ་རྣམས། །མི་དགེས་དེ་ཡི་མཆོད་མི་ལེན། །སྐལ་མེད་བྱེ་བ་གྲངས་མེད་པར། །བཟང་པོར་སྤྱོད་པ་ཁོ་ནས་ཀྱང ། །བྱང་ཆུབ་རིན་ཆེན་མ་ཐོབ་པ། །ཕྱག་རྒྱའི་སྦྱོར་བ་འདི་ཡིས་ནི། །ཚེ་འདི་ ཉིད་ཀྱིས་ཐོབ་པར་འགྱུར། །རང་བཞིན་མཉམ་པ་ཉིད་སྒོམ་ཞིང ། །ཕྱག་རྒྱའི་བདེ་བ་རབ་སྒྲུབ་པ། །བུད་མེད་སྦྱོར་ལས་ཕྱག་རྒྱ་ཆེ། །མངོན་དུ་མཚོན་པར་བྱེད་ན་དེ། །ཁྲུས་དང་གཙང་སྦྲ་མི་དགོས་ཤིང ། །དཀའ་སྤྱད་སྡོམ་པ་མེད་པ་ཡང ། །བདེ་བ་ཉིད་ དང་དགའ་བས་འགྲུབ། །དེ་བས་ཅི་ལྟར་འདོད་སྤྱོད་ཅིང ། །ཀུན་ཟ་དེ་བཞིན་ཐམས་ཅད་སྤྱོད། །གཡོ་བདག་ཀྱང་ཅི་དགར་བྱེད། །ཇི་ལྟ་བུས་ཀྱང་རྣམ་གྲོལ་འགྱུར། །གཟུགས་བརྙན་ལུགས་མ་ལ་སོགས་ལས། །རྣལ་འབྱོར་སྐྱེ་བར་མི་འགྱུར་གྱི། ། བྱང་ཆུབ་སེམས་ལ་རབ་བརྩོན་ན། །དེ་ལས་རྣལ་འབྱོར་ལྷར་འགྱུར་རོ། །གཡོ་དང་སྨྲ་བ་སྤྱོད་པ་ཀུན། །ཕྱག་རྒྱ་སྔགས་དང་ཆོ་གར་འགྱུར། །མར་མེ་ལེགས་པར་བླངས་ནས་ནི། །མུན་པའི་ཁྲོད་གནས་ནོར་བུ་ལེན། །སྒྲིབ་པའི་མུན་པར་ཆོས་ཀྱི་
81-1-306b
དབྱིངས། །བུད་མེད་བདེ་བས་ཚོལ་བར་བྱ། །ཤིན་ཏུ་ཉེ་བར་གནས་པ་རྣམས། །དེ་དེའི་ཆོས་ལ་མི་གུས་པ། །མཁྱེན་ནས་རྒྱལ་བས་ཆགས་བྲལ་བསྟན། །དམ་པའི་དོན་དུ་དེ་ཉིད་མིན། །ཡང་གསུངས་པ། དང་པོར་མཚན་དུས་གསང་སྟེ་སྤྱད། ། གལ་ཏེ་དེར་སེམས་མི་བརྟན་ན། །བསྡུས་ནས་ཐ་མལ་ཚུལ་དུ་རོལ། །གཞན་དུ་སྨྱོན་པའི་བརྟུལ་ཞུགས་ཀྱིས། །ཤ་ཟ་བཞིན་དུ་ཀུན་ཏུ་འཁྱམ། །རྫུ་འཕྲུལ་མངོན་ཤེས་ལྔ་གྲུབ་པས། །འཇིག་རྟེན་མངོན་དུ་ཡང་དག་སྤྱད། །གལ་ཏེ་འཕགས་པའི་ ས་ཐོབ་ན། །དེས་ནི་ཕྱོགས་ལས་རྣམ་རྒྱལ་སྤྱོད། །ཞིང་རྣམས་ཀུན་ཏུ་རྒྱུ་བའམ། །ཡང་ན་བས་མཐའ་མ་རང་གི་ཁྱིམ། །སྦས་པའི་སྤྱོད་པས་གྲོལ་བར་འགྱུར། །ཡང་ན་ཚོགས་ཀྱི་དཀྱིལ་འཁོར་ཏེ། །བུད་མེད་བཅུ་གཉིས་རྣམ་རོལ་བ། །རྒྱན་ དང་གདོང་སོགས་རྣམ་པར་བརྒྱན། །ཤར་གྱི་བུད་མེད་དབུས་འོངས་ཤིང ། །གཅིག་ཤོས་ཤར་དུ་དགེས་རོལ་སོགས། །སྣ་ཚོགས་དུ་མས་རྣམ་རོལ་བ། །སྐྱེད་མོས་ཚལ་ལ་སོགས་པར་བསྒྲུབ། །གླུ་དང་ཟློས་གར་ཀུན་བྱས་ཏེ། །དབང་བསྐུར་བ་དང་ལས་ ཀུན་བྱ། །ཡང་གསུངས་པ། རྡོ་རྗེའི་སྒོ་ནི་དབྱེ་བ་དང ། །དེ་བཞིན་པདྨ་རྒྱས་པར་དབྱེ། །ཤིང་ངམ་ས་ཡི་འཁྲུལ་འཁོར་གྱིས། །བཤང་བའི་ལམ་དུ་རྩེ་བར་བྱ། །སྲོག་དང་དེ་བཞིན་ཐུར་སེལ་བ། །བཀག་ཅིང་གོང་བུ་གཅིག་ཏུ་བྱ། །དགའ་ བས་རོལ་པ་ལ་ཞུགས་ནས། །དལ་བུ་དལ་བུས་རབ་སྦྱོར་ཏེ། །སྒོ་དབྱེ་བ་དང་སོར་མོས་གནོན། །བུ་མོའི་རྩ་ཡི་ཐུར་མ་ཡིས། །དྷུ་ཏཱི་རྣམ་པར་འབྱེད་པར་འགྱུར། །དེ་ཡི་གནས་སུ་རླུང་རྒྱས་ཏེ། །རྩ་ཡི་འཁོར་ལོ་ཀུན་སད་པ། །གཏུམ་མོ་འབར་བཅས་ ཞུ་ཞིང་འཛག་།བཙན་ཐབས་སྦྱོར་བས་མེ་འབར་བ། །ར་སནཱ་ལས་རྣམ་པར་རྒྱུ། །འཛག་པའང་ལ་ལ་ནཱ་ལས་ཏེ། །ཁུ་བ་འདྲེས་གྱུར་ཀུན་འདར་དུ། །འབར་བྱེད་འཁོར་ལོ་འཁོར་ལོ་ལ། །ལན་མང་བཟློག་ཅིང་ཡང་འབར་ནས། །ཚངས་པའི་
81-1-307a
སྒོ་ང་འབིགས་པར་བྱེད། །དེ་ལས་རྣམ་པར་ལྟུང་བ་ཡིས། །ཆོས་ཀྱི་ཕྱག་རྒྱ་རབ་ཏུ་འགྲུབ། །མངོན་པར་བྱང་ཆུབ་རབ་བཤད་པ། །འབྱུང་བའི་བདེ་བ་ལྷ་མོར་བརྟག་།གདོལ་མ་བྲམ་ཟེའི་བུ་མོ་དང ། །ཚོང་མོ་གླུ་མཁན་མདའ་ མཁན་མོ། །གར་མཁན་མོ་སོགས་རིགས་ཅན་གཟུང ། །ཡང་ན་ལྷ་མོ་མིའམ་ཅི། །ཀླུ་མོ་དྲི་ཟ་མོ་སོགས་བརྟག་།ཐིག་ལེ་ཞུ་བ་ཟླ་བའི་གཟུགས། །མེ་ཏོག་དང་བཅས་ཉི་མ་གསོལ། །ཐབས་དང་ཤེས་རབ་གཅིག་གྱུར་པ། །ཁུ་བ་ཁྲག་ དང་རླུང་བཅས་པའི། །ཚོགས་པ་འདིར་ནི་རྣམ་པར་ཞིག་།ལུས་དང་སེམས་ཞེས་བྱ་བ་འདས། །ཀུན་གཞི་རྣམ་པར་གྱུར་པ་ཉིད། །འདི་ལས་ལོངས་སྤྱོད་རྫོགས་པར་འགྱུར། །ཡང་ན་དོན་གྲུབ་སྒྱུ་མ་བཞིན། །མཱ་མ་ཀཱི་སོགས་རབ་སྦྱོར་བའོ། །སངས་ རྒྱས་རང་ཉིད་གཟུགས་ཅན་ནི། །ལྷ་མོ་དང་སྦྱོར་འདོད་ཆགས་ཆེ། །འོན་ཀྱང་མོས་པ་ཐ་དད་ཕྱིར། །སྤྲུལ་པ་མིག་འཕྲུལ་རྣམ་པར་འཕྲུལ། །ཡང་གསུངས་པ། ཨོཾ་ཀརྟི་ཀ་སརྦ་མཱ་ར་ཎཾ་མཾ་ས་ཀརྟ་ཡ་ཀརྟ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱ་པཱ་ལ་སརྦ་ཤ་ ཏྲཱུཾརཀྟ་དྷཱ་ར་ཡ་དྷཱ་ར་ཡ་ཧཱུཾ་ཕཊ། ཨོཾ་ཧ་ན་ཧ་ན་མཱ་ར་ཡ་མཱ་ར་ཡ་སརྦ་ཤ་ཏྲཱིུ་ཏྲི་ཤཱུ་ལ་ཧཱུཾ་ཕཊ། བརྟུལ་ཞུགས་སོ། །གཟུགས་བརྙན་ཡི་གེ་མཚན་མ་དག་།དཀྱིལ་འཁོར་གསུམ་དུ་ངེས་བྱས་པ། །སྙིང་གནས་བྱུང་སྙིང་གར་གཞུག་།མཚོན་ ཆ་ཕྱག་རྒྱ་ཕྱིས་བཀོད་ནས། །ལས་དང་དངོས་གྲུབ་བཀས་གནང་བ། །བུ་མོ་དག་ལ་འཁྱུད་པ་དང ། །ནུ་མ་ཉེད་ལས་བདེ་ཐོབ་པ། །སློབ་དཔོན་དབང་བསྐུར་སྦྱིན་པའོ། །ཞི་བ་ལ་སོགས་པའི་སྒྲོལ་མ་ནི་དཀར་བ་དང ། སེར་བ་དང ། དམར་བ་དང ། ནག་མོའོ། །ཆུ་དང ། དབང་ཆེན་དང ། མེ་དང ། རླུང་ལ་གནས་པ། ངང་པའི་རྒྱལ་པོ་དང ། གླང་པོ་ཆེ་དང ། རྟ་དང ། མ་ཧེ་ལ་ཞོན་པའོ། །ཞི་བའི་ལྷ་མོ་ནི་མི་འཇིགས་པ་དང་ཨུཏྤལ་དཀར་པོ་འཛིན་པའོ། །རྒྱས་པ་མོ་ནི་མཆོག་སྦྱིན་དང་བུམ་པ་དང་སྙེ་
81-1-307b
མ་འཛིན་པའོ། །དབང་བྱེད་མ་ནི་ལྕགས་ཀྱུ་དང་ཞགས་པའོ། །གསོད་བྱེད་མ་ནི་རལ་གྲི་དང་དུས་ཀྱི་ཞགས་པའོ། །ཕྱོགས་ཀྱི་ལྷ་མོའོ། །གྲཝ་བཞིར་འཁོད་པ་ནི། སངས་རྒྱས་རིན་ཆེན་ཆོས་དང་ནི། །རྡོ་རྗེ་སྒྲོལ་མ་བསམ་བྱ་བ། །དཀར་དང་སེར་ པོ་དམར་པོ་དང ། །དཀར་མིན་ཕྱག་ཀྱང་བཞི་པ་སྟེ། །མཆོག་སྩོལ་བ་དང་ཨུཏྤ་ལ། །ཅང་ཏེའུ་དེ་བཞིན་རྩེ་གསུམ་བསྣམས། །ཞལ་དྲུག་ཕྱག་དྲུག་ཐོ་བ་དང ། །ཞགས་པ་བསྣམས་པ་ཞབས་དྲུག་པ། །ཚངས་པ་འཇོམས་པ་གཤིན་རྗེ་གཤེད། ། རལ་གྲི་ཐོདཔས་ལག་བྲེལ་བ། །མིག་ཡོན་དབང་པོ་དབང་ལྡན་གནོན། །དབྱུག་ཏོ་དང་ནི་པདྨ་དང ། །འཁོར་ལོ་ཞགས་པ་འཛིན་པའི་མཆོག་།ཁྲོ་བོའི་རྒྱལ་པོ་པད་མཐར་བྱེད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །ཀླུ་དང་གཤིན་རྗེ་ཞབས་ ཀྱིས་མནན། །འཁྱིལ་པ་རྡོ་རྗེ་ཕུར་བུ་ཡིས། །སྣ་ཚོགས་རྡོ་རྗེ་ཐོ་བར་བཅས། །དྲིལ་བུ་ཕུར་བུ་བསྣམས་ནས་ནི། །ལོག་འདྲེན་བདུད་བཅས་ལ་འདེབས་བརྩོན། །དཔའ་བོ་འདི་གསུམ་སྤྲིན་གྱི་མདོག་།གཞན་རྣམས་གང་རྣམས་ཕོ་ཉ་མོ། ། རང་རང་ལས་དང་མཚུངས་པར་བྱ། །གསང་བ་ཐམས་ཅད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་འཁོར་རྣམས་ཀྱིས་བསྟོད་པ། །དབང་པོ་གཉིས་ཀྱིསྦྱོར་བ་གང ། །རང་བཞིན་མེད་པའི་བདག་ཉིད་དེ། །ཡེ་ཤེས་མཚོན་ཆ་རྣམས་འཆང་བ། ། མངོན་སྤྱོད་སྣ་ཚོགས་གཅོད་པ་པོ། །མ་མོའི་ཚོགས་ཀྱིས་བསྐོར་བའི་སྔགས་ཅན་མ། །དབང་པོའི་དྲཝ་བ་འོད་ཟེར་འཕྲོ་ཞིང་འཁྲུག་།ལྷན་ཅིག་སྐྱེས་པའི་མཛེས་མ་དང་གཅུགས་མཛད། །བློ་གྲོས་ཆེན་པོས་བདག་ལ་དབང་བསྐུར་སྩོལ། །ཅེས་གསོལ་ བ་བཏབ་པར་གྱུར་པ་ལ། དཔལ་རྡོ་རྗེ་སེམས་དཔའ་དམ་ཚིག་སྒྲོལ་མ་དང་མཉམ་པར་སྦྱོར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ཀྱི་སྐུ་ལ་ཡོངས་སུ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་རྣམ་པར་དབབ་པ་རྡོ་རྗེས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བས་
81-1-308a
སེམས་ཅན་ཐམས་ཅད་མཆོག་ཏུ་བདེ་བ་གྲུབ་པར་གྱུར་ཏོ། །རབ་ཏུ་དབེན་པའི་གནས་དག་ཏུ། །ཧཱུཾ་གི་ཡི་གེས་བདུད་རྣམས་གཞོམ། །ོཾ་ཨཱཿ ཱ་ལི་ཀཱ་ལི་སྟེ། །རྩ་གཉིས་ཟླ་བ་ཉི་མ་དག་།དེ་དག་མེ་ལོང་ཡེ་ཤེས་ཏེ། །ས་ བོན་མཚན་མར་གྱུར་པ་ནི། །སོ་སོར་རྟོག་པར་ངས་བཤད་དོ། །གཅིག་གྱུར་མཉམ་པ་ཉིད་ཡིན་ཏེ། །འགྲོ་དོན་བྱེད་པ་བྱ་ནན་ཏན། །གཟུགས་བརྙན་རྫོགས་པ་ཆོས་དབྱིངས་སོ། །དབང་པོ་གཉིས་སྦྱོར་རྡོ་རྗེ་གསུམ། །རབ་རྫོགས་སྔགས་རྣམས་ཀུན་གྱི་ ལྷ། །གསང་དང་གསང་ཆེན་ཤིན་ཏུ་གསང། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་དང ། །རྗེས་དང་ཤིན་ཏུ་རྣལ་འབྱོར་དང ། །སྟོང་པའི་ཡེ་ཤེས་རྣམ་གསུམ་པོ། །རྒྱུད་ཀུན་གྱི་ནི་གཙོ་བོའི་གཙོ། །མི་ཤིགས་པ་དང་སྔགས་དང་རྫས། །ཐིག་ལེ་གསུམ་དུ་ངས་ བཤད་དེ། །བྱིན་གྱིས་བརླབས་དང་ཡོངས་བརྟགས་དང ། །ཡོངས་སུ་རྫོགས་པའི་རྣལ་འབྱོར་གསུམ། །མི་གསལ་བ་དང་ཡེ་ཤེས་ཆུང ། །ཡེ་ཤེས་ཡེ་ཤེས་ཆེན་པོ་སྟེ། །གང་ཟག་རྣམ་པ་བཞི་རུ་བརྗོད། །གཟུགས་མེད་ཚོར་བ་འདུ་ཤེས་དང ། །འདུ་ བྱེད་དང་ནི་རྣམ་ཤེས་བྲལ། །དབང་པོ་ཡུལ་དང་རྣམ་ཤེས་མེད། །ཉོན་མོངས་མེད་ཅིང་བྱང་ཆུབ་མེད། །དངོས་པོ་མེད་ཅིང་སྒོམ་པ་མེད། །འཕེལ་བ་མེད་ཅིང་བྲི་བ་མེད། །རྟག་མིན་མི་རྟག་མ་ཡིན་པ། །ཡོད་དང་མེད་དང་ཡོད་མེད་འདས། །འདི་ལ་ བདག་མེད་གཞན་ཡང་མེད། །བདེན་མིན་རྫུན་པ་མ་ཡིན་པ། །རྐྱེན་གྱིས་སྟོང་མིན་རང་བཞིན་ཉིད། །ཤེས་རབ་ཕ་རོལ་ཕྱིན་པར་བརྗོད། །དམིགས་དང་དམིགས་མེད་ལས་འདས་ནས། །བྱ་བ་ཅི་དགར་སྤྱོད་བྱེད་པ། །རིག་སྔགས་གྲུབ་པ་གང་ཡིན་ པའི། །བྱང་ཆུབ་སེམས་དཔའ་སྤྱོད་ལ་གནས། །སྒྱུ་མས་སྒྱུ་མ་བཅོམ་པ་དང ། །སྒྱུ་མས་སྒྱུ་མ་མཆོད་བྱེད་ལྟར། །ཐབས་མཁས་སྤྱོད་པ་འདི་དག་གིས། །རྨི་ལམ་བཞིན་དུ་སྔགས་སྤྱོད་པའོ། །ཇི་ལྟར་མེ་ཡི་སྲེག་པ་ལྟར། །ངོ་བོ་ཉིད་ཀྱིས་བུད་མེད་ལས། །
81-1-308b
ཤེས་རབ་ཕ་རོལ་ཕྱིན་པ་སྐྱེ། །གཡོ་བ་ཐིམ་དང་བདེ་བ་དང ། །རྣམ་རྟོག་ངོ་བོ་ཉིད་ཀྱིས་གཅོད། །དེ་ཕྱིར་དེ་ལ་དེ་རབ་སྒྲུབ། །མཐའ་མེད་དབུས་ཀྱང་མེད་རིག་པ། །དོན་དམ་རྡོ་རྗེའི་དཀྱིལ་འཁོར་རོ། །རྟོག་པས་རྟོག་པ་རྣམ་སྤོང་སྟེ། །དེ་ཕྱིར་བསྐྱེད་པའི་ རིམ་པ་བསྒོམ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །འོད་གསལ་མཆོག་ཏུ་ཉེར་འགྲོ་བ། །བདེ་དང་སྒྱུ་མའི་རང་བཞིན་དང ། །རྣམ་པར་མི་རྟོག་རྣམ་པར་སྦྱང ། །མོས་པས་སྤྱོད་པའི་ས་བཅུ་གཉིས། །ཕོ་ཉ་མོ་སྦྱོར་དེ་ཉིད་དང ། །རྩ་དང་ཁམས་དག་གཡོ་ བ་ཡི། །འགྲོ་འོང་འགགས་པའི་ཡེ་ཤེས་སོ། །དེ་ནས་དེ་ལ་ཡེ་ཤེས་སྐུ། །འདི་ལ་རྩ་མེད་ཁམས་ཀྱང་མེད། །རླུང་གི་བགྲོད་པའང་ཡོད་མ་ཡིན། །འོན་ཀྱང་སེམས་ཀྱི་རྣམ་འཕྲུལ་ཏེ། །དེ་དེ་འགགས་ལས་ས་བཅུ་གཉིས། །ཕོ་ཉ་མོ་རྣམས་སྦྱོར་གྲུབ་ལས། །སྤྲུལ་ པའི་གཟུགས་ཀྱི་བདེ་བ་འདི། །རིག་འཛིན་རྣམས་ཀྱི་ས་ཞེས་བརྗོད། །ལས་དང་པོ་དང་རྣལ་འབྱོར་པ་དང་སྒྲུབ་པ་པོ། །གྲུབ་པ་མཆོག་དང་གྲུབ་པ་དང་ནི་སེམས་དཔའ་ཆེ། །རྡོ་རྗེ་སེམས་དཔའ་ཞེས་བྱ་སྔགས་སྤྱོད་བདུན་དུ་གསུངས། །བླ་མའི་དྲིན་གྱིས་སྐྱེ་བ་གཅིག་རྫོགས་ མངོན་གྱུར་པའོ། །སྟོང་པ་མ་ཡིན་མི་སྟོང་མིན། །ཟག་མེད་སེམས་འདི་དེ་བཞིན་ཉིད། །ནམ་མཁའ་སྣོད་ཀྱིས་དབྱེ་བ་ལྟར། །གནས་སྐབས་བདུན་དུ་འཇིག་རྟེན་རྟོག་།རྡོ་རྗེ་རང་བཞིན་འགྱུར་མེད་པ། །གནས་སྐབས་ཐེག་པ་ཐུག་མེད་ཀྱིས། །དེ་ནི་མི་འཇིགས་གཡོ་ བ་མེད། །ནམ་མཁའ་ལྟ་བུར་གོས་པ་མེད། །ཇི་ལྟར་རབ་རིབ་ཅན་དག་གིས། །ནམ་མཁའ་ལ་ནི་སྐྲ་ཤད་མཐོང ། །དེ་བཞིན་འཁོར་བ་རྣམ་པར་རྟོག་།འཁོར་བ་མེད་ཅིང་གང་ཟག་མེད། །དེ་ཕྱིར་བཅོས་མ་ཀུན་སྤངས་ནས། །ཟུང་འཇུག་རང་བཞིན་བསྒོམ་བྱ་སྟེ། ། དེ་བཞིན་གཤེགས་པའི་གསུང་ལམ་ལ། །སྔགས་རིག་རྣམ་རྟོག་མ་བྱེད་ཅིག་།རྣལ་འབྱོར་དབང་པོས་སྐྱེ་བོ་ནི། །གང་ལའང་བརྙས་པར་མི་བྱ་སྟེ། །ཉན་ཐོས་ནང་དུ་མི་གནས་ཤིང ། །ཆགས་བྲལ་ལམ་ལ་བློ་མི་གུས། །བུད་མེད་རིན་ཆེན་སྤང་མི་བྱ། །ཉན་ཐོས་
81-1-309a
སྤྱོད་པ་སྤངས་བྱས་ནས། །འདོད་ཆགས་ཆེན་པོ་སྙིང་རྗེ་བཅས། །འདུལ་བའི་ཐབས་ཚུལ་ཀུན་རིག་པས། །གཉིས་སྦྱོར་བརྟུལ་ཞུགས་ལ་གནས་པའོ། །སྡོམ་དང་སྡོམ་མིན་ཀུན་ལས་ལོག་།བཟའ་དང་བཟའ་མིན་མི་བརྟག་སྟེ། །གཙང་དང་མི་ གཙང་དཔྱད་མི་བྱ། །རང་བཞིན་དེ་ཉིད་མཉམ་པར་ཤེས། །མགོ་ཟླུམ་བརྟུལ་ཞུགས་གཟི་བརྗིད་ཅན། །མཉམ་ཉིད་དམིགས་སུ་མེད་པ་ལ། །སྡིག་དང་བསོད་ནམས་ཀུན་ཡོད་མིན། །ཀུན་ཀྱང་བྱང་ཆུབ་སྤྱོད་པ་ཅན། །བུད་མེད་སྦྱོར་ལས་སེམས་བརྟན་པ། །ཚངས་ སྤྱོད་མཉམས་དགེ་སློང་སྟེ། །དབང་ཕྱུག་ཀུན་གྱི་བླ་མར་གྱུར། །རྡོ་རྗེ་བྱིན་གྱིས་རློབ་པའི་ཡེ་ཤེས་ཀྱི་ལེའུ་སྟེ་ལྔ་པའོ།། །།ཕྲིན་ལས་ཐམས་ཅད་འབྱུང་བ་སྒྲོལ་མ་འདུས་པ་དོན་དམ་པ་ཞེས་བྱ་བ། རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལས་རྟོག་པ་ཕྱི་མ་གསང་བ་ངེས་པར་ བསྟན་པ་ཇི་སྙེད་པ་རྫོགས་ཏེ། སྒྲོལ་མ་འབྱུང་བའི་རྟོག་པ་ཇི་སྙེད་པ་རྫོགས་སོ།། །།རྒྱ་གར་ལྷོ་ཕྱོགས་རསྨྭི་ཤཝ་ར་འི་ལྗོངས་སུ་སྐུ་འཁྲུངས་པ་རྡོ་རྗེ་ཐེག་པ་ལ་མཁས་ཤིང་གྲུབ་པ་བརྙེས་པའི་རྗེ་བཙུན་བུདྡྷ་གུཔྟ་ལ་རྒྱུད་འདི་ཞིབ་མོར་ཉན་ཅིང་སྒྱུར་བར་བླ་བ་རྣམས་ཐོ་རེ་ལོང་ངེ་ བ་བསྒྱུར་ཞིང ། དཀའ་གནས་རྣམས་ལ་རེག་ཟིག་གི་རིམ་པ་མང་དུ་བྱས་ནས་བརྟག་དཔྱད་མང་དུ་བགྱིས་པ་ལས། སླད་ནས་རྒྱ་གར་གྱི་མཁན་པོ་ནི་རྦཱ་ཎ་ཤྲཱིའི་ཞབས་དང ། ཡང་སླད་ཀྱིས་པཎྜི་ཏ་པཱུརྞ་བཛྲའི་སྤྱན་སྔར་འགྲེལ་པ་སོ་སོ་དང་ཞིབ་ཏུ་སྦྱར་ཏེ་རྒྱལ་ཁམས་པ་ཏཱ་ར་ན་ ཐས་བསྒྱུར་བའོ།། །།