Wylie | e-texts produced with ocr Programm |
རྒྱ་གར་སྐད་དུ། ཨཱརྱ་ཨཀྵ་ཡ་མ་ཏི་ནི་རྡེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེནཔོའི་མདོ། ། །། བམ་པོ་བྱ། ། དང་པོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། དེ་བཞིན་གཤེག་པའི་སྤྱོད་ཡུལ། རིན་པོ་ཆེའི་བཀོད་པའི་འཁོར་གྱི་ཁྱམས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཁྱེན་པ། བསོད་ནམས་ཆེན་པོ་རྒྱན་གྱི་ཚོགས་བསགས་པ། སྤྱོད་པ་ཆེན་པོའི་རྒྱུ་མཐུན་པའི་འབྲས་བུ། སངས་རྒྱས་ཐམས་ཅད་ཀྱི་ཆོས་རྣམ་པར་སྨིན་པས་མངོན་པར་གྲུབ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གནས་ན་ཆོས་ཀྱི་དབྱིངས་མཐའ་ཡས་པར་བསྟན་པ། དེ་བཞིན་གཤེགས་པའི་རྣམ་པར་སྤྲུལ་པའི་བྱིན་གྱི་རླབས་ཆགས་པ་མེད་པའི་སྤྱོད་ཡུལ་གྱི་ཡེ་ཤེས་ལ་འཇུག་པ། དགའ་བ་ཆེན་པོ་ཡང་དག་པར་སྐྱེད་པ། དྲན་པ་དང་། བློ་གྲོས་དང་། རྟོགས་པ་ལ་འཇུག་པ། མཛེས་པའི་རྫུ་འཕྲུལ་ཀུན་ནས་མ་སྨད་པ། ཡེ་ཤེས་རྣམ་པར་དཔྱོད་པ། དེ་ལ་མ་ཆགས་པའི་རྟོགས་པ་ལ་འཇུག་པ། ཕྱི་མའི་མཐའི་བསྐལ་པར་མངོན་པར་བསྟོད་པ་ཡོན་ཏན་ཐམས་ཅད་ཀྱི་ཚོགས་དཔག་ཏུ་མེད་པ་ན་བཞུགས་ཏེ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་མངོན་པར་རྫོགས་པར་སངས་རྒྱས། ཆོས་ཀྱི་འཁོར་ལོ་ནི་རབ་ཏུ་བསྐོར། སློབ་མ་ཤིན་ཏུ་དུལ་བ་མཐའ་ཡས་པའི་ཚོགས་ནི་མངའ།། ཆོས་ཐམས་ཅད་ལ་དབང་ནི་བརྙེས། སེམས་ཅན་ཐམས་ཅད་ཀྱི་བསམ་པའི་ཚུལ་ནི་ཤིན་ཏུ་མཁྱེན། དབང་པོ་དམ་པའི་མཆོག་ནི་བརྙེས། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ཆགས་ཀྱི་མཚམས་སྦྱོར་བ་ལེགས་པར་འཇོམ་པ་ལ་ནི་མཁས། སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་ནི་རྒྱུན་མ་ཆད་ཅིང་། དགེ་སློང་བརྒྱ་སྟོང་ཕྲག་དྲུག་ཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་སྟེ། ཐམས་ཅད་ཀྱང་ཅང་ཤེས་པའི་སེམས་དང་ལྡན་པ། ཡང་དག་པར་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཉོན་མོངས་པའི་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ལེགས་པར་འཇོམ་པ་ལ་བརྩོན་པ། དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་སྲས། སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་གནས་པར་མཁས་པ། དམིགས་པ་མེད་པའི་ཆོས་ལས་ངེས་པར་བྱུང་བ། སྤྱོད་ལམ་མཛེས་པ་ཕུན་སུམ་ཚོགས་པ། སྦྱིན་པའི་གནས་ཆེན་པོར་གྱུར་པ། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཤ་སྟག་གོ། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཡང་ཐབས་ཅིག་སྟེ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པ་གྲངས་མེད། ཚད་མེད། དཔག་ཏུ་མེད་པ། བསམ་གྱིས་མི་ཁྱབ། མཚུངས་པ་མེད། དཔེ་མེད། གཞལ་དུ་མེད། བསྐྱོད་དུ་མེད། བརྗོད་དུ་མེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་ཅིག་སྟེ། སེམས་ཀྱི་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་རྩལ་གྱིས་གནོན་ཅིང་། འོང་བ་དང་འགྲོ་བ་ལ་མཁས་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཅིང་རིམ་གྲོ་བྱེད་པར་བྱུང་བ། སངས་རྒྱས་ཀྱི་ཆོས་མཉན་པ་དང་། ཡོངས་སུ་ཚོལ་བས་མི་ངོམས་པ། རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་བརྩོན་པ། ཐབས་དང་ཤེས་རབ་བསྟན་པའི་མཆོག་ཐོབ་པ། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་དང་། ཡེ་ཤེས་ལ་རབ་ཏུ་གནས་པ། རྟོག་པ་དང་། རྣམ་པར་རྟོག་པ་དང་། སྤྲོས་པ་ཐམས་ཅད་ལས་ཡང་དག་པར་འདས་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ས་ལ་ཉེ་བར་གྱུར་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་གློག་གི་ལྷ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་གཡུལ་ལས་རྣམ་པར་རྒྱལ་བ་དང་། བྱང་ཆུབ་སེམས་དཔའ་རྣམ་པར་སྣང་བའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་རྩལ་གྱིས་དཔའ་བ། དང་། བྱང་ཆུབ་སེམས་དཔའ་ཡིད་གཉིས་ཤིན་ཏུ་འཇོམ་པ་དང་། བྱང་ཆུབ་སེམས་དཔའ་སྒྲ་རྣམ་པར་གྲགས་པ་དང་། བྱང་ཆུབ་སེམས་དཔའ་རྣམ་པར་ལྟ་བའི་མིག་དང་། བྱང་ཆུབ་སེམས་དཔའ་མུན་པ་དང་བྲལ་བ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད། དཔག་ཏུ་མེད། བསྐྱོད་དུ་མེད། བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད། དཔེ་མེད། གཞལ་དུ་མེད། ཚད་མེད། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་དང་ཡང་ཐབས་ཅིག་དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རབ་ཏུ་འཇུག་པ་དང་། ངེས་པར་འབྱུང་བའི་སྒྲིབ་པ་མེད་པའི་སྒོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བྱང་ཆུབ་སེམས་དཔའི་ལམ་བཀོད་པ་ལ་དམིགས་པ། སངས་རྒྱས་ཀྱི་ཆོས་ཟབ་མོ་ཐམས་ཅད་དང་། སྟོབས་བཅུ་དང་། མི་འཇིགས་པ་ཡོངས་སུ་འགྲུབ་པའི་ཡེ་ཤེས་ཀྱི་འབྱུང་གནས་ཆོས་ཐམས་ཅད་ལ་དབང་བྱེད་པའི་ཚུལ་དང་། གཟུངས་ཀྱི་ཕྱག་རྒྱའི་སྒོར་འཇུག་པ། སོ་སོ་ཡང་དག་པར་རིག་པ་ཤིན་ཏུ་རྣམ་པར་ངེས་པ་ལ་གཟུད་པའི་སྒོར་འཇུག་པ། མངོན་པར་ཤེས་པ་ཆེན་པོའི་ཡེ་ཤེས་ལ་གཟུང་པའི་སྒོར་འཇུག་པ། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་མི་སྐྱེ་ཞིང་མི་ལྡོག་པའི་ཆོས་རབ་ཏུ་སྟོན་པ། བགྲོད་པ་གཅིག་པའི་ལམ་དུ་ཡང་དག་པར་གཞོལ་བ། ཐེག་པ་ཐམས་ཅད་ཐེག་པ་གཅིག་ཏུ་མཚུངས་པ་ཉིད་ལ་ཡང་དག་པར་གཞོལ་བ། ཚུལ་གཅིག་པའི་ཆོས་ཀྱི་དབྱིངས་དབྱེར་མེད་པ་ལ་འཇུག་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་དབང་པོ་ལ་གཟུད་པར་བསྟན་པའི་སྙིང་པོའི་རྗེས་སུ་སོང་བའི་ཆོས་རྣམ་པར་ངེས་པ་བདུད་ཀྱི་འཁོར་ཐམས་ཅད་ཤིན་ཏུ་རྣམ་པར་འཇོམས་པ་བྱེད་པ། ཚུལ་བཞིན་གྱི་ཆོས་ལ་གཟུད་པའི་སྒོར་འཇུག་པ། ཉོན་མོངས་པ་དང་། ལྟ་བར་གྱུར་པ་ཐམས་ཅད་འདུལ་བ། ཆགས་པ་མེད་པའི་ཤེས་རབ་དང་། ཡེ་ཤེས་རྗེས་སུ་འཇུག་པ། མཐའ་ཡས་ཤིང་མཚུངས་པ་མེད་པའི་བསྔོ་བ་ལ་མཁས་པའི་ཐབས་ཀྱི་ཡེ་ཤེས་བསྟན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྗེས་སུ་འཇུག་པ། ཐོགས་པ་མེད་པའི་ཡེ་ཤེས་ཀྱི་བྱིན་གྱི་རླབས་ཀྱིས་སྒོར་འཇུག་པ། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཤིན་ཏུ་གཏན་ལ་བབ་པར་བསྟན་པ། མི་རྟོག་རྣམ་པར་མི་རྟོག་པའི་མཉམ་པ་ཉིད་ལ་འཇུག་པ། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་ཁོང་དུ་ཆུད་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཐམས་ཅད་བསགས་པས་སངས་རྒྱས་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་མཉམ་པ་ཉིད་ཀྱི་རྒྱན་གྱི་རྗེས་སུ་སོང་བ། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། མོས་པ་དང་། ཤེས་རབ་མི་ཟད་པ་མངོན་པར་སྒྲུབ་པ། ཉན་ཐོས་ཀྱི་ཐེག་པས་གདུལ་བའི་ཕྱིར་འཕགས་པའི་བདེན་པ་ལ་གནས་པ་དང་། རང་སངས་རྒྱས་ཀྱི་ཐེག་པས་གདུལ་བའི་ཕྱིར། ལུས་དང་སེམས་རབ་ཏུ་དབེན་པའི་ཡེ་ཤེས། ཐེག་པ་ཆེན་པོས་གདུལ་བའི་ཕྱིར། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སར་དབང་བསྐུར་བ་ཐོབ་པ། དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་པའི་ཕྱིར། ཆོས་ཐམས་ཅད་ལ་དབང་བྱེད་པའི་ཚུལ་ལ་འཇུག་པ་གསུང་ངོ་།། ། སྟོན་ཏོ།། རབ་ཏུ་སྟོན་ཏོ།། མོས་པར་མཛད་དོ།། འཛིན་དུ་འཇུག་གོ།། ཀློག་ཏུ་འཇུག་གོ། ཤེས་པར་མཛད་དོ།། རྣམ་པར་རིག་པར་མཛད་དོ།། རབ་ཏུ་ཤེས་པར་མཛད་དོ།། རབ་ཏུ་པར་མཛད་དོ། ། འགྲེལ་ཏོ།། རྣམ་པར་འབྱེད་དོ།། གསལ་བར་མཛད་དོ།། ཡང་དག་པར་རབ་ཏུ་སྟོན་ཏོ།། དེ་ནས་བཅོམ་ལྡན་འདས་དེ་ལྟ་བུ་ཤིན་ཏུ་གདོན་མི་ཟ་བའི་དོན་འདུས་པ་ཆེན་པོའི་ལེའུ་ཆོས་ཀྱི་རྣམ་གྲངས་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ན། ཤར་ཕྱོགས་ནས་གསེར་གྱི་འོད་ཆེན་པོ་སྣང་བར་གྱུར་ཏེ། གསེར་གྱི་འོད་སྣང་བ་དེས་རིན་པོ་ཆེ་བཀོད་བའི་ཕོ་བྲང་གི་དཀྱིལ་འཁོར་ཐམས་ཅད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་གསེར་གྱི་འོད་ཆེན་པོ་དེས་སྣང་བར་གྱུར་ཏོ།། དེ་བཞིན་གཤེགས་པའི་འོད་དང་། བྱང་ཆུབ་སེམས་དཔའ་དབང་བསྐུར་བ་ཐོབ་པ་རྣམས་ཀྱི་འོད་མ་གཏོགས་པར། གང་གཞན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་ཉི་མ་དང་། ཟླ་བའི་འོད་དང་། བརྒྱ་བྱིན། དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ཀྱི་འོད་དང་། ལྷ་དང་། མི་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། !། འཕྱེ་ཆེན་པོ་རྣམས་ཀྱི་འོད་དང་། མེ་དང་། ནོར་བུ་དང་། རིན་པོ་ཆེ་དང་། གློག་དང་། སྐར་མ་རྣམས་ཀྱི་འོད་ཐམས་ཅད་མོག་མོག་པོར་བྱས་ཏེ། ཟིལ་གྱིས་ནོན་ཅིང་སྤ་གོང་བར་གྱུར་ཏོ།། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འཇིག་རྟེན་གྱི་བར་ན་བསགས་པའི་གཟུགས་སུ་གྱུར་པ་དང་། མུན་གནག་མི་སྣང་བའི་གན་དུ་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ། འདི་ལྟར་དབང་ཆེ་བས་ཀྱང་། ལྷམ་མེ་ལྷན་ནེ་ལྷང་ངེར་མ་གྱུར་པ་དེ་དག་ཀྱང་འོད་དེས་ས་ལེར་གྱུར་ཏོ།། འོད་དེ་ལ་རྩཝ་དང་། ཤིང་གེལ་བ་དང་། སྨན་དང་། ནགས་ཚལ་རྣམས་སྒྲིབ་པར་མི་བྱེད་དོ། ། རི་ནག་པོ་རྣམས་མ་ཡིན། གངས་ཀྱི་རི་དང་། རི་རབ་དང་། ཁོར་ཡུག་དང་། ཁོར་ཡུག་གི་རི་ཆེན་པོ་དང་། རི་བཏང་བཟུང་དང་། བཏང་བཟུང་ཆེན་པོ་ཡང་རུང་སྟེ། རིའི་རྒྱལ་པོ་ཆེན་པོ་ཐམས་ཅད་ཀྱང་སྒྲིབ་པར་མི་བྱེད་དོ།། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ཡན་ཆད་ཐམས་ཅད་དུ་ཐལ་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ནས་ས་ལེར་གྱུར་ཏོ། ། གང་སེམས་ཅན་དམྱལ་བ་པ་རྣམས་དང་། བྱོལ་སོང་གི་སྐྱེ་གནས་པ་རྣམས་སམ། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ཀྱི་ལུས་ལ་འོད་དེས་ཕོག་པར་གྱུར་པ་དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཚོར་བ་མེད་པར་གྱུར་ཏེ། ལུས་དང་སེམས་རབ་ཏུ་ཚིམ་པར་གྱུར་ཅིང་བདག་ཉིད་བདེ་བ་ཐམས་ཅད་དང་ལྡན་པ་སྙམ་དུ་ཤེས་སོ། ། རིན་པོ་ཆེ་བཀོད་པའི་ཕོ་བྲང་གི་དཀྱིལ་འཁོར་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར། འཁོར་གྱི་དཀྱིལ་འཁོར་གྱི་ཁོར་ཡུག་ཐམས་ཅད་དུ་རིན་པོ་ཆེ་སྣ་བདུན་གྱི་པདྨོ་ཁ་ཚོན་ཤིང་རྟའི་འཁོར་ལོ་ཙམ་འདབ་མ་བྱེ་བ་བརྒྱ་སྟོང་དུ་མ་དྲི་ཞིམ་ཞིང་སྣ་ཚོགས་བལྟ་ན་སྡུག་པ་ཁ་དོག་དང་ལྡན་ཞིང་ཡིད་དུ་འོང་བ། སྟེང་རིན་པོ་ཆེའི་གདུགས་ཀྱི་དྲ་བས་གཡོགས་པ། ཀ་ཙ་ལིནཱི་ལྟར་འཇམ་ཞིང་རེག་ན་བདེ་བ་བྱེ་བ་ཕྲག་དྲུག་ཅུ་སའི་འོག་ནས་བྱུང་སྟེ་མངོན་པར་འཕགས་སོ། ། རིན་པོ་ཆེའི་པདྨོ་དེ་དག་རེ་རེ་ནས་དྲི་གང་བྱུང་བ་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དྲི་དེས་ཀུན་ཏུ་རྒྱུས་ཏེ། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་ལྷ་དང་མིའི་སྤོས་དེ་དག་ཐམས་ཅད་པདྨོའི་དྲི་དེས་ཟིལ་གྱིས་ནོན་པར་གྱུར་ཏོ།། ལྷ་དང་། མི་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱི་སྣའི་རྣམ་པར་ཤེས་པ་ལ་པདྨོའི་དྲི་ངེས་ཕོག་པ་དེ་དག་ཐམ་ཅད་ཀྱང་ཆོས་ཀྱི་དགའ་བ་དང་ལྡན་ཏེ། བདག་ཉིད་ཉོན་མོངས་པ་དང་བྲལ་བ་སྙམ་དུ་ཤེས་སོ།། ཚེ་དང་ལྡན་པ་དགའ་བོས་གསེར་གྱི་འོད་དང་། པདྨོ་བཀོད་པ་དེ་དག་བྱུང་བ་མཐོང་ནས་ཀྱང་ངོ་མཚར་དུ་གྱུར། རྨད་དུ་གྱུར་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཡས་པར་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟ་བུའི་འོད་བལྟ་ན་སྡུག་པ་འདི་རབ་ཏུ་གདའ་ཞིང་པདྨོ་བཀོད་པ་སྔོན་མ་མཐོང་མ་ཐོས་པ་འདི་ལྟ་བུ་བྱུང་བ་སུའི་ལྟས་སྔོན་དུ་བྱུང་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ། དགའ་བོ་འདི་ནི་ཤར་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་ཅུས་བསྐོར་ཅིང་མདུན་དུ་བདར་ནས་ལྷན་ཅིག་ཏུ་འོང་སྟེ། དེ་དག་འོང་བའི་ལྷས་སྔོན་དུ་བྱུང་བའོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་རིང་པོ་མ་ལོན་པར། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་ཆེར་གཡོ་བར་བྱེད་ཅིང་འོད་ཟེར་ནི་རབ་ཏུ་གཏོང་སྟེ། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཆེན་པོས་མེ་ཏོག་གི་ཆར་ཆེན་པོ་ནི་འབེབས། སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་། གླུ་རབ་ཏུ་ལེན་ཅིང་། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་ཅུས་བསྐོར་ཏེ། མདུན་དུ་བདར་ནས་ལྷན་ཅིག་ཏུ་རིན་པོ་ཆེ་བཀོད་པའི་ཕོ་བྲང་གི་དཀྱིལ་འཁོར་གང་ན་བ་དང་། བཅོམ་ལྡན་འདས་ག་ལ་བར་འོངས་ཏེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྟེང་གི་བར་སྣང་ལ་ཏ་ལ་བདུན་སྲིད་ན་འཁོད་ནས་ཐལ་མོ་སྦྱར་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་དབྱངས་ཀྱིས་གོ་བར་བྱེད་ཅིང་། བཅོམ་ལྡན་འདས་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། རྡུལ་མེད་རྡུལ་བྲལ་དཔའ་བོ་འདོད་ཆགས་བྲལ།། ཡེ་ཤེས་རབ་རིབ་མི་མངའ་སྤྱན་གསུམ་སྦྱངས།། ཉེས་བྱང་དྲི་མ་གསུམ་གྱི་ཐ་བ་སྤངས།། ། ཕྱག་འཚལ་རྡུལ་བྲལ་སངས་རྒྱས་ཐུགས་རྗེ་ཅན།། གཏི་མུག་དྲ་བ་བཅད་ཅིང་འཇིགས་དང་བྲལ།། སྟོབས་བཅུ་རྒོལ་བ་མང་པོས་ཐུལ་བར་དཀའ།། ལམ་ལོག་ཞུགས་པ་ཕ་རོལ་ཚོགས་སྐྲག་མཛད། ། སེང་གེ་ལྟ་བུར་མི་བསྙེངས་ས་ལ་གཤེགས།། ཉེས་པ་ཀུན་བྲལ་ས་དང་མཐོ་རིས་ན།། ཁྱོད་ཀྱི་ཡན་ལག་དྲི་མེད་འོད་རབ་འབར།། མུན་དང་རབ་རབ་མི་ཤེས་ཀུན་བསལ་ནས། ། སྤྲིན་གྱི་རྒྱ་གྲོལ་ཉི་མ་བཞིན་དུ་ལྷན།། འགྲོ་བ་འདི་རྣམས་སྐྱབས་མེད་སྡུག་བསྔལ་གྱུར།། རྒ་བས་མནར་ཅིང་སྐྱབས་དང་དཔུང་མེད་ལ།། སེམས་ཅན་མཆོག་གིས་སྙིང་རྗེ་བརྩེ་བསྐྱེད་ནས། ། སྨན་པ་བཞིན་དུ་གྲོལ་བར་མཛད་ཅིང་གཤེགས།། སྲིད་མཚོ་མ་རིག་གཏིང་དང་རྒལ་དཀའ་དང་།། ཉོན་མོངས་རྣམ་རྟོག་སྣ་ཚོགས་དཔའ་གློང་ལས།། གཞན་ལས་མ་ཐས་བདག་ཉིད་རབ་རྒལ་ཏེ། ། པདྨོ་བཞིན་དུ་ཆགས་པ་མེད་པར་གཤེགས།། ཆོས་འདི་ཐམས་ཅད་རང་བཞིན་བདག་མེད་དེ།། རི་ཁྲོད་སྒྲ་བཞིན་དུ་ཡང་རྐྱེན་ལས་བྱུང་།། མ་བྱས་བྱེད་པ་པོ་དང་ཚོར་མེད་པར། ། འཇིག་རྟེན་མགོན་པོ་སེམས་ཅན་ཕན་ཕྱིར་གསུངས།། འཇིག་རྟེན་ཆོས་རྣམས་རི་ཡི་ཆུ་བཞིན་གཡོ།། མི་མཁས་སྐྱེ་བོས་བསྙེམས་པའི་སྙིང་པོ་མེད།། སྟོན་ཀའི་སྤྲིན་བཞིན་ཐམས་ཅད་ཆོས་མཁྱེན་ནས། ། སྲིད་ལས་རྒལ་ཅིང་སྲིད་པ་ཀུན་ལ་སྨོད།། པདྨོ་དམར་པོ་པདྨོ་རྒྱས་འདྲའི་སྤྱན།། གཟི་བརྗིད་ཉི་མ་ཟླ་བ་བརྒྱ་ལས་འདས།། འཇིག་རྟེན་ཀུན་གྱིས་བསྟོད་བསྔགས་བསྟོད་པར་འོས། ། མི་འདུལ་མཉམ་དང་བྲལ་ལ་ཕྱག་འཚལ་ལོ།། མི་ཡི་ཁྱུ་མཆོག་མཐའ་ཡས་ཕ་རོལ་གཤེགས།། ཡོན་ཏན་ཁྱད་པར་ཀུན་གྱི་ཕ་རོལ་ཕྱིན།། བདེ་གཤེགས་ཡོན་ཏན་འདི་དང་དཔག་ཏུ་མེད། ། སངས་རྒྱས་བསོད་ནམས་ཞིང་ལ་མགོས་ཕྱག་འཚལ།། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་ཅུ་པོ་དེ་དག་དང་བཅས་པས། བཅོམ་ལྡན་འདས་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས། སྟེང་གི་བར་སྣང་ལས་བབས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ནས། འཁོར་དང་བཅས་ཏེ་པདྨོའི་སྙིང་པོ་དེ་དག་ལ་སྐྱིལ་མོ་ཀྲུང་དུ་འཁོད་དོ། ། དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་འདི་གང་ནས་མཆིས། དེ་བཞིན་གཤེགས་པ་དེའི་མཚན་དང་། འཇིག་རྟེན་གྱི་ཁམས་དེའི་མིང་ཅི་ཞེས་བགྱི། འཇིག་རྟེན།། གྱི་ཁམས་དེ་འདི་ནས་ཇི་སྲིད་ཅིག་ན་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ། དེའི་ཕྱིར་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་འདི་ལ་དྲིས་ཤིག། དང་། འདི་ཉིད་ཁྱོད་ལ་སྟོན་ཏོ།། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་གང་ནས་འོངས། དེ་བཞིན་གཤེགས་པ་དེའི་མཚན་དང་། འཇིག་རྟེན་གྱི་ཁམས་དེའི་མིང་ཅི་ཞེས་བྱ། འཇིག་རྟེན་གྱི་ཁམས་དེ་འདི་ནས་ཇི་སྲིད་ཅིག་ན་ཡོད། བློ་གྲོས་མི་ཟད་པས་སྨྲས་པ། གནྡ་བརྟན་ཤཱ་རིའི་བུ་ལ་ད་དུང་དུ་ཡང་འོང་བ་དང་འགྲོ་བའི་འདུ་ཤེས་འབྱུང་ངམ། སྨྲས་པ། རིགས་ཀྱི་བུ་བདག་གིས་འདུ་ཤེས་ནི་ཀུན་ཤེས་སོ།། སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདུ་ཤེས་ཀུན་ཤེས་པ་ནི་གཉིས་ཀ་ལ་བློ་མི་འཇུག་ན། དེ་ཅིའི་ཕྱིར་ཁྱོད་འདི་ལྟར་གང་ཁྱོད་གང་ནས་འོངས་སྙམ་དུ་སེམས། བཙུན་པ་ཤཱ་ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་ནི་བསྡུ་བའི་ཚིག་གོ། བཙུན་པ་ཤཱ་ར་དྭ་ཏིའི་བུ། འགྲོ་བ་ཞེས་བྱ་བ་དེ་ནི་བསལ་བའི་ཚིག་གོ།། གང་ལ་བསྡུ་བའི་ཚིག་མེད་པ་དང་། བསལ་བའི་ཚིག་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད་དེ། འོང་བ་དང་འགྲོ་བ་མེད་པ་ནི་འཕགས་པ་རྣམས་ཀྱིས་འགྲོ་བའོ། ། བཙུན་པ་ཤཱ་ར་དྭ་ཏིའི་བུ། འོང་བ་ཞེས་བྱ་བ་དེ་ནི་ལས་ཀྱི་རང་བཞིན་གྱི་མཚན་ཉིད་དོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ་འགྲོ་བ་ཞེས་བྱ་བ་དེ་ནི་ལས་ཀྱི་རང་བཞིན་ཟད་པའི་མཚན་ཉིད་དོ། ། གང་ལ་ལས་ཀྱི་རང་བཞིན་གྱི་མཚན་ཉིད་མེད་པ་དང་། ལས་ཀྱི་རང་བཞིན་ཟད་པའི་མཚན་ཉིད་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད་དེ། འགྲོ་བ་དང་འོང་བ་མེད་པ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་སྨོན་ལམ་གྱི་མཚན་ཉིད་དོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ་འགྲོ་བ་ཞེས་བྱ་བ་དེ་ནི་སྨོན་ལམ་ཟད་པའི་མཚན་ཉིད་དོ། ། གང་ལ་སྨོན་ལམ་གྱི་མཚན་ཉིད་དང་། སྨོན་ལམ་ཟད་པའི་མཚན་ཉིད་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད་དེ། འོང་བ་དང་འགྲོ་བ་མེད་པ་ནི་འཕགས་པ་ཉིད་ཀྱི་འགྲོ་བའོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་སྐྱེ་བའི་མཚན་ཉིད་དོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། འགྲོ་བ་ཞེས་བྱ་བ་དེ་ནི་འགོག་པའི་མཚན་ཉིད་དོ།། གང་ལ་སྐྱེ་བའི་མཚན་ཉིད་མེད་པ་དང་། འགོག་པའི་མཚན་ཉིད་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད་དེ། འོང་བ་དང་འགྲོ་བ་མེད་པ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ། ། བཙུན་པ་ཤཱ་ར་དཱ་ཏིའི་བུ། འོང་བ་ཞེས་བྱ་བ་དེ་ནི་རྣམ་པར་རིག་པའི་སྒོའི་མཚན་ཉིད་དོ།། བཙུན་པ་ཤཱ་ར་དཱ་ཏིའི་བུ། འགྲོ་བ་ཞེས་བྱ་བ་དེ་ནི་རྣམ་པར་རིག་པའི་སྒོ་ཟད་པའི་མཚན་ཉིད་དོ། ། གང་ལ་རྣམ་པར་རིག་པའི་མཚན་ཉིད་མེད་པ་དང་། རྣམ་པར་རིག་པའི་སྒོ་ཟད་པའི་མཚན་ཉིད་མེད་པ་དེ་ལ་འོང་བ་ཡང་མེད།། འགྲོ་བ་ཡང་མེད་དེ། འོང་བ་དང་འགྲོ་བ་མེད་པ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། འོང་བ་ཞེས་བྱ་བ་དེ་ནི་འོང་བའི་ཡུལ་ལོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། འགྲོ་བ་ཞེས་བྱ་བ་དེ་ནི་འགྲོ་བའི་ཡུལ་ལོ། ། གང་ལ་འོང་བའི་ཡུལ་མེད་པ་དང་། འགྲོ་བའི་ཡུལ་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད་དེ། འོང་བ་དང་འགྲོ་བ་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ།། ། བཙུན་པ་ཤཱ་ར་དྭ་ཏིའི་བུ། འོང་བ་ཞེས་བྱ་བ་དེ་ནི་རྐྱེན་གྱི་མཚན་ཉིད་དོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ་འགྲོ་བ་ཞེས་བྱ་བ་དེ་ནི་རྐྱེན་ཟད་པའི་མཚན་ཉིད་དོ།། གང་ལ་རྐྱེན་གྱིས་མཚན་ཉིད་ཟད་པ་དང་། རྐྱེན་ཟད་པའི་མཚན་ཉིད་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད་དེ། འོང་བ་དང་འགྲོ་བ་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། འོང་བ་ཞེས་བྱ་བ་དེ་ནི་རྟེན་ཅིང་འབྲེལ་པབར་འབྱུང་བའི་མཚན་ཉིད་དོ། ། བཙུན་པ་ཤཱ་ར་དྭ་ཏིའི་བུ། འགྲོ་བ་ཞེས་བྱ་བ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཟད་པའི་མཚན་ཉིད་དོ།། གང་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་མེད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཟད་པའི་མཚན་ཉིད་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད་དེ། འོང་བ་ཡང་མེད། འགྲོ་བ་ཡང་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། འོང་བ་ཞེས་བྱ་བ་དེ་ནི་རྒྱུ་ལས་བྱུང་བའི་མཚན་ཉིད་དོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། འགྲོ་བ་ཞེས་བྱ་བ་དེ་ནི་རྒྱུ་ལས་བྱུང་བ་ཟད་པའི་མཚན་ཉིད་དོ།། གང་ལ་རྒྱུ་ལས་བྱུང་བའི་མཚན་ཉིད་མེད་པ་དང་། རྒྱུ་ལྔ། བྱུང་བ་ཟད་པའི་མཚན་ཉིད་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད་དེ། འོང་བ་དང་འགྲོ་བ་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། འོང་བ་ཞེས་བྱ་བ་དེ་ནི་ཐ་སྙད་ཀྱི་སྒྲ་དང་། ཡི་གེ་དང་བརྡའོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། འགྲོ་བ་ཞེས་བྱ་བ་དེ་ནི་ཐ་སྙད་ཀྱི་སྒྲ་དང་། ཡི་གེ་དང་། བརྡ་ཀུན་ཤེས་པའོ།། གང་ལ་ཐ་སྙད་ཀྱི་སྒྲ་དང་། ཡི་གེ་དང་བརྡ་མེད་པ་དང་། ཐ་སྙད་ཀྱི་སྒྲ་དང་། ཡི་གེ་དང་བརྡ་ཀུན་ཤེས་པ་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད་དེ། འོང་བ་དང་འགྲོ་བ་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ།། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་ཀྱི་སྤོབས་པ་འདི་ལྟ་བུའི་ཕྱིར་མ་ཡིན་གྱི། ཅི་ནས་དེ་ལྟ་བུ། སྔོན་མ་ཐོས་པའི་གནས་རྣམས་མཉན་པའི་ཕྱིར་འདྲིའོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཡུལ་བཙས་དང་ཤོ་གམ་གཅོད་པའི་སྐྱེས་བུ་ཞིག་ཡོད་དེ། དེས་མི་རིང་ངམ་ཁུར་ཐོགས་ཏེ། ལམ་ནཱ། འགྲོ་བའི་མི་ཞིག་ལ། ཀྱེ་སྐྱེས་བུ་ཁྱོད་ཅི་ཞིག་ཐོགས་ཞེས་འདྲི་ཞིང་། ང་ལ་ཡུལ་བཙས་དང་ཤོ་གམ་བྱིན་ཅིག་ཅེས་ཟེར་བ་དེ་བཞིན་དུ། རིགས་ཀྱི་བུ་བདག་ཅག་ཉན་ཐོས་གཞན་གྱི་སྒྲའི་རྗེས་སུ་འགྲོ་བ་གཞན་ལས་ཐོས་པ་ལ་མོས་པ་བདག་གི་སེམས་ཀྱི་རྒྱུད་ལ་སྣང་བ་ཉེ་བར་གནས་པ་རྣམས་ཀྱིས་རྟག་ཏུ་རྒྱུན་མི་འཆད་པར་ཁྱོད་ལྟ་བུ་སྐྱེས་བུ་དམ་པ་རྣམས་ལ་གང་ལས་ཉན་ཐོས་དང་། རང་སངས་རྒྱས་མང་པོ་འབྱུང་བར་འགྱུར་བའི་ཐེག་པ་ཆེན་པོ་འདི་རྗེས་སུ་གཟུང་བའི་ཕྱིར་དྲི་བར་བྱ་སྟེ། དེ་བས་ན་རིགས་ཀྱི་བུ་ཁྱོད་གང་ནས་འོངས། དེ་བཞིན་གཤེགས་པ་དེའི་མཚན་དང་། འཇིག་རྟེན་གྱི་ཁམས་དེའི་མིང་ཅི་ཞེས་བྱ། འཇིག་རྟེན་གྱི་ཁམས་དེ་འདི་ནས་ཇི་སྲིད་ཅིག་ན་ཡོད་པ་ལེགས་པར་སྟོན་ཅིག། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ། དེ་བཞིན་གཤེགས་པ་འདི་ཁྱོད་ཀྱི་མདུན་ན་བཞུགས་ཀྱིས། འདི་ལ་ཞུས་ཤིག་དང་། དེས་ཁྱོད་ལ་ལན་ལྡོན་པར་འགྱུར་ཏེ། འཁོར་ཐམས་ཅད་ཀྱི་ཐེ་ཚོམ་མེད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ། དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་འདི་གང་ནས་མཆིས། དེ་བཞིན་གཤེགས་པ་དེའི་མཚན་དང་། འཇིག་རྟེན་གྱི་ཁམས་དེའི་མིང་ཅི་ཞེས་བགྱི། འཇིག་རྟེན་གྱི་ཁམས་དེ་འདི་ནས་ཇི་སྲིད་ཅིག་ན་མཆིས། འདི་ལྟར་དེ་བཞིན་གཤེགས་པ་དེའི་མཚན་དང་། དེ་བཞིན་གཤེགས་པ་དེའི་ཞིང་གི་མིང་ཐོས་ནས། ཚད་མེད་གྲངས་མེད་པའི་སེམས་ཅན་གྱིས་བྱང་ཆུབ་ཀྱི་གོ་ཆ་གྱོན་པར་འགྱུར་བར་དེ་བཞིན་གཤེགས་པས་བསྟན་དུ་གསོལ། བཅོམ་ལྡན་འདས་བདེ་བར་གཤེགས་པས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་ངས་ཁྱོད་ལ་བཤད་དོ། ། འཇིག་རྟེན་གྱི་ཁམས་དེའི་ཡོན་ཏན་ཡོངས་སུ་བརྗོད་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དེ་བཞིན་གཤེགས་པ་དེའི་མིང་ཐོས་ནས་དད་པ་དང་མོས་བས། དེ་བཞིན་གཤེགས་པའི་ཡེ་ཤེས་མི་ཆགས་ཤིང་སྒྲིབ་པ་མེད་པ་ལ་སྐྲག་པར་མི་བྱའོ།། ཐེ་ཚོམ་ཟ་བར་མི་བྱའོ།། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས། བཅོམ་ལྡན་འདས་ལ་སླར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པ་བཅུའི་རྡུལ་ཕྲ་རབ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། མི་འཛུམས་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ཀུན་ཏུ་བཟང་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟར་བཞུགས་ཏེ་འཚོ་ཞིང་སྐྱོང་ལ་ཆོས་ཀྱང་འཆད་དེ། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་དེ་ནས་འོངས་སོ།། ཤཱ་ར་དྭ་ཏིའི་བུ་མི་འཛུམས་པའི་འཇིག་རྟེན་གྱི་ཁམས་དེ་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མིང་ཡང་མེད་དེ། དེ་བཞིན་གཤེགས་པ་དེའི་དགེ་འདུན་ཡང་བྱང་ཆུབ་སེམས་དཔའ་འབའ་ཞིག་སྟེ། སྔོན་ཡོངས་སུ་སྦྱང་བ་བྱས་པ། སྦྱིན་པ་དང་། དུལ་བ་དང་། མི་འགྱུར་བ་དང་། དེས་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། བག་ཡོད་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ལ་རབ་ཏུ་གནས་པ། བཟོད་པའི་སྟོབས་ཀྱིས་ཁོང་ཁྲོ་བ་མེད་པ། བྱང་ཆུབ་ཏུ་བརྩོན་འགྲུས་བརྟན་པས་དགེ་བའི་རྩ་བའི་ཚོགས་བསགས་པ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པས་རྣམ་པར་རོལ་པའོ།། ཤེས་རབ་ཀྱི་འོད་དང་། སྣང་བ་ཆེན་པོས་སངས་རྒྱས་ཀྱིས་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བ་བསྟན་པའི་ཡེ་ཤེས་ལ་མཁས་པ། བྱམས་པའི་སེམས་ནམ་མཁའ་དང་མཚུངས་པ། སྙིང་རྗེའི་བསམ་པ་བརྟན་པས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཆོ་ག་ཤེས་པ། དགའ་བས་ཆོས་ལ་ཡང་དག་པར་དགའ་བར་བྱེད་པ། ཉེས་པ་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། ང་རྒྱལ་ཤིན་ཏུ་སྤངས་པ། བཏང་སྙོམས་ཀྱིས་གཉིས་དང་བྲལ་བ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་ཀྱི་ཚུལ་ལ་རབ་ཏུ་གནས་པ། བདུད་ཀྱི་ལྕགས་ཀྱུ་དང་། ཉོན་མོངས་པ་འཐབ་མོའི་རྙོག་པ་རྣམ་པར་སེལ་བ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་། དབང་པོའི་མཆོག་དང་། མཆོག་མ་ཡིན་པ་ཤེས་པའི་རྣམ་པར་རིག་པ། སོ་སོར་ཅི་རིགས་པར་ཆོས་ཀྱི་ནོར་གྱི་ཡེ་ཤེས་རབ་ཏུ་སྦྱིན་པ། སེམས་ས་དང་། ཆུ་དང་། མེ་དང་། རླུང་དང་མཚུངས་པ། ཕ་རོལ་རྒོལ་བ་དང་། ལོག་པའི་ཚོགས་ཅན་གྱི་ཚོགས་ཐམས་ཅད་རབ་ཏུ་འཇོམས་པ། གཡུལ་ལས་རྣམ་པར་རྒྱལ་ཏེ། རྒྱལ་མཚན་དང་། བ་དྲན་སྒྲེང་ཞིང་མི་ཟློག་པར་དཔའ་བ། སངས་རྒྱས་ཀྱི་ཆོས་ཟབ་མོ་དང་། སྟོབས་བཅུ་དང་། མི་འཇིགས་པས་འཁོར་གྱི་འཇིགས་པ་དང་། བག་ཚ་བ་མེད་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ། ཡོད་པ་དང་། མེད་པ་དང་། གཉིས་ཀའི་མཐར་ལྟ་བ་དང་བྲལ་བ། དབུ་མའི་ལམ་དུ་ཞུགས་པ། བདག་དང་བདག་གི་དང་། སེམས་ཅན་དང་། སྲོག་དང་སྐྱེ་བ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་ལས་སྐྱེས་པ་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། རྟག་པ་དང་། ཆད་པ་དང་འབྱུང་བ་དང་། འཇིགས་པ་དང་། ལྟ་བར་གྱུར་པའི་ཀུན་ནས་ལྡང་བ་ཐམས་ཅད་དང་བྲལ་བ། གཟུངས་དང་། མདོ་སྡེའི་རྒྱལ་པོ་དང་། དེ་བཞིན་གཤེགས་པའི་ཕྱག་རྒྱས་བཏབ་པ། ཆགས་པ་མེད་པའི་ཡེ་ཤེས་ཀྱི་བྱིན་གྱི་རླབས་ཀྱིས། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་སྒྲ་བསྒྲགས་ཀྱང་། སྤོབས་པ་རྒྱུན་མི་འཆད་པ། སངས་རྒྱས་ཀྱི་རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་སྟོན་པས། སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་གནོན་པ་དང་རྣམ་པར་གནོན་པ་དང་། འགྲོ་བ་དང་འོང་བ་ལ་མཁས་པ་འཇིགས་པ་དང་། ཁྲོ་བ་དང་། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ཀུན་ཆད་པས། སེང་གེའི་སྒྲ་མངོན་པར་བསྒྲགས་པ། སེམས་ཅན་རབ་འབྲིང་ཐ་མ་ཐམས་ཅད་ཀྱི་བཤེས་གཉེན་བརྟན་པ། རབ་ཏུ་མྱ་ངན་ལས་འདས་པ་འགོད་པ། ཆོས་ཀྱི་སྤྲིན་ལས་འཇུག་གི་སྒྲ་འབྱུང་ཞིང་། རིག་པ་དང་། རྣམ་པར་གྲོལ་བའི་གློག་དང་། བདུད་རྩིའི་ཆར་རབ་ཏུ་འབེབས་པ། ཆོས་རིན་པོ་ཆེ་རབ་ཏུ་གཏོར་བས། དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་བྱེད་པ། ནོར་བུ་རིན་པོ་ཆེ་ལྟ་བུར་བསམ་པ་དག་ཅིང་། ཕྱི་ནང་དུ་བློ་རབ་ཏུ་སྦྱངས་པ། མཚན་དང་དཔེ་བྱད་བཟང་པོའི་མཆོག་དང་། རང་གི་གཟི་བརྗིད་ཀྱི་རྒྱན་དང་། དགེ་བའི་རྩ་བ་བརྒྱ་སྟོང་གིས་ཤིན་ཏུ་བརྒྱན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་བསྐུར་བར་སྐྱེ་བ་གཅིག་གིས་ཐོགས་པས་རྒྱལ་ཚབ་ཏུ་གྱུར་པ། སེམས་ཅན་ཐམས་ཅད་ཀྱི་མོས་པ་དང་། རྣམ་པར་རོལ་པ་དང་། འདུལ་བ་རྣམས་ལ་འདུལ་བའི་ཆོ་ག་ཤེས་པ། བྱང་ཆུབ་ཀྱི་སའི་སྙིང་པོ་རྡོ་རྗེའི་གདན་གནོན་པ་དང་། རྣམ་པར་གནོན་པ་ལ་མི་འཇིགས་པའི་ཐབས་ཤེས་པ། སངས་རྒྱས་ཐམས་ཅད་ཀྱི་བྱ་བ་དང་། སངས་རྒྱས་ཀྱི་སྐུ་རབ་ཏུ་སྟོན་ཅིང་རབ་ཏུ་བཟུང་བ་དང་། ཚར་གཅོད་པས་སེམས་ལ་དཔའ་ཞིང་དབང་བྱེད་པ་དང་། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་རབ་ཏུ་བསྐོར་བ་ཤ་སྟག་སྟེ། ཤཱ་ར་དྭ་ཏིའི་བུ། བཅོམ་ལྡན་འདས་དེའི་དགེ་འདུན་ནི་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ཤ་སྟག་གོ།། དེ་ནས་འཁོར་དེ་དག་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའ་དེ་དག་གི་འདི་ལྟ་བུའི་བསྔགས་པ་དང་། ཡོན་ཏན་གྱི་ལེགས་པ་འདི་ཐོས་ནས། དགའ་ཞིང་མགུ་རངས་ཏེ། རབ་ཏུ་དགའ་བ་དང་། མོས་པ་དང་། ཡིད་བདེ་བ་སྐྱེས་ནས། འཕྲུལ་གྱི་མེ་ཏོག་ཨུཏྤལ་དང་། པདྨ་དང་། ཀུ་མུ་ད་དང་། པུནྣ་རི་ཀ་དང་། མནྡཱ་ར་བ་དང་། མནྡ་ར་བ་ཆེན་པོས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་ལ་གཏོར་ནས། ཆེད་དུ་བརྗོད་པ་འདི་སྐད་བརྗོད་དོ།། སྐྱེས་བུ་དམ་པ་འདི་འདྲ་བ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་རྙེད་པ་ནི་བདག་ཅག་གིས་ཐོབ་པ་རབ་ཏུ་ཐོབ་བོ།། གང་གིས་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ལེགས་པ་འདི་ངག་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་ཅན་དེ་དག་གིས་ཀྱང་ཐོབ་པ་རབ་ཏུ་ཐོབ་བོ།། དེ་ན་སྲོག་ཆགས་བརྒྱ་སྟོང་ཕྲག་སུམ་ཅུ་རྩ་དྲུག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། གནས་བརྟན་ཤཱ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་ཡང་མི་འཛུམས་པའི་འཇིག་རྟེན་གྱི་ཁམས་དེ་ན་ངན་སོང་དང་། མི་ཁོམ་པ་དང་། སྡུག་བསྔལ་གྱི་སྒྲ་ཡང་མེད། ལྟུང་བའི་འཁྲུལ་པ་དང་། ཉོན་མོངས་པའི་སྒྲ་ཡང་མེད། ལོག་པའི་ཡོན་ཏན་དང་། བསླབ་པ་ལས་འདས་པའི་སྒྲ་ཡང་མེད། བུད་མེད་དུ་སྐྱེ་བར་འགྱུར་བའི་སྒྲ་ཡང་མེད། སར་ས་དང་། ངན་པའི་ངང་། ཚུལ་དང་། གནོད་སེམས་དང་། ལེ་ལོ་དང་། གཡེང་བ་དང་། འཆལ་པའི་ཤེས་རབ་ཀྱི་སྒྲ་ཡང་མེད། སྒྲིབ་པ་དང་། ཆོད་པ་དང་། ཀུན་ནས་ལྡང་བ་དང་། བག་ཆགས་ཀྱི་སྒྲ་ཡང་མེད། རབ་འབྲིང་ཐ་མའི་སྒྲ་ཡང་མེད། སེམས་ཅན་དང་། ཐེག་པ་དང་། ཞིང་ཐ་དད་པའི་སྒྲ་ཡང་མེད། སངས་རྒྱས་ཐ་དད་པའི་སྒྲ་ཡང་མེད། ཆོས་ཐ་དད་པའི་སྒྲ་ཡང་མེད། དགེ་འདུན་ཐ་དད་པའི་སྒྲ་ཡང་མེད། བཟའ་བ་དང་། བཏུང་བ་དང་། བཀྲེས་པ་དང་། སྐོམ་པའི་སྒྲ་ཡང་མེད། ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་། ཡོངས་སུ་བཟུང་བའི་སྒྲ་ཡང་མེད། བདུད་ཀྱི་ལྟ་བ་ཀུན་ནས་ལྡང་བ་དང་། བག་ཆགས་ཀྱི་སྒྲ་ཡང་མེད་དོ།། འཇིག་རྟེན་གྱི་ཁམས་དེ་ནི་ཡངས་ཤིང་རྒྱ་ཆེ་སྟེ། གླིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་ཡོད་དེ། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱིས། ཉི་མ་དང་ཟླ་བ་གཅིག་གི་འོད་ཀྱིས་ཀུན་ཏུ་སྣང་ངོ་།། འཇིག་རྟེན་གྱི་ཁམས་དེ་ཡང་ལ་མཐིལ་བཞིན་དུ་མཉམ་ཞིང་། བཻ་ནུརྱ་སྔོན་པོའི་ས་གཞི་ལ་རིན་པོ་ཆེ་ཐམས་ཅད་ཀྱི་པདྨོས་རབ་ཏུ་སྦས་ཏེ། ཀ་ཙ་ལིནྡི་ཝཱར་འཇམ་ཞིང་རེག་ན་བདེ་བ་རེ་ཌཱུར་བྲེས་ཤིང་། རིན་པོ་ཆེ་ཤིང་གི་རབས་ཀུན་བརྒྱན་པ། རྟག་ཏུ་མེ་ཏོག་རྒྱས་པས་མཛེས་པར་བྱས་པ། རྡོ་དང་། གསེག་མ་དང་། གྱོ་མོ་དང་། བོང་བ་དང་། རི་ནག་པོ་མེད་དེ། རི་རབ་ཀྱིས་ཤིན་ཏུ་བརྒྱན་པ། ལྷ་དང་མི་ཀུན་ཏུ་ལོངས་སྤྱོད་པ་བྱེ་བྲག་མེད་ཅིང་སེམས་ཅན་དེ་དག་གི་ཟས་ཀྱང་ཆོས་ཀྱི་དགའ་བ་དང་། བསམ་གཏན་གྱི་ཟས་ཏེ། འཇིག་རྟེན་གྱི་ཁམས་དེ་ན། ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པོ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་མ་གཏོགས་པར་རྒྱལ་པོ་གཞན་གང་ཡང་མེད་དོ། ། བཅོམ་ལྡན་འདས་དེ་ཡང་བྱང་ཆུབ་སེམས་དཔའ་དེ་དག་ལ་ཡི་གེ་དང་། སྒྲའི་དང་། བརྡའི་ཚིག་རབ་ཏུ་དབྱེ་བས་ཆོས་མི་སྟོན་ཏེ། གཞན་དུ་ན་བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་དེའི་དྲུང་དུ་ལྷགས་ཏེ། མིག་མི་འཛུམས་པར་བལྟས་པས། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་རབ་ཏུ་ཐོབ་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པར་ལུང་བསྟན་པ་ཡང་བྱིན་ནོ།། དེའི་ཕྱིར་ན་འཇིག་རྟེན་གྱི་ཁམས་དེ་ཡང་མི་འཛུམས་པ་ཞེས་བྱའོ།། དེ་ལ་སངས་རྒྱས་རྗེས་སུ་དྲན་པ་གང་ཞེ་ན། གང་གཟུགས་ཀྱི་མཚན་ཉིད་ཀྱིས་རབ་ཏུ་མ་ཕྱེ་བ། ཚེ་དང་། རིགས་དང་། རུས་དང་། ཆོ་རིགས་ཀྱིས་རབ་ཏུ་མ་ཕྱེ་བ། སྔོན་གྱི་མཐའི་དཀར་པོའི་སྤྱོད་པས་རབ་ཏུ་མ་ཕྱེ་བ་ཕྱི་མའི་མཐའི་ཤེས་པ་ལ་སེམས་པས་རབ་ཏུ་མ་ཕྱེ་བ། ད་ལྟར་བྱུང་བ་ལ་གནས་པས་རབ་ཏུ་མ་ཕྱེ་བ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱིས་རབ་ཏུ་མ་ཕྱེ་བ་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་རིག་པས་རབ་ཏུ་མ་བྱེ་བ། སེམས་དང་། ཡིད་དང་། རྣམ་པར་ཤེས་པས་རབ་ཏུ་མ་ཕྱེ་བ། སྤྲོས་པ་དང་། རྒྱུ་བས་རབ་ཏུ་མ་ཕྱེ་བ། སྐྱེ་བ་དང་། གནས་པ་དང་། འཇིག་པས་རབ་ཏུ་མ་ཕྱེ་བ། གཟུང་བ་དང་། རྩོད་པ་དང་། གཏང་བས་རབ་ཏུ་མ་ཕྱེ་བ། དྲན་པ་དང་། ཡིད་ལ་བྱེད་པས་རབ་ཏུ་མ་ཕྱེ་བ། རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པས་རབ་ཏུ་མ་ཕྱེ་བ། ཆོས་ཀྱི་མཚན་ཉིད་དང་། རང་གི་མཚན་ཉིད་ཀྱིས་རབ་ཏུ་མ་ཕྱེ་བ་གཅིག་དང་ཐ་དད་པ་དང་། སོ་སོ་བས་རབ་ཏུ་མ་ཕྱེ་བ། སེམས་ཀྱི་དམིགས་པ་བགྲང་བས་རབ་ཏུ་མ་ཕྱེ་བ། ནང་དང་ཕྱིར་གཡོ་བས་རབ་ཏུ་མ་ཕྱེ་བ། རྣམ་པར་རྟོག་པའི་མཚན་མ་དང་། བླང་བ་དང་། དོར་བས་རབ་ཏུ་མ་ཕྱེ་བ། ཁ་དོག་དང་། དབྱིབས་དང་། མཚན་མས་རབ་ཏུ་མ་ཕྱེ་བ། སྤྱོད་ལམ་དང་། སྤྱད་པ་དང་། སྤྱོད་པས་རབ་ཏུ་མ་ཕྱེ་བ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་པོའི་ཡེ་ཤེས་མཐོང་བ་ཡིད་ལ་བྱེད་པས་རབ་ཏུ་མ་ཕྱེ་བ། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པར་སྒྲོ་བཏགས་པས་རབ་ཏུ་མ་ཕྱེ་བ་ཡིན་ཏེ། འདི་ལྟར་སངས་རྒྱས་རྗེས་སུ་དྲན་པ་ནི་བསམ་གྱིས་མི་ཁྱབ་པ། རྒྱུ་བ་མེད་པ། རྣམ་པར་མི་རིག་པའི་མཚན་ཉིད་དེ། ངའི་བ་མེད་པ། ཡིད་ལ་བྱེད་པ་དང་བྲལ་བ། མི་དྲན་པ་ཡིད་ལ་བྱེད་པ་མེད་པའི་གནས། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་འབྱུང་བ་དང་། འཇིག་པའི་གནས་མ་ཡིན། ཐོགས་པ་མ་ཡིན། འཇུག་པ་མ་ཡིན། གནས་པ་མ་ཡིན་མི་གནས་པ་མ་ཡིན། རབ་ཏུ་གནས་པ་མ་ཡིན། ཡང་དག་པར་གནས་པ་མ་ཡིན། གཟུགས་ཀྱི་རྣམ་པར་ཤེས་པའི་གནས་པ་མ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པས་ཤེས་པར་བྱ་བའི་གནས་མ་ཡིན། སའི་ཁམས་ཀྱི་རྣམ་པར་ཤེས་པའི་གནས་མ་ཡིན། ཆུའི་ཁམས་ཀྱི་མ་ཡིན། མེའི་ཁམས་ཀྱི་མ་ཡིན། རླུང་གི་ཁམས་ཀྱི་མ་ཡིན། རྣམ་པར་ཤེས་པའི་ཁམས་ཀྱི་གནས་མ་ཡིན། མིག་དང་གཟུགས་ཀྱི་རྣམ་པར་ཤེས་པའི་གནས་མ་ཡིན། དེ་བཞིན་དུ་རྣ་བའི་མ་ཡིན། སྒྲའི་མ་ཡིན། སྣའི་མ་ཡིན། དྲིའི་མ་ཡིན། ལྕེའི་མ་ཡིན། རོའི་མ་ཡིན། ལུས་ཀྱི་མ་ཡིན། རེག་བྱའི་མ་ཡིན། ཡིད་ཀྱི་མ་ཡིན། ཆོས་ཀྱི་རྣམ་པར་ཤེས་པའི་གནས་མ་ཡིན་ནོ།། ཡང་སངས་རྒྱས་རྗེས་སུ་དྲན་པ་ནི་དམིགས་པ་ཐམས་ཅད་ལ་མི་གནས་པའོ།། མཚན་མ་ཐམས་ཅད་མི་ལྡང་བའོ།། གཡོ་བ་དང་། སེམས་པ་དང་། སྤྱོད་པ་ཐམས་ཅད་ཀྱི་རྒྱུ་བ་མེད་པའོ།། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་རིག་པ་མི་སྐྱེ་བའོ།། དབང་པོ་དང་། རྣམ། པར་གྲོལ་བའི་མཚན་ཉིད་ཐམས་ཅད་ཀྱི་རྗེས་སུ་མི་འགྲོ་བའོ།། སེམས་གཅིག་ནས་གཅིག་ཏུ་མཚམས་སྦྱོར་བ་མེད་པའོ།། རྟོག་པ་དང་། རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའོ། ། ཉེས་པ་དང་། ཆགས་པ་དང་། ཁོང་ཁྲོ་བ་བཅོམ་པའོ།། རྒྱུའི་མཚན་ཉིད་རྣམ་པར་ཆད་པའོ།། ཕ་རོལ་དང་། ཚུ་རོལ་དང་། དཔུང་དང་། མཐར་འཛིན་པ་ཐམས་ཅད་ཡང་དག་པར་ཆད་པའོ། ། སྒྲོ་བཏགས་པ་མེད་པས་འོད་གསལ་བའོ།། ཕྱེ་བ་མེད་པའི་ཕྱིར་དགའ་བ་མེད་པའོ།། མྱང་བ་མེད་པའི་ཕྱིར་བདེ་བ་མེད་པའོ།། ཐོག་མ་ནས་ཞི་བས་ཡོངས་སུ་གདུང་བ་མེད་པའོ། ། འབད་པ་ཐམས་ཅད་དང་བྲལ་བས་རྣམ་པར་གྲོལ་བའི་མཚན་ཉིད་དོ།། གཟུགས་མེད་པས་ལུས་མེད་པའོ།། ཚོར་བ་མེད་པས་ཚོར་བར་གྱུར་པ་མེད་པའོ། ། མདུད་པ་མེད་པས་མདུད་པ་དང་བྲལ་བའོ།། འདུ་མི་བྱེད་པས་འདུས་མ་བྱས་པའོ།། རྣམ་པར་ཤེས་པ་མེད་པས་རྣམ་པར་མི་རིག་པའི་མཚན་ཉིད་དོ། ། མི་འཛིན་པས་ལེན་པ་མེད་པའོ།། མི་གཏོང་བས་དོར་བ་མེད་པའོ།། གནས་མེད་པས་མི་གནས་པའོ།། ཚོར་བ་དང་བྲལ་བས་མི་འདུག་པའོ།། མི་འབྱུང་བས་མེད་པར་མི་འགྱུར་བའི་མཚན་ཉིད་དོ། ། དྲན་པ་དང་ཡིད་ལ་བྱེད་པ་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད་ཀྱིས་མ་བཟུང་བ། བརྙས་པ་མེད་པ་ལེན་པ་མེད་པ། དོར་བ་མེད་པ། རབ་ཏུ་ཞི་བ། ཐོག་མ་ནས་མ་སྐྱེས་པ། མི་སྐྱེ་བས་རབ་ཏུ་ཕྱེ་བ། ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བ། མཉམ་ཞིང་མི་མཉམ་པ་མེད་པར་གྱུར་པ། ནམ་མཁའ་དང་མཚུངས་ཤིང་མཉམ་པ། མིག་དང་གཟུགས་ཀྱི་ལམ་ལས་འདས་པ། དེ་བཞིན་དུ་རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་བྱ་དང་། ཡིད་དང་། ཆོས་ཀྱི་ལམ་ལས་འདས་པ་ཡིན་ཏེ། སངས་རྒྱས་རྗེས་སུ་དྲན་པ་འདི་འདྲ་བ་བྱང་ཆུབ་སེམས་དཔའ་དེ་དག་གིས་རབ་ཏུ་ཐོབ་བོ། ། དེ་དག་གིས་སངས་རྒྱས་རྗེས་སུ་དྲན་པ་འདི་ཐོབ་མ་ཐག་ཏུ། ཆོས་ཐམས་ཅད་ལ་བསྒྲིབས་པ་མེད་པའི་ཡེ་ཤེས་འཐོབ་པར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་འཛིན་ཅིང་བརྗེད་པར་ཡང་མི་བྱེད། དྲན་པར་ཡང་མི་བྱེད་དེ། སྒྲའི་དོན་ཐམས་ཅད་རྣམ་པར་གདོན་མི་ཟ་བར་རྙེད་པར་འགྱུར་རོ།། ཤཱ་ར་དྭ་ཏིའི་བུ། ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་ནི་ཇི་ལྟར་འདི་ན་གཞན་གྱི་སྒྲ་དང་། སོ་སོ་རང་གིས་ཚུལ་བཞིན་ཡིད་ལ་བྱེད་པར་འགྱུར་བ་གཉིས་ཀྱི་རྒྱུ་དང་། རྐྱེན་མེད་པ་ཡང་དག་པར་ལྟ་བ་མི་སྟོན་ཏེ། ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་དེ་དག་གིས་དེ་བཞིན་གཤེགས་པ་དེ་མཐོང་མ་ཐག་ཏུ་དོན་རྣམ་པར་གདོན་མི་ཟ་བ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ། ། མི་སྐྱེ་བའི་ཆོས་ལ་བཟོད་པའི་ལུང་བསྟན་པ་ཡང་རབ་ཏུ་ཐོབ་བོ།། དེ་ཅིའི་ཕྱིར་ཞེ་ན། གང་གཟུགས་ཀྱི་མཚན་ཉིད་ལ་ཆགས་པ་སྤངས་པ་འདི་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། གང་གཟུགས་ཀྱི་མཚན་ཉིད་བོར་བ་འདི་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང་གཟུགས་ཀྱི་མཚན་ཉིད་ཟད་པའི་ཆོས་ཉིད་འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། ། གང་གཟུགས་ཀྱི་མཚན་ཉིད་ལ་དབེན་པར་མཐོང་བ་འདི་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང་གཟུགས་ཀྱི་མཚན་ཉིད་སེམས་ལ་མི་འཇོག་པ་འདི་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ།། གང་གཟུགས་ཀྱི་མཚན་ཉིད་ལ་སྤྲོས་པའི་རྒྱུ་བ་མེད་པ་འདི་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དག་གིས། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐོང་མ་ཐག་ཏུ། དོན་རྣམ་པར་གདོན་མི་ཟ་བ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ནས། མི་སྐྱེ་བའི་ཆོས་ལ་བཟོད་པའི་ལུང་བསྟན་པ་ཐོབ་བོ།། ཇི་ལྟར་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་། པའི་སངས་རྒྱས་ཀྱི་ཞིང་མི་འཛུམས་པའི་འཇིག་རྟེན་གྱི་ཁམས་ན། དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་ཡོད་པ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ཉུང་ངོ་།། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། སྐྱེས་བུ་དམ་པ་དག་གང་ཁྱེད་ཀྱིས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་མི་འཛུམས་པའི་འཇིག་རྟེན་གྱི་ཁམས་དེ་མཐོང་བ་ནི་ཐོབ་པ་རབ་ཏུ་ཐོབ་བོ།། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ། ཁྱོད་མི་འཛུམས་པའི་འཇིག་རྟེན་གྱི་ཁམས་དང་། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་དེ་དང་། པདྨོ་བཀོད་པ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་ལྟ་འདོད་དམ། ཤཱ་ར་དྭ་ཏིའི་བུས་སྨྲས་པ། རིགས་ཀྱི་བུ་འཁོར་འདི་དག་ཐམས་ཅད་ཀྱིའང་དགེ་བའི་རྩ་བ་རབ་ཏུ་འཕེལ་བར་འགྱུར་གྱིས་བདག་གིས་བལྟའོ།། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་དེའི་ཚེ་ན། སངས་རྒྱས་ཀྱི་ཞིང་ཐམས་ཅད་རབ་ཏུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རིགས་ཀྱི་བུ་དེ་སྙོམས་བཔར་ཞུགས་མ་ཐག་ཏུ། དེ་ནས་འཁོར་དེ་དག་ཐམས་ཅད་དང་། གནས་བརྟན་ཤཱ་ར་དྭ་ཏིའི་བུས་མི་འཛུམས་པའི་འཇིག་རྟེན་གྱི་ཁམས་དེ་དང་། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དང་། པདྨོ་བཀོད་པ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་མཐོང་སྟེ། མཐོང་ནས་ཀྱང་ཐམས་ཅད་རང་རང་གི་སྟན་ལས་ལངས་ཏེ། ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དེ་དག་ལ་ཕྱག་འཚལ་ལོ།། དེ་ནས་སངས་རྒྱས་ཀྱི་མཐུ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པའི་བྱིན་གྱི་རླབས་ཀྱིས་དེ་དག་གི་ལག་པ་གཡས་པར་སྔོན་མ་མཐོང་། སྔོན་མ་ཐོས་པའི་མེ་ཏོག་གི་ཕུར་མ་དྲི་རབ་ཏུ་ཞིམ་ཞིང་། སྣ་ཚོགས་བལྟ་ན་སྡུག་པ། ཁ་དོག་དང་ལྡན་ཞིང་ཡིད་དུ་འོང་བ་བྱུང་བར་གྱུར་ཏེ། དེ་དག་གིས་མེ་ཏོག་དེ་དག་ཤར་ཕྱོགས་སུ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་བ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ན་བ་དེ་ལོགས་སུ་མེ་ཏོག་གི་ཕུར་མ་དེ་དག་གཏོར་ཏོ། ། མེ་ཏོག་གཏོར་བ་དེ་དག་སངས་རྒྱས་ཀྱི་ཞིང་དེར་ཆགས་ཏེ། ཀུན་ཏུ་བཟང་བོཔོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དེ་དག་ལ་མངོན་པར་གཏོར་ནས། དེ་དག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་མེ་ཏོག་གིས་གང་བར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ། བཅོམ་ལྡན་འདས་འདི་ལྟར་བལྟ་ན་སྡུག་པའི་མེ་ཏོག་གི་ཆར་འདི་དག་ག་ལས་བབ་ཅེས་ཞུས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་རྣམས་འདི་ནི། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དེ་ལ་བལྟ་བ་དང་། ཕྱག་འཚལ་བ་དང་། མཆོད་པ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་དེར་ཕྱིན་ནས། འཇིག་རྟེན་གྱི་ཁམས་དེར་ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་མེ་ཏོག་འདི་དག་གཏོར་ཏེ། བཅོམ་ལྡན་འདས་དེ་ཡང་འདུས་པ་ཆེན་པོའི་ལེའུ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སྟོན་ཏེ། དེར་ཡང་ཚད་མེད་པའི་སེམས་ཅན་གྱིས་ཆོས་མངོན་དུ་རྟོགས་པར་གྱུར་ཏོ། ། དེ་དག་གིས་གསོལ་པ། གང་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་བཞུགས་པའི་སངས་རྒྱས་ཀྱི་ཞིང་དེ་གང་ན། འཇིག་རྟེན་གྱི་ཁམས་དེ་འདི་ནས་ཇི་སྲིད་ན་མཆིས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པ་བཅུའི་རྡུལ་ཕྲ་རབ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། མི་མཇེད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟར་བཞུགས་ཏེ། འཚོ་ཞིང་སྐྱོང་ལ་ཆོས་ཀྱང་འཆང་ངོ་།། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་བདག་ཅག་གིས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེ་དང་། བཅོམ་ལྡན། འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་བལྟའོ།། དེ་ནས་དེའི་ཚེ་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་ལས་འོད་ཕྱུང་སྟེ། འོད་དེས་སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ལས་ཐལ་ནས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེ་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་འདི་དག་རང་གི་བྱང་ཆུབ་སེམས་དཔའ་དེ་དག་ལ་བསྟན་ཏེ། དེ་དག་གིས་མཐོང་ནས་ཐམས་ཅད་རང་གི་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་དང་། བྱང་ཆུབ་སེམས་དཔའ་འདི་དག་ལ་ཕྱག་འཚལ་ཞིང་ཚིག་འདི་སྐད་སྨྲའོ།། བཅོམ་ལྡན་འདས་འདི་ལྟར་འཇིག་རྟེན་གྱི་ཁམས་འདི་ན་སྐྲའི་རྩེ་མོ་བཞག་པ་ཙམ་ཡང་བྱང་ཆུབ་སེམས་དཔས་མ་གང་བ་མ་མཆིས་ན། བྱང་ཆུབ་སེམས་དཔའ་འདི་སྙེད་གང་ནས་འདུས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་རྣམས་བྱང་ཆུབ་སེམས་དཔའ་འདི་དག་ནི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ནས་ཆོས་ཉན་པའི་ཕྱིར་འདུས་སོ།། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ།། དེ་ཅིའི་ཕྱིར་རིགས་ཀྱི་བུ་ཁྱོད་ཀྱི་མིང་བློ་གྲོས་མི་ཟད་པ་ཞེས་བཏགས། ཟློ་གློས། མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ། བློ་གྲོས་མི་ཟད་པ་ཞེས་བྱ་བ་འདི་ནི། ཆོས་ཐམས་ཅད་དམིགས་སུ་མེད་པའི་རྒྱུ་མཐུན་པའོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མི་ཟད་པའི་ཕྱིར་རོ། ། སྨྲས་པ། རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མི་ཟད་པ་བསྟན་པ་ལས་བརྩམས་ཏེ་སྤོབས་པར་གྱིས་ཤིག། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོག་མ་སེམས་བསྐྱེད་པ་ཡང་མི་ཟད་པའོ།། དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཕྱིར་རོ།། སེམས་དེ་ནི་ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པར་སྐྱེས་སོ།། ཐེག་པ་གཞན་ལ་མོས་པ་ཐམས་ཅད་དང་མ་འདྲེས་པར་སྐྱེས་སོ།། ཐེག་པ་གཞན་ལ་འདོད་པ་མེད་པས་སེམས་དེ་ནི་མ་འབྲེལ་བར་སྐྱེས་སོ།། ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་མི་འཕྲོགས་པས་ན། སེམས་དེ་ནི་སྲ་བར་སྐྱེས་སོ།། སེམས་དེ་ནི་བདུད་ཐམས་ཅད་ཀྱིས་མི་ཕྱེད་པར་སྐྱེས་སོ།། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཕྱིར། སེམས་དེ་ནི་བརྟན་པར་སྐྱེས་སོ།། འདུས་བྱས་མི་རྟག་པར་ཤིན་ཏུ་རིག་པས་ན། སེམས་དེ་ནི་རྟག་པར་སྐྱེས་སོ།། སངས་རྒྱས་ཀྱི་ཆོས་ཐམས་ཅད་སྡུད་པས། སེམས་དེ་ནི་མི་གཡོ་བར་སྐྱེས་སོ།། ལོག་པའི་ནན་ཏན་ཐམས་ཅད་དང་བྲལ་བས། སེམས་དེ་ནི་མི་བརྫི་བར་སྐྱེས་སོ།། མི་བསྐྱོད་པས་ན། སེམས་དེ་ནི་ཤིན་ཏུ་གནས་པར་སྐྱེས་སོ།། གཉེན་པོ་མེད་པས་ན། སེམས་དེ་ནི་དཔེ་མེད་པར་སྐྱེས་སོ།། ཆོས་ཐམས་ཅད་ལ། ངེས་པར་འབིགས་པས་ན། སེམས་དེ་ནི་རྡོ་རྗེ་ལྟ་བུར་སྐྱེས་སོ།། ཚད་མེད་པའི་བསོད་ནམས་ཀྱི་ཚོགས་བསགས་པས་ན། སེམས་དེ་ནི་མུ་མེད་པར་སྐྱེས་སོ།། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ལ་སེམས་དེ་ནི་མཉམ་པར་སྐྱེས་སོ། ། ཐ་དད་དུ་འབྱེད་པ་མེད་པས་ན། སེམས་དེ་ནི་མི་མཉམ་པ་མེད་པར་སྐྱེས་སོ།། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པས་ན། སེམས་དེ་ནི་རྣམ་པར་དག་པར་སྐྱེས་སོ། ། ཤེས་རབ་ཀྱི་འོད་གསལ་བའི་ཕྱིར། སེམས་དེ་ནི་དྲི་མ་མེད་པར་སྐྱེས་སོ།། ལྷག་པའི་བསམ་པ་མ་ནོར་བས་ན། སེམས་དེ་ནི་ཤིན་ཏུ་ངེས་པར་བསམས་ཏེ་སྐྱེས་སོ། ། བྱམས་པ་ནམ་མཁའ་དང་མཉམ་ཞིང་མཚུངས་པས་ན། སེམས་དེ་ནི་ཡངས་པར་སྐྱེས་སོ།། སེམས་ཅན་ཐམས་ཅད་ཀྱི་གོ་འབྱེད་པས་ན། སེམས་དེ་ནི་རྒྱ་ཆེར་སྐྱེས་སོ།། མ་ཆགས་པའི་ཡེ་ཤེས་ལ་བཏང་བས་ན། སེམས་དེ་ནི་བསྒྲིབས་པ་མེད་པར་སྐྱེས་སོ།། སྙིང་རྗེ་ཆེན་པོ་རྒྱུན་མི་བཅད་དེ། སེམས་དེ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བར་སྐྱེས་སོ།། བསྔོ་བའི་ཆོ་ག་ཤེས་པས་ན། སེམས་དེ་ནི་རྒྱུན་མ་ཆད་པར་སྐྱེས་སོ།། ཐམས་ཅད་མཁྱེན་པས་རབ་ཏུ་བསྟོད་དེ། སེམས་དེ་ནི་མངོན་དུ་འགྲོ་བར་བྱ་བར་སྐྱེས་སོ།། ཐེག་པ་གཞན་ལ་ཞུགས་པས། སེམས་དེ་ནི་བལྟ་བར་ཁྲོ། པའོ།། སེམས་དེ་ནི་སེམས་ཅན་ཐམས་ཅད་ཀྱི་བལྟར་མི་མཐོང་བར་སྐྱེས་སོ།། སེམས་དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་དུ་སྐྱེས་སོ།། སེམས་དེ་ནི་ཆོས་ཐམས་ཅད་ཀྱིས་མི་བཤིགས་པར་སྐྱེས་སོ། ། སེམས་དེ་ནི་བདེ་བའི་དངོས་པོ་ཐམས་ཅད་ཀྱི་གནས་སུ་སྐྱེས་སོ།། སེམས་དེ་ནི་བསོད་ནམས་ཀྱི་ཚོགས་ཀྱིས་བརྒྱན་པར་སྐྱེས་སོ།། སེམས་དེ་ནི་ཡེ་ཤེས་ཀྱི་ཚོགས་ཀྱིས་རབ་ཏུ་རྟོགས་ཏེ་སྐྱེས་སོ། ། སེམས་དེ་ནི་སྦྱིན་པའི་ཚོགས་ཀྱིས་རབ་ཏུ་བསགས་ཏེ་སྐྱེས་སོ།། སེམས་དེ་ནི་ཚུལ་ཁྲིམས་ཀྱི་ཚོགས་ཀྱིས་སྨོན་ལམ་གྱིས་འཕགས་པར་སྐྱེས་སོ། ། སེམས་དེ་ནི་བཟོད་པའི་ཚོགས་ཀྱིས་བསྙེན་པར་དཀའ་བར་སྐྱེས་སོ།། སེམས་དེ་ནི་བརྩོན་འགྲུས་ཀྱི་ཚོགས་ཀྱིས་རྒྱལ་བར་དཀའ་བར་སྐྱེས་སོ།། སེམས་དེ་ནི་བསམ་གཏན་གྱི་ཚོགས་ཀྱིས་ཞི་བའི་མཚན་ཉིད་དུ་སྐྱེས་སོ། ། སེམས་དེ་ནི་ཤེས་རབ་ཀྱི་ཚོགས་ཀྱིས་ཐོགས་པ་མེད་པར་སྐྱེས་སོ།། བྱམས་པ་ཆེན་པོ་བསགས་པས་སེམས་དེ་ནི་གནོད་པ་མེད་པར་སྐྱེས་སོ།། སྙིང་རྗེ་ཆེན་པོ་བསགས་པས། སེམས་དེ་ནི་རྩ་བ་སྲ་བར་རབ་ཏུ་གནས་པའོ།། སེམས་དེ་ནི་དགའ་བ་ཆེན་པོ་བསགས་པ་སྟེ། མགུ་བ་དང་མོས་པ་དང་རབ་ཏུ་དགའ་བ་ལ་གནས་པར་སྐྱེས་སོ།། སེམས་དེ་ནི་བཏང་སྙོམས་ཆེན་པོ་བསགས་པ་སྟེ། བདེ་བ་དང་། སྡུག་བསྔལ་གྱིས་མི་སྐུལ་བར་སྐྱེས་སོ།། སེམས་དེ་ནི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་པར་སྐྱེས་སོ། ། སེམས་དེ་ནི་དཀོན་མཆོག་གསུམ་གྱི་རིགས་མི་གཅད་པའི་ཕྱིར། ཚུལ་རྒྱུན་མི་འཆད་པར་སྐྱེས་སོ།། སེམས་དེ་ནི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་འཁོར་གྱི་དཀྱིས་འཁོར་དུ་རབ་ཏུ་གྲགས་པར་སྐྱེས་སོ། ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཐམས་ཅད་མཁྱེན་པའི་སེམས་འདི་འདྲ་བར་སྐྱེས་པ་ལ་ཟད་པ་གང་ཡང་ཡོད་དམ། ཤཱ་ར་དྭ་ཏིའི་བུས་སྨྲས་པ། རིགས་ཀྱི། བུ་དེ་ལྟ་མ་ཡིན་ནོ།། གང་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་འདི་ལྟ་བུ་ཟད་པར་འདོད་པ་ནི། ནམ་མཁའ་ལ་ཟད་པར་འདོད་དོ།། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ། དེ་བཞིན་གཤེགས་པའི་སེམས་དེ་ནི་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་དེའི་རྩ་བར་སྐྱེས་པས་ན། དེའི་ཕྱིར་དེ་མི་ཟད་པའོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ནི་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་དེ་དག་གི་རྩ་བར་སྐྱེས་པས་ན། དེའི་ཕྱིར་དེ་མི་ཟད་པའོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། དེ་བཞིན་གཤེགས་པའི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་དེ་དག་གི་རྩ་བར་སྐྱེས་པས་ན་དེའི་ཕྱིར་མི་ཟད་པའོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། དེ་བཞིན་གཤེགས་པའི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་དེ་དག་གི་རྩ་བར་སྐྱེས་པས་ན། དེའི་ཕྱིར་མི་ཟད་པའོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། དེ་བཞིན་གཤེགས་པའི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་རྣམས་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་དེ་དག་གི་རྩ་བར་སྐྱེས་པས་ན། དེའི་ཕྱིར་དེ་མི་ཟད་པའོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་དེ་དག་གི་རྩ་བར་སྐྱེས་པས་ན། དེའི་ཕྱིར་དེ་མི་ཟད་པའོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་དེ་དག་གི་རྩ་བར་སྐྱེས་པས་ན། དེའི་ཕྱིར་དེ་མི་ཟད་པའོ།། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པས་ན་མི་ཟད་པའོ། ། སེམས་ཅན་གྱི་ཁམས་མི་ཟད་པས་ན་མི་ཟད་པའོ།། དེའི་ཡེ་ཤེས་ལ་བཏང་བས་ན་མི་ཟད་པའོ།། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྟོགས་པས་ན་མི་ཟད་པའོ།། སྔོན་གྱི་སྨོན་ལམ་གྱི་རྒྱུན་མི་གཅོད་པས་ན་མི་ཟད་པའོ།། འདུས་མ་བྱས་སུ་བསྔོས་པས་ན་མི་ཟད་པའོ།། འདུས་མ་བྱས་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ན་མི་ཟད་པའོ།། ཟད་པའི་ཡེ་ཤེས་དང་། མི་སྐྱེ་བའི་ཡེ་ཤེས་མི་ཟད་པས་ན་མི་ཟད་པའོ།། འབྱུང་བ་མེད་ཅིང་འཇིག་པ་མེད་པས་ན་མི་ཟད་པའོ།། ཆོས་ཐམས་ཅད་ཐོག་མ་ནས་ཟད་པ་སྟེ། ཡེ་ཤེས་དེ་མངོན་པར་རྟོགས་པས་ན་མི་ཟད་པའོ། ། འདི་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་མི་ཟད་པའོ།། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་མི་ཟད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བསམ་པ་དེ་ཡང་མ་བྱས་པས་ན། བཅོས་པ་མ་ཡིན་ནོ།། གཡོ་མེད་པས་ན་བྱས་པ་མ་ཡིན་ནོ།། རབ་ཏུ་རྟོགས་པས་ན་གཡོ་མེད་པའོ། ། རྒྱུ་མེད་པས་ན་རབ་ཏུ་རྟོགས་པའོ།། དག་པས་ན་སྒྱུ་མེད་པའོ།། དྲང་བས་ན་དག་པའོ།། གྱ་གྱུ་མེད་པས་ན་དྲང་བའོ།། གསལ་བས་ན་གྱ་གྱུ་མེད་པའོ།། མི་མཉམ་པ་མེད་པས་ན་གསལ་བའོ། ། སྲ་བས་ན་མི་མཉམ་པ་མེད་པའོ།། མི་ཕྱེད་པས་ན་སྲ་བའོ།། མ་ཁྲང་བས་ན་མི་ཕྱེད་པའོ།། མི་གཡོ་བས་ན་མཁྲང་བའོ།། མི་གནས་པས་ན་མི་གཡོ་བའོ།། དེ་ལ་མ་ཆགས་པས་ན་མི་གནས་པའོ། ། བྱེ་བྲག་ཏུ་འཕགས་པས་ནི་དེ་ལ་མ་ཆགས་པའོ།། མ་སྨད་པས་ན་བྱེ་བྲག་ཏུ་འཕགས་པའོ།། ལེགས་པར་བྱས་པའི་ལས་ཀྱི་ཕྱིར་མ་སྨད་པའོ།། མ་བཤུངས་པས་ན་ལེགས་པར་བྱས་པའི་ལས་སོ། ། འགྱོད་པ་མེད་པས་ན་མ་བཤུངས་པའོ།། གདུང་བ་མེད་པས་ན་འགྱོད་པ་མེད་པའོ།། བདེན་པར་གྱུར་པས་ན་མི་གདུང་བའོ།། བསླུ་བ་མེད་པས་ན་བདེན་པར་གྱུར་པའོ། ། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པས་ན་མི་སླུ་བའོ།། ལེགས་པར་བྱས་པས་ན་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པའོ།། རྗེས་སུ་སྦྱོར་བ་མེད་པ་ན་ལེགས་པར་བྱས་པའོ། ། འཁྲུལ་པ་མེད་པས་ན་རྗེས་སུ་སྦྱོར་བ་མེད་པའོ།། ལེགས་པར་གནས་པས་ན་འཁྲུལ་པ་མེད་པའོ།། ཕྱིར་མི་ཟློག་པས་ན་ལེགས་པར་གནས་པའོ།། སེམས་ཅན་ལ་ལྟ་བས་ན། ཕྱིར་མི་ཟློག་པའོ།། སྙིང་རྗེ་ཆེན་པོའི་རྩ་བའི་ཕྱིར་སེམས་ཅན་ལ་ལྟ་བའོ།། ཡོངས་སུ་མི་སྐྱོ་བས་ན་སྙིང་རྗེ་ཆེན་པོའི་རྩ་བའོ།། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆོ་ག་ཤེས་པས་ན། ཡོངས་སུ་མི་སྐྱོ་བའོ།། བདག་བདེ་བ་མེད་པས་ན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆོ་ག་ཤེས་པའོ།། ལན་མི་རེ་བས་ན་བདག་ལ་བདེ་བ་མེད་པའོ།། མ་ཆགས་པས་ན་ལ་ན་རེ་བ་མེད་པའོ། ། ཆོས་ཀྱི་ཕྱིར་འགྲོ་བར་གྱུར་པས་ན་མ་ཆགས་པའོ།། སེམས་ཅན་མཐུ་ཆུང་བའི་རྣམས་ལ་ལྟ་བས་ན་ཆོས་ཀྱི་ཕྱིར་འབྲང་བར་གྱུར་པའོ།། དཔུང་གཉེན་དུ་གྱུར་པས་ན་སེམས་ཅན་མཐུ་ཆུང་ངུ་ལ་ལྟ་བའོ། ། སྐྱབས་སུ་གྱུར་པས་ན་དཔུང་གཉེན་དུ་གྱུར་པའོ།། མགོན་དུ་གྱུར་པས་ན་སྐྱབས་སུ་གྱུར་པའོ།། ཉོན་མི་མོངས་པས་ན་མགོན་དུ་གྱུར་པའོ།། ཤིན་ཏུ་བརྟགས་པས་ན་ཉོན་མི་མོངས་པའོ། ། བརྒལ་བ་མེད་པས་ན་ཤིན་ཏུ་བརྟགས་པའོ།། བསམ་པ་དགེ་བས་ན་བརྒལ་བ་མེད་པའོ།། ཅི་ཡང་མེད་པས་ན་བསམ་པ་དགེ་བའོ།། ཤིན་ཏུ་ཡོངས་སུ་དག་པས་ན་ཅི་ཡང་མེད་པའོ། ། ཤིན་ཏུ་དཀར་བས་ན། ཤིན་ཏུ་ཡོངས་སུ་དག་པའོ།། ནང་གི་དྲི་མ་མེད་པས་ན་ཤིན་ཏུ་དཀར་བའོ།། ཕྱི་རོལ་དག་པས་ན་ནང་དྲི་མ་མེད་པའོ།། རྣམ་པ་ཐམས། ཅད་ཡོངས་སུ་དག་པས་ན།། ཕྱི་རོལ་དྲི་མ་མེད་པ་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་དེ་ནི་སེར་སྣ་སྤང་བའི་ཕྱིར་བལྟ་སྟེ། སེམས་ཅན་སེར་སྣ་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པས་བསམ་པ་མི་ཟད་པར་བལྟའོ། ། བསམ་པ་ནི་ངན་པའི་ངང་ཚུལ་གྱི་དྲི་མ་སྤང་བའི་ཕྱིར་བལྟ་སྟེ། སེམས་ཅན་ངན་པའི་ངང་ཚུལ་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པས། བསམ་པ་མི་ཟད་པར་བལྟའོ།། བསམ་པ་ནི་གནོད་སེམས་ཀྱི་ཐ་བ་དང་། ཉེས་པ་སྤང་བའི་ཕྱིར་བལྟ་སྟེ། གནོད་པར་བྱེད་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པས་བསམ་པ་མི་ཟད་པར་བལྟའོ། ། བསམ་པ་ནི་ལེ་ལོ་སྤང་བའི་ཕྱིར་བལྟ་སྟེ། སེམས་ཅན་ལེ་ལོ་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པས། བསམ་པ་མི་ཟད་པར་བལྟའོ།། བསམ་པ་ནི་སེམས་གཡེང་བ་འདོར་བའི་ཕྱིར་བལྟ་སྟེ། སེམས་ཅན་ཐམས་ཅད་སེམས་གཡེང་བའི་རྣམས་ཡོངས་སུ་སྨིན་པར་བྱེད་པས། བསམ་པ་མི་ཟད་པར་བལྟའོ།། བསམ་པ་ནི་འཆལ་པའི་ཤེས་རབ་སྤང་བའི་ཕྱིར་བལྟ་སྟེ། སེམས་ཅན་འཆལ་པའི་ཤེས་རབ་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པས། བསམ་པ་མི་ཟད་པར་བལྟའོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ་མདོར་ན། སེམས་ཅན་ཐམས་ཅད་ཀྱི་མི་དགེ་བའི་ཆོས་ཐམས་ཅད་སྤང་བའི་ཕྱིར་བལྟ་སྟེ། སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ལ་སྦྱོར་དུ་འཛུད་པས། བསམ་པ་མི་ཟད་པར་བལྟའོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་མི་ཟད་པ་ཞེས་བྱའོ།། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་མི་ཟད་པས་ན་སྦྱོར་བ་མི་ཟད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སྦྱིན་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ། གང་ཡང་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་སྣང་བ་འདི་ནི་དེའི་སྦྱོར་བའོ།། ཚུལ་ཁྲིམས་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ། གང་ཡང་ཚུལ་ཁྲིམས་དང་། བསླབ་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ཡང་དག་པར་འཛིན་པར་སྣང་བ་འདི་ནི་དེའི་སྦྱོར་བའོ། ། བཟོད་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ། གང་ཡང་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་སེམས་སུ་སྣང་བ་འདི་ནི་དེའི་སྦྱོར་བའོ།། བརྩོན་འགྲུས་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ། གང་ཡང་དགེ་བའི་རྩ་བ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་སྣང་བ་འདི་ནི་དེའི་སྦྱོར་བའོ།། བསམ་གཏན་གྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ། གང་ཡང་བསམ་གཏན་ཡོངས་སུ་སྦྱོང་བར་སྣང་བ་འདི་ནི་དེའི་སྦྱོར་བའོ།། ཤེས་རབ་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ། གང་ཡང་ཐོས་པ་ཡོངས་སུ་སྦྱོང་བར་སྣང་བ་དེ་ནི་དེའི་སྦྱོར་བའོ། ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ། གང་ཡང་སེམས་ཅན་རྣམས་ལ་ཕན་པ་དང་། བདེ་བར་བྱ་བ་དང་། ཆོས་ཀྱི་དཀའ་བ་ལ་མོས་ཤིང་ཆགས་པ་དང་། ཁོང་ཁྲོ་བ་སྤང་བར་སྣང་བ་འདི་ནི་དེའི་སྦྱོར་བའོ།། གང་ལུས་ཀྱི་ལས་རྣམ་གསུམ་གྱི་སྡོམ་པ་ཡོངས་སུ་དག་པའི་ཕྱིར། ལུས་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ།། ངག་གི་ཉེས་པ་རྣམ་བཞི་ཡོངས་སུ་སྤང་བའི་ཕྱིར། ངག་གི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ། ། གནོད་སེམས་དང་། ཆགས་པ་དང་། ལོག་པར་ལྟ་བ་མེད་པའི་ཕྱིར། སེམས་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ།། ཆོས་ལ་སློབ་དཔོན་འཆབ་པ་མེད་པའི་ཕྱིར། ཐོས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ།། ཐམས་ཅད་མཁྱེན་དཔའི་སེམས་སུ་སྦྱོར་བའི་ཕྱིར། སློབ་དཔོན་མི་འཆབ་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ།། སེམས་ཅན་གཞན་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་འཇུག་པའི་ཕྱིར། ཐམས་ཅད་མཁྱེན་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ།། ཡང་དག་པའི་དགེ་བའི་རྩ་བ་ལ་རབ་ཏུ་དཔའ་བའི་ཕྱིར། སེམས་ཅན་གཞན་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་འཇུག་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ།། བྱང་ཆུབ་ཏུ་བསྔོ་བའི་ཕྱིར་དགེ་བའི་རྩ་བ་ལ་སྦྱོར་བའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ། ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་ཕྱིར་བྱང་ཆུབ་ཏུ་བསྔོ་བའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ། ། དམ་པའི་ཆོས་ཀུན་འཛིན་པའི་ཕྱིར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་བསམ་པ་ནི། བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ།། ཉེས་པ་འཆགས་པའི་ཕྱིར་དམ་པའི་ཆོས་ཀུན་འཛིན་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ། ། སྡིག་པ་འཐོལ་བའི་ཕྱིར་ཉེས་པ་བཤགས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ། ། བསོད་ནམས་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བའི་ཕྱིར། སྡིག་པ་འཐོལ་བའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ།། ཚད་མེད་པའི་བསོད་ནམས་ཀྱི་ཚོགས་བསགས་པའི་ཕྱིར། བསོད་ནམས་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བས་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ།། སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་པའི་ཕྱིར།། ཚད་མེད་པའི་བསོད་ནམས་ཀྱི་ཚོགས་བསགས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ། ། དམ་པའི་ཆོས་ཡོངས་སུ་འཛིན་པའི་ཕྱིར། སངས་རྒྱས་ཐམས་ཅད་ལ་གསོལ་བ་བདེབས་པའི་བསམ་པ་ནི། བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ།། སྐྱེས་བུ་དམ་པའི་ལས་ཀྱི་ཕྱིར། དམ་པའི་ཆོས་ཡོངས་སུ་འཛིན་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ། ། ཁུར་བླངས་པ་སྒྲོལ་བའི་ཕྱིར། སྐྱེས་བུ་དམ་པའི་ལས་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ།། གོ་ཆ་སྲ་ཞིང་མི་འདོར་བའི་ཕྱིར། ཁྲུར་བླངས་པ་སྨོབ། པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ།། སེམས་ཅན་ཐམས་ཅད་ཀྱི་བྱ་བ་རབ་ཏུ་བསྒྲུབ་པའི་ཕྱིར། གོ་ཆ་མ་ཞིང་མི་འདོར་བའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པའོ།། ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ་བཞི་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་མི་ཟད་པ་འོ།། བཞི་གང་ཞེ་ན། བྱང་ཆུབ་ཀྱི་སེམས་ཀྱི་སྦྱོར་བ་མི་ཟད་པ་དང་། ཆོས་ཀྱི་སྦྱིན་པ་སྟོན་པའི་སྦྱོར་བ་མི་ཟད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྦྱོར་བ་མི་ཟད་པ་དང་། དགེ་བའི་རྩ་བ་བསགས་པའི་སྦྱོར་བ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་སྦྱོར་བ་མི་ཟད་པའོ།། གཞན་ཡང་སྦྱོར་བ་མི་ཟད་པ་བཞི་སྟེ། བཞི་གང་ཞེ་ན། དགོན་པ་ལ་གནས་ཤིང་སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པའི་རྗེས་སུ་འགྲོ་བ་ལ་མི་ངོམས་པའི་སྦྱོར་བ་མི་ཟད་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ་མི་ངོམས་པའི་སྦྱོར་བ་མི་ཟད་པ་དང་། ཐོས་པ་བཙལ་བ་ལ་མི་ངོམས་པའི་སྦྱོར་བ་མི་ཟད་པ་དང་། བྱང་ཆུབ་ཏུ་བསྔོ་བའི་ཤེས་པས་མི་ངོམས་པའི་སྦྱོར་བ་ནི་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་སྦྱོར་བ་མི་ཟད་པའོ།། གཞན་ཡང་སྦྱོར་བ་མི་ཟད་པ་བཞི་སྟེ། བཞི་གང་ཞེ་ན། བགྲང་བར་རྟོགས་པའི་སྦྱོར་བ་མི་ཟད་པ་དང་། གཞལ་བར་རྟོགས་པའི་སྦྱོར་བ་མི་དད་པ་དང་། དཔྱད་པར་རྟོགས་པའི་སྦྱོར་བ་མི་ཟད་པ་དང་། སོ་སོར་བརྟག་པ་རྟོགས་པའི་སྦྱོར་བ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་སྦྱོར་བ་མི་ཟད་པའོ།། གཞན་ཡང་སྦྱོར་བ་མི་ཟད་པ་བཞི་སྟེ། བཞི་གང་ཞེ་ན། ཀུན་ནས་ཉོན་མོངས་པའི་རྒྱུ་རྟོགས་པའི་སྦྱོར་བ་མི་ཟད་པ་དང་། རྣམ་པར་བྱང་བའི་རྒྱུ་རྟོགས་པའི་སྦྱོར་བ་མི་ཟད་པ་དང་། ཀུན་ནས་ཉོན་མོངས་པའི་རྒྱུ་ཡོངས་སུ་བརྗོད་པའི་སྦྱོར་བ་མི་ཟད་པ་དང་། རྣམ་པར་བྱང་བའི་ཡོན་ཏན་དང་། ཕན་ཡོན་ཡོངས་སུ་བརྗོད་པའི་སྦྱོར་བ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་སྦྱོར་བ་མི་ཟད་པའོ།། གཞན་ཡང་སྦྱོར་བ་མི་ཟད་པ་སྟེ། བཞི་གང་ཞེ་ན། ཕུང་པོ་ལ་བརྟག་པའི་སྦྱོར་བ་མི་ཟད་པ་དང་། ཁམས་ལ་བརྟག་པའི་སྦྱོར་བ་མི་ཟད་པ་དང་། སྐྱེ་མཆེད་ལ་བརྟག་པའི་སྦྱོར་བ་མི་ཟད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བརྟག་པའི་སྦྱོར་བ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་སྦྱོར་བ་མི་ཟད་པའོ།། གཞན་ཡང་སྦྱོར་བ་མི་ཟད་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་མི་རྟག་པར་ཡོངས་སུ་བརྟན་པའི་སྦྱོར་བ་མི་ཟད་པ་དང་། འདུ་བྱེད་སྡུག་བསྔལ་བར་ཡོངས་སུ་བརྟན་པའི་སྦྱོར་བ་མི་ཟད་པ་དང་། ཆོས་ཐམས་ཅད་བདག་མེད་པར་ཡོངས་སུ་བསྟན་པའི་སྦྱོར་བ་མི་ཟད་པ་དང་། མྱ་ངན་ལས་འདས་པ་ཞི་བ་ལ་ཉེ་བར་སྤྱོད་པ་བསྟན་པའི་སྦྱོར་བ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་སྦྱོར་བ་མི་ཟད་པའོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ་མདོར་ན་བྱང་ཆུབ་སེམས་དཔའི་སྦྱོར་བ་ཇི་སྙེད་པ་དེ་དག་ཐམས་ཅད་ནི། ཐམས་ཅད་མཁྱེན་པ་ལ་གཞོལ་བ། ཐམས་ཅད་མཁྱེན་པ་ལ་འཇོག་པ། ཐམས་ཅད་མཁྱེན་པ་ལ་འབབ་པ་སྟེ། ཐམས་ཅད་མཁྱེན་པ་ཡང་མི་ཟད་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་ཐམས་ཅད་ཀྱང་མི་ཟད་པའོ། ། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་མི་ཟད་པ་ཞེས་བྱའོ།། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་མི་ཟད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་བའི་རྩ་བ་ཐམས་ཅད་ལ་ལྷག་པར་མི་དམིགས་པའི་ཕྱིར་རོ།། ཐ་ན་བྱང་ཆུབ་སེམས་དཔའ་གང་ཅུང་ཟད་སེམས་པ་དེ་དག་ཐམས་ཅད་དགེ་བའི་རྩ་བ་ལྷག་པར་མི་ཟད་པར་དམིགས་པའི་རྒྱུར་འགྱུར་ཏེ། ས་ནས་སར་གཞོག་པའི་ཕྱིར་འཕོ་བའི་ལྷག་པའི་བསམ་པའོ།། བྱེ་བྲག་གི་འགྲོ་བའི་ཕྱིར་རྒལ་བའི་ལྷག་པའི་བསམ་པའོ། ། གོང་ནས་གོང་དུ་བྱེ་བྲག་ཏུ་འཕགས་པས་ན། རྩེ་མོར་ལྷག་པའི་བསམ་པའོ།། བྱེ་བྲག་གི་ཆོས་ཀུན་འཛིན་པས་ན། བྱེ་བྲག་ཏུ་འཕགས་པའི་ལྷག་པའི་བསམ་པའོ།། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན་སུམ་པའི་ལྷག་པའི་བསམ་པའོ། ། བྱེ་བྲག་ཏུ་བསྟེན་པའི་ཆོས་རྣམས་ལ་ལྷག་པར་དམིགས་པའི་ལྷག་པའི་བསམ་པའོ།། རྩོམ་པ་ཐམས་ཅད་ལས་སྒྲོལ་བའི་ལྷག་པའི་བསམ་པའོ། ། འབད་པས་ཡོངས་སུ་མི་སྐྱོ་བས་ན། གདོན་མི་ཟ་བར་བྱས་པའི་ལྷག་པའི་བསམ་པའོ།། བརྟུལ་ཞུགས་ཐམས་ཅད་ཡོངས་སུ་འགེངས་པས་ན། བརྟུལ་ཞུགས་གྲུབ་པའི་ལྷག་པའི། བསམ་པའོ།། གྲོགས་བདག་ཡིན་པས་ན། གོ་སྐབས་མེད་པའི་ལྷག་པའི་བསམ་པའོ།། དམུ་རྒོད་མ་ཡིན་པས་ན། ཅང་ཤེས་ཀྱི་སའི་ལྷག་པའི་བསམ་པའོ།། འཕགས་པས་ན་དུལ་བའི་སའི་ལྷག་པའི་བསམ་པའོ།། སྐྱེ་བོ་མི་བསྲུན་པ་དང་། ཉོན་མོངས་པ་དང་མ་འདྲེས་པས་ན། མ་འདྲེས་པའི་ལྷག་པའི་བསམ་པའོ།། ཡན་ལག་གི་དམ་པ་མགོ་ཡོངས་སུ་གཏོང་བས་ན། སྦྱིན་པར་དཀའ་བ་ཡོངས་སུ་གཏོང་བའི་ལྷག་པའི་བསམ་པའོ།། སེམས་ཅན་ངན་པའི་ངང་ཚུལ་ཅན་རྣམས་ཀྱི་དཔུང་གཉེན་པས་ན། ཚུལ་ཁྲིམས་དཀའ་བའི་ལྷག་པའི་བསམ་པའོ།། ། སེམས་ཅན་མཐུ་ཆུང་བ་རྣམས་ཀྱི་ཉེས་པ་བག་ལ་ཞི་བར་བྱེད་པས་ན། བཟོད་པ་དཀའ་བའི་ལྷག་པའི་བསམ་པའོ།། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ལག་མཐིལ་དུ་འོངས་པ་འདོར་པས་ན། བརྩོན་འགྲུས་དཀའ་བའི་ལྷག་པའི་བསམ་པའོ།། བསམ་གཏན་གྱི་རོ་མི་མྱོང་བས་ན། བསམ་གཏན་དཀའ་བའི་ལྷག་པའི་བསམ་པའོ།། དགེ་བའི་རྩ་བ་ཐམས་ཅད་ཀྱི་ཚོགས་ལ་མི་སྨོད་པས་ན། ཤེས་རབ་དཀའ་བའི་ལྷག་པའི་བསམ་པའོ།། སེམས་ཅན་ཐམས་ཅད་ཀྱི་བྱ་བ་བསྒྲུབ་པའི་ཕྱིར། བརྩམས་པ་དང་། སྤྱོད་པ་ལས་སྒྲོལ་བའི་ལྷག་པའི་བསམ་པའོ།། ཤེས་པས་རབ་ཏུ་བརྟགས་པས་ན་ང་རྒྱལ་དང་། ཆེ་བའི་ང་རྒྱལ་དང་། ང་རྒྱལ་བས་ཆེ་བའི་ང་རྒྱལ་དང་། ངའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ཆུང་བའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་མེད་པའི་ལྷག་པའི་བསམ་པའོ། ། ལན་རེ་བ་མེད་པས་ན། སེམས་ཅན་ཐམས་ཅད་སྦྱིན་པའི་གནས་ཀྱི་ལྷག་པའི་བསམ་པའོ།། སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་རབ་ཏུ་རྟོགས་པའི་ཕྱིར། མི་དངང་བའི་ལྷག་པའི་བསམ། པའོ།། བྱིན་གྱི་རླབས་ཀྱི་འགྲོ་བས་ན། ཁྱད་པར་དུ་འགྲོ་བའི་ལྷག་པའི་བསམ་པའོ།། ཁུར་བླངས་པ་སྒྲོལ་བས་ན། མ་ཞུམ་པའི་ལྷག་པའི་བསམ་པའོ།། རྟག་ཏུ་བརྩོན་པས་ན་མི་ཟད་པའི་ལྷག་པའི་བསམ་པའོ། ། ཡང་ལྷག་པའི་བསམ་པ་ཞེས་བྱ་བ་ནི་འབྱུང་པོ་རྣམས་ལ་ངེས་པའོ།། སེམས་ཅན་ཐམས་ཅད་ལ་བྱམས་པའོ།། འཕགས་པ་རྣམས་ལ་ཕན་པར་སེམས་པའོ།། འཕགས་པམ་ཡིན་པ་ལ་སྙིང་རྗེ་བའོ། ། བླ་མ་ལ་རི་མོར་བྱེད་པའོ།། དཔུང་གཉེན་མེད་པ་རྣམས་ལ་དཔུང་གཉེན་ནོ།། སྐྱབས་མེད་པ་རྣམས་ལ་སྐྱབས་སོ།། གླིང་མེད་པ་རྣམས་ལ་གླིང་ངོ་།། མགོན་མེད་པ་རྣམས་ལ་མགོན་ནོ། ། གྲོགས་མེད་པ་རྣམས་ལ་གྲོགས་སོ།། གྱ་གྱུ་ཅན་རྣམས་ལ་དྲང་བའོ།། རྨུ་རྒོད་རྣམས་ལ་གསལ་བའོ།། གཡོ་ཅན་རྣམས་ལ་གཡོ་མེད་པའོ།། སྒྱུ་ཅན་རྣམས་ལ་སྒྱུ་མེད་པའོ།། བྱས་པ་མི་གཟོ་བ་རྣམས་ལ་བྱས་པ་གཟོ་བའོ།། འཁུ་བ་རྣམས་ལ་བྱས་པ་ཚོར་བའོ།། མི་ཕན་པ་རྣམས་ལ་ཕན་འདོགས་པའོ།། ལོག་པར་གྱུར་པ་རྣམས་ལ་བདེན་པའོ།། ཕོ་ཐེག་ཅན་ལ་ང་རྒྱལ་མེད་པའོ། ། ལེགས་པར་སྨྲ་བ་རྣམས་ལ་མི་སྨད་པའོ།། གཞན་གྱི་འཁྲུལ་པ་ལ་མི་རྩོད་པའོ།། ལོག་པར་ཞུགས་པ་རྣམས་ལ་ཀུན་སྲུང་བའོ།། ཐབས་ཀྱིས་དགེ་བ་སྤྱོད་པ་ཐམས་ཅད་ལ་ཉེས་པར་མི་ལྟ་པའོ། ། སྦྱིན་པའི་གནས་རྣམས་ལ་རིམ་གྲོ་བྱེད་པའོ།། བསྟན་པ་ལ་མཐུན་པར་འཛིན་པའོ།། བསྟན་པ་དང་གདམས་པ་ལ་བཀའ་བློ་བདེ་བའོ།། དགོན་པར་གནས་པ་ལ་གུས་པར་བྱེད་པའོ། ། རྙེད་པ་དང་། བཀུར་སྟི་དང་། ཚོགས་སུ་བཅད་པ་མི་འདོད་པའོ།། ལུས་དང་སྲོག་ལ་མི་ལྟ་བའི་ལྷག་པའི་བསམ་པ་དག་པས་ན་ཚུལ་འཆོས་པ་མེད་པའོ།། ངག་བསྡམས་པས་ན་ཁ་གསག་མེད་པའོ། ། བདག་གི་རྙེད་པས་ཆོག་ཤེས་པས་ན། གཞོགས་སློངས་མེད་པའོ།། སེམས་ཉོན་མི་མོངས་པས་ན་ལས་སུ་རུང་བའོ།། དགེ་བའི་རྩ་བ་དང་ཚོགས་ཐམས་ཅད་སོགས་པས་ན། འཁོར་བར་མི་གཞོལ་བའོ། ། སེམས་ཅན་ཐམས་ཅད་ལ་ལྟ་བས་ན། སྡུག་བསྔལ་ཐམས་ཅད་ལ་མི་འབྱེད་པའོ།། དེའི་ཕྱིར་ན་སྐྱེས་བུ་དམ་པ་དེ་དག་གི་ལྷག་པའི་བསམ་པ་ཐམས་ཅད་མི་ཟད་པ་ཡིན་ཏེ། བསོད་ནམས་ཐམས་ཅད་ཀྱིས་ཉེ་བར་བརྟེན་པ་དང་། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་དང་། ཡེ་ཤེས་མི་ཟད་པ་ཡང་དག་པར་བསྒྲུབས་པའི་ཕྱིར། འཁོར་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་ཟད་པར་མི་ནུས་སོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་མི་ཟད་པའོ།། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ།། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་མེད་པ་གཞན་ལ་ལ་ཡོད་དམ། བློ་ཐོས་མི་མེད་པས་སྨྲས་པ། བཙུན་པ་ཤཱ་ར་དཏེ་དུ་ཡོད་དོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོན་པ་ཡང་མི་མེད་པའོ།། དེ་ཅིའི་ཕྱིར་ཞེ་ན། ཚད་མེད་པའི་ཕྱིར་རོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡོངས་སུ་སྦྱོར་བ་ཡོངས་སུ་སྤྱོང་བ་ཡང་ཚད་མེད་པ་སྟེ། ཚེ་དང་། སྤོབས་པ་དང་། བདེ་བ་དང་། སྟོབས་དང་། ཁ་དོག་ཉེ་བར་བརྟན་པའི་ཕྱིར། ཟས་འདོད་པ་རྣམས་ལ་ཟས་སྦྱིན་པའོ།། ཉོན་མོངས་སྲེད་པ་བསལ་བའི་ཕྱིར། བཏུང་བ་འདོད་པ་རྣམས་ལ་བཏུང་བ་སྦྱིན་པའོ།། བདེ་བ་དང་འབྱོར་པའི་དངོས་པོ་ཐམས་ཅད་བསྡུ་བའི་ཕྱིར། བནོན་པ་འདོད་པ་རྣམས་ལ་བནོན་པ་སྦྱིན་པའོ།། ཁྲེལ་བ་དང་། ངོ་ཚ་བ་དང་། མདོག་གསེར་གྱི་ལ་དོག་ཡོངས་སུ་སྦྱང་བའི་ཕྱིར། གོས་འདོད་པ་རྣམས་ལ་གོས་སྦྱིན་པའོ།། དེ་བཞིན་གཤེས། པའི་འཕྲུལ་གྱི་སྤྱན་ཡོངས་སུ་གཟིགས་པར་བྱ་བའི་ཕྱིར། མར་མེ་འདོད་པ་རྣམས་ལ་མར་མེ་སྦྱིན་པའོ།། དེ་བཞིན་གཤེགས་པའི་འཕྲུལ་གྱི་སྟན་ཡོངས་སུ་དག་པར་བྱ་བའི་ཕྱིར། སིལ་སྙན་འདོད་པ་རྣམས་ལ་སིལ་སྙན་སྦྱིན་པའོ། ། ཚུལ་ཁྲིམས་དང་། ཐོས་པ་དང་། ཏིང་ངེ་འཛིན་གྱི་དྲིས་བྱུག་པའི་ཕྱིར། སྤོས་དང་བྱུག་པ་འདོད་པ་ལ་སྤོས་དང་བྱུག་པ་སྦྱིན་པའོ།། གཟུངས་དང་། སྤོབས་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ཐོབ་པར་བྱ་བའི་ཕྱིར། འཕྲེང་བ་འདོད་པ་རྣམས་ལ་འཕྲེང་བ་སྦྱིན་པའོ།། ལུས་ཀྱི་དྲི་ཡིད་དུ་འོང་བ་ཐོབ་པར་བྱ་བའི་ཕྱིར། ཕྱེ་མ་འདོད་པ་རྣམས་ལ་ཕྱེ་མ་སྦྱིན་པའོ།། སྐྱེས་བུ་ཆེན་པོའི་རོ་བྲོ་བའི་མཆོག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བྲོ་བ་ཐམས་ཅད་འདོད་པ་ལ་ཐོ་བ་ཐམས་ཅད་སྦྱིན་པའོ།། སེམས་ཅན་ཐམས་ཅད་ཀྱི་གནས་དང་། སྐྱབས་དང་། མགོན་དང་། དཔུང་གཉེན་བྱ་བའི་ཕྱིར། གནས་འདོད་པ་རྣམས་ལ་གནས་སྦྱིན་པའོ།། སྒྲིབ་པ་ཐམས་ཅད་རབ་ཏུ་སྦྱང་བ་དང་། འཕགས་པ་དང་། འཕྲུལ་དང་། ཚངས་པའི་གནས་དེ་བཞིན་གཤེགས་པའི་གཟིམས་ཆ་ཐོབ་པར་བྱ་བའི་ཕྱིར། མལ་ཆ་འདོད་པ་རྣམས་ལ་མལ་ཆ་སྦྱིན་པའོ།། སྟོང་གསུམ་གྱི་སྟོང་ཆེན་པོ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ཐོབ་པར་བྱ་བའི་ཕྱིར། སྤྱན་འདོད་པ་རྣམས་ལ་སྟན་སྦྱིན་པའོ། ། བྱང་ཆུབ་ཀྱི་ཡོ་བྱད་ཐམས་ཅད་ཡོངས་སུ་བཀང་བའི་ཕྱིར། ཡོ་བྱད་འདོད་པ་རྣམས་ལ་ཡོ་བྱད་སྦྱིན་པའོ།། མཻ་རྒ་མི་འཆི་བའི་བདུད་རྩིའི་བདེ་བ་ཡོངས་སུ་བསྐང་བའི་ཕྱི་ན་བ་དང་། སྨན་འདོད་པ་རྣམས་ལ་སྨན་སྦྱིན་པའོ།། རང་དབང་དང་། རང་ཉམ་དང་། རང་བྱུང་གི་ཡེ་ཤེས་ཡོངས་སུ་བསྐང་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྲན་པོ་དང་། བྲན་མོ་ཡོངས་སུ་གཏོང་བའི་སྦྱིན་པའོ། ། སྐྱེས་བུ་ཆེན་པོའི་མཚན་དམ་པ་སུམ་ཅུ་རྩ་གཉིས་ཡོངས་སུ་བསྐང་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསེར་དང་། དངུལ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུཪྻ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། རིན་པོ་ཆེ་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པའོ།། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱན་སྣ་ཚོགས་སྦྱིན་པའོ། ། གཙུག་ཏོར་བལྟར་མི་མཐོང་བ་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཙུག་གི་ནོར་བུ་དང་། ཅོད་པན་སྦྱིན་པའོ།། ཐེག་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟ་དང་། བ་གླང་དང་། ཤིང་རྟ་དང་། དཔུང་བུ་ཆུང་དང་། བཞོན་པ་སྦྱིན་པའོ།། བསམ་གཏན་གྱི་ཡན་ལག་དང་། ཡན་ལག། གི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟའ་ཤིང་གི་ར་བ་དང་། གཞལ་མེད་ཁང་དང་། དཀའ་ཐུབ་ཀྱི་ནགས་ཚལ་དང་། གཙུག་ལག་ཁང་ཡོངས་སུ་གཏོང་བའི་སྦྱིན་པའོ། ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བུ་ཕོ་དང་། བུ་མོ་དང་། ཆུང་མ་དང་། སྡུག་པ་ཡོད་སུ་གཏོང་བའི་སྦྱིན་པའོ། ། དམ་པའི་ཆོས་ཀྱི་མཛོད་དང་། བང་བ་ཀུན་དགང་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནོར་དང་། འབྲུ་དང་། མཛོད་དང་། བང་བ་ཡོངས་སུ་གཏོང་བའི་སྦྱིན་པའོ། ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། དམ་པའི་ཆོས་ཀྱི་རྒྱལ་པོ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་ཡུལ་དང་། ཕོ་བྲང་འཁོར་དང་། རྒྱལ་པོའི་ཕོ་བྲང་དང་། འཛམ་བུའི་གླིང་དང་། གླིང་བཞི་པའི་རྒྱལ་པོའི་སྲིད་དང་། སྐྱིད་པ་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པའོ།། ཆོས་ཀྱི་དགའ་བ་དང་། མོས་པ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེ་བ་དང་། དགའ་བའི་རྩེད་མོ་ཐམས་ཅད་གཏོང་བའི་སྦྱིན་པའོ།། དམ་པའི་ཆོས་ཀྱི་རྐང་པས་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྐང་པ་སྦྱིན་པའོ།། སེམས་ཅན་ཐམས་ཅད་ལ་དམ་པའི་ཆོས་ཀྱི་ལག་པ་སྦྱིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་མཐིལ་སྦྱིན་པའོ། ། དབང་པོ་ཉམས་པ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣ་བ་དང་སྣ་སྦྱིན་པའོ།། སེམས་ཅན་ཐམས་ཅད་བསྒྲིབས་པ་མེད་པའི་སངས་རྒྱས་ཀྱི་སྤྱན་དང་། ཆོས་ཀྱི་སྤྱན་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིག་སྦྱིན་པའོ།། ཁམས་གསུམ་ཐམས་ཅད་ལས་བྱེ་བྲག་ཏུ་འཕགས་པའི་མཆོག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡན་ལག་གི་དམ་པ་མགོ་སྦྱིན་པའོ།། སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་ཞིང་ཉེ་བར་འཚོ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤ་དང་ཁྲག་ཡོངས་སུ་གཏོང་བའི་སྦྱིན་པའོ། ། འཇམ་པ་དང་། སྣུམ་པ་དང་། མདོག་གསེར་གྱི་ཁ་དོག་ལྟ་བུ་ཡོངས་སུ་དག་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་པགས་པ་ཡོངས་སུ་གཏོང་བའི་སྦྱིན་པའོ། ། སངས་རྒྱས་ཀྱི་སྐུ་རྡོ་རྗེ་ལྟར་མི་ཤིགས་ཤིང་སྲ་བ་དང་། མཐུ་བོ་ཆེ་མཁྲང་བ་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རུས་པ་དང་། རྐང་སྦྱིན་པའོ། ། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ལ་མི་མཐུན་པའི་ལོངས་སྤྱོད་ཡོངས་སུ་ཚོལ་བའི་སྦྱིན་པ་མེད་དོ།། སེམས་ཅན་ལ་གནོད་པའི་སྦྱིན་པ་མེད་དོ།། ང་རྒྱལ་སྐྱེད་ཅིང་སྦྱིན་པ་མེད་དོ།། འཇིགས་པ་དང་། སྨག་པ་དང་། ངོ་ཚ་བས་སྦྱིན་པ་མེད་དོ།། མགྲོན་དུ་གཉེར་ཏེ་ཡོངས་སུ་མི་གཏོང་བའི་སྦྱིན་པ་མེད་དོ།། ཇི་སྐད་སྨྲས་པ་ལས་ཆུང་བའི་སྦྱིན། པ་མེད་དོ།། བཟང་པོ་ཡོད་པ་ལ་བཟང་པོ་མ་ཡིན་པའི་སྦྱིན་པ་མེད་དོ།། སྙིང་ཐག་པ་ནས་མ་ཡིན་པའི་སྦྱིན་པ་མེད་དོ།། གཡོ་དང་སྒྱུས་སྦྱིན་པ་མེད་དོ།། བཅོས་མའི་སྦྱིན་པ་མེད་དོ།། ལས་ཀྱི་རྣམ་པར་སྨིན་པ་ལ་འཆེལ་བའི་སྦྱིན་པ་མེད་དོ། ། ལོག་པའི་བསམ་པས་སྦྱིན་པ་མེད་དོ།། གཏི་མུག་གི་བསམ་པས་སྦྱིན་པ་མེད་དོ།། སྣརེལ་ཞེའི་བསམ་པས་སྦྱིན་པ་མེད་དོ།། ཕྱིན་ཅི་ལོག་གི་བསམ་པས་སྦྱིན་པ་མེད་དོ། ། མ་དད་པར་སྦྱིན་པ་མེད་དོ།། མི་དགའ་བར་སྦྱིན་པ་མེད་དོ།། གནས་པའི་སྦྱིན་པ་མེད་དོ།། ངོར་བལྟས་ཏེ་སྦྱིན་པ་མེད་དོ།། སེམས་ཅན་ཐ་དད་པའི་སྦྱིན་པ་མེད་དོ།། སྦྱིན་པའི་གནས་འདམ་ཞིང་སྦྱིན་པ་མེད་དོ། ། སེམས་ཅན་ཐམས་ཅད་ལ་སྦྱིན་པའི་གནས་མ་ཡིན་པར་བརྙས་ཤིང་སྦྱིན་པ་མེད་དོ།། ཚུལ་ཁྲིམས་དང་ལྡན་པ་དང་། ངན་པའི་ངང་ཚུལ་ཅན་ལ་བསྟོད་པ་དང་། སྨད་པར་སྦྱིན་པ་མེད་དོ། ། ལ་ན་རེ་བའི་སྦྱིན་པ་མེད་དོ།། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པའི་ཕྱིར་སྦྱིན་པ་མེད་དོ།། བདག་ལ་བསྟོད་པ་དང་། གཞན་ལ་སྨོད་པའི་སྦྱིན་པ་མེད་དོ།། ཡོངས་སུ་གདུང་བའི་སྦྱིན་པ་མེད་དོ། ། ཕྱིས་མི་དགའ་བའི་སྦྱིན་པ་མེད་དོ།། འགྱོད་པའི་སྦྱིན་པ་མེད་དོ།། གནོད་པར་སྦྱིན་པ་མེད་དོ།། གཞན་གྱི་རེ་བ་ལ་བབ་པའི་སྦྱིན་པ་མེད་དོ།། སྨད་པར་སྦྱིན་པ་མེད་དོ།། ལས་ཀྱི་རྣམ་པར་སྨིན་པ་ལ་རེ་བའི་སྦྱིན་པ་མེད་དོ། ། དཔགས་ཏེ་སྦྱིན་པ་མེད་དོ།། ཁྲོ་བ་དང་། ཞེ་སྡང་དང་། གཏི་མུག་དང་། གནོད་སེམས་སྐྱེད་པའི་སྦྱིན་པ་མེད་དོ།། སློང་བ་ལ་གནོད་པའི་སྦྱིན་པ་མེད་དོ། ། འཕྱ་བ་དང་། བཞད་གང་དུ་བྱས་ཏེ་སྦྱིན་པ་མེད་དོ།། བྱིན་ཕྱོགས་སུ་སྦྱིན་པ་མེད་དོ།། བསྒྱུར་ཏེ་སྦྱིན་པ་མེད་དོ།། བསྟི་སྟང་དུ་མ་བྱས་པའི་སྦྱིན་པ་མེད་དོ།། བདག་གི་ལག་གིས་མ་དར་བའི་སྦྱིན་པ་མེད་དོ། ། མི་རྟག་པའི་སྦྱིན་པ་མེད་དོ།། ཤིན་ཏུ་མ་བྱང་བའི་སྦྱིན་པ་མེད་དོ།། གཞན་ལ་བརྙོགས་པའི་སྦྱིན་པ་མེད་དོ།། ཡོངས་སུ་ཆད་པར་བྱས་ཏེ་སྦྱིན་པ་མེད་དོ།། ཇི་ལྟར་བསྟན་པ་ལས་ཆུང་བའི་སྦྱིན་པ་མེད་དོ། ། སྤྲོ་བ་ལས་མི་སྤྲོ་བར་གྱུར་པའི་སྦྱིན་པ་མེད་དོ།། སེམས་ཅན་ཞིང་མ་ཡིན་ཞེས་སྦྱིན་པ་མེད་དོ།། སེམས་ཅན་ཞིང་ཡིན་ཞེས་སྦྱིན་པ་མེད་དོ།། ཆུང་ངུ་ལ་བརྙས་ཤིང་སྦྱིན་པ་མེད་དོ། ། སྦྱིན་པ་རྒྱ་ཆེན་པོ་ལ་བསྙེམས་ཤིང་སྦྱིན་པ་མེད་དོ།། ལོག་པའི་ནན་ཏན་གྱིས་སྦྱིན་པ་མེད་དོ།། སྐྱེ་བར་མོས་ཤིང་སྦྱིན་པ་མེད་དོ།། གཟུགས་དང་། ལོངས་སྤྱོད་དང་དབང་ལ་མངོན་པར་དགའ་བས་སྦྱིན་པ་མེད་དོ། ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་ཐམས་ཅད་དུ་སྐྱེ་བར་སྨོན་ཅིང་སྦྱིན་པ་མེད་དོ།། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པར་བསྔོ་ཞིང་སྦྱིན་པ་མེད་དོ། ། གཞོན་ནུ་དང་། རྒྱལ་པོའི་སྐྱིད་པ་འདོད་པས་སྦྱིན་པ་མེད་དོ།། ཚེ་གཅིག་ཏུ་ཟད་པའི་སྦྱིན་པ་མེད་དོ།། ཕྱིན་ཆད་ཆོག་ཅིང་མི་དགོས་པའི་སྦྱིན་པ་མེད་དོ།། ཐམས་ཅད་མཁྱེན་པའི་སེམས་སུ་མ་བསྔོས་པའི་སྦྱིན་པ་མེད་དོ།། མི་རིགས་པའི་སྦྱིན་པ་མེད་དོ།། དུས་ལ་མ་བབ་པའི་སྦྱིན་པ་མེད་དོ།། དུག་དང་མཚོན་སྦྱིན་པ་མེད་དོ།། སེམས་ཅན་ལ་གཙེ་ཞིང་སྦྱིན། པ་མེད་དོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ནི་མཁས་པས་སྨད་པ་མེད་དོ།། སྦྱིན་པ་དེ་ནི་སྟོང་པ་ཉིད་ཀྱི་རྣམ་པས་བསྒྲུབས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ།། སྦྱིན་པ་དེ་ནི་མཚན་མ་མེད་པས་ཡོངས་སུ་བསྒོས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ།། སྦྱིན་པ་དེ་ནི་སྨོན་པ་མེད་པ་ལ་རབ་ཏུ་གནས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ།། སྦྱིན་པ་དེ་ནི་མངོན་པར་འདུས་མ་བྱས་པའི་ཡོངས་སུ་བསྔོས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ།། སྦྱིན་པ་དེ་ནི་ཡང་དག་པར་ཟིན་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ།། སྦྱིན་པ་དེ་ནི་ཁམས་གསུམ་པ་དང་མ་འདྲེས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ།། སྦྱིན་པ་དེ་ནི་འབྲས་བུ་རྒྱུ་མཐུན་པ་རྣམ་པར་གྲོལ་བ་སྟེ། དེའི་ཕྱིར་དེ་མི་ཟད་པའོ།། སྦྱིན་པ་དེ་ནི་བདུད་ཐམས་ཅད་ཤིན་ཏུ་ཚར་གཅོད་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ།། སྦྱིན་པ་དེ་ནི་ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ།། སྦྱིན་པ་དེ་ནི་བྱེ་བྲག་ཏུ་འགྲོ་བ་སྟེ། དེའི་ཕྱིར་དེ་མི་ཟད་པའོ།། སྦྱིན་པ་དེ་ནི་ལེགས་པར་བྱས་པ་གདོན་མི་ཟ་བ་སྟེ། དེའི་ཕྱིར་དེ་མི་ཟད་པའོ།། སྦྱིན་པ་དེ་ནི་བྱང་ཆུབ་ཀྱི་ལམ་གྱི་ཚོགས་བསགས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ།། སྦྱིན་པ་དེ་ནི་ཡང་དག་པར་བསྔོ་བ་སྟེ། དེའི་ཕྱིར་དེ་མི་ཟད་པའོ།། སྦྱིན་པ་དེ་ནི་བྱང་ཆུབ་ཀྱི་སྙིང་པོའི་རྐྱེན་བཀོད་པ་རྣམ་པར་གྲོལ་བའི་རྒྱུ་མཐུན་པའི་འབྲས་བུ་སྟེ། དེའི་ཕྱིར་དེ་མི་བད་པའོ།། སྦྱིན་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་འཚོ་བ་སྟེ། དེའི་ཕྱིར་དེ་མི་ཟད་པའོ།། སྦྱིན་པ་དེ་ནི་མཐའ་མེད་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། ། སྦྱིན་པ་དེ་ནི་ཡོངས་སུ་མི་འགྲིབས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ།། སྦྱིན་པ་དེ་ནི་ཀུན་ཏུ་མི་གཏོགས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ།། སྦྱིན་པ་དེ་ནི་ཡོངས་སུ་མ་ཆད་པ་དེ།། དེའི་ཕྱིར་དེ་མི་ཟད་པའོ། ། སྦྱིན་པ་དེ་ནི་ཡངས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ།། སྦྱིན་པ་དེ་ནི་མི་གནས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ།། སྦྱིན་པ་དེ་ནི་ཐུག་པ་མེད་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ།། སྦྱིན་པ་དེ་ནི་ཁ་ན་མ་ཐོ་བ་མེད་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ།། སྦྱིན་པ་དེ་ནི་མི་སྐུར་བ་སྟེ། དེའི་ཕྱིར་དེ་མི་ཟད་པའོ།། སྦྱིན་པ་དེ་ནི་མི་ཐུལ་བ་སྟེ། དེའི་ཕྱིར་དེ་མི་ཟད་པའོ།། སྦྱིན་པ་དེ་ནི་ཟིལ་གྱིས་མནོན་པ་སྟེ་དེའི་ཕྱིར་དེ་མི་ཟད་པའོ། ། སྦྱིན་པ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བཏང་བ་སྟེ། དེའི་ཕྱིར་དེ་མི་ཟད་པའོ།། དེ་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་མི་ཟད་པ་ཞེས་བྱའོ།། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ཐེག་པ་ཆེན་པོའི་མདོ།། །། བམ་པོ་གཉིས་པ།། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་མི་ཟད་པ་འདི་ནི་ཁྱོད་ཀྱིས་ལེགས་པར་སྨྲས་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་མི་ཟད་པ་ལས་བརྩམས་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་མི་ཟད་བྱང་སྤབས་པར་གས་ཤག། བློ་གྲོས་མི་བད་པས་སྨྲས་པ། བཙུན་པ་ཤཱ་ར། དྭ་ཏིའི་བུ་རྣམ་པ་དྲུག་ཅུ་རྩ་ལྔས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་མི་ཟད་པ་ཡིན་ན།། དྲུག་ཅུ་རྩ་ལྔ་པ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་མི་གནོད་པ་དང་། གཞན་གྱི་ལོངས་སྤྱོད་ལ་མི་རྐུ་བ་དང་། གཞན་གྱི་ཆུང་མ་ལ་མ་ཆགས་པ་དང་། སེམས་ཅན་ཐམས་ཅད་ལ་མི་སླུ་བ་དང་། བདག་གི་འཁོར་གྱིས་ཆོག་པས་ཕྲ་མ་མེད་པ་དང་། ཚིག་དྲག་པོ་བཟོད་པས་མི་བརླང་བ་དང་། ཚིག་ཤིན་ཏུ་སྤོང་བས་ཚིག་འཁྱལ་པ་མི་སྨྲ་བ་དང་། གཞན་བདེ་བ་ལ་དགའ་བས་ཆགས་པ་མེད་པ་དང་། མི་སྙན་པ་དང་ངན་དུ་ཟེར་བའི་ཚིག་གི་ལམ་བཟོད་པས་གནོད་སེམས་མེད་པ་དང་། སྟོན་པ་གཞན་གྱིས་བསྟན་པ་མེད་པས་ཡང་དག་པར་ལྟ་བ་དང་། སེམས་རྙོག་པ་དང་བྲལ་བས། སངས་རྒྱས་ལ་དད་པ་དང་། ཆོས་ཉིད་ཀྱི་ཆོས་ལ་དད་པའི་ཕྱིར། ཆོས་ལ་དད་པ་དང་། འཕགས་པའི་ཚོགས་ཐམས་ཅད་ལ་དགའ་བས་དགེ་འདུན་ལ་དད་པ་དང་། བསྟི་སྟང་དང་བཅས་པས་བླ་མའི་རིམ་གྲོ་བྱེད་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ཡན་ལག་ལྔས་ཕྱག་འཚལ་བས། ལུས་རབ་ཏུ་བཏུད་པ་དང་། ཁ་ན་མ་ཐོ་བ་རྡུལ་ཙམ་གྱིས་ཀྱང་འཇིགས་པར་ལྟ་བས། ཚུལ་ཁྲིམས་མི་ལྷོད་པ་དང་། ཐེག་པ་གཞན་ལ་མི་རྟེན་པས། ཚུལ་ཁྲིམས་མ་རལ་བ་དང་། ཉམ་ང་བར་སྐྱེ་བ་སྤོང་བས། ཚུལ་ཁྲིམས་མཉམས་པ་དང་། སྐྱེ་བོ་མི་སྲུན་པ་དང་། ཉོན་མོངས་པ་དང་མ་འདྲེས་པས། ཚུལ་ཁྲིམས་མ་འདྲེས་པ་དང་དཀར་པོའི་ཆོས་ཕྱོགས་གཅིག་ཏུ་འཕེལ་བས། ཚུལ་ཁྲིམས་མ་ཉམས་པ་དང་། ཇི་ལྟར་འདོད་པ་བཞིན་དུ་འགྲོ་བས་རང་དབང་གི་ཚུལ་ཁྲིམས་དང་། མཁས་པས་མ་སྨང་པས་རབ་ཏུ་བསྔགས་པའི་ཚུལ་ཁྲིམས་དང་། དྲན་པ་དང་ཤེས་བཞིན་རབ་ཏུ་ཉེ་བ་འཕགས་པས། རྣམ་པ་མཆོག་གི་ཚུལ་ཁྲིམས་དང་། ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པས་མ་སྨད་པའི་ཚུལ་ཁྲིམས་དང་། དབང་པོ་བསྲུངས་པས་ཤིན་ཏུ་སྦས་པའི་ཚུལ་ཁྲིམས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སེམས་པས་རྣམ་པར་གྲགས་པའི་ཚུལ་ཁྲིམས་དང་། རིགས་པ་ལ་ཚོད་ཤེས་པས་འདོད་པ་ཆུང་བའི་ཚུལ་ཁྲིམས་དང་། ཆགས་པ་རབ་ཏུ་སྤངས་པས་ཆོག་ཤེས་པའི་ཚུལ་ཁྲིམས་དང་། ལུས་དང་སེམས་དབེན་པས་རང་བཞིན་གྱིས་དབེན་པའི་ཚུལ་ཁྲིམས་དང་། འདུ་འཛི་སྤངས་པས་དགོན་པ་ལ་གནས་པའི་ཚུལ་ཁྲིམས་དང་། གཞན་གྱི་ངོར་མི་ལྟ་བས། འཕགས་པའི་རིགས་ཀྱིས་ཆོག་པའི་ཚུལ་ཁྲིམས་དང་། དགེ་བའི་རྩ་བ་དག་གི་ཁུར་ལུས་པས་སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པའི་ཚུལ་ཁྲིམས་དང་། ལྷ་དང་མི་མགུ་བར་བྱེད་པས་ཇི་ལྟར་སྨྲས་པ་དེ་ལྟར་སྤྱོད་པའི་ཚུལ་ཁྲིམས་དང་། སེམས་ཅན་ཐམས་ཅད་ཀྱི་དཔུང་གཉེན་དུ་གྱུར་པས། བྱམས་པའི་ཚུལ་ཁྲིམས་དང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་བཟོད་པས་སྙིང་རྗེའི་ཚུལ་ཁྲིམས་དང་། སེམས་མ་ཞུམ་པས་མགུ་བའི་ཚུལ་ཁྲིམས་དང་། ཆགས་པ་དང་། ཁོང་ཁྲོ་བ་སྤངས་པས་བཏང་སྙོམས་ཀྱི་ཚུལ་ཁྲིམས་དང་། བདག་གི་སེམས་ལ་ངེས་པར་རྟོག་པས། བདག་གི་ཉེས་པ་ལ་རྟོག་པའི་ཚུལ་ཁྲིམས་དང་། གཞན་གྱི་སེམས་སྲུང་བས་གཞན་གྱི་འཁྲུལ་པ་ཉེས་པ་ལ་མི་བལྟ་བའི་ཚུལ་ཁྲིམས་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས། སྦྱིན་པའི་ཚུལ་ཁྲིམས་དང་། ཚུལ་ཁྲིམས་རབ་ཏུ་བསྲུངས་པས་ཤིན་ཏུ་བཟུང་བའི་ཚུལ་ཁྲིམས་དང་། སེམས་ཅན་ཐམས་ཅད་ལ་སེམས་མི་ཁྲོ་བས་བཟོད་པའི་ཚུལ་ཁྲིམས་དང་། ཕྱིར་མི་ལྡོག་པས་བརྩོན་འགྲུས་ཀྱི་ཚུལ་ཁྲིམས་དང་། བསམ་གཏན་གྱི་ཡན་ལག་གི་ཚོགས་འཕེལ་བར་བྱེད་པས། བསམ་གཏན་གྱི་ཚུལ་ཁྲིམས་དང་། ཐོས་པའི་དགེ་བའི་རྩ་བས་མི་ངོམས་ཤེས་རབ་ཀྱི་ཚུལ་ཁྲིམས་དང་། ཐོས་པའི་སྙིང་པོ་ལེན་པའི་ཕྱིར། ཐོས་པ་ཚོལ་བའི་ཚུལ་ཁྲིམས་དང་། བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་སྤེལ་བའི་ཕྱིར། དགེ་བའི་བཤེས་གཉེན་ལ་བསྟེན་པའི་ཚུལ་ཁྲིམས་དང་། ལམ་ཉམ་ང་བ་འདོར་བའི་ཕྱིར། སྡིག་པའི་གྲོགས་པོ་སྤོང་བའི་ཚུལ་ཁྲིམས་དང་། མི་རྟག་པའི་འདུ་ཤེས་ལ་རྟོག་པས་ལུས་ལ་མི་བལྟ་བའི་ཚུལ་ཁྲིམས་དང་། དགེ་བའི་རྩ་བ་ལ་རིངས་པར་བྱེད་པས། འཚོ་བ་ལ་ཡིད་མི་རྟོན་པའི་ཚུལ་ཁྲིམས་དང་། བསམ་པ་དག་པའི་ཕྱིར་འགྱོད་པ་མེད་པའི་ཚུལ་ཁྲིམས་དང་། སྦྱོར་བ་དག་པའི་ཕྱིར་བཅོས་པ་མེད་པའི་ཚུལ་ཁྲིམས་དང་། ལྷག་པའི་བསམ་པ་དག་པའི་ཕྱིར། ཡོངས་སུ་གདུང་བ་མེད་པའི་ཚུལ་ཁྲིམས་དང་། ལས་ལེགས་པར་བྱས་པའི་ཕྱིར། མི་དཀའ་བ་མེད་པའི་ཚུལ་ཁྲིམས་དང་། ཕོ་ཐེག་མེད་པའི་ཕྱིར་ང་རྒྱལ་མེད་པའི་ཚུལ་ཁྲིམས་དང་། འདོད་ཆགས་དང་བྲལ་བའི་ཕྱིར། མི་རྒོད་པའི་ཚུལ་ཁྲིམས་དང་། དྲང་བའི་ཕྱིར་གཡེལ་བ་མེད་པའི་ཚུལ་ཁྲིམས་དང་། ཅང་ཤེས་པའི་ཕྱིར། མུ་ཅོར་མི་སྨྲ་བའི་ཚུལ་ཁྲིམས་དང་། མི་འཁྲུགས་པའི་ཕྱིར། དུལ་བའི་ཚུལ་ཁྲིམས་དང་། ཉེ་བར་ཞི་བའི་ཕྱིར། ཞི་བའི་ཚུལ་ཁྲིམས་དང་། ཇི་སྐད་དུ་སྨྲས་པ་ལྟར་བྱེད་པས། བཀའ་བློ་བདེ་ཞིང་མཐུན་པར་འཛིན་པའི་ཚུལ་ཁྲིམས་དང་། བསྡུ་བའི་དངོས་པོ་མི་འདོར་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཚུལ་ཁྲིམས་དང་། བདག་གི་ནོར་ཆུད་མི་གཟོན་པའི་ཕྱིར། དམ་པའི་ཆོས་ཀུན་སྲུང་བའི་ཚུལ་ཁྲིམས་དང་། ཐོག་མ་ནས་ཤིན་ཏུ་དག་པས་བསམ་པ་ཐམས་ཅད་ཡོངས་སུ་འགེངས་པའི་ཚུལ་ཁྲིམས་དང་། དེའི་ཚུལ་ཁྲིམས་སུ་བསྔོས་པས་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་གཞོལ་བའི་ཚུལ་ཁྲིམས་དང་། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པའི་ཕྱིར། སངས་རྒྱས་ཀྱི་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཚུལ་ཁྲིམས་ཏེ། བཙུན་པ་ཤཱ་ར་དྭ་ཏིའི་བུ། རྣམ་པ་དྲུག་ཅུ་རྩ་ལྔ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་མི་ཟད་པ་ཡིན་ནོ། ། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ། གང་ལ་བདག་ཏུ་སྒྲོ་བཏགས་པ་མེད་པ་དང་། སེམས་ཅན་དུ་མ་ཡིན། སྲོག་ཏུ་མ་ཡིན། གསོ་བར་མ་ཡིན། སྐྱེས་བུར་མ་ཡིན། གང་ཟག་ཏུ་མ་ཡིན། ཤེད་ལས་སྐྱེས་པར་མ་ཡིན། ཤེད་བདག་ཏུ་སྒྲོ་བཏགས་པ་མེད་པ་དེ་ནི་ཚུལ་ཁྲིམས་སོ།། གང་ལ་གཟུགས་སུ་སྒྲོ་བཏགས་པ་མེད་པ་དེ་ནི། ཚོར་བར་མ་ཡིན། འདུ་ཤེས་སུ་མ་ཡིན། འདུ་བྱེད་དུ་མ་ཡིན། རྣམ་པར་ཤེས་པར་སྒྲོ་བཏགས་པ་མེད་པ་དེ་ནི་ཚུལ་ཁྲིམས་སོ།། གང་ལ་སའི་ཁམས་སུ་སྒྲོ་བཏགས་པ་མེད་པ་དང་། ཆུའི་ཁམས་སུ་མ་ཡིན། མེའི་ཁམས་སུ་མ་ཡིན། རླུང་གི་ཁམས་སུ་སྒྲོ་བཏགས་པ་མེད་པ་དེ་ནི་ཚུལ་ཁྲིམས་སོ།། གང་ལ་མིག་གི་མཚན་མར་སྒྲོ་བཏགས་པ་མེད་པ་དང་། གཟུགས་ཀྱི་མཚན་མར་སྒྲོ་བཏགས་པ་མེད་པ་དེ་བཞིན་དུ་རྣ་བར་མ་ཡིན། སྒྲར་མ་ཡིན། སྣར་མ་ཡིན། དྲིར་མ་ཡིན། ལྕེར་མ་ཡིན། རོར་མ་ཡིན། ལུས་སུ་མ་ཡིན། རེག་བྱར་མ་ཡིན། ཡིད་ཀྱི་མཚན་མར་སྒྲོ་བཏགས་པ་མེད་པ་དང་། ཆོས་སུ་སྒྲོ་བཏགས་པ་མེད་པ་དེ་ནི་ཚུལ་ཁྲིམས་སོ།། གང་ལ་ལུས་དང་། ངག་དང་། སེམས་སུ་སྒྲོ་བཏགས་པ་མེད་པ་དེ་ནི་ཚུལ་ཁྲིམས་སོ།། གང་རྩེ་གཅིག་པའི་ཕྱིར།། ཞི་གནས་ཀྱི་མཚན་ཉིད་དེ་ནི་ཚུལ་ཁྲིམས་སོ།། ཆོས་རྣམ་པར་འབྱེད་པ་ལ་མཁས་པས། ལྷག་མཐོང་གི་མཚན་ཉིད་དེ་ནི་ཚུལ་ཁྲིམས་སོ།། གང་སྟོང་པ་ཉིད་རིག་པ་དང་། མཚན་མ་མེད་པའི་མཐའ་དང་། སྨོན་པ་མེད་ཅིང་ཁམས་གསུམ་པ་དང་མ་འདྲེས་པ་དེ་ནི་ཚུལ་ཁྲིམས་སོ།། གང་མངོན་པར་འདུས་མ་བྱས་པ། མ་སྐྱེས་པས་རབ་ཏུ་ཕྱེ་བ། མི་སྐྱེ་བ་ལ་བཟོད་པ་དེ་ནི་ཚུལ་ཁྲིམས་སོ།། གང་མ་བྱས་ཤིང་།། བྱ་བ་མེད་པ་དེ་ནི་ཚུལ་ཁྲིམས་སོ།། གང་སྔོན་གྱི་མཐར་མ་བྱུང་བ་དང་། ཕྱི་མའི་མཐར་མ་འཕོས་པ་དང་། བར་དུ་མི་གནས་པ་དེ་ནི་ཚུལ་ཁྲིམས་སོ།། གང་སེམས་དྲི་མ་མེད་པབ་དང་། རྣམ་པར་ཤེས་པ་ལ་མི་གནས་པ་དང་། ཡིད་ལ་བྱེད་པ་དང་མ་འདྲེས་པ་དེ་ནི་ཚུལ་ཁྲིམས་སོ།། གང་འདོད་པའི་ཁམས་ལ་མི་རྟེན་པ་དང་། གཟུགས་ཀྱི་ཁམས་ལ་མི་གནས་པ་དང་། གཟུགས་མེད་པའི་ཁམས་ན་མི་འདུག་པ་དེ་ནི་ཚུལ་ཁྲིམས་སོ།། གང་འདོད་ཆགས་ཀྱི་རྡུལ་མེད་པ་དང་། གནོད་སེམས་ཀྱི་ཐ་བ་དང་། ཉེས་པ་དང་། ཁོང་ཁྲོ་བ་བསལ་བ་དང་། གཏི་མུག་གི་མུན་པ་དང་མ་རིག་པ་མེད་པ་དེ་ནི་ཚུལ་ཁྲིམས་སོ། ། གང་རྟག་པ་མེད་པ་དང་། ཆད་པ་མེད་པ་དང་། རྐྱེན་ལས་བྱུང་བ་ལ་འཇུག་པ་དང་མི་འགལ་བ་དེ་ནི་ཚུལ་ཁྲིམས་སོ།། གང་ངར་འཛིན་པ་མེད་པ་དང་། ང་ཡིར་ལྟ་བ་བོར་བ་དང་། འཇིག་ཚོགས་ལ་ལྟ་བ་ལ་མི་གནས་པ་དེ་ནི་ཚུལ་ཁྲིམས་སོ།། གང་མིང་དང་བརྡ་ལ་མངོན་པར་མ་ཆགས་པ་དང་། གཟུགས་དང་མཚན་ཉིད་ལ་མི་གནས་པ་དང་། མིང་དང་གཟུགས་དང་མ་འདྲེས་པ་དེ་ནི་ཚུལ་ཁྲིམས་སོ། ། གང་རྒྱུའི་བག་ལ་ཉལ་བ་དང་། ལྟ་བ་དང་ཀུན་ནས་ལྡང་བ་དང་། ཀུན་ནས་མ་ལངས་པ་དང་། སྒྲིབ་པ་དང་། འགྱོད་པ་ལ་མི་གནས་པ་དེ་ནི་ཚུལ་ཁྲིམས་སོ།། གང་ལ་ཆགས་པ་མི་དགེ་བའི་རྩ་བའི་གནས་མེད་པ་དང་། ཞེ་སྡང་མི་དགེ་བའི་རྩ་བའི་གནས་མེད་པ་དང་། གཏི་མུག་མི་དགེ་བའི་རྩ་བའི་གནས་མེད་པ་དེ་ནི་ཚུལ་ཁྲིམས་སོ།། གང་མི་དགའ་བ་མེད་པ་དང་།། ། ཡོངས་སུ་གདུང་བ་མེད་པ་དང་། ཤིན་ཏུ་བྱང་བའི་མཚན་ཉིད་དེ་ནི་ཚུལ་ཁྲིམས་སོ།། གང་ཆོས་ཀྱི་སྐུས་སངས་རྒྱས་ཀྱི་རིགས་མི་གཅོད་པ་དང་། ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཕྱིར། ཆོས་ཀྱི་རིགས་མི་གཅོད་པ་དང་། འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར། དགེ་འདུན་གྱི་རིགས་མི་གཅོད་པ་དེ་ནི་ཚུལ་ཁྲིམས་སོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཚུལ་ཁྲིམས་མི་ཟད་པ་ནི་རྒྱུན་མི་ཟད་པའི་ཕྱིར་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོ་རྣམས་ཀྱི་ཚུལ་ཁྲིམས་ནི་སྐྱེ་བའི་གནས་ཀྱིས་ཟད་པར་འགྱུར་རོ།། ཕྱི་རོལ་པའི་ལྔ་མངོན་པར་ཤེས་པ་རྣམས་ཀྱི་ཚུལ་ཁྲིམས་ནི། མངོན་པར་ཤེས་པ་ཉམས་པས་ཟད་པར་འགྱུར་རོ། ། མི་རྣམས་ཀྱི་ཚུལ་ཁྲིམས་ནི། དགེ་བ་བཅུའི་ལས་ཀྱི་ལམ་ཟད་པས་ཟད་པར་འགྱུར་རོ།། འདོད་པའི་ཁམས་ཀྱི་ལྷའི་བུ་རྣམས་ཀྱི་ཚུལ་ཁྲིམས་ནི། བསོད་ནམས་ཟད་པས་ཟད་པར་འགྱུར་རོ། ། གཟུགས་ཀྱི་ཁམས་ཀྱི་ལྷའི་བུ་རྣམས་ཀྱི་ཚུལ་ཁྲིམས་ནི་ཚད་མེད་པ་དང་། བསམ་གཏན་ཟད་པས་ཟད་པར་འགྱུར་རོ།། གཟུགས་མེད་པའི་ཁམས་ཀྱི་ལྷའི་བུ་རྣམས་ཀྱི་ཚུལ་ཁྲིམས་ནི། ཇི་ལྟ་བུར་སྙོམས་པར་ཞུགས་པས་སྐྱེས་པ་ཟད་ནས་ཟད་པར་འགྱུར་རོ།། སློབ་པ་དང་། མི་སློབ་པ་དང་། ཉན་ཐོས་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི་མྱ་ངན་ལས་འདས་པའི་མཐར་ཟད་པར་འགྱུར་རོ།། རང་སངས་རྒྱས་རྣམས་ཀྱི་ཚུལ་ཁྲིམས་ནི་སྙིང་རྗེ་ཆེན་པོ་དང་བྲལ་བས་ཟད་པར་འགྱུར་རོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་མི་ཟད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚུལ་ཁྲིམས་དེ་ལས་ཚུལ་ཁྲིམས་ཐམས་ཅད་འབྱུང་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། ས་བོན་མི་ཟད་པས་ཐོབ་པ་མི་ཟད་དོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་ནི་མི་ཟད་པས་ན། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་མི་ཟད་པར་རིག་པར་བྱ་སྟེ། དེའི་ཕྱིར་ན་སྐྱེས་བུ་དམ་པ་དེ་དག་ནི། ཚུལ་ཁྲིམས་མི་ཟད་པ་ཞེས་བྱའོ།། འདི་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་མི་ཟད་པ་ཞེས་བྱའོ།། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་མི་ཟད་པ་འདི་ནི། ཁྱོད་ཀྱིས་ལེགས་པར་སྨྲས་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་མི་ཟད་པ་ལས་བརྩམས་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བཟོད་པ་མི་ཟད་པར་འགྱུར་བ་ལ་ཁྱོད་སྤོངས་པར་གྱིས་ཤིག། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་རྣམ་པ་སུམ་ཅུ་རྩ་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པར་བལྟའོ། ། སུམ་ཅུ་རྩ་གཉིས་གང་ཞེ་ན། བག་ལ་ཉལ་བ་སྤངས་པའི་ཕྱིར་བཟོད་པར་བལྟའོ།། མི་གནོད་པའི་ཕྱིར་བཟོད་པར་བལྟའོ།། ། ཡོངས་སུ་མི་གདུང་བའི་ཕྱིར་བཟོད་པར་བལྟའོ།། གནོད་སེམས་མེད་པའི་ཕྱིར་བཟོད་པར་བལྟའོ།། འཁོན་དུ་འཛིན་པ་མེད་པའི་ཕྱིར་བཟོད་པར་བལྟའོ།། མི་ཁྲོ་བའི་ཕྱིར་བཟོད་པར་བལྟའོ།། འཐབ་མོ་མེད་པའི་ཕྱིར་བཟོད་པར་བལྟའོ། ། རྩོད་པ་མེད་པའི་ཕྱིར་བཟོད་པར་བལྟའོ།། ཡུལ་གྱིས་རྨ་མི་ཕྱིན་པའི་ཕྱིར་བཟོད་པར་བལྟའོ།། བདག་དང་གཞན་བསྲུང་བའི་ཕྱིར་བཟོད་པར་བལྟའོ།། བྱང་། ཆུབ་ཀྱི་སེམས་དང་མཐུན་པའི་ཕྱིར་བཟོད་པར་བལྟའོ།། ཚུལ་བཞིན་དུ་རབ་ཏུ་རྟོག་པའི་ཕྱིར་བཟོད་པར་བལྟའོ།། སྐྱོ་ཞིང་འདོད་ཆགས་དང་བྲལ་བའི་ཕྱིར་བཟོད་པར་བལྟའོ།། ལས་ཀྱི་རྣམ་པར་སྨིན་པ་ལ་རྟེན་པའི་ཕྱིར་བཟོད་པར་བལྟའོ། ། ལུས་ཀྱི་རྒྱུན་གྱི་ཕྱིར་བཟོད་པར་བལྟའོ།། ངག་དང་སེམས་ཡོངས་སུ་དག་པའི་ཕྱིར་བཟོད་པར་བལྟའོ།། བསམ་པ་བརྟན་པའི་ཕྱིར་བཟོད་པར་བལྟའོ།། ཡི་གེ་ལ་དབང་བའི་ཕྱིར་བཟོད་པར་བལྟའོ། ། ཡོངས་སུ་རྟོག་པ་མེད་པའི་ཕྱིར་བཟོད་པར་བལྟའོ།། བདག་གི་སེམས་ལ་ངེས་པར་རྟོགས་པའི་ཕྱིར་བཟོད་པར་བལྟའོ།། གཞན་གྱི་སེམས་བསྲུང་བའི་ཕྱིར་བཟོད། པར་བལྟའོ།། ཚངས་པའི་འཇིག་རྟེན་གྱི་ལམ་དུ་འགྲོ་བའི་ཕྱིར་བཟོད་པར་བལྟའོ།། ལྷ་དང་མིའི་ཕུན་སུམ་ཚོགས་པ་མྱོང་བའི་ཕྱིར་བཟོད་པར་བལྟའོ།། མཚན་དང་དཔེ་བྱད་བཟང་པོ་རྫོགས་པར་བྱེད་པས་བཟོད་པར་བལྟའོ། ། ཚངས་པའི་སྒྲ་སྐད་འབྱིན་པའི་དབྱངས་ཐོབ་པས་བཟོད་པར་བལྟའོ།། ཉེས་པ་ཐམས་ཅད་བཅོམ་པས་བཟོད་པར་བལྟའོ།། གནོད་སེམས་ཀྱི་ཉེས་པའི་ཐ་བ་ཐམས་ཅད་བཅོམ་པས་བཟོད་པར་བལྟའོ། ། ཁོང་ཁྲོ་བ་ཐམས་ཅད་སྤངས་པས་བཟོད་པར་བལྟའོ།། མི་དགེ་བའི་རྩ་བ་ཐམས་ཅད་སྤངས་པས་བཟོད་པར་བལྟའོ།། ཕྱིར་རྒོལ་བ་ཐམས་ཅད་རབ་ཏུ་བཅོམ་པའི་ཕྱིར་བཟོད་པར་བལྟའོ། ། གཞན་གྱིས་གནོད་པར་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པའི་ཕྱིར་བཟོད་པར་བལྟའོ།། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པའི་ཕྱིར་བཟོད་པར་བལྟའོ། ། བཙུན་པ་ཤཱ་ར་དྭ་ཏིའི་བུ། རྣམ་པ་སུམ་ཅུ་རྩ་གཉིས་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པར་བལྟའོ།། དེ་ལ་བཟོད་པ་ཡོངས་སུ་དག་པ་གང་ཞེ་ན། ངག་ཟག་ཆའི་སྒྲ་དང་མཚུངས་པར་ཤིན་ཏུ་རྟོགས་པའི་ཕྱིར། སྨྱོས་པ་ལ་སླར་མི་སྤྲོ་བ་དང་། ལུས་གཟུགས་བརྙན་དང་མཚུངས་པར་རབ་ཏུ་རྟོགས་པའི་ཕྱིར། བརྡེག་པ་ལ་ཕྱིར་མི་རྡེག་པ་དང་། སེམས་སྒྱུ་མ་དང་མཚུངས་པར་ཤིན་ཏུ་རིག་པའི་ཕྱིར། གཤེ་བ་ལ་ཕྱིར་མི་གཤེ་བ་དང་། བསམ་པ་ཞི་བའི་ཕྱིར་ཁྲོས་པ་ལ་ཕྱིར་མི་ཁྲོ་བ་དང་། རང་གི་ཡོན་ཏན་རྫོགས་པའི་ཕྱིར་བསྔགས་པ་མ་ཡིན་པས་ཁོང་ཁྲོ་བར་མི་འགྱུར་བ་དང་། མ་ཐོས་པར་མི་སེམས་པའི་ཕྱིར་བསྔགས་པས་དགའ་བར་མི་འགྱུར་བ་དང་། ཤིན་ཏུ་དུལ་བའི་ཕྱིར་རྙེད་པས་དགའ་བ་མེད་པ་དང་། རབ་ཏུ་ཞི་བའི་ཕྱིར་མ་རྙེད་པས་ཁོང་ཁྲོ་བ་མེད་པ་དང་། ཤེས་པས་རབ་ཏུ་བརྟགས་པའི་ཕྱིར་གྲགས་པ་ལ་ངོ་མཚར་དུ་མི་འཛིན་པ་དང་། བློ་ཡངས་པའི་ཕྱིར་མ་གྲགས་པས་ཞུམ་པར་མི་འགྱུར་བ་དང་། ལེགས་པར་གནས་པའི་ཕྱིར་སྨད་པས་དམས་པར་མི་སེམས་པ་དང་། མི་གཡོ་བའི་ཕྱིར་བསྟོད་པས་མ་ཐོས་པར་མི་སེམས་པ་དང་། སེམས་ཅན་ལ་ལྟ་བའི་ཕྱིར་སྡུག་བསྔལ་གྱིས་མི་སྐྱོ་བ་དང་། འདུས་བྱས་ཀྱི་བདེ་བ་མི་རྟག་པའི་ཕྱིར། བདེ་བས་དཀའ་བར་མི་འགྱུར་བ་དང་། མི་གནས་པའི་ཕྱིར་བདག་རྟེན་ན་ཆོས་རྣམས་ཀྱིས་མི་གོས་པ་དང་། གཞན་ལ་མི་གནོད་པའི་ཕྱིར་བདག་ལ་གནོད་པ་པཟོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་གཙོས། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཡན་ལག་དང་ཉིང་ལག་གཅོད་པའང་ཉམས་སུ་ལེན་པ་དང་། སངས་རྒྱས་ཀྱི་སྐུ་འདོད་པའི་ཕྱིར་བདག་གི་ལུས་གཅོད་པ་ཡང་བཟོད་པ་དང་། ལེགས་པར་བྱས་པའི་ལས་ཀྱི་སྟོབས་བསྐྱེད་པའི་ཕྱིར། ངན་དུ་བྱས་པ་ཐམས་ཅད་བཟོད་པ་དང་། མུ་སྟེགས་ཅན་ཐམས་ཅད་འཇོམས་པས་དཔའ་བའི་ཕྱིར་གདུང་བ་དང་། ཡོངས་སུ་གདུང་བ་ལ་མི་འབྱེད་པ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ཟིལ་གྱིས་གནོན་པའི་ཕྱིར། བརྟུལ་ཞུགས་ཐམས་ཅད་ལ་བརྩོན་པའོ།། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ་བཟོད་པ་ཞེས་བྱ་བ་ནི་གང་འདི་ཤིན་ཏུ་རྨ་མི་ཕྱིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། མི་མིགས་པའི་ཕྱིར་རོ།། གཤེའོ་ཞེས་བཟོད་པ་དེ་ནི་གཉིས་ཀ་ལ་དམིགས་པའི་བཟོད་པ་སྟེ། དེ་ནི་ཤིན་ཏུ་བཟོད་པ་མ་ཡིན་ནོ།། འདི་ལ་སུ་ཞིག་གཤེ་ཞེས་བཟོད་པ་དེ་ནི། ཆོས་ལ་བགྲང་ཞིང་རྟོག་པའི་བཟོད་པ་སྟེ། དེ་ནི་ཤིན་ཏུ་བཟོད་པ་མ་ཡིན་ནོ།། ཅི་བདག་གི་མིག་ལ་མིག་གཤེ་བ་འམ་ཞེས་བཟོད་པ་དང་། དེ་བཞིན་དུ་ཅི་བདག་གི་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་ཡིད་གཤེ་འམ་ཞེས་བཟོད་པ་དེ་ནི། སྐྱེ་མཆེད་ལ་རྟོག་པའི་བཟོད་པ་སྟེ། དེ་ནི་ཤིན་ཏུ་བཟོད་པ་མ་ཡིན་ནོ། ། འདི་ལ་གང་སུ་ཡང་གཤེ་བ་མེད་དོ་ཞེས་བཟོད་པ་དེ་ནི། བདག་མེད་པ་ལ་རྟོག་པའི་བཟོད་པ་སྟེ། དེ་ནི་ཤིན་ཏུ་བཟོད་པ་མ་ཡིན་ནོ།། འདི་དག་ནི་ཡི་གེའི་སྒྲ་འབྱུང་བའོ་ཞེས་བཟོད་པ་དེ་ནི་ཟག་ཆའི་སྒྲ་ལ་བཟོད་པ་སྟེ། དེ་ནི་ཤིན་ཏུ་བཟོད་པ་མ་ཡིན་ནོ།། འདིའང་མི་རྟག་པའོ།། བདག་ཀྱང་མི་རྟག་པའོ་ཞེས་བཟོད་པ་དེ་ནི། མི་རྟག་པ་ལ་འཇུག་པའི་བཟོད་པ་སྟེ། དེ་ནི་ཤིན་ཏུ་བཟོད་པ་མ་ཡིན་ནོ།། འདི་ནི་ཕྱིན་ཅི་ལོག་ཡིན་གྱི། བདག་ནི་ཕྱིན་ཅི་མ་ལོག་པ་ཡིན་ནོ་ཞེས་བཟོད་པ་དེ་ནི་མཐོ་དམན་གྱི་བཟོད་པ་སྟེ། དེ་ནི་ཤིན་ཏུ་བཟོད་པ་མ་ཡིན་ནོ། ། བདག་ནི་སྦྱོར་གྱི། འདི་ནི་མི་སྦྱོར་བའོ་ཞེས་བཟོད་པ་དེ་ནི་སྦྱོར་བ་དང་མི་སྦྱོར་བའི་བཟོད་པ་སྟེ། འདི་ནི་ཤིན་ཏུ་བཟོད་པ་མ་ཡིན་ནོ།། བདག་ནི་ལེགས་པའི་ལམ་ལ་གནས། འདི་ནི་ངན་པའི་ལམ་ལ་གནས་སོ་ཞེས་བཟོད་པ་དེ་ནི། ལམ་དང་ལམ་མ་ཡིན་པའི་བཟོད་པ་སྟེ། དེ་ནི་ཤིན་ཏུ་བཟོད་པ་མ་ཡིན་ནོ།། བདག་ནི་མི་རྟག་པ་ལ་བཟོད་ཀྱི། རྟག་པ་ལ་བདག་མི་བཟོད་དོ་ཞེས་བཟོད་པ་དེ་ནི་གཉེན་པོས་སྤངས་པའི་བཟོད་པ་སྟེ། དེ་ནི་ཤིན་ཏུ་བཟོད་པ་མ་ཡིན་ནོ།། བདག་སྡུག་བསྔལ་ལ་བཟོད་ཀྱི། བདེ་བ་ལ་མི་བཟོད་དོ།། བདག་ནི་བདག་མེད་པ་བཟོད་ཀྱི། བདག་ལ་ནི་བདག་མི་བཟོད་དོ།། བདག་ནི་མི་སྡུག་པ་ལ་བཟོད་ཀྱི། སྡུག་པ་ལ་བདག་མི་བཟོད་དོ་ཞེས་བྱ་བ་དེ་ནི་གཉེན་པོས་སྤོང་བའི་བཟོད་པ་སྟེ། དེ་ནི་ཤིན་ཏུ་བཟོད་པ་མ་ཡིན་ནོ།། བདག་ནི་སྟོང་པ་ཉིད་ལ་བཟོད་ཀྱི། ལྟ་བའི་རྣམ་པ་ལ་བདག་མི་བཟོད་དོ།། བདག་ནི་མཚན་མ་མེད་པ་ལ་བཟོད་ཀྱི། མཚན་མར་རྣམ་པར་རྟོག་པ་ལ་བདག་མི་བཟོད་དོ།། བདག་ནི་སྨོན་པ་མེད་པ་ལ་བཟོད་ཀྱི། སྨོན་པ་ལ་བདག་མི་བཟོད་དོ།། བདག་ནི་མངོན་པར་འདུ་མི་བྱེད་པ་ལ་བཟོད་ཀྱི། མངོན་པར་འདུ་བྱེད་པ་ལ་བདག་མི་བཟོད་དོ།། བདག་ནི་ཉོན་མོངས་པ་ཐམས་ཅད་ཟད་པ་ལ་བཟོད་ཀྱི། ཉོན་མོངས་པ་ལ་བདག་མི་བཟོད་དོ།། བདག་ནི་དགེ་བ་ལ་བཟོད་ཀྱི། མི་དགེ་བ་ལ་བདག་མི་བཟོད་དོ།། བདག་ནི་འཇིག་རྟེན་ལས་འདས་པ་ལ་བཟོད་ཀྱི། འཇིག་རྟེན་པ་ལ་བདག་མི་བཟོད་དོ། ། བདག་ནི་ཁ་ན་མ་ཐོ་བ་མེད་པ་ལ་བཟོད་ཀྱི། ཁ་ན་མ་ཐོ་བ་དང་བཅས་པ་ལ་བདག་མི་བཟོད་དོ།། བདག་ནི་ཟག་པ་མེད་པ་ལ་བཟོད་ཀྱི། ཟག་པ་དང་བཅས་པ་ལ་བདག་མི་བཟོད་དོ། ། བདག་ནི་རྣམ་པར་བྱང་བ་ལ་བཟོད་ཀྱི། ཀུན་ནས་ཉོན་མོངས་པ་ལ་བདག་མི་བཟོད་དོ།། བདག་ནི་མྱ་ངན་ལས་འདས་པ་ལ་བཟོད་ཀྱི། འཁོར་བ་ལ་བདག་མི་བཟོད་དོ་ཞེས་བྱ་བ་དེ་ནི་གཉེན་པོས་སྤོང་བའི་བཟོད་པ་སྟེ། དེ་ནི་ཤིན་ཏུ་བཟོད་པ་མ་ཡིན་ནོ།། དེ་ལ་ཤིན་ཏུ་བཟོད་པ་གང་ཞེ་ན། གང་སྟོང་པ་ཉིད་རྟོགས་པ་དེ་ལ་ལྟ་བར་གྱུར་པ་ལ་ཡང་བསལ་བ་མེད། སྟོང་པ་ཉིད་སྒྲོ་འདོགས་པ་ཡང་མེད་དེ། ལྟ་བར་གྱུར་པ་ཉིད་སྟོང་པའོ་ཞེས་གང་འདི་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་པའོ།། གང་མཚན་མ་མེད་པར་རྟོགས་པ་དེ་ལ་མཚན་མའི་རྣམ་པར་རྟོག་པ་ཡང་བསལ་བ་མེད། མཚན་མ་མེད་པར་སྒྲོ་འདོགས་པ་ཡང་མེད་དེ། མཚན་མའི་རྣམ་པར་རྟོག་པ་ཉིད་སྟོང་པ་སྟེ། གང་འདི་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་པའོ།། གང་སྨོན་པ་མེད་པར་རྟོགས་པ་དེ་ལ་སྨོན་པ་བསལ་བ་ཡང་མེད། སྨོན་པ་མེད་པར་སྤྲོ་འདོགས་པ་ཡང་མེད་དེ། སྨྱོན་པ་ཉིད་སྟོང་པ་སྟེ། གང་འདི་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་པའོ།། གང་མངོན་པར་འདུ་མི་བྱེད་པར་རྟོགས་པ་དེ་ལ་མངོན་པར་འདུ་བྱེད་པ་བསལ་བ་ཡང་མེད། མངོན་པར་འདུ་མི་བྱེད་པར་སྒྲོ་འདོགས་པ་ཡང་མེད་དེ། མངོན་པར་འདུ་བྱེད་པ་ཉིད་སྟོང་པ་སྟེ། གང་འདི་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་པའོ། ། གང་ཉོན་མོངས་པ་ཟད་པར་རྟོགས་པ་དེ་ལ་ཉོན་མོངས་པ་བསལ་བ་ཡང་མེད། ཉོན་མོངས་པ་ཟད་པར་སྒྲོ་འདོགས་པ་ཡང་མེད་དེ། ཉོན་མོངས་པ་ཉིད་སྟོང་པ་སྟེ། གང་འདི་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་པའོ།། གང་དགེ་བ་རྟོགས་པ་དེ་ལ་མི་དགེ་བ་བསལ་བ་ཡང་མེད། དགེ་བར་སྒྲོ་འདོགས་པ་ཡང་མེད་དེ། མི་དགེ་བ་ཉིད་སྟོང་པ་སྟེ། གང་འདི་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་པའོ།། གང་འཇིག་རྟེན་ལས་འདས་པར་རྟོགས་པ་དེ་ལ། འཇིག་རྟེན་པ་བསལ་བ་ཡང་མེད། འཇིག་རྟེན་ལས་འདས་པར་སྒྲོ་འདོགས། པ་ཡང་མེད་དེ། འཇིག་རྟེན་ཉིད་སྟོང་པ་སྟེ། གང་འདི་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་པའོ།། གང་ཁ་ན་མ་ཐོ་བ་མེད་པར་རྟོགས་པ་དེ་ལ་ཁ་ན་མ་ཐོ་བ་དང་བཅས་པ་བསལ་བ་ཡང་མེད། ཁ་ན། མ་ཐོ་བ་མེད་པར་སྒྲོ་འདོགས་པ་ཡང་མེད་དེ། ཁ་ན་མ་ཐོ་བ་དང་བཅས་པ་ཉིད་སྟོང་པ་སྟེ། གང་འདི་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་པའོ།། གང་ཟག་པ་མེད་པར་རྟོགས་པ་དེ་ལ། གང་ཟག་པ་བསལ་བ་ཡང་མེད། ཟག་པ་མེད་པར་སྒྲོ་འདོགས་པ་ཡང་མེད་དེ། ཟད་པ་ཉིད་སྟོང་པ་སྟེ། གང་འདི་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་པའོ།། གང་རྣམ་པར་བྱང་བ་རྟོགས་པ་དེ་ལ་ཀུན་ནས་ཉོན་མོངས་པ་བསལ་བ་ཡང་མེད། རྣམ་པར་བྱང་བར་སྒྲོ་འདོགས་པ་ཡང་མེད་དེ། ཀུན་ནས་ཉོན་མོངས་པ་ཉིད་སྟོང་པ་སྟེ། གང་བ་དེ་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་པའོ།། གང་མྱ་ངན་ལས་འདས་པར་རྟོགས་པ་དེ་ལ་འཁོར་བ་བསལ་བ་ཡང་མེད། གང་མྱ་ངན་ལས་འདས་པར་སྒྲོ་འདོགས་པ་ཡང་མེད་དེ། འཁོར་བ་ཉིད་སྟོང་པ་སྟེ། གང་འདི་ལ་བཟོད་པ་དེ་ནི་ཤིན་ཏུ་བསོད་པའོ།། གང་མ་སྐྱེས་པ། མ་བསྐྱེད་པ། མ་བྱུང་བ། མ་ཕྱུང་བ་དེ་ལ་འཇིགས་པ་གང་ཡང་མེད་དོ།། གང་འདི་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་པའོ།། གང་མ་བྱས་པ། མངོན་པར་འདུས་མ་བྱས་པ། སྒྲོ་བཏགས་པ་མེད་པ་རྣམ་པར་མ་བརྟགས་པ། མ་བསྒྲུབས་པ། མ་བསྟན་པ། ཉེ་བར་མ་གཏུགས་པ་དེ་ལ་སྐྱེ་བ་གང་ཡང་མེད་དེ། གང་སྐྱེ་བ་མེད་པ་དེ་ནི་མི་སྐྱེ་བའོ།། གང་མི་སྐྱེ་བ་དེ་ནི་ཤིན་ཏུ་བཟོད་པའོ།། གང་དེ་ལྟར་བཟོད་པ་དེ་ནི་མི་སྐྱེ་བའི་བཟོད་པའོ།། གང་མི་སྐྱེ་བའི་བཟོད་པ་དེ་ནི་སྐྱེ་བ་མེད་པའི་བཟོད་པའོ།། གང་སྐྱེ་བ་མེད་པའི་བཟོད་པ་དེ་ནི་ཤིན་ཏུ་བཟོད་པ་སྟེ། དེ་ལྟར་བཟོད་པ་རྟོགས་པའི་བྱང་ཆུབ་སེམས་དཔའ་ནི་ལུང་བསྟན་པའི་བཟོད་པ་རབ་ཏུ་ཐོབ་བོ། ། བཙུན་པ་ཤཱ་ར་དྭ་ཏིའི་བུ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་མི་ཟད་པ་ཞེས་བྱའོ།། བྱང་ཆུབ།། སེམས་དཔའ་བློ་གྲོས་མི་ཟད་པས་བཟོད་པ་མི་ཟད་པའི་ལེའུ་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་བསྟན་པའི་ཚེ། འཁོར་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྔོན་མ་མཐོང་སྔོན་མ་ཐོས་པའི་མེ་ཏོག་དང་། བདུག་པ་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་གྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་མཆོད་པའི་ཕྱིར་གཏོར་རོ།། སིལ་སྙན་རྣམས་ཀྱང་དཀྲོལ་ཏེ་ཆེད་དུ་བརྗོད་པ་ཡང་བརྗོད་དོ།། གང་གིས་བཟོད་པ་མི་ཟད་པ་དེ་ཐོས་ཏེ། མི་སྐྲག་ཀུན་ཏུ་སྐྲག་པར་མི་འགྱུར་བའི་སེམས་ཅན་དེ་དག་ནི། དེ་བཞིན་གཤེགས་པའི་བཟོད་པ་ཅན་དུ་འགྱུར་རོ་ཞེས་བྱས་ནས། ཇི་ཙམ་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྤྱི་བུད་བཅིངས་པ་ཡོངས་སུ་གང་བར་གྱུར་པ་དེ་ཙམ་དུ་དེ་དག་གིས་མེ་ཏོག་དང་། བདུག་པ་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་ལྷའི་བ་དན་དེ་དག་གིས་གཏོར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་བློ་གྲོས་མི་བད་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་མེ་ཏོག་དང་། བདུག་པ་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་འདི་དག་གི་སྣོད་གྱིས་ཤིག། བློ་གྲོས་མི་ཟད་པས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣོད་ནི་བྱིན་གྱི་རླབས་ཀྱི་སྟོབས་བསྐྱེད་པའི་སླད་དུ་བདག་གི་ལུས་ལགས་ཏེ། བདག་གིས་བགྱིས་ལགས་སོ།། དེ་ནས་བྱང་ཆུབ་སེམས་དཔའབྲོ་གྲོས་མི་ཟད་བ་དེའི་ཚེགཟུགས་ཐམས་ཅད་ལུས་སུ་འཇུག་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་སྙོམས་པར་ཞུགས་མ་ཐག་ཏུ་མེ་ཏོག་དང་། བདུག་པ་དང་། དྲི་དང་འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་དེ་དག་ཐམས་ཅད་ལྟེ་བའི་དཀྱིལ་འཁོར་གྱི་དབུས་སུ་སོང་སྟེ། དེའི་ལུས་ལ་ཡང་བྲི་བ་དང་གང་བར་ཡང་མི་མངོན་ནོ། ། དེ་ནས་བྱང་ཆུབ་སེམས་དཔའ་བཀོད་པ་ཆེན་པོ་ཞེས་བྱ་བ་འཁོར་དེར་འོངས་ཏེ་འདུག་པས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ། ། རིགས་ཀྱི་བུ་ཁྱོད་ཏིང་ངེ་འཛིན་གང་ལ་གནས་པས་དེ་སྙེད་ཀྱི་མེ་ཏོག་དང་། བདུག་པ་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་རྣམས་ཁྱོད་ཀྱི་ལུས་སུ་སོང་ཡང་ཁྱོད་ཀྱི་ལུས་ལ་བྲི་བ་འམ། གང་བར་ཡང་མི་མངོན་པའི་ཏིང་ངེ་འཛིན་དེའི་མིང་ཅི་ཞེས་བྱ། བློ་གྲོས་མི་ཟད་པས་སྤྲས་པ། རིགས་ཀྱི་བུ་ཏིང་ངེ་འཛིན་འདིའི་མིང་གཟུགས་ཐམས་ཅད་ལུས་སུ་འཇུག་པ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་བཀོད་པ་ཆེན་པོས་སྨྲས་པ། རིགས་ཀྱི་བུ་ཏིང་ངེ་འཛིན་འདིའི།། ཡུལ་ཅི། བློ་གྲོས་མི་ཟད་པས་སྨྲས་པ། རིགས་ཀྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སྣོད་གཟུགས་སུ་སྣང་བ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བདག་གི་ལུས་སུ་བཅུག་ཀྱང་། བདག་གི་ལུས་ཀྱི་ཆོས་ཉིད་ལ་འཕེལ་བ་འམ། འབྲི་བ་མེད་དོ།། དེ་ནས་འཁོར་དེའི་བྱང་ཆུབ་སེམས་དཔའ་དང་ལྷ་དང་མི་རྣམས་ལས་ཁ་ཅིག་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་ཀྱང་ཏིང་ངེ་འཛིན་འདིའི་མཐུ་བལྟའོ་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་མི་དེ་དག་གི་བསམ་པ་མཁྱེན་ནས། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི། སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཁྱོད་ཀྱིས་ཏིང་ངེ་འཛིན་འདིའི་མཐུ་སྟོན་ཅིག། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་ཏིང་ངེ་འཛིན་དེ་ལ་ཤིན་ཏུ་བསྒོམས་པའི་ཕྱིར་འཁོར་དེ་དག་ཐམས་ཅད་དང་། ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་དང་། བཅོམ་ལྡན་འདས་ཀྱང་དགེ་སློང་གི་ཚོགས་ཀྱིས་བསྐོར་བ་བདག་གི་ལུས་སུ་བཅུག་སྟེ། བཅུག་ནས་ཀྱང་རྒྱན་ཐམས་ཅད་བཀོད་པའི་འཇིག་རྟེན་གྱི་ཁམས་རྒྱན་གྱི་རྒྱལ་པོ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་དང་། ཡོངས་སུ་ལོངས་སྤྱོད་པ་ཇི་ལྟ་བ་དེ་ལྟ་བུའི་སྤྱོད་པ་དང་ཡོངས་སུ་ལོངས་སྤྱོད་པ་བསྟན་ཏེ། འཁོར་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པའི་ལུས་ཀྱི་ནང་དུ་བདག་ཉིད་སོང་བ་སྙམ་དུ་ཤེས་སོ།། དེ་ནས་བྱང་ཆུབ་སེམས། དཔའ་བློ་གྲོས་མི་ཟད་པ་ཆོ་འཕྲུལ་ཆེན་པོ་འདི་འདྲ་བ་བསྟན་ནས། འཁོར་དེ་དག་ཐམས་ཅད་དང་། ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་དང་། བཅོམ་ལྡན་འདས་ཀྱང་དགེ་སློང་གི་ཚོགས་ཀྱིས་བསྐོར་བ་ཕྱིར་སོ་སོའི་གནས་སུ་བཞག་གོ། ། དེ་ནས་བྱང་ཆུབ་སེམས་དཔའ་བཀོད་པ་ཆེན་པོས། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཏིང་ངེ་འཛིན་འདིའི་མཐུ་ངོ་མཚར་ཏོ། ། བློ་གྲོས་མི་ཟད་པས་སྨྲས་པ། རིགས་ཀྱི་བུ་ཁོ་བོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་བདག་གི་ལུས་སུ་བཅུག་ཀྱང་། བདག་གི་ལུས་ཀྱི་ཆོས་ཉིད་ལ་བྲི་བ་འམ། གང་བར་ཡང་མི་མངོན་ནོ།། བཟོད་པ་མི་ཟད་པའི་ལེའུ་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་དང་། ཆོ་འཕྲུལ་འདི་བསྟན་པའི་ཚེ། ལྷ་དང་མིའི་སྐྱེ་དགུ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་དྲུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། ། བྱང་ཆུབ་སེམས་དཔའ་སྟོང་ཕྲག་གཉིས་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་མི་ཟད་པ་འདི་ནི། ཁྱོད་ཀྱིས་ལེགས་པར་སྨྲས་ན་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་མི་ཟད་པ་ལས་བརྩམས་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བརྩོན་འགྲུས་མི་ཟད་པར་འགྱུར་བ་ཁྱོད་སྤོབས་པར། གྱིས་ཤིག། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་བརྒྱད་པོ་འདི་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཡང་དག་པར་བླངས་པ་སྟེ། བརྒྱད་པོ་གང་ཞེ་ན། འདི་ལྟ་སྟེ། གོ་ཆ་མི་ཟད་པ་དང་། ཕ་རོལ་གནོན་པ་མི་ཟད་པ་དང་། ཡང་དག་པར་བསྒྲུབ་པ་མི་ཟད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མི་ཟད་པ་དང་། བསོད་ནམས་ཀྱི་ཚོགས་མི་ཟད་པ་དང་། ཡེ་ཤེས་ཀྱི་ཚོགས་མི་ཟད་པ་དང་། ཤེས་རབ་ཀྱི་ཚོགས་མི་ཟད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྒྲུབ་པའི་ཚོགས་མི་ཟད་པའོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། དེ་ལ་བྱང་ཆུབ་སེམས་དཔའི་གོ་ཆ། མི་ཟད་པ་གང་ཞེ་ན། གང་འདི་འཁོར་བ་ན་ཡོངས་སུ་མི་སྐྱོ་བ་སྟེ། དེ་བསྐལ་པ་འདི་སྙེད་གཅིག་ཏུ་གོ་ཆ་བགོའོ།། བསྐལ་པ་འདི་སྙེད་ཅིག་ཏུ་གོ་ཆ་མི་བགོའོ་ཞེས་བསྐལ་པ་བགྲང་བས་ན་བྱང་ཆུབ་མི་ཚོལ་གྱི་བསམ་གྱིས་མི་ཁྱབ་པའི་གོ་ཆ་གྱོན་པར་བྱེད་དེ། གལ་ཏེ་ཉིན་ཞག་གཅིག་ལ་ཡང་འཁོར་བའི་སྔོན་གྱི་མཐའ་ཙམ་ལ། དེ་ལྟ་བུའི་ཉིན་ཞག་གིས་ཞག་བཅོ་ལྔ་ཞིང་ཟླ་བ་ཕྱེད། ཞག་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ཤིང་ལོར་འགྱུར་ལ། ལོའི་བགྲང་བ་འདི་ལྟ་བུས་ལོ་སྟོང་ཕྲག་བརྒྱ་ལ་བྱང་ཆུབ་ཀྱི་སེམས་གཅིག་བསྐྱེད་ཅིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་མཐོང་བ་ལ་འཇུག་པ་དེ་ལྟ་བུ་དང་། བགྲང་བ་དེ་འདྲ་བས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། དེ་བཞིན་གཤེགས་པ་མཐོང་བས་སེམས་ཅན་གཅིག་གི་སེམས་ཀྱི་སྤྱོད་པ་ཤེས་པ་སྟེ། འཇུག་པ་དེ་ལྟ་བུ་དང་། བཟང་བ་དེ་འདྲ་བས་སེམས་ཅན་ཐམས་ཅད་ལ་ཡང་དེ་སྙེད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། དེ་བཞིན་གཤེགས་པ་མཐོང་བས་སོ་སོ་རེ་རེར་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་ཀྱང་མི་གོང་བའི་གོ་ཆའོ། ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འཇུག་པ་དེ་ལྟ་བུ་དང་། བགྲང་བ་དེ་འདྲ་བས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱེད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འཇུག་པ་དེ་ལྟ་བུ་དང་། བགྲང་བ་དེ་འདྲ་བས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱེད་པ་དང་། དེ་བཞིན་དུ་བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱེད་པ་དང་། དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་དང་། མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། གངྒཱའི་ཀླུང་གི་ཕྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱེད་པ་དང་། འཇུག་པ་དེ་ལྟ་བུ་དང་། བགྲང་བ་དེ་འདྲ་བར་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་འབྱུང་བས་སྐྱེས་བུ་ཆེན་པོའི་མཚན་གཅིག་མངོན་པར་བསྒྲུབས་པ་དེ་ལྟ་བུའི་རྣམ་གྲངས་སུ་མཚན་དང་དཔེ་བྱད་ཐམས་ཅད་ཡོངས་སུ་འགྲུབ། མངོན་པར་སྒྲུབ་པར་བྱེད་ཀྱང་མི་གོང་བའི་གོ་ཆ་དེ་ནི། བྱང་ཆུབ་སེམས་དཔའི་གོ་ཆ་མི་ཟད་པ་ཞེས་བྱའོ། ། དེ་ལ་བྱང་ཆུབ་སེམས་དཔའི་ཕ་རོལ་གནོན་པ་མི་ཟད་པ་གང་ཞེ་ན། བྱང་ཆུབ་སེམས་དཔའི་ཕ་རོལ་གནོན་པ་མི་ཟད་པ་ནི། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་ལས་ཀྱང་འབོགས་ཏེ། དེ་བཞིན་གཤེགས་པ་བལྟ་བར་མོས་པའོ།། བྱང་ཆུབ་སེམས་དཔའི་ཕ་རོལ་གནོན་པ་ནི་ཆོས་མཉན་པའི་རྒྱུའི་མོས་པའོ།། བྱང་ཆུབ་སེམས་དཔའ། ཕ་རོལ་གནོན་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རྒྱུའི་མོས་པའོ།། བྱང་ཆུབ་སེམས་དཔའི་ཕ་རོལ་གནོན་པ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་རྒྱུའི་མོས་པའོ།། བྱང་ཆུབ་སེམས་དཔའི་ཕ་རོལ་གནོན་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུའི་མོས་པའོ། ། བྱང་ཆུབ་སེམས་དཔའི་ཕ་རོལ་གནོན་པ་ལ། ཕ་རོལ་གྱི་དོན་གྱི་ཕྱིར་གནོན་པས་ན་དེའི་ཕྱིར་ཕ་རོལ་གནོན་པ་ཞེས་བྱ་སྟེ། ཕ་རོལ་ཞི་བར་བྱ་བའི་ཕྱིར། ཕ་རོལ་གདུལ་བའི་ཕྱིར། ཕ་རོལ་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་གནོན་པས་ན་དེའི་ཕྱིར་ཕ་རོལ་གནོན་པ་ཞེས་བྱའོ།། མི་ལྗོན་པ་དང་། མ་ཞུམ་པ་དང་། བརྟན་པ་དང་མི་ཟློག་པ་དང་། དགེ་བའི་བསམ་པ་དང་། སྙིང་རྗེ་ཆེན་པོ་ལ་རབ་ཏུ་གནས་ཤིང་། རྟག་ཏུ་སེམས་ཅན་གྱི་དོན་ལ་བརྩོན་པར་གནོན་པས་ན། དེའི་ཕྱིར་ཕ་རོལ་གནོན་པ་ཞེས་བྱའོ།། ཐམས་ཅད་དུ་གོམ་པ་འདོར་བ་དང་། གོམ་པ་གཞོག་ཅིང་འགྲོ་བ་ན་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་དོ།། སེམས་ཅན་ལ་ལྟ་བར་ཀྱང་ལྟ་ཞིང་ཉོན་མོངས་པའི་ཕྱོགས་སུ་ཡང་མི་ལྟུང་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ཕ་རོལ་གནོན་པ་མི་ཟད་པ་ཞེས་བྱའོ། ། དེ་ལ་བྱང་ཆུབ་སེམས་དཔའི་ཡང་དག་པར་བསྒྲུབ་པ་མི་ཟད་པ་གང་ཞེ་ན། གང་ཇི་ལྟ་བུར་དགེ་བའི་སེམས་སྐྱེས་ཤིང་། བྱུང་བ་བྱང་ཆུབ་ཀྱི་ཕྱིར་བསྔོས་པ་འདི་ནི་བྱང་ཆུབ་སེམས་དཔའི་ཡང་དག་པར་སྒྲུབ་པ་མི་ཟད་པའོ། ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཏུ་བསྔོས་པའི་ཕྱིར་ཏེ། བྱང་ཆུབ་ཏུ་བསྔོས་པའི་དགེ་བའི་རྩ་བ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་མ་འདུག་གི་བར་དུ་བར་མ་དོར་གང་ཡང་ཟད་པའམ། དངས་པར་མི་འགྱུར་རོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ་དཔེར་ན། ཆུའི་ཐིགས་པ་རྒྱ་མཚོ་ཆེན་པོར་ལྷུང་བ་ནི་བསྐལ་པས་མ་བསྲེགས་ཀྱི་བར་དུ་བར་མ་དོར་ཟད་པ་འམ། དེངས་པར་མི་འགྱུར་རོ།། དེ་བཞིན་དུ་བྱང་ཆུབ་ཏུ་བསྔོས་པའི་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་སྙིང་པོ་ལ་མ་འདུག་གི་བར་དུ། བར་མ་དོར་གང་ཡང་ཟད་པ་འམ། དེངས་པར་མི་འགྱུར་རོ།། ཡང་དག་པར་བསྒྲུབ་པ་ཞེས་བྱ་བ་དེ་ནི་གང་འདི་ཡང་དག་པའི་ནན་ཏན་ཏེ། ཡང་དག་པར་ཞུགས་པ་ནི་དགེ་བའི་རྩ་བ་གང་ཡང་དག་པར་སྒྲུབ་པ་རྣམས་སེམས་ཅན་ཐམས་ཅད་བསྐྱབ་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ལ་གཟུད་པར་བྱ་བའི་ཕྱིར་དགེ་པའི་རྩ་བ་དེ་དག་ཡོངས་སུ་སྔོ་བར་བྱེད་དེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་བསྒྲུབས་པའི་ཕྱིར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ།། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཕྱིར། དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ།། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རབ་ཏུ་དགོད་པའི་ཕྱིར། དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ།། ། དེ་ནི་བྱང་ཆུབ་སེམས་དཔའི་ཡང་དག་པར་བསྒྲུབ་པ་མི་ཟད་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མི་ཟད་པ་གང་ཞེ་ན། སེམས་ཅན་གྱི་ཁམས་ནི་ཚད་མེད་དེ། དེ་ལ་བྱང་ཆུབ་སེམས་དཔས་བགྲང་བ་འདི་ལྟ་བུས་འཕགས་པར་བྱའོ།། གལ་ཏེ་བདག་གིས་ཉིན་གཅིག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་སྟེ། འདི་ལྟ་བུའི་ཚུལ་གྱིས་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པའི་བསྐལ་པར་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱས་ཏེ། དེ་སྙེད་དུ་ཚད་མེད་པ་དེ་སྙེད་དུ་གྲངས་མེད་པ། དེ་སྙེད་དུ་བསམ་གྱིས་མི་ཁྱབ་པའི་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱ་སྟེ། དེ་ལྟ་བུར་བྱས་ཀྱང་སེམས་ཅན་རྣམས་ཀྱི་བརྒྱའི་ཆ་གཅིག་ཏུ་ཡང་སྨིན་པར་མ་བྱས།། སྟོང་གི་ཆ་འམ། བརྒྱ་སྟོང་གི་ཆ་འམ། བྱེ་བའི་ཆ་འམ། བྱེ་བ་བརྒྱའི་ཆའམ། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། གྲངས་སུ་འམ། ཆར་རམ། བགྲང་བར་རམ། དཔེར་རམ། རྒྱུར་ཡང་ཡོངས་སུ་སྨིན་པར་མ་བྱས་སོ་ཞེས་གལ་ཏེ་རབ་ཏུ་བསྟན་པ་འདི་ཐོས་ནས། བྱང་ཆུབ་སེམས་དཔའ་མི་སྨག་ཀུན་ཏུ་མི་སྐྲག་ཅིང་སྐྲག་པར་མི་འགྱུར་བ་དེ། ནི། བརྩོན་འགྲུས་བརྩམས་པའི་བྱང་ཆུབ་སེམས་དཔའ་རིག་པར་བྱ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མི་ཟད་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཚོགས་མི་ཟད་པ་གང་ཞེ་ན། བྱང་ཆུབ་སེམས་དཔའི་བསོད་ནམས་ནི་ཚད་མེད་དེ། དེ་ལ་བྱང་ཆུབ་སེམས་དཔས་བགྲང་བ་འདི་འདྲ་བར་འཇུག་པར་བྱའོ།། སེམས་ཅན་ཐམས་ཅད་འདས་པ་དང་། ད་ལྟར་བྱུང་བ་དང་། མ་འོངས་པའི་སློབ་པ་དང་། མི་སློབ་པ་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཇི་སྙེད་པ་བསོད་ནམས་དེ་སྙེད་བརྒྱར་བསྒྱུར་བས། དེ་བཞིན་གཤེགས་པའི་སྤུའི་ཁུང་བུ་གཅིག་འགྲུབ་བོ།། དེ་བཞིན་དུ་སྤུའི་ཁུང་བུ་ཐམས་ཅད་རེ་རེ་ནས་ཡོངས་སུ་འགྲུབ་སྟེ། སྤུའི་ཁུང་བུ་ཐམས་ཅད་དུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་དུ་བརྒྱར་བསྒྱུར་ཏེ། གཏན་པ་མེད་པའི་བསོད་ནམས་ཀྱི་ཕུང་པོ་གཅིག་ཡང་དག་པར་བསྒྲུབས་པ་དེས་དེ་བཞིན་གཤེགས་པའི་སྐུ་ལ་དཔེ་བྱད་བཟང་པོ་གཅིག་འགྲུབ་སྟེ། དེ་བཞིན་དུ་རེ་རེ་ནས་དཔེ་བྱད་བཟང་པོ་ཐམས་ཅད་ཡོངས་སུ་འགྲུབ་བོ།། དཔེ་བྱད་བཟང་པོ་ཐམས་ཅད་དུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་སྟོང་དུ་བསྒྱུར་ཏེ། གཏན་པ་མེད་པའི་བསོད་ནམས་ཀྱི་ཕུང་པོ་གཅིག་བསྒྲུབས་པ་དེས། དེ་བཞིན་གཤེགས་པའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་གཅིག་མངོན་པར་འགྲུབ་པ་སྟེ། དེ་བཞིན་དུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རེ་རེ་ནས་མངོན་པར་འགྲུབ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུར་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་དུ་སྟོང་ཕྲག་བཅུར་བསྒྱུར་ཏེ། གཏན་པ་མེད་པའི་བསོད་ནམས་ཀྱི་ཕུང་པོ་གཅིག་ཡང་དག་པར་བསྒྲུབས་པ་དེས། དེ་བཞིན་གཤེགས་པའི་སྐུ་ལ་སྨིན་མཚམས་ཀྱི་མཛོད་བུ་སྐྱེས་བུ་ཆེན་པོའི་མཚན་མངོན་པར་འགྲུབ་བོ།། མཛོད་པུར་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་ལས་སྟོང་ཕྲག་བརྒྱར་བསྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་ཡང་དག་པར་བསྒྲུབས་པ། དེ་བཞིན་གཤེགས་པའི་སྐ་ལ་དབུའི་གཙུག་ཏོར་དང་། སྤྱི་བོ་བལྟར་མི་སྣང་བ་སྐྱེས་བུ་ཆེན་པོའི་མཚན་མངོན་པར་འགྲུབ་བོ། ། གཙུག་ཏོར་དུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་དེ་ལས་བྱེ་བ་ཕྲག་བརྒྱ་སྟོང་དུ་བསྒྱུར་བ་དེ་བས་ཀྱང་ལྷག་པའི་བསོད་ནམས་ཀྱི་ཕུང་པོ་ཡང་དག་པར་བསྒྲུབ་པས། དེ་བཞིན་གཤེགས་པའི་ཆོས་ཀྱི་རུང་འགྲུབ་པར་འགྱུར་ཏེ། ཆོས་ཀྱི་དུང་དེས་དེ་བཞིན་གཤེགས་པ་བཞེད་ན། མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་སུ་དབྱངས་ཀྱིས་གོ་བར་མཛད་ཅིང་ཆོས་འདུལ་བ་ལ་བསམ་པ་དང་། དད་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡང་ཚིམ་པར་མཛད་དོ།། བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཚོགས་ལ་འཇུག་པ་འདི་ཐོས་ནས་མི་སྐྲག་མི་དངང་ཞིང་། དངང་བར་མི་འགྱུར་བ་འདི་ནི་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཚོགས་མི་ཟད་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་གང་ཞེ་ན་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཚོགས་ནི་ཚད་མེད་དེ། དེ་ལ་བྱང་ཆུབ་སེམས་དཔའ་བགྲང་བ་འདི་འདྲ་བར་འཇུག་པར་བྱའོ།། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་དད་པའི་ཕྱིར་བགྲང་བའི་ཡེ་ཤེས་དང་ལྡན་པར་གྱུར་ན། དེ་དག་གིས་ཆོས་ཀྱི་ཕྱིར་བགྲང་བའི་ཡེ་ཤེས་དང་ལྡན་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆར་ཡང་བརྒྱ་སྟོང་གི་ཆར་ཡང་། བྱེ་བའི་ཆར་ཡང་། བྱེ་བ་སྟོང་གི་ཆར་ཡང་། བྱེ་བ་བརྒྱ་སྟོང་གི་ཆར་ཡང་། གྲངས་སུ་ཡང་། ཆར་ཡང་། བགྲང་བར་ཡང་། དཔེར་ཡང་། རྒྱུར་ཡང་ཉེ་བར་མི་འགྲོའོ། ། དེ་བཞིན་དུ་ཆོས་ཀྱི་ཕྱིར་ཡང་བགྲང་བའི་ཡེ་ཤེས་དང་ལྡན་པ་རྣམས་ནི། བརྒྱད་པའི་ཡེ་ཤེས་དང་ལྡན་པ་ལའོ།། བརྒྱད་པའི་ཡེ་ཤེས་དང་ལྡན་པ་རྣམས་ནི། རྒྱུན་དུ་ཞུགས་པའི་ཡེ་ཤེས་དང་ལྡན་པ་ལའོ། ། རྒྱུན་དུ་ཞུགས་པའི་ཡེ་ཤེས་དང་ལྡན་པ་རྣམས་ནི་ལན་ཅིག་ཕྱིར་འོང་བའི་ཡེ་ཤེས་དང་ལྡན་པ་ལའོ།། ལན་ཅིག་ཕྱིར་འོང་བའི་ཡེ་ཤེས་དང་ལྡན་པ་རྣམས་ནི། ཕྱིར་མི་འོང་བའི་ཡེ་ཤེས་དང་ལྡན་པ་ལའོ།། ཕྱིར་མི་འོང་བའི་ཡེ་ཤེས་དང་ལྡན་པ་རྣམས་ནི། དགྲ་བཅོམ་པའི་ཡེ་ཤེས་དང་ལྡན་པ་ལའོ།། དགྲ་བཅོམ་པའི་ཡེ་ཤེས་དང་ལྡན་པ་རྣམས་ནི། རང་སངས་རྒྱས་ཀྱི་ཡེ་ཤེས་དང་ལྡན་པ་ལའོ།། རང་སངས་རྒྱས་ཀྱི་ཡེ་ཤེས་དང་ལྡན་པ་རྣམས་ནི། བསྐལ་པ་བརྒྱ་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། དཔེ་དང་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ།། བསྐལ་པ་བརྒྱ་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པ་རྣམས་ནིབཟོད་པ་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པ་ལའོ། ། བཟོད་པ་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པ་རྣམས་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པ་ལའོ། ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པ་རྣམས་ནི། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། དཔེ་དང་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ།། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པར་གྱུར་ན། བྱང་ཆུབ་ཀྱི་སྙིང་པོར་འདུག་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། དཔེ་དང་རྒྱུའི་བར་དུ་ཡང་བར་མི་འགྲོའོ། ། གང་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པར་གྱུར་ན་ཡང་དེ་དག་གིས། དེ་བཞིན་གཤེགས་པའི་གནས་དང་གནས་མ་ཡིན་པ་མཁྱེན་པའི་ཡེ་ཤེས་ཀྱི་སྟོབས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་དང་། རྒྱུ་དང་དཔེའི་བར་དུ་ཡང་ཉེ་བར་མི་འགྲོའོ།། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཡོངས་སུ་འགྲུབ་པའི་རིམ་པ་ཡང་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་གང་ཡེ་ཤེས་ཀྱི་ཚོགས་ལ་འཕག་པ་འདི་ཐོས་ནས། མི་སྐྲག་ཀུན་ཏུ་མི་སྐྲག། ཀུན་ཏུ་སྐྲག་པར་མི་འགྱུར་བ་དེ་ནི། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཚོགས་མི་ཟད་པ་གང་ཞེ་ན། གང་སེམས་ཅན་ཐམས་ཅད་ཀྱི་སེམས་མི་གཅོད་པ་ལ་འཇུག་པ་ཤེས་པ་དེ་ནི་ཤེས་རབ་ཀྱི་ཚོགས་མི་ཟད་པའོ།། སེམས་ཅན་ཐམས་ཅད་ཀྱི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ཇི་སྙེད་པ་དེ་དག་སེམས་ཅན་གཅིག་གི་སེམས་གཅིག་ལ་ཡོད་པར་གྱུར་ལ། དེ་ལྟ་བུའི་ཚུལ་གྱིས་སེམས་ཅན་ཐམས་ཅད་དེ་སྙེད་དུ་ཚད་མེད་པའི་སེམས་ཀྱིས་གང་བར་གྱུར་ཏེ། གང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་འདོད་ཆགས་དང་། ནེ་ཐང་དང་། གཏི་ཐུག་དག་སེམས་ཅན་གཅིག་གི་སེམས་གཅིག་ལ་ཡོད་པར་གྱུར་ཏེ། དེ་ལྟ་བུའི་རྣམ་གྲངས་སུ་སེམས་ཅན་ཐམས་ཅད་དེ་སྙེད་དུ་ཚད་མེད་པའི་ཉོན་མོངས་པས་གང་བའི་སེམས་སུ་ག་ཡུར་ན་ཡང་དེ་ལ་བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཚོགས་གཅིག་བསྒྲུབས་པས་སེམས་ཅན་དེ་དག་གི་སེམས་སུ་གཏོགས་པའི་སེམས་བསྐྱེད་པ་ཇི་སྙེད་པའི་སེམས་བསྐྱེད་པ་དེ་དག་ཐམས་ཅད་སོ་སོའི་དམིགས་པས་བྱུང་སྟེ། ཞིག་ཅིང་ཞུ་བ་རྣམས་ཤེས་པར་འགྱུར་བ་དེ་ལྟ་བུའི་ཤེས་རབ་ཀྱི་ཚོགས་བསྐྱེད་པར་བྱའོ།། ཤེས་རབ་དེས་ཀྱང་སེམས་ཅན་དེ་དག་གི་སེམས་སུ་སྣང་བ་དང་། ཉོན་མོངས་པར་སྣང་བ་དུས་གསུམ་དང་ལྡན་པ་གང་མི་ཤེས་པ་མེད་དོ།། འདི་ལྟ་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ནམ་མཁའ་འདིས་གང་ཡང་མ་ཁྱབ་པ་མེད་དོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་འདིས་ཀྱང་། དུས་གསུམ་དང་ལྡན་པའི་སེམས་ཅན་དེ་དག་གི་སེམས་སུ་སྣང་བ་འམ། ཉོན་མོངས་པར་སྣང་བ་དེ་དག་གང་ཡང་མི་ཤེས་པ་མེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཚོགས་མི་ཟད་པ་ཞེས་བྱའོ། ། དེ་ལ་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པའི་ཚོགས་མི་ཟད་པ་གང་ཞེ་ན། གང་དགེ་བའི་རྩ་བའི་ཚོགས་ཐམས་ཅད་བསགས་པ་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཚོགས་བསགས་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་བསགས་པ་དེ་ནི། བྱང་ཆུབ་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པའི་ཚོགས་མི་ཟད་པའོ། ། ཐོག་མ་སེམས་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་གང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དམིགས་པ་དང་། སྦྱོར་བ་བསགས་པ་དང་། དགེ་བའི་སེམས་བསྐྱེད་པའི་ཚོགས་གང་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབས་པ་འདི་ནི། བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པའི་ཚོགས་མི་ཟད་པ་ཞེས་བྱ་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་བརྒྱད་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཡང་དག་པར་བླང་བའོ།། གཞན་ཡང་བཙུན་པ་ཤཱ་ར་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་མི་ཟད་པ་ནི། གང་ལུས་ཀྱི་དགེ་བའི་ལས་ཀྱི་རྟེན་དང་། ངག་གི་དགེ་བའི་ལས་ཀྱི་རྟེན་དང་། ཡིད་ཀྱི་དགེ་བའི་ལས་ཀྱི་རྟེན་ཏོ།། དེ་ཅིའི་ཕྱིར་ཞེ་ན། བརྩོན་འགྲུས་གང་ཇི་སྙེད་པ་དེ་ཐམས་ཅད་ལུས་དང་། ངག་དང་། སེམས་དང་ལྡན་པ་སྟེ། ལུས་དང་ངག་གི་བརྩོན་འགྲུས་པས་ནི་སེམས་ཀྱི་བརྩོན་འགྲུས་མཆོག་ཅེས་བྱའོ།། སེམས་ཀྱི་བརྩོན་འགྲུས་དེ་གང་ཞེ་ན། སེམས་འགྲོ་བ་དང་། སེམས་གནས་པ་སྟེ། དེ་ལ་སེམས་འགྲོ་བ་གང་ཞེ་ན། གང་བྱང་ཆུབ་ཀྱི་སེམས་ཀྱི་རྩོམ་པའོ།། དེ་ལ་སེམས་གནས་པ་གང་ཞེ། ན། གང་བྱང་ཆུབ་ཀྱི་སེམས་ཞི་བའོ།། དེ་ལ་སེམས་འགྲོ་བ་གང་ཞེ་ན། གང་སེམས་ཅན་ལ་སྙིང་རྗེ་བའོ།། སེམས་གནས་པ་གང་ཞེ་ན། གང་བདག་མེད་པ་ལ་བཟོད་པའོ།། དེ་ལ་འགྲོ་བ་། གང་ན། གང་སེམས་ན་ནས་རྦྦ་རྨཱ་སྨྲ།། གནས་ག་ཤཱན། གང་ས་ཐམས་ཅད་མི་སྨྲད་། དེལ་འགྲོགས་པ་ན། གང་འཁོར་བན་སྐྱོ་བའོ། ། གནས་པ་གང་ཞེ་ན། ཁམས་གསུམ་དེ་ལ་མི་དམིགས་པའོ།། དེ་ལ་འགྲོ་བ་གང་ཞེ་ན། བདོག་པ་ཐམས་ཅད་ཡོངས་སུ་གཏོང་དུའོ།། གནས་པ་གང་ཞེ་ན། གང་སྦྱིན་པས་མི་སྙེམས་པའོ། ། དེ་ལ་འགྲོ་བ་གང་ཞེ་ན། གང་བསླབ་པ་ཡང་དག་པར་ལེན་པའོ།། གནས་པ་གང་ཞེ་ན། གང་བསླབ་པས་མི་སྙེམས་པའོ།། དེ་ལ་འགྲོ་བ་གང་ཞེ་ན། བཟོད་ཅིང་མི་མཇེད་པའོ།། གནས་པ་གང་ཞེ་ན། གང་སེམས་ལ་རྨ་མི་བྱིན་པའོ།། དེ་ལ་འགྲོ་བ་གང་ཞེ་ན། དགེ་བའི་རྩ་བ་ཐམས་ཅད་རྩོམ་པའོ།། གནས་པ་གང་ཞེ་ན། གང་སེམས་དབེན་པའོ། ། དེ་ལ་འགྲོ་བ་གང་ཞེ་ན། གང་བསམ་གཏན་ཡང་དག་པར་སྒྲུབ་པའོ།། གནས་པ་གང་ཞེ་ན། གང་སེམས་ལ་ངེས་པར་རྟོག་པའོ།། དེ་ལ་འགྲོ་བ་གང་ཞེ་ན། གང་ཐོས་པ་ལ་མི་ངོམས་པའོ།། གནས་པ་གང་ཞེ་ན། གང་ཚུལ་བཞིན་སྦྱོར་བའོ།། དེ་ལ་འགྲོ་བ་གང་ཞེ་ན། གང་ཐོས་པ་བཞིན་དུ་ཆོས་སྟོན་པའོ།། གནས་པ་གང་ཞེ་ན། གང་བརྗོད་དུ་མེད་པའི་ཆོས་ཉིད་དོ། ། དེ་ལ་འགྲོ་བ་གང་ཞེ་ན། གང་ཤེས་རབ་ཀྱི་ཚོགས་ཡོངས་སུ་ཚོལ་བའོ།། གནས་པ་གང་ཞེ་ན། སྤྲོས་པ་ཤིན་ཏུ་ཆད་པའོ།། དེ་ལ་འགྲོ་བ་གང་ཞེ་ན། གང་ཚངས་པའི་གནས་རྣམས་སོགས་པའོ། ། གནས་པ་གང་ཞེ་ན། གང་ཡང་དག་པའི་ཤེས་པས། བཏང་སྙོམས་པའོ།། དེ་ལ་འགྲོ་བ་གང་ཞེ་ན། མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་བྱེད་པའོ། ། གནས་པ་གང་ཞེ་ན། ཟག་པ་མེད་པ་འདྲིས་པར་བྱེད་པའོ།། དེ་ལ་འགྲོ་བ་གང་ཞེ་ན། གང་དྲན་པ་ཉེ་བར་གཞག་པ་བསྐྱེད་པའོ།། གནས་པ་གང་ཞེ་ན། གང་དྲན་པ་ཡིད་ལ་བྱེད་པ་མེད་པའོ། ། དེ་ལ་འགྲོ་བ་གང་ཞེ་ན། གང་ཡང་དག་པར་སྤོང་བ་སྦྱོར་བའོ།། གནས་པ་གང་ཞེ་ན། གང་དགེ་བ་དང་། མི་དགེ་བའི་སེམས་དང་བྲལ་བའོ།། དེ་ལ་འགྲོ་བ་གང་ཞེ་ན། གང་རྫུ་འཕྲུལ་གྱི་གནས་སྒྲུབ་པའོ།། གནས་པ་གང་ཞེ་ན། གང་ལྷུན་གྱིས་གྲུབ་པའི་བྱ་བ་ལ་འཇུག་པའོ།། དེ་ལ་འགྲོ་བ་གང་ཞེ་ན། གང་དབང་པོ་ལ་མཁས་པའོ།། གནས་པ་གང་ཞེ་ན། གང་དབང་པོ་མེད་པའི་ཆོས་ལ་རྟོག་པའོ།། དེ་ལ་འགྲོ་བ་གང་ཞེ་ན། གང་སྟོབས་ལྔ་ཡང་དག་པར་སྒྲུབ་པའོ།། གནས་པ་གང་ཞེ་ན། གང་མི་བརྫི་བའི་ཡེ་ཤེས་སོ།། དེ་ལ་འགྲོ་བ་གང་ཞེ་ན། གང་བྱང་ཆུབ་ཀྱི་ཡན་ལག་འབྱུང་བའོ།། གནས་པ་གང་ཞེ་ན། གང་ཆོས་རབ་ཏུ་འབྱེད་པ་ལ་མཁས་པའི་ཡེ་ཤེས་སོ།། དེ་ལ་འགྲོ་བ་གང་ཞེ་ན། གང་ལམ་གྱི་ཚོགས་འཚོལ་བའོ།། གནས་པ་གང་ཞེ་ན། གང་གར་ཡང་མི་འགྲོ་བའོ།། དེ་ལ་འགྲོ་བ་གང་ཞེ་ན། གང་ཞི་གནས་ཚོལ་བའོ།། གནས་པ་གང་ཞེ་ན། གང་ཞི་གནས་ཀྱི་སེམས་ཞི་བའོ།། དེ་ལ་འགྲོ་བ་གང་ཞེ་ན། གང་ལྷག་མཐོང་སྤྱོད་པའོ། ། གནས་པ་གང་ཞེ་ན། གང་ཆོས་ཉིད་ཤེས་པའོ།། དེ་ལ་འགྲོ་བ་གང་ཞེ་ན། གང་རྒྱུ་རྟོགས་པའོ།། གནས་པ་གང་ཞེ་ན། གང་རྒྱུ་ཀུན་ཤེས་བའོ། ། དེ་ལ་འགྲོ་བ་གང་ཞེ་ན། གང་གཞན་གྱི་སྒྲ་ཐོས་པའོ།། གནས་པ་གང་ཞེ་ན། གང་ཆོས་ལ་ནན་ཏན་བྱེད་པའོ།། དེ་ལ་འགྲོ་བ་གང་ཞེ་ན། གང་ལུས་ཀྱི་རྒྱན་ནོ།། གནས་བཀང་ཞེ་ན། གང་ལུས་ཀྱི་ཆོས་ཉིད་དོ།། དེ་ལ་འགྲོ་བ་གང་ཞེ་ན། གང་དག་གི་རྒྱན་ནོ།། གནས་པ་གང་ཞེ་ན། གང་འཕགས་པའི་མི་སྨྲ་བའོ།། དེ་ལ་འགྲོ་བ་གང་ཞེ་ན། གང་རྣམ་པར་ཐར་པ་གསུམ་ལ་མོས་པའོ། ། གནས་པ་གང་ཞེ་ན། གང་བྱེད་པ་མེད་པའོ།། དེ་ལ་འགྲོ་བ་གང་ཞེ་ན། གང་བདུད་བཞི་ཡོངས་སུ་སྤོང་བའོ།། གནས་པ་གང་ཞེ་ན། གང་བག་ཆགས་དང་། ཉོན་མོངས་པའི་མཚམས་སྦྱོར་བ་ཐམས་ཅད་བསལ་བའོ།། དེ་ལ་འགྲོ་བ་གང་ཞེ་ན། གང་ཐབས་སུ་ལྟ་བའོ།། གནས་པ་གང་ཞེ་ན། གང་ཤེས་རབ་ཏུ་བལྟ་བའོ།། དེ་ལ་འགྲོ་བ་གང་ཞེ་ན། གང་རྩོམ་པར་བལྟ་བའོ།། གནས་པ་གང་ཞེ་ན། གང་སྒྲོལ་བར་བལྟ་བའོ།། དེ་ལ་འགྲོ་བ་གང་ཞེ་ན། གང་བརྡར་བལྟ་བའོ།། གནས་པ་གང་ཞེ་ན། གང་དོན་རྣམ་པར་བལྟ་བ་སྟེ། འདི་ནི་སེམས་ཀྱི་བརྩོན་འགྲུས་ཞེས་བྱའོ། ། དེ་ལ་སེམས་ཀྱི་བརྩོན་འགྲུས་མི་ཟད་པ་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། གང་འགྲོ་བ་ཐམས་ཅད་ལ་གནས་པ་དང་། མཚན་མ་ཐམས་ཅད་དང་བྲལ་བ་དང་། དེ་མཚན་མའི་ལས་ཐམས་ཅད་དུ་ཡང་འཇུག་ལ། ཡེ་ཤེས་ཀྱི་ལས་ལ་ཡང་གནས་པ་སྟེ། དེ་ལས་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་བྱ་བ་བྱེད་དོ།། དེ་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ལས་གང་ཞེ་ན། གང་དགེ་བའི་རྩ་བའི་རྒྱུ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་རྒྱུར་འདུས་བྱས་ཀྱང་མི་གཏོང་ཞིང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྒྱུར་འདུས་མ་བྱས་སུ་མི་ལྟུང་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པ་ཞེས་བྱའོ། ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པ་འདི་བསྟན་པ་ན། ལྷ་དང་མིའི་སྐྱེ་དགུ་བྱེ་བ་ཁྲག་ཁྲིག་བདུད་ཅུ་རྩ་དྲུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། ། བྱང་ཆུབ་སེམས་དཔའ་སྟོང་ཕྲག་སུམ་ཅུ་རྩ་གཉིས་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ཡང་མི་ཟད་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་མི་ཟད་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་མི་ཟད་པ་ནི་རྣམ་པ་བཅུ་དྲུག་སྟེ། དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་མེད་དོ།། དེ་ལ་རྣམ་པ་བཅུ་དྲུག་པོ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་བསམ་གཏན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་དེ་ལ་མ་ཆགས་པའོ།། བདག་བདེ་བ་ལ་མ་ཆགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་བྱ། རྣམས་ཀྱི་བསམ་གཏན་ནི་རོ་མི་མྱང་བའོ།། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤངས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་སྙིང་རྗེ་ཆེན་པོ་ལ་དམིགས་པའོ། ། འདོད་པའི་ཁམས་སུ་དམིགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཏིང་ངེ་འཛིན་ལྡོག་པའོ།། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཀུན་ཤེས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་མངོན་པར་ཤེས་པ་ཡོངས་སུ་སྦྱང་བ་བྱས་པའོ།། སེམས་ལ་དབང་ཞིང་ཤེས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་སེམས་ལས་སུ་རུང་བའོ། ། གཟུགས་དང་གཟུགས་མེད་པའི་ཁམས་ཟིལ་གྱིས་གནོན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་ལྡན་པ་ཐམས་ཅད་ཤེས་པའོ།། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སྙོམས་པར་འཇུག་པ་ཟིལ་གྱིས་གནོན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཞི་བ་དང་རབ་ཏུ་ཞི་བའོ།། ཤིན་ཏུ་མཐར་ཐུག་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་མི་འཁྲུགས་པའོ།། ཉོན་མོངས་པ་དང་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཤིན་ཏུ་འཇོམས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ལོག་པའི་ནན་ཏན་གྱི་གཉེན་པོའོ།། འཇིག་རྟེན་ཐམས་ཅད་ལས་བསྒྲལ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཤེས་རབ་ལ་འཇུག་པའོ།། སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན། ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་སྔོན་དུ་འགྲོ་བའོ།། དེ་བཞིན་གཤེགས་པའི་བསམ་གཏན་མི་ཟད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་དཀོན་མཆོག་གསུམ་གྱི་རིགས་མི་གཅོད་པའོ། ། རྟག་ཏུ་མཉམ་པར་གཞག་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་མཉམས་པའོ།། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཆོས་ཐམས་ཅད་ལ་དབང་བྱེད་པའི་ཡེ་ཤེས་སོ།། ཡེ་ཤེས་ཀྱི་བདག་ཉིད་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་མི་གཡོ་བ་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཅུ་དྲུག་སྟེ། གང་ཉན་ཐོས་དང་། རང་སངས་རྒྱས་རྣམས་ལ་མེད་པའོ།། དེ་ལ་བསམ་གཏན་ཡོངས་སུ་སྦྱང་བ་གང་ཞེ་ན། གང་མངོན་པར་ཤེས་པ་དང་། ཡེ་ཤེས་ཡོངས་སུ་རྫོགས་པའོ།། དེ་ལ་མངོན་པར་ཤེས་པ་ནི་གང་ཡེ་ཤེས་ནི་གང་ཞེ་ན། གང་གིས་གཟུགས་སུ་སྣང་བ་ཐམས་ཅད་མཐོང་བ་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ།། གང་གིས་གཟུགས་ཐམས་ཅད་ཀྱི་ཆོས་ཉིད་མི་ཟད་པར་ཤེས་ཀྱང་། མི་ཟད་པའི་ཆོས་མངོན་སུམ་དུ་མི་བྱེད་པ་འདི་ནི་ཡེ་ཤེས་ཞེས་བྱའོ། ། གང་གིས་སླར་གྲགས་པ་ཐམས་ཅད་ཐོས་པ་དེ་མངོན་པར་ཤེས་པ་ཞེས་བྱའོ།། གང་སྒྲ་ཀུན་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་བརྗོད་དུ་མེད་པར་ཤེས་པ་འདི་ནི་ཡེ་ཤེས་ཞེས་བྱའོ།། གང་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པ་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ།། གང་སེམས་འགོག་པར་ཤེས་ལ། འགོག་པ་མངོན་སུམ་དུ་མི་བྱེད་པ་འདི་ནི་ཡེ་ཤེས་ཞེས་བྱའོ།། གང་ཐོག་མའི་མཐའ་དང་ཕྱི་མའི་མཐོའ་རྗེས་སུ་དྲན་པ་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ།། གང་དུས་གསུམ་ལ་མ་ཆགས་པ་ཤེས་པ་འདི་ནི་ཡེ་ཤེས་ཞེས་བྱའོ། ། གང་སངས་རྒྱས་ཐམས་ཅད་ཀྱི་ཞིང་དུ་འགྲོ་བ་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ།། གང་གིས་ཞིང་ནམ་མཁའ་དང་མཚུངས་པར་ཤེས་པ་འདི་ནི་ཡེ་ཤེས་ཞེས་བྱའོ། ། གང་དབྱེར་མེད་པའི་ཆོས་འདོད་པ་འདི་ནི། མངོན་པར་ཤེས་པ་ཞེས་བྱའོ།། གང་ཆོས་ཐམས་ཅད་མཉམ་པར་མཐོང་བའི་ཤེས་པ་འདི་ནི་ཡེ་ཤེས་ཞེས་བྱའོ།། གང་འཇིག་རྟེན་ཐམས་ཅད་དབྱེར་མེད་པའི་མཚན་ཉིད་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ། ། གང་འཇིག་རྟེན་པའི་ཆོས་ཐམས་ཅད་དང་མ་འདྲེས་པར་ཤེས་པ་འདི་ནི་ཡེ་ཤེས་ཞེས་བྱའོ།། གང་བརྒྱ་བྱིན་དང་ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ཟིལ་གྱིས་གནོན་པ་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ།། གང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སྤྱི་བོར་ཤེས་པ་འདི་ནི་ཡེ་ཤེས་ཞེས་བྱ་། འདི་དག་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ཡོངས་སུ་སྦྱང་བ་ཞེས་བྱའོ།། ཡང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། སེམས་གཡེང་བ་ཇི་སྙེད་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཚོགས་དང་། སེམས་གཞག་པ་ཤེས་པ་ཡང་དེ་སྙེད་དེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། སེམས་བ་ཇི་སྙེད་པ་དེ་སྙེད་དུ་བྱང་ཆུབ་སེམས་དཔས་ཀྱང་བསམ་གཏན་གྱི་ཚོགས་ཡང་དག་པར་བསྒྲུབ་པར་བྱའོ། ། མཉམ་པ་ཉིད་དེ་ལ་གནས་པས་ན་དེའི་ཕྱིར་མཉམ་པར་གཞག་པ་ཞེས་བྱའོ།། སེམས་ཅན་མཉམ་པ་ཉིད་དང་། སེམས་མཉམ་པ་ཉིད་དང་། བསམ་པ་མཉམ་པ་ཉིད་དང་། ལྷག་པའི་བསམ་པ་མཉམ་པ་ཉིད་དང་། སྦྱོར་བ་མཉམ་པ་ཉིད་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་མཉམ་པ་ཉིད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་ལ་གནས་པས་ན། དེའི་ཕྱིར་མཉམ་པར་གཞག་པ་ཞེས་བྱའོ། ། ཏིང་ངེ་འཛིན་གང་དང་མཉམ་པ་བྱང་ཆུབ་ཀྱང་དེ་དང་མཉམ་མོ།། བྱང་ཆུབ་གང་དང་མཉམ་པ་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ།། སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་སྟེ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན། དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ།། བྱང་ཆུབ་གང་དང་མཉམ་པ་སྟོང་པའང་དེ་དང་མཉམ་མོ།། སྟོང་པ་ཉིད་གང་དང་མཉམ་པ་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ།། སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་སྟེ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན། དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ།། སྟོང་པ་ཉིད་གང་དང་མཉམ་པ་མཚན་མ་མེད་པ་ཡང་དེ་དང་མཉམ་མོ།། མཚན་མ་མེད་པ་གང་དང་མཉམ་པ་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ། ། སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་སྟེ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན། དེ་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། ། མཚན་མ་མེད་པ་གང་དང་མཉམ་པ་སྨོན་པ་མེད་པའང་དེ་དང་མཉམ་མོ།། སྨོན་པ་མེད་པ་གང་དང་མཉམ་པ་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ། ། སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་སྟེ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན། དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ།། སྨོན་པ་མེད་པ་གང་དང་མཉམ་པ་མངོན་པར་འདུ་མི་བྱེད་པའང་དེ་དང་མཉམ་མོ།། མངོན་པར་འདུ་མི་བྱེད་པ་གང་དང་མཉམ་པ་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ།། སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་སྟེ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན། དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ།། མངོན་པར་འདུ་མི་བྱེད་པ་གང་དང་མཉམ་པ་མི་སྐྱེ་བའང་དེ་དང་མཉམ་མོ། ། མི་སྐྱེ་བ་གང་དང་མཉམ་པ་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ།། སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་སྟེ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན། དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ།། མི་སྐྱེ་བ་གང་དང་མཉམ་པ་མི་འབྱུང་བའང་དེ་དང་མཉམ་མོ།། མི་འབྱུང་བ་གང་དང་མཉམ་པ་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ།། སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་སྟེ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན། དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ།། མི་འབྱུང་བ་གང་དང་མཉམ་པ་དངོས་པོ་མེད་པ་ཡང་དེ་དང་མཉམ་མོ།། དངོས་པོ་མེད་པ་གང་དང་མཉམ་པ་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ། ། སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་སྟེ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན། དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། ། དངོས་པོ་མེད་པ་གང་དང་མཉམ་པ་རྣམ་པར་དག་པའང་དེ་དང་མཉམ་མོ།། རྣམ་པར་དག་པ་གང་དང་མཉམ་པ་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ།། སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་སྟེ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན། དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ།། བདག་གི་སེམས་མཉམ་པས། སེམས་ཅན་ཐམས་ཅད་ཀྱི་སེམས་མཉམ་པ་ཉིད་དེ་ལ་ཞུགས་པས་ན། དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ།། ཕན་པར་བྱེད་པ་དང་། ཕན་པར་མི་བྱེད་པ་ཐམས་ཅད་ལ་སྙོམས་ཤིང་། ས་དང་མཉམ་པའི་སེམས། ཆུ་དང་མཉམ་པའི་སེམས། མེ་དང་མཉམ་པའི་སེམས། རླུང་དང་མཉམ་པའི་སེམས། ནམ་མཁའ་དང་མཉམ་པའི་སེམས་ཏེ། མི་མཐོ་མི་དམའ་བར་གནས་ཤིང་། མི་གཡོ་བར་གྱུར་པ། སྤྱོད་ལམ་ཐམས་ཅད་དུ་མཉམ་པར་བཞག་པས། མ་བཅོས་པའི་སྤྱོད་ལམ། རང་བཞིན་གྱིས་སྙོམས་པར་ཞུགས་པ། མི་རྒོད་པ། མི་གཡེང་བ། མུ་ཅོར་མི་སྨྲ་བ། ཚིག་མ་འཆལ་པ། དོན་ཤེས་པ། ཆོས་ཤེས་པ། དུས་ཤེས་པ། ཚོད་ཤེས་པ་ཉི་ཚོད་ཤེས་པ། འཇིག་རྟེན་ཐམས་ཅད་ཀྱི་རྗེས་སུ་བསྙེགས་ཤིང་། འཇིག་རྟེན་དང་མ་འདྲེས་པ། འཇིག་རྟེན་གྱི་ཆོས་བརྒྱད་ལས་འདས་པ། ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པ།། འདུ་འཛིའི་ནང་ན་ཡང་སྤྱོད་ལམ་དབེན་པ་སྟེ། དེ་ལྟ་བུའི་ཆོས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་མཉམ་པར་གཞག་པའི་གནས་ཀྱང་མི་འདོར་ལ། འཇིག་རྟེན་པའི་བྱ་བ་ཐམས་ཅད་དུ་ཡང་འཇུག་སྟེ། འདི་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་ཐབས་དང་ཤེས་རབ་ཀྱིས་མངོན་པར་བསྒྲུབས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔ་ཐབས་ནི་གང་ཤེས་རབ་ནི་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་མཉམ་པར་མ་གཞག་པའི་ཚེ། སེམས་ཅན་ལ་ལྟ་བའི་ཕྱིར། སྙིང་རྗེ་ཆེན་པོའི་དམིགས་པ་ལ་སེམས་འདོགས་པ་འདི་ནི་བྱུང་། ཆུབ་སེམས་དཔའི་ཐབས་ཤེས་བྱའོ།། གང་ཞི་བ་དང་རབ་ཏུ་ཞི་བས་བསམ་གཏན་དུ་བྱེད་པ་འདི་ནི་དེའི་ཤེས་རབ་བོ།། གང་བྱང་ཆུབ་སེམས་དཔའ་མཉམ་པར་གཞོག་པའི་ཚེ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཕྱིར་འགྲོ་བ་འདི་ནི་དེའི་ཐབས་སོ། ། ཆོས་གང་ལ་ཡང་མི་གནས་པར། བསམ་གཏན་དུ་བྱེད་པ་འདི་ནི་དེའི་ཤེས་རབ་བོ།། གང་བྱང་ཆུབ་སེམས་དཔའ་མཉམ་པར་གཞོག་པ་ན། དམ་པའི་ཆོས་ཀུན་གཟུང་བ་ལ་ལྟ་བ་འདི་ནི་དེའི་ཐབས་སོ། ། གང་ཆོས་ཀྱི་དབྱིངས་དབྱེར་མེད་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ།། གང་བྱང་ཆུབ་སེམས་དཔའ་མཉམ་པར་གཞོག་པའི་ཚེ།། སངས་རྒྱས་ཀྱི་སྐུའི་རྒྱན་མངོན་དུ་བྱེད་པ་འདི་ནི་དེའི་ཐབས་སོ།། གང་ཆོས་ཀྱི་སྐུ་དབྱེར་མེད་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ།། གང་བྱང་ཆུབ་སེམས་དཔའ་མཉམ་པར་གཞོག་པ་ན། སངས་རྒྱས་ཀྱི་གསུང་ཚངས་པའི་སྒྲ་དབྱངས་ལ་སེམས་པ་འདི་ནི་དེའི་ཐབས་སོ།། གང་ཆོས་ཉིད་བརྗོད་དུ་མེད་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ།། གང་བྱང་ཆུབ་སེམས་དཔའ་མཉམ་པར་གཞོག་པ་ན། སེམས་རྡོ་རྗེ་ལྟ་བུར་བྱིན་གྱིས་རློབ་པ་འདི་ནི་དེའི་ཐབས་སོ།། གང་རང་བཞིན་གྱིས་གཡེང་བ་མེད་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ།། གང་མཉམ་པར་གཞོག་པ་ན། སྔོན་གྱི་སྨོན་ལམ་གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱིན་གྱིས་རློབ་པ་འདི་ནི་དེའི་ཐབས་སོ།། གང་སེམས་ཅན་ཐམས་ཅད་ལ་བདག་མེད་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ། ། གང་མཉམ་པར་གཞོག་པ་ན། དགེ་བའི་རྩ་བ་ཐམས་ཅད་ལ་ལྷག་པར་དམིགས་ཏེ། བསམ་གཏན་བྱེད་པ་འདི་ནི་དེའི་ཐབས་སོ།། གང་དགེ་བའི་རྩ་བའི་གནས་ནམ་མཁའ་དང་མཚུངས་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ།། གང་མཉམ་པར་གཞོག་པ་ན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་མངོན་དུ་བྱེད་པ་འདི་ནི་དེའི་ཐབས་སོ། ། གང་ཞིང་ནམ་མཁའ་དང་མཚུངས་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ།། གང་མཉམ་པར་གཞོག་པ་ན། བྱང་ཆུབ་ཀྱི་སྙིང་པོའི་རྒྱུན་བཀོད་པར་དམིགས་པ་མངོན་དུ་བྱེད་པ་འདི་ནི་དེའི་ཐབས་སོ། ། གང་ཉོན་མོངས་པ་ཐམས་ཅད་ཞི་བར་བྱ་བའི་ཕྱིར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ།། གང་མཉམ་པར་གཞོག་པ་ན། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་འདོད་པ་འདི་ནི་དེའི་ཐབས་སོ། ། གང་བསྐོར་བ་ཡང་མེད། མི་བསྐོར་བའང་མེད་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ།། གང་བྱང་ཆུབ་སེམས་དཔའ་མཉམ་པར་གཞོག་པ་ན། བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ལ་མི་གཡེང་བ་མངོན་དུ་བྱེད་པ་འདི་ནི་དེའི་ཐབས་སོ།། གང་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་གདུང་བ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་མཁྱེན་པ་སེམས་དང་ལྡན་པ་དང་། སེམས་དང་མི་ལྡན་པ་དང་། འདུ་ཤེས་མེད་པ་དང་། འདུ་ཤེས་སུ་ཀུན་ཤེས་པ་ཇི་སྙེད་པ་དེ་དག་བསལ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མི་འགྱུར་བ་དང་མཐུན་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་སྟེ། དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པ་ཡིན་ནོ།། བདུད་ཐམས་ཅད་ཀྱིས་ཀྱང་དེ་ལ་གླགས་མི་རྙེད་ཅིང་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྣོད་ཀྱང་བྱེད་པར་གནས་པ་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་བོ།། བསམ་གཏན་མི་ཟད་པ་ཞི་བ་འདི་བསྟན་པ་ན། བྱང་ཆུབ་སེམས་དཔའ་སྟོང་ཕྲག་སུམ་ཅུ་རྩ་གཉིས་ཉི་མའི་སྒྲོན་མའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ།། ཅིའི་ཕྱིར། ཏིང་ངེ་འཛིན་དེ་ཉི་མའི་སྒྲོན་མ་ཞེས་བྱ་ཞེ་ན་འདི་ལྟ་སྟེ། ཉི་མ་འཆར་བ་ན། ཟླ་བ་དང་སྐར་མའི་སྒྲོན་མ་དང་། མར་མེའི་སྒྲོན་མ་དང་། རྩཝ་མེའི་སྒྲོན་མ་ཐམས་ཅད་མོག་མོག་པོར་འགྱུར་རོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མའི་སྒྲོན་མའི་ཏིང་ངེ་འཛིན་ཐོབ་ན་མ་རབས་དང་ཉི་ཆེ་བའི་ཤེས་རབ་ཐམས་ཅད་ཤེས་རབ་ཀྱི་སྣང་བས་སྤ་བཀོང་སྟེ་སློབ་པ་དང་། མི་སློབ་པ་ཐམས་ཅད་ཀྱི་ཤེས་རབ་དང་། རང་སངས་རྒྱས་ཀྱི་ཤེས་རབ་དང་། དེ་མ་ཡིན་པ་གཞན་སེམས་ཅན་པ་ལ་ཐམས་ཅད་ཀྱི་ཤེས་རབ་ཀྱང་ཤིས་རབ་ཀྱི་སྣང་བས་སྲ་བཀོང་བས་ན། དེའི་ཕྱིར་ཉི་མའི་སྒྲོན་མ་ཞེས་བྱའོ།། བསམ་གཏན་གྱི་ཕ་རོལ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམ་པ་མང་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཐོབ་སྟེ། དེ་དག་ལས་ཕྱོགས་ཙམ་ཞིག་བསྟན་ཏོ།། གློག་གི་སྒྲོན་མས་རྒྱན་དང་ཟླ་བའི་འོད། ། དགེ་བཀོད་རྣམ་སྣང་དེ་བཞིན་བསམ་མི་ཁྱབ།། འཕགས་པར་སྣང་དང་དྲི་མ་དག་པ་དང་།། ཐམས་ཅད་ཆོས་ལ་དབང་བྱེད་ཡོན་ཏན་འོད།། མྱ་ངན་མེད་དང་། བརྟུལ་ཞུགས་གྲུབ་པ་དང་།། གྲགས་པ་བརྟན་དང་ཀུན་ནས་འཕགས་པ་དང་།། ཆོས་ཀྱི་སྒྲོན་མ་ཆོས་དཔའ་རི་རབ་ཆེ།། ཆོས་ཀྱི་དབང་པོ་ཆོས་ཤེས་དབང་བྱེད་དང་།། ཆོས་ཀྱི་ཕུང་པོ་རྣམ་པར་འཐོར་བ་དང་། ། ཆོས་རྣམས་འཛིན་པ་རྣམ་པར་དག་པ་དང་།། ཕ་རོལ་སེམས་ཀྱི་སྤྱད་པར་སྤྱོད་པ་དང་།། རྒྱལ་མཚན་རྩེ་མོ་དཔུང་རྒྱན་ཉོན་མོངས་སེལ།། བདུད་བཞིའི་སྟོབས་རྣམས་རབ་ཏུ་འཇོམས་པ་དང་། ། འཕགས་བཅུ་འཕགས་པ་སྟོབས་དང་ལྡན་པ་དང་།། ཆགས་མོད་ཆགས་པ་ཤིན་ཏུ་གཅོད་པ་དང་།། ལག་ན་སྒྲོན་མ་ཤིན་ཏུ་སྒྲ་བསྒྲགས་དང་།། ས་འཛིན་དག་དང་བརྟན་པའི་རང་བཞིན་དང་། ། རི་རབ་སྒྲོན་མ་མི་ཕམ་རྒྱལ་བ་དང་།། ཤེས་རབ་སྐྱེད་དང་ཡེ་ཤེས་ཏ་ལ་ལ།། བསམ་གཏན་འབྱུང་གནས་མཐའ་ཡས་དབང་བྱེད་དང་།། སེམས་རྣམས་ལས་སུ་རུང་བར་བྱེད་པ་དང་། ། བྱེད་དང་བྱས་དང་ཚོར་བྱེད་མེད་པ་དང་།། ཆུ་ཡི་ཟླ་བ་ཉི་མའི་དབྱངས་དག་དང་།། ཏིང་འཛིན་མི་གཏོང་བདུད་རྣམས་འཇོམས་པ་དང་།། རྣམ་པ་སྣ་ཚོགས་འདུ་ཤེས་མེད་པ་དང་། སྟག་དང་གླང་པོ་ཤིན་ཏུ་དུལ་བ་དང་།། རྒྱལ་བ་ཀུན་གྱི་རྗེས་སུ་དྲན་པ་དང་།། ཆོས་དྲན་དགེ་འདུན་ཡེ་ཤེས་དབང་བྱེད་དང་།། མི་ལྡོག་པ་དང་ལྡོག་པ་མེད་པ་དང་།། མིག་མི་འཛུམས་དང་བདག་མེད་རབ་དག་དང་། ། རྟག་ཏུ་སྟོང་པའི་རྣམ་པར་འཇུག་པ་དང་།། རྟག་ཏུ་མཚན་མེད་རྟག་ཏུ་མི་སྨོན་དང་།། བསམ་གཏན་དག་ལ་གནས་པ་མི་ཆགས་དང་།། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱ། ། མངོན་པར་འཕགས་དང་ངེས་པར་བཅོམ་པ་དང་།། ཀུན་ནས་འཁྱིལ་དང་སྒྲ་རྣམས་དག་པ་དང་།། ངེས་པར་རྟོག་དང་ཉོན་མོངས་བྲལ་བ་དང་།། ཡེངས་པ་ནམ་མཁའ་ལྟ་བུ་ཞེས་ཀྱང་བྱ། ། གཟུད་པ་དང་ནི་ཡོན་ཏན་འཇུག་པ་དང་།། དྲན་རྟོགས་བློ་གྲོས་ཤེས་རབ་སྒྲུབ་པ་དང་།། སྤོབས་པ་དག་ནི་མི་ཟད་བྱེད་པ་དང་།། སྒྲ་སྟོན་པ་དང་འདྲེན་པ་མཐོང་བ་དང་། འཛིན་པ་ཞེས་ཀྱང་བྱ་བའི་ཏིང་ངེ་འཛིན།། ཆུད་མི་ཟ་དང་ལེགས་བྱས་སྦྱིན་པ་དང་།། འགྲོ་བ་ཚིམ་པར་བྱེད་དང་བལྟར་མི་མཐོང་།། རབ་ཏུ་རྟོགས་དང་དགའ་མགུ་སྐྱེད་པ་དང་།། བྱམས་པ་འཕགས་པའི་ཏིང་ངེ་འཛིན་དག་དང་། ། སྙིང་རྗེ་ཆེན་པོའི་རྩ་བ་བསམ་པ་དག། དགའ་བའི་རྣམ་པ་དག་ལ་འཇུག་པ་དག། བཏང་སྙོམས་གཉིས་ལས་ཆགས་ལས་གྲོལ་བ་དང་།། ཆོས་དོན་ཆོས་བྱེད་ཡེ་ཤེས་ཏ་ལ་ལ། ། མི་འཁྲུགས་པ་དང་ཡེ་ཤེས་རྒྱ་མཚོ་དང་།། འགྲོ་བ་ཚིམ་བྱེད་རྣམ་པ་དུལ་བ་དང་།། རྣམ་པར་གྲོལ་བའི་ཡེ་ཤེས་དབང་བྱེད་དང་།། རྡོ་རྗེ་རྒྱལ་མཚན་སྙིང་པོའི་པདྨོ་དང་། ། པདྨོ་འདས་དང་འཇིག་རྟེན་ཆོས་བྲལ་དང་།། མི་གཡོ་བ་ཞེས་བྱ་བའི་ཏིང་འཛིན་དང་།། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དག་དང་།། དཔའ་བར་འགྲོ་ཞེས་བྱ་བའི་ཏིང་ངེ་འཛིན། ། སངས་རྒྱས་དགོངས་དང་དེ་བཞིན་མི་འཁྲུགས་དང་།། གཟི་བརྗིད་ཅན་དང་གཟི་བརྗིད་འོད་ཟེར་དང་།། རྣམ་པར་གྲོལ་བའི་ཡེ་ཤེས་མཆོག་སྦྱིན་དང་།། སངས་རྒྱས་རྒྱུན་རྣམས་ཤིན་ཏུ་བཀོད་པ་དང་། ། ཀུན་ཏུ་སྣང་དང་སངས་རྒྱས་ཞིང་དག་དང་།། སེམས་ཅན་བསམ་རབ་རབ་ཏུ་འཇུག་པ་དང་།། མགུ་བྱེད་ཤིན་ཏུ་མགུ་བྱེད་ཏིང་འཛིན་དང་།། བྱང་ཆུབ་ལམ་གྱི་རྗེས་སུ་མཐུན་པ་དང་། ། ཕ་རོལ་བྱིན་བརྒྱན་གཙུག་ན་རིན་པོ་ཆེ།། བྱང་ཆུབ་ཡན་ལག་མེ་ཏོག་སྦྱིན་པ་དང་།། རྣམ་པར་གྲོལ་བའི་འབྲས་བུ་སྦྱིན་པ་སྟེ།། མི་འཆི་དབྱངས་དང་དམིགས་མེད་རླུང་བཞིན་འགྲོ། ། རིན་ཆེན་མཐའ་དང་རྒྱ་མཚོའི་ཤུགས་འཛིན་དང་།། རི་དང་བྲག་རྣམས་རྡོབ་པར་བྱེད་པ་དང་།། རྫུ་འཕྲུལ་དོན་ཆེན་ཡང་དག་སྐྱེད་པ་དང་།། ཚད་མེད་པ་ཡི་སངས་རྒྱས་མཐོང་བ་དང་། ། ཐོས་པ་ཐམས་ཅད་འཛིན་དང་མི་ག་ཡེང་དང་།། སྐད་ཅིག་གཅིག་ལ་ཡེ་ཤེས་སྦྱིན་པ་དང་།། ཡོན་ཏན་མཐའ་ཡས་རྒྱ་མཚོ་རྣམ་པར་དག། དེ་ལྟར་ཏིང་འཛིན་འདི་དག་མཐའ་ཡས་དཔག་མེད་དེ། ། བསམ་གཏན་བྱེ་བ་ཁྲག་ཁྲིག་དག་གི་ཕ་རོལ་སོང་།། བྱང་ཆུབ་སེམས་དཔའ་དམ་པ་མཆོག་རབ་འཇིགས་མེད་པ།། གཏན་མཆོག་སེམས་དཔའ་ཆེན་པོ་ཏིང་འཛིན་རྣམ་དག་རྟོགས། ། འདི་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་མི་ཟད་པ་ཞེས་བྱའོ།། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ། བམ་པོ་གསུམ་པ། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་མི་ཟད་པ་འདི་ནི། ཁྱོད་ཀྱིས་ལེགས་པར་སྨྲས་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་མི་ཟད་པ་ལས་བརྩམས་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་མི་ཟད་པར་འགྱུར་བ་ཁྱོད་སྤོབས་པར་གྱིས་ཤིག། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་མི་ཟད་པ་ཡིན་ཏེ། ཤེས་རབ་དེའི་རྣམ་པ་ནི་ཇི་ལྟ་བུ། འཇུག་པ་ནི་ཅི་ཞེ་ན། ཐོས་པའི་རྣམ་པ་ནི་རྣམ་པའོ།། ཚུལ་བཞིན་ཡིད་ལ་བྱེད་པ་ནི་འཇུག་པའོ།། ཐོས་པ་ཡང་རྣམ་པ་ནི་ཇི་ལྟ་བུ། འཇུག་པ་ནི་ཅི་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོས་པའི་རྣམ་པ་ནི་བརྒྱད་ཅུ་རྩ་བཞི་སྟེ། འདི་ལྟ་སྟེ། མོས་པའི་རྣམ་པ་དང་། བསམ་པའི་རྣམ་པ་དང་། ལྷག་པའི་བསམ་པའི་རྣམ་པ་དང་། སྦྱོར་བའི་རྣམ་པ་དང་། དགེ་བའི་བཤེས་གཉེན་གྱི་རྣམ་པ་དང་། ང་རྒྱལ་མེད་པའི་རྣམ་པ་དང་། བག་ཡོད་པའི་རྣམ་པ་དང་། རི་མོར་བྱེད་པའི་རྣམ་པ་དང་། མཐུན་པའི་རྣམ་པ་དང་། བཀའ་བློ་བདེ་བའི་རྣམ་པ་དང་། བསྙེན་བཀུར་བྱེད་པའི་རྣམ་པ་དང་། རྣ་བླགས་ཏེ་ཉན་པའི་རྣམ་པ་དང་ཡིད་ལ་བྱེད་པའི་རྣམ་པ་དང་། མི་གཡེང་བའི་རྣམ་པ་དང་། གནས་ཀྱི་རྣམ་པ་དང་། རིན་པོ་ཆེར་འདུ་ཤེས་པའི་རྣམ་པ་དང་། སྨན་དུ་འདུ་ཤེས་པའི་རྣམ་པ་དང་། ཉོན་མོངས་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་རྣམ་པ་དང་། དྲན་པའི་སྣོད་ཀྱི་རྣམ་པ་དང་། རྟོགས་པ་ཤེས་པའི་རྣམ་པ་དང་། བློ་གྲོས་འདོད་པའི་རྣམ་པ་དང་། བློ་ལ་འཇུག་པའི་རྣམ་པ་དང་སངས་རྒྱས་ཀྱི་ཆོས་ལ་མི་ངོམས་པར་ཉན་པའི་རྣམ་པ་དང་། གཏོང་བ་སྤེལ་བའི་རྣམ་པ་དང་། དུལ་ཞིང་ཅང་ཤེས་པའི་རྣམ་པ་དང་། མང་དུ་ཐོས་པ་ལ་བསྟེན་པའི་རྣམ་པ་དང་། གུས་པར་དགའ་བ་མྱོང་བར་བྱེད་པའི་རྣམ་པ་དང་། ལུས་བདེ་བའི་རྣམ་པ་དང་། སེམས་རབ་ཏུ་དགའ་བའི་རྣམ་པ་དང་། མི་སྐྱོ་བར་ཉན་པའི་རྣམ་པ་དང་། དོན་ཉན་པའི་རྣམ་པ་དང་། ཆོས་ཉན་པའི་རྣམ་པ་དང་། ནན་ཏན་ཉན་པའི་རྣམ་པ་དང་། གཞན་གྱིས་བསྟན་པ་ཉན་པའི་རྣམ་པ་དང་། ཆོས་མ་ཐོས་པ་ཉན་པའི་རྣམ་པ་དང་། མངོན་པར་ཤེས་པ་ཉན་པའི་རྣམ་པ་དང་། ཐེག་པ་གཞན་ལ་འདོད་པ་མེད་པའི་རྣམ་པ་དང་། ཕ་རོལ་ཏུ་ཕྱིན་པ་ཉན་པའི་རྣམ་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཉན་པའི་རྣམ་པ་དང་། བསྡུ་བའི་དངོས་པོ་ཉན་པའི་རྣམ་པ་དང་། ཐབས་མཁས་པ་ཉན་པའི་རྣམ་པ་དང་། ཚངས་པའི་གནས་ཉན་པའི་རྣམ་པ་དང་། དྲན་པ་དང་ཤེས་བཞིན་ཉན་པའི་རྣམ་པ་དང་། སྐྱེ་བ་ལ་མཁས་པར་ཉན་པའི་རྣམ་པ་དང་། མི་སྐྱེ་བ་ལ་མཁས་པ་ཉན་པའི་རྣམ་པ་དང་། མི་སྡུག་པའི་རྣམ་པ་དང་། བྱམས་པའི་རྣམ་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པ་དང་། མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་དང་། བདག་མེད་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། སྟོང་པ་ཉིད་ཀྱི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པ་དང་། སྨོན་པ་མེད་པའི་རྣམ་པ་དང་། མངོན་པར་འདུ་མི་བྱེད་པའི་རྣམ་པ་དང་། དགེ་བ་མངོན་པར་འདུ་བྱེད་པའི་རྣམ་པ་དང་། བདེན་པར་བྱིན་གྱིས་བརླབས་པའི་རྣམ་པ་དང་། ཆུད་མི་གཟན་པའི་རྣམ་པ་དང་། རང་དབང་གི་རྣམ་པ་དང་། བདག་གི་སེམས་བསྲུང་བའི་རྣམ་པ་དང་། བརྩོན་འགྲུས་མི་གཏོང་བའི་རྣམ་པ་དང་། ཆོས་ལ་ངེས་པར་རྟོག་པའི་རྣམ་པ་དང་། ཉོན་མོངས་པའི་གཉེན་པོའི་རྣམ་པ་དང་། བདག་གི་ཕྱོགས་བསྲུང་བའི་རྣམ་པ་དང་། ཕ་རོལ་གྱི་ཕྱོགས་དང་ཉོན་མོངས་པ་ཚར་གཅོད་པའི་རྣམ་པ་དང་། ནོར་བདུན་ལ་བསྟེན་པའི་རྣམ་པ་དང་། དབུལ་བ་ཐམས་ཅད་ཚར་གཅོད་པའི་རྣམ་པ་དང་། མཁས་པས་བསྔགས་པའི་རྣམ་པ་དང་། མཁས་པ་མངོན་པར་དགའ་བའི་རྣམ་པ་དང་། འཕགས་པས་ཀུན་ཤེས་པའི་རྣམ་པ་དང་། འཕགས་པ་མ་ཡིན་པ་མོས་པར་བྱེད་པའི་རྣམ་པ་དང་། བདེན་པ་མཐོང་བའི་རྣམ་པ་དང་། ཕུང་པོའི་ཉེས་པ་སྤོང་བའི་རྣམ་པ་དང་། འདུས་བྱས་ཀྱི་ཉེས་པ་ཡོངས་སུ་འཇལ་བའི་རྣམ་པ་དང་། དོན་ལ་རྟོན་པའི་རྣམ་པ་དང་། ཆོས་ལ་རྟོན་པའི་རྣམ་པ་དང་། ཡེ་ཤེས་ལ་རྟོན་པའི་རྣམ་པ་དང་། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པའི་རྣམ་པ་དང་། སྡིག་པ་ཐམས་ཅད་མི་བྱ་བའི་རྣམ་པ་དང་། བདག་དང་གཞན་ལ་ཕན་པའི་རྣམ་པ་དང་། ལེགས་པར་བྱས་པའི་ལས་ཀྱི་རྣམ་པ་དང་། མི་འགྱོད་པའི་རྣམ་པ་དང་། བྱེ་བྲག་ཏུ་འགྲོ་བའི་རྣམ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པའི་རྣམ་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོས་པ་རྣམ་པ་བརྒྱད་ཅུ་རྩ་བཞི་ཞེས་བྱའོ། ། དེ་ལ་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་བཞིན་ཡིད་ལ་བྱེད་པ་ལ་འཇུག་པ་སུམ་ཅུ་རྩ་གཉིས་ཏེ། སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། ཞི་གནས་ཀྱི་གནས་ལ་འཇུག་པ་དང་། ལྷག་མཐོང་ལ་རྣམ་པར་དཔྱོད་པའི་འཇུག་པ་དང་། སེམས་ལས་སུ་རུང་བ་ལ་འཇུག་པ་དང་། ལུས་དབེན་པ་ལ་འཇུག་པ་དང་། སེམས་དབེན་པ་ལ་འཇུག་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ་དང་། བདེན་པའི་རྗེས་སུ་མཐུན་པ་ལ་འཇུག་པ་དང་། ཚད་པ་མེད་པ་ལ་འཇུག་པ་དང་། རྟག་པ་མེད་པ་ལ་འཇུག་པ་དང་། རྒྱུ་དང་རྐྱེན་ལ་འཇུག་པ་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་ལ་འཇུག་པ་དང་། འོང་བ་དང་། འགྲོ། བ་དང་། གནས་པ་མེད་པ་ལ་འཇུག་པ་དང་། མི་འཕོ་ཞིང་རྒྱུ་དང་འབྲས་བུ་ཆུད་མི་ཟ་བ་ལ་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་འདྲིས་པར་བྱེད་པ་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མངོན་སུམ་དུ་མི་བྱེད་པ་ལ་འཇུག་པ་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པས་སྐྱེ་བ་ལ་འཇུག་པ་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པས་སྐྱེ་བས་དབང་བྱེད་པ་མེད་པ་ལ་འཇུག་པ་དང་། མངོན་པར་ཤེས་པའི་ཡེ་ཤེས་བསྐྱེད་པ་ལ་འཇུག་པ་དང་། ཟག་པ་ཟད་པ་མངོན་སུམ་དུ་མི་བྱེད་པར་འཇུག་པ་དང་། ནང་དུ་རྟོག་པ་ལ་འཇུག་པ་དང་། མི་འགྱུར་མི་འདའ་བ་ལ་འཇུག་པ་དང་། འདུས་བྱས་ཀྱི་ཉེས་པ་ཀུན་འཇལ་བ་ལ་འཇུག་པ་དང་། འདུས་མ་བྱས་ཀྱི་ཆོས་མངོན་སུམ་དུ་མི་བྱེད་པར་འཇུག་པ་དང་། སེམས་ཅན་ཐམས་ཅད་ལ་བདག་མེད་པར་རྟོགས་པ་ལ་འཇུག་པ་དང་། སྙིང་རྗེ་ཆེན་པོ་མི་གཏོང་བ་ལ་འཇུག་པ་དང་། སྐྱེ་བ་ཐམས་ཅད་ལ་འཇིགས་པར་ལྟ་བ་ལ་འཇུག་པ་དང་། རྟག་ཏུ་བསམས་བཞིན་དུ་ཤེས་པས་སྲིད་པ་ཐམས་ཅད་ཡོངས་སུ་འཛིན་པར་འཇུག་པ་དང་། སྐྱོ་ཞིང་འདོད་ཆགས་དང་བྲལ་བར་འཇུག་པ་དང་། འདོད་ཆགས་དང་བྲལ་བའི་ཆོས་མངོན་སུམ་དུ་མི་བྱེད་པར་འཇུག་པ་དང་། འདོད་པའི་དགའ་བའི་ཡོན་ཏན་བཏང་སྙོམས་པ་ལ་འཇུག་པ་དང་། ཆོས་ཀྱི་དགའ་བ་མི་གཏོང་བ་ལ་འཇུག་པ་དང་། སྤྲོས་པ་དང་།། རྣམ་པར་རྟོག་པ་ཐམས་ཅད་སྤོང་བ་ལ་འཇུག་པ་དང་། ཐབས་མཁས་པའི་སྤྲོས་པ་དང་། རྣམ་པར་རྟོག་པ་མི་སྤོང་བར་འཇུག་པ་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་བཞིན་ཡིད་ལ་བྱེད་པ་ལ་འཇུག་པ་སུམ་ཅུ་རྩ་གཉིས་ཞེས་བྱའོ། ། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ། ཚུལ་བཞིན་ཞེས་བྱ་བ་དེ་ནི་རིགས་པའི་ཚིག་གོ། དེ་ནི་ཚུལ་གྱི་ཚིག་གོ། དེ་ནི་སྒོའི་ཚིག་གོ། དེ་ནི་ཁའི་ཚིག་གོ། དེ་ནི་རྒྱུའི་ཚིག་གོ། དེ་ནི་རྐྱེན་གྱི་ཚིག་གོ།། དེ་ནི་མི་འགོག་པའི་ཚིག་གོ། དེ་ནི་མི་འགལ་བའི་ཚིག་གོ།། དེ་ནི་བཏང་སྙོམས་ཀྱི་ཚིག་གོ།། དེ་ནི་ལེན་པ་མེད་པའི་ཚིག་གོ།། དེ་ནི་དོར་བ་མེད་པའི་ཚིག་གོ།། དེ་ནི་རྐྱེན་མེད་པའི་ཚིག་གོ།། དེ་ནི་མི་རྟེན་པའི་ཚིག་གོ།། དེ་ནི་མི་གནས་པའི་ཚིག་གོ།། དེ་ནི་མ་གཡོས་པའི་ཚིག་གོ།། དེ་ནི་རྣམ་པར་མ་གཡོས་པའི་ཆོག་གོ། ། དེ་ནི་སྒྲོ་བཏགས་པ་མེད་པའི་ཚིག་གོ།། དེ་ནི་མཉམ་པ་ཉིད་ཀྱི་ཚིག་གོ། དེ་ནི་མི་མཉམ་པ་མེད་པའི་ཚིག་གོ།། དེ་ནི་བདེན་པའི་ཚིག་གོ།། དེ་ནི་ཡང་དག་པའི་ཚིག་གོ། དེ་ནི་མི་འགྱུར་བའི་ཚིག་གོ།། དེ་ནི་ཕྱིར་བྱ་བ་མེད་པའི་ཚིག་གོ།། དེ་ནི་ཞི་བའི་ཚིག་གོ།། དེ་ནི་རབ་ཏུ་ཞི་བའི་ཚིག་གོ།། དེ་ནི་ཉེ་བར་ཞི་བའི་ཚིག་གོ།། དེ་ནི་སྤྲོས་པ་མེད་པའི་ཚིག་གོ།། དེ་ནི་བླང་བ།། མེད་པའི་ཚིག་གོ།། དེ་ནི་བཞག་པ་མེད་པའི་ཚིག་གོ།། དེ་ནི་མ་ཚང་བ་མེད་པའི་ཚིག་གོ།། དེ་ནི་ལྷག་པ་མེད་པའི་ཚིག་གོ།། དེ་ནི་ཕྱིར་དབྱུང་བ་མེད་པའི་ཚིག་གོ།། དེ་ནི་གཉེན་པོ་མེད་པའི་ཚིག་གོ།། དེ་ནི་དམ་པའི་ཚིག་གོ། དེ་ནི་དེ་ཁོ་ནའི་ཚིག་གོ།། དེ་ནི་དེ་བཞིན་ཉིད་ཀྱི་ཚིག་གོ།། དེ་ནི་མ་ནོར་བ་དེ་བཞིན་ཉིད་ཀྱི་ཚིག་གོ།། དེ་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ཚིག་གོ།། དེ་ནི་ཇི་ལྟ་བ་བཞིན་གྱི་ཚིག་གོ། ། དེ་ནི་ཆུད་མི་ཟ་བའི་ཚིག་གོ། དེ་ནི་ཡང་དག་པའི་མཐའི་ཚིག་གོ།། དེ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་ཚིག་གོ།། དེ་ནི་དུས་གསུམ་ཡོངས་སུ་མ་ཆད་པའི་ཚིག་གོ།། དེ་ནི་གཟུགས་ལ་རྣམ་པར་ཤེས་པ་མི་གནས་པའི་ཚིག་གོ། ། དེ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་མི་གནས་པའི་ཚིག་གོ།། དེ་ནི་སའི་ཁམས་ལ་རྣམ་པར་ཤེས་པ་མི་གནས་པའི་ཚིག་གོ། ། དེ་བཞིན་དུ་དེ་ནི་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་ཤེས་པ་མི་གནས་པའི་ཚིག་གོ། དེ་ནི་མིག་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ལ་མི་གནས་པའི་ཚིག་གོ། དེ་བཞིན་དུ་རྣ་བ་དང་། སྒྲ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣ་དང་། དྲི་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེ་དང་། རོ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་དང་། རེག་བྱ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་དང་། ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་མི་གནས་པའི་ཚིག་གོ། དེ་ནི་དོན་ལ་རྟོན་པའི་ཚིག་གོ།། དེ་ནི་ཆོས་ལ་རྟོན་པའི་ཚིག་གོ།། དེ་ནི་ཡེ་ཤེས་ལ་རྟོན་པའི་ཚིག་གོ། དེ་ནི་ངེས་པའི་དོན་གྱི་མདོ་ལ་རྟོན་པའི་ཚིག་གོ།། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ། ཚུལ་བཞིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་དོ། ། དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་བདག་ལ་བདག་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་རིགས་པས་མཐོང་བ་དང་། ཇི་ལྟར་སེམས་ཅན་ལ་བདག་མེད་པ་དེ་བཞིན་དུ། ཆོས་ཐམས་ཅད་རིགས་པས་མཐོང་ན། དེ་ལྟར་མཐོང་བ་ན་ཚུལ་བཞིན་མཐོང་བའོ།། འཁོར་བའི་ཁམས་ཀྱི་ཚུལ་བཞིན་གང་ཡིན་པ་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ཚུལ་བཞིན་ཡང་དེ་བཞིན་ནོ་ཞེས་གང་གི་དེ་ལྟར་མཚུངས་ཤིང་བྱེ་བྲག་མེད་པར་མཐོང་བ་དེ་ནི། ཚུལ་བཞིན་རབ་ཏུ་སྦྱོར་བ་ཞེས་བྱའོ།། གང་གི་ཀུན་ནས་ཉོན་མོང་བའི་རང་བཞིན་དང་། རྣམ་པར་བྱང་བའི་རང་བཞིན་མཚུངས་ཤིང་བྱེ་བྲག་མེད་པར་མཐོང་བ་དེ་ནི་ཚུལ་བཞིན་རབ་ཏུ་སྦྱོར་བ་ཞེས་བྱའོ། ། གང་རིགས་པ་དང་། མི་རིགས་པར་མི་སེམས་པ་དེ་ནི། ཚུལ་བཞིན་རབ་ཏུ་སྦྱོར་བ་ཡིན་ཏེ། བཙུན་པ་ཤཱ་ར་ད་ཏིའི་བུ། མདོར་ན་བྱང་ཆུབ་སེམས་དཔའི་ཚུལ་བཞིན་སྦྱོར་བ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་གནས་ནི་སེམས་ཅན་ནོ།། དེ་སེམས་ཅན་གྱི་གནས་ཀྱང་མི་སྤོང་ལ། ཆོས་ཀྱི་གནས་ཀྱང་འཁྲུགས་པར་མི་བྱེད་དེ། དེ་ནི་བྱང་ཆུབ་སེམས་དཔའི་ཚུལ་བཞིན་ལ་འཇུག་པའི་སྦྱོར་བ་ཞེས་བྱའོ།། དེ་ལྟར་བཙུན་པ་ཤཱ་ར་དྭ་ཏིའི་བུ། དེའི་ཆོས་ཀྱི་རྣམ་པ་དང་། ཐོས་པའི་རྣམ་པ་དང་། ཚུལ་བཞིན་ལ་འཇུག་པའི་སྦྱོར་བ་རྒྱུ་མཐུན་པའི་འབྲས་བུ་དེ་ནི་ཤེས་རབ་ཅེས་བྱའོ། ། དེ་ལ་ཤེས་རབ་ནི་འགྲོགས་པ་བཅུ་དྲུག་དང་། ལྷན་ཅིག་མི་གནས་ཏེ། བཅུ་དྲུག་པོ་གང་ཞེ་ན། འདི་ལྟ་སྟེ། མ་རིག་པའི་འགྲོགས་པ་དང་ལྷན་ཅིག་མི་གནས་སོ། ། དེ་བཞིན་དུ་འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མི་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་སྲིད་པ་དང་། སྐྱེ་བ་དང་། རྒ་ཤིའི་འགོག་པའི་འགྲོགས་པ་དང་ལྷན་ཅིག་མི་གནས་སོ།། མ་རིག་པ་འགོག་པའི་འགྲོགས་པ་དང་ལྷན་ཅིག་མི་གནས་སོ།། དེ་བཞིན་དུ་འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་འགོག་པའི་འགྲོགས་པ་དང་ལྷན་ཅིག་མི་གནས་སོ། ། འཇིག་ཚོགས་ལ་ལྟ་བའི་འགྲོགས་པ་དང་ལྷན་ཅིག་མི་གནས་ཏེ། འཇིག་ཚོགས་ལ་ལྟ་བའི་རྩ་བ་ལས་བྱུང་བ། ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ཀྱི་འགྲོགས་པ་དང་ལྷན་ཅིག་མི་གནས་སོ། ། མཐོ་དམན་གྱི་འགྲོགས་པ་དང་ལྷན་ཅིག་མི་གནས་པ་ནས། འཇིག་རྟེན་གྱི་ཆོས་རྙེད་པ་དང་། མ་རྙེད་པ་དང་། གྲགས་པ་དང་། མ་གྲགས་པ་དང་། སྨད་པ་དང་། བསྟོད་པ་དང་། བདེ་བ་དང་། སྡུག་བསྔལ་གྱི་བར་གྱི་འགྲོགས་པ་དང་ལྷན་ཅིག་མི་གནས་སོ།། ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། ཡོངས་སུ་གདུང་བ་དང་ཕྲག་དོག་དང་། སེར་སྣ་དང་། སྒྱུ་དང་། གཡོ་དང་། ངོ་ཚ་བ་དང་། ཁྲེལ་མེད་པ་དང་། པོཕོ་ཐེག་པ་དང་། རྩོད་པ་དང་། རྒྱགས་པ་དང་། བག་མེད་པ་དང་། ང་རྒྱལ་དང་། ཆེ་བའི་དརྒྱལ་དང་། དརྒྱལ་པས་ཆེ་མའི་ངརྒྱལ་དང་། ངའི་རྒྱལ་དང་། དྲུང་བ.རིང་རྒྱལ་དང་། མངོན་པའི་རྒྱལ་དང་། ལོག་པའི་རྒྱས་རྣམས་འགྲོགས་པ་དང་ལྷན་ཅིག་མི་གནས་པ་ནས། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་བར་གྱི་འཕྲོགས་པ་དང་ལྷན་ཅིག་མི་གནས་སོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཀུན་ནས་ལྡང་བ་ཟ་མོ་དང་། སྦོམ་པོ་དང་། ཆུང་ངུ་དང་། འབྲིང་དང་། ཆེན་པོའི་འགྲོགས་པ་དང་ལྷན་ཅིག་མི་གནས་པ་ནས། ཉོན་མོངས་པའི་ཀུན་ནས་ལྡང་བ་ཐམས་ཅད་ཀྱི་བར་གྱི་འགྲོགས་པ་དང་ལྷན་ཅིག་མི་གནས་སོ། ། གཏི་མུག་གི་མུན་པ་རབ་རིབ་ཀྱི་ལིང་ཏོག་དང་། སྒྲིབ་པ་དང་། ཆོད་པའི་འགྲོགས་པ་དང་ལྷན་ཅིག་མི་གནས་པ་ནས། ཀུན་ནས་ལྡང་བ་ཉམས་པར་འགྱུར་བའི་ཆོས་ཐམས་ཅད་ཀྱི་བར་གྱི་འགྲོགས་པ་དང་ལྷན་ཅིག་མི་གནས་སོ། ། འདོད་པ་དང་། འཐབ་མོའི་རྙོག་པ་དང་། ཕུང་པོ་དང་། ཉོན་མོངས་པ་དང་། འཆི་བདག་དང་། ལྷའི་བུའི་བདུད་རྣམས་དང་ལྷན་ཅིག་མི་གནས་པ་ནས། བདུད་ཀྱི་ལས་ཐམས་ཅད་ཀྱི་བར་དང་ལྷན་ཅིག་མི་གནས་སོ།། བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་པ་དང་། ཤེད་བདག་ཏུ་འཛིན་པ་ལ་མངོན་པར་ཆགས་པ་དང་ལྷན་ཅིག་མི་གནས་པ་ནས། འཛིན་པ་ལ་མངོན་པར་ཆགས་པའི་བར་དང་ལྷན་ཅིག་མི་གནས་སོ། ། ལས་ཀྱི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ལྟ་བའི་སྒྲིབ་པ་དང་། འགྲོ་བའི་སྒྲིབ་པ་དང་། རྣམ་པར་སྨིན་པའི་སྒྲིབ་པ་དང་། ཤེས་པའི་སྒྲིཟླ་པ་དང་ལྷན་ཅིག་ས་གརྣས་པ་ནས། གཟུགས་ཀྱི་མམ་ས་སྦྱོར་བདམས་ཅན་ཀྱི་དང་ལྡན་ཅིག་གནསན།། རྟོག་པ་དང་། རྣམ་པར་རྫོན་པ་དང་། སན་རྟོག་པ་དང་། མཚན་དང་། དམིགས་པ་དང་། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་རིག་པ་རྣམས་དང་ལྷན་ཅིག་མི་གནས་པ་ནས། མདུད་པ་དང་སྒྲོ་བཏགས་པ་ཐམས་ཅད་ཀྱི་བར་དང་ལྷན་ཅིག་མི་གནས་སོ། ། བདག་དང་། རྟག་པ་དང་། གཙང་མ་དང་། བདེ་བའི་འགྲོགས་པ་དང་ལྷན་ཅིག་མི་གནས་པ་ནས། ཕྱིན་ཅི་ལོག་ཐམས་ཅད་ཀྱི་བར་དང་ལྷན་ཅིག་མི་གནས་སོ།། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་བར་དང་ལྷན་ཅིག་མི་གནས་པ་ནས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་བར་དང་ལྷན་ཅིག་མི་གནས་སོ།། སེར་སྣ་དང་། གཏོང་བ་དང་། ངན་པའི་ངང་ཚུལ་དང་ཚུལ་ཁྲིམས་དང་། གནོད་སེམས་དང་། བཟོད་པ་དང་། ལེ་ལོ་དང་། བརྩོན་འགྲུས་དང་། གཡེང་བ་དང་། བསམ་གཏན་དང་། འཆལ་པའི་ཡེ་ཤེས་དང་། ཤེས་རབ་དང་། ལྷན་ཅིག་མི་གནས་པ་ནས། ཕ་རོལ་ཏུ་ཕྱིན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་སེམས་པ་དང་ལྷན་ཅིག་མི་གནས་སོ།། ངེས་པ་དང་། མ་ངེས་པ་དང་། ཡང་དག་པ་དང་། ལོག་པ་དང་། ངབྱ་བྱ།། དགེ་བ་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་དང་འདུས་མ་བྱས་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། བཟང་པོ་དང་། ངན་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་དང་ལྷན་ཅིག་མི་གནས་པ་ནས། ཆོས་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་དང་། གཉེན་པོའི་བར་དང་ལྷན་ཅིག་མི་གནས་སོ།། ཐེག་པ་ཐ་དད་པ་དང་། སེམས་ཅན་ཐ་དད་པ་དང་། ཞིང་ཐ་དད་པ་དང་། སངས་རྒྱས་ཐ་དད་པ་དང་། ཆོས་ཐ་དད་པ་དང་། དགེ་འདུན་ཐ་དད་པ་དང་ལྷན་ཅིག་མི་གནས་སོ།། ཐ་དད་པ་ཐམས་ཅད་ཀྱི་བར་དང་ལྷན་ཅིག་མི་གནས་སོ།། མི་ཤེས་པ་དང་། ཤེས་པ་དང་། རྣམ་པར་ཤེས་པ་དང་། ཀུན་རྫོབ་དང་། དོན་དམ་པ་དང་ལྷན་ཅིག་མི་གནས་པ་ནས། མཚན་མ་ཡིད་ལ་བྱེད་པ་ཐམས་ཅད་ཀྱི་བར་དང་ལྷན་ཅིག་མི་གནས་སོ།། དེ་ཤེས་རབ་ནི་གང་རྒྱུ་བ་མེད་ཅིང་ལུས་མེད་པ། མཚན་ཉིད་མེད་པ། མཚན་མ་མེད་པ། འདུས་མ་བྱས་པ་སྟེ། དེ་ནི་མཚན་མ་དང་། ཡིད་ལ་བྱེད་པ་ཐམས་ཅད་དང་། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་། གནས་དང་། མིང་དང་། མཚན་མ་དང་། གཅིག་པ་དང་། ཐ་དད་པ་དང་ལྷན་ཅིག་མི་གནས་སོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། ཤེས་རང་ནི་འགྲོགས་པ་བཅུ་དྲུག་པོ་དེ་དག་དང་ལྷན་ཅིག་མི་གནས་སོ། ། དེ་ལ་ཤེས་རབ་ཀྱི་ཡུལ་གང་ཞེ་ན། འདི་ལྟ་སྟེ། ཆོས་བརྒྱད་ལ་མཁས་པའོ།། ཆོས་བརྒྱད་ལ་མཁས་པ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། བདེན་པ་ལ་མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། དུས་གསུམ་ལ་མཁས་པ་དང་། ཐེག། པ་ཀུན་ལ་མཁས་པ་དང་། ཆོས་ཐམས་ཅད་ཀྱི་བར་ལ་མཁས་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་ཕུང་པོ་ལ་མཁས་པ་གང་ཞེ་ན། གང་འདི་ཕུང་པོ་རྣམས་ཀྱི་དཔེར་བྱ་བ་བསྟན་པ་སྟེ། ལྦུ་བའི། གོང་བུར་བསྟན་པ་དང་། ཆུའི་ཆུ་བུར་དུ་བསྟན་པ་དང་། སྨིག་རྒྱུར་བསྟན་པ་དང་། ཆུ་ཤིང་གི་ཕུང་པོར་བསྟན་པ་དང་། སྒྱུ་མར་བསྟན་པ་དང་། རྨི་ལམ་དུ་བསྟན་པ་དང་། ཟག་ཆར་བསྟན་པ་དང་། མིག་ཡོར་དུ་བསྟན་པ་དང་། གཟུགས་བརྙན་དུ་བསྟན་པ་དང་། སྤྲུལ་པར་བསྟན་པའོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་དབུ་བའི་གོང་བུ་ལྟ་བུ་སྟེ། དབུ་བའི་གོང་བུ་ནི་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། གསོ་བ་མ་ཡིན། སྐྱེས་བུ་མ་ཡིན། གང་ཟག་མ་ཡིན་ནོ།། དབུ་བའི་གོང་བུའི་རང་བཞིན་གང་ཡིན་པ་གཟུགས་ཀྱི་རང་བཞིན་ཡང་དེ་བཞིན་ཏེ། གང་འདི་ལ་མཁས་པ་དེ་ནི་ཕུང་པོ་ལ་མཁས་པ་ཞེས་བྱའོ།། ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུའོ།། འདུ་ཤེས་ནི་སྨིག་རྒྱུ་ལྟ་བུའོ།། འདུ་བྱེད་ནི་ཆུ་ཤིང་ལྟ་བུའོ།། རྣམ་པར་ཤེས་བ་ནི་སྒྱུ་མ་ལྟ་བུ་སྟེ། སྒྱུ་མ་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། གསོ་བ་མ་ཡིན། སྐྱེས་བུ་མ་ཡིན། གང་ཟག་མ་ཡིན། སྒྱུ་མའི་རང་བཞིན་གང་ཡིན་པ་རྣམ་པར་ཤེས་པའི་རང་བཞིན་ཡང་དེ་ཡིན་ཏེ། གང་འདི་ལ་མཁས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཕུང་པོ་ལ་མཁས་པ་ཞེས་བྱའོ།། ཕུང་པོ་རྣམས་ནི་རྨི་ལམ་ལྟ་བུ་སྟེ། རྨི་ལམ་ཡང་བདག། མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། གསོ་བ་མ་ཡིན། སྐྱེས་བུ་མ་ཡིན། གང་ཟག་མ་ཡིན་ནོ།། རྨི་ལམ་གྱི་རང་བཞིན་གང་ཡིན་པ་ཕུང་པོ་རྣམས་ཀྱི་རང་བཞིན་ཡང་དེ་ཡིན་ཏེ། གང་འདི་ལ་མཁས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཕུང་པོ་ལ་མཁས་པ་ཞེས་བྱའོ། ། ཕུང་པོ་རྣམས་ནི་བྲག་ཆ་ལྟ་བུ་སྟེ། བྲག་ཆ་ནི་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། གསོ་བ་མ་ཡིན། སྐྱེས་བུ་མ་ཡིན། གང་ཟག་མ་ཡིན། བྲག་ཆའི་རང་བཞིན་གང་ཡིན་པ་ཕུང་པོ་རྣམས་ཀྱི་རང་བཞིན་ཡང་དེ་ཡིན་ཏེ། གང་འདི་ལ་མཁས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཕུང་པོ་ལ་མཁས་པ་ཞེས་བྱའོ།། ཕུང་པོ་རྣམས་ནི་མིག་ཡོར་ལྟ་བུ་སྟེ། མིག་སོར་ཡང་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། གསོ་བ་མ་ཡིན། སྐྱེས་བུ་མ་ཡིན། གང་ཟག་མ་ཡིན་ནོ།། མིག་ཡོར་གྱི་རང་བཞིན་གང་ཡིན་པ་ཕུང་པོ་རྣམས་ཀྱི་རང་བཞིན་ཡང་དེ་ཡིན་ཏེ། གང་འདི་ལ་མཁས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཕུང་པོ་ལ་མཁས་པ་ཞེས་བྱའོ།། ཕུང་པོ་རྣམས་ནི་གཟུགས་བརྙན་ལྟ་བུ་སྟེ། གཟུགས་བརྙན་ནི། བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། གསོ་བ་མ་ཡིན། སྐྱེས་བུ་མ་ཡིན། གང་ཟག་མ་ཡིན། གཟུགས་བརྙན་གྱི་རང་བཞིན་གང་ཡིན་པ་ཕུང་པོ་རྣམས་ཀྱི་རང་བཞིན་ཡང་དེ་ཡིན་ཏེ། གང་འདི་ལ་མཁས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཕུང་པོ་ལ་མཁས་པ་ཞེས་བྱའོ།། ཕུང་པོ་རྣམས་ནི་སྤྲུལ་པ་ལྟ་བུ་སྟེ། སྤྲུལ་པ་ཡང་བདག་མ་ཡིན། སེམས་ཅན་མ། ཡིན། སྲོག་མ་ཡིན། གསོ་བ་མ་ཡིན། སྐྱེས་བུ་མ་ཡིན། གང་ཟག་མ་ཡིན་ནོ།། སྤྲུལ་པའི་རང་བཞིན་གང་ཡིན་པ་ཕུང་པོ་རྣམས་ཀྱི་རང་བཞིན་ཡང་དེ་ཡིན་ཏེ། གང་འདི་ལ་མཁས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཕུང་པོ་ལ་མཁས་པ་ཞེས་བྱའོ། ། ཕུང་པོ་ཞེས་བྱ་བ་དེ་ནི་འཇིག་རྟེན་ཏེ། འཇིག་རྟེན་ཡང་འཇིག་པའི་མཚན་ཉིད་དོ།། འཇིག་རྟེན་གྱི་རང་བཞིན་གང་ཡིན་པ་དེ་རང་བཞིན་ཀྱིས་མི་རྟག་པའོ། ། རང་བཞིན་གྱིས་སྡུག་བསྔལ་བའོ།། རང་བཞིན་གྱིས་སྟོང་པའོ།། རང་བཞིན་གྱིས་བདག་མེད་པའོ།། རང་བཞིན་གྱིས་ཞི་བ་སྟེ། གང་འདི་ལ་མཁས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཕུང་པོ་ལ་མཁས་པ་ཞེས་བྱའོ། ། དེ་ལ་བྱང་ཆུབ་སེམས་དཔའི་ཁམས་ལ་མཁས་པ་གང་ཞེ་ན། གང་ཆོས་ཀྱི་དབྱིངས་ལ་འཇུག་པའི་ཡེ་ཤེས་སོ།། ཆོས་ཀྱི་དབྱིངས་སའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་སྲ་བའི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་དབྱིངས་ཆུའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་བརླན་པའི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་དབྱིངས་མེའི་ཁམས་ཡིན་མོད་ཀྱི་ཆོས་ཀྱི་དབྱིངས་སྨིན་པར་བྱེད་པའི་མཚན་ཉིད་ནི་མ་ཡིན་ནོ། ། ཆོས་ཀྱི་དབྱིངས་རླུང་གི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་གཡོ་བའི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་དབྱིངས་མིག་གི་ཁམས་ཡིན་མོད་ཀྱི་ཆོས་ཀྱི་དབྱིངས་ལྟ་བའི་མཚན་ཉིད་ནི་མ་ཡིན་ནོ། ། ཆོས་ཀྱི་དབྱིངས་རྣ་བའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་ཉན་པའི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་དབྱིངས་སྣའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་སྣོམ་པའི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་དབྱིངས་ལྕེའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་མྱང་བར་བྱེད་པའི་མཚན་ཉིད་ནི་མ་ཡིན་ནོ། ། ཆོས་ཀྱི་དབྱིངས་ལུས་ཀྱི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་ནོམ་པའི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་དབྱིངས་ཡིད་ཀྱི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ། ། ཆོས་ཀྱི་དབྱིངས་མིག་གི་རྣམ་པར་ཤེས་པའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་གཟུགས་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་དབྱིངས་རྣ་བའི་རྣམ་པར་ཤེས་པའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་སྒྲ་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་དབྱིངས་སྣའི་རྣམ་པར་ཤེས་པའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་དྲི་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ། ། ཆོས་ཀྱི་དབྱིངས་ལྕེའི་རྣམ་པར་ཤེས་པའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་རོ་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་དབྱིངས་ལུས་ཀྱི། རྣམ་པར་ཤེས་པའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་རེག་བྱ་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་དབྱིངས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་ཆོས་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ། ། ཆོས་ཀྱི་དབྱིངས་གཟུགས་ཀྱི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་མིག་གི་རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ནོ། ། ཆོས་ཀྱི་དབྱིངས་སྒྲའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་རྣ་བའི་རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་དབྱིངས་དྲིའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་སྣའི་རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་དབྱིངས་རོའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་ལྕེའི་རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ནོ། ། ཆོས་ཀྱི་དབྱིངས་རེག་བྱའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་ལུས་ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་དབྱིངས་ཆོས་ཀྱི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་དབྱིངས་གཟུགས་ཀྱི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་གཟུགས་སུ་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ། ། ཆོས་ཀྱི་དབྱིངས་སྒྲའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་སྒྲར་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་དབྱིངས་དྲིའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་སྤྱིར་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་དབྱིངས་རོའི་ཁམས་ཡིན་མོད་ཀྱི་ཆོས་ཀྱི་དབྱིངས་ཐོ་བའི་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ། ། ཆོས་ཀྱི་དབྱིངས་རེག་བྱའི་ཁམས་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་རེག་བྱར་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་དབྱིངས་ཆོས་ཀྱི་ཁམས་ཡིན་མོད་ཀྱིཆོས་ཀྱི་དབྱིངས་ཆོས་སུ་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ། ། ཆོས་ཀྱི་དབྱིངས་དང་བདག་གི་ཁམས་དེ་ནི་མཚུངས་པའོ།། ཆོས་ཀྱི་དབྱིངས་དང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དེ་ནི་མཚུངས་པའོ།། ཆོས་ཀྱི་དབྱིངས་དང་འཁོར་བའི་ཁམས་དང་། མྱ་ངན་ལས་འདས་པའི་དབྱིངས་དེ་ནི་མཚུངས་པའོ།། ཆོས་ཀྱི་དབྱིངས་དང་སེམས་ཅན་གྱི་ཁམས་དང་། ནམ་མཁའི་ཁམས་དང་། ཆོས་ཐམས་ཅད་ཀྱི་ཁམས་དེ་ནི་མཚུངས་པའོ།། ཅིའི་ཕྱིར་དེ་མཚུངས་ཤེ་ན། སྟོང་པ་ཉིད་དུ་མཚུངས་པས་ན། དེ་ནི་མཚུངས་པའོ། ། མཚན་མ་མེད་པར་མཚུངས་པ་དང་། སྨོན་པ་མེད་པར་མཚུངས་པ་དང་། མངོན་པར་འདུ་མི་བྱེད་པར་མཚུངས་པ་དང་། སྐྱེ་བ་མེད་པར་མཚུངས་པ་དང་། འབྱུང་བ་མེད་པར་མཚུངས་པ་དང་། དངོས་པོ་མེད་པར་མཚུངས་པ་དང་། ཆོས་ཐམས་ཅད་ཐ་དད་པ་མེད་པར་མཚུངས་པ་དང་། སྒྲིབ་པ་མེད་པར་མཚུངས་པ་དང་། ནམ་མཁའི་ཁམས་སུ་མཚུངས་པ་དང་། ངན་ལས་འདས་པའི་དབྱིངས་སུ་མཚུངས་པས་དེ་དག་མཚུངས་སོ།། འདུས་བྱས་ཀྱི་ཁམས་ལ་འཇུག་པ་དང་། འདུས་མ་བྱས་ཀྱི་ཁམས་ལ་འཇུག་པ་ཚད་མེད་དེ། གང་བསྟན་པ་དེ་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱི་སྒོ་ནས་འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའི་ཁམས་ལ་མཁས་པ་ཞེས་བྱའོ། ། དེ་ལ་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པ་གང་ཞེ་ན། གང་ཆོས་ཀྱི་སྐྱེ་མཆེད་ལ་འཇུག་པའི་ཡེ་ཤེས་ཆོས་ཀྱི་སྐྱེ་མཆེད་ནི་མིག་གི་སྐྱེ་མཆེད་ཡིན་མོད་ཀྱི། ཆོས་ཀྱི་སྐྱེ་མཆེད་ལྟ་བའི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་སྐྱེ་མཆེད་རྣ་བའི་སྐྱེ་མཆེད་ཡིན་མོད་ཀྱི། ཆོས་ཀྱི་སྐྱེ་མཆེད་མཉན་པའི་མཚན་ཉིད་ནི་མ་ཡིན་ནོ། ། ཆོས་ཀྱི་སྐྱེ་མཆེད་སྣའི་སྐྱེ་མཆེད་ཡིན་མོད་ཀྱི། ཆོས་ཀྱི་སྐྱེ་མཆེད་སྣོམ་པའི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་སྐྱེ་མཆེད་ལྕེའི་སྐྱེ་མཆེད་ཡིན་མོད་ཀྱི། ཆོས་ཀྱི་སྐྱེ་མཆེད་མྱང་བའི་མཚན་ཉིད་ནི་མ་ཡིན་ནོ། ། ཆོས་ཀྱི་སྐྱེ་མཆེད་ལུས་ཀྱི་སྐྱེ་མཆེད་ཡིན་མོད་ཀྱི། ཆོས་ཀྱི་སྐྱེ་མཆེད་ནོམ་པའི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་སྐྱེ་མཆེད་ཡིད་ཀྱི་སྐྱེ་མཆེད་ཡིན་མོད་ཀྱི། ཆོས་ཀྱི་སྐྱེ་མཆེད་ཆོས་རྣམ་པར་རིག་པའི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་སྐྱེ་མཆེད་གཟུགས་ཀྱི་སྐྱེ་མཆེད་ཡིན་མོད་ཀྱི། ཆོས་ཀྱི་སྐྱེ་མཆེད་མིག་གི་རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ནོ། ། ཆོས་ཀྱི་སྐྱེ་མཆེད་སྒྲའི་སྐྱེ་མཆེད་ཡིན་མོད་ཀྱི། ཆོས་ཀྱི་སྐྱེ་མཆེད་རྣ་བའི་རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའིརི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་སྐྱེ་མཆེད་དྲིའི་སྐྱེ་མཆེད་ཡིན་མོད་ཀྱི། ཆོས་ཀྱི་སྐྱེ་མཆེད་སྣའི་རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་སྐྱེ་མཆེད་རོའི་སྐྱེ་མཆེད་ཡིན་མོད་ཀྱི། ཆོས་ཀྱི་སྐྱེ་མཆེད་ལྕེའི་རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ནོ། ། ཆོས་ཀྱི་སྐྱེ་མཆེད་རེག་བྱའི་སྐྱེ་མཆེད་ཡིན་མོད་ཀྱི། ཆོས་ཀྱི་སྐྱེ་མཆེད་ལུས་ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ནོ།། ཆོས་ཀྱི་སྐྱེ་མཆེད་ཆོས་ཀྱི་སྐྱེ་མཆེད་ཡིན་མོད་ཀྱི། ཆོས་ཀྱི་སྐྱེ་མཆེད་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པ་ཞེས་བྱའོ། ། གཞན་ཡང་སྐྱེ་མཆེད་ལ་མཁས་པ་ནི། མིག་གི་སྐྱེ་མཆེད་ནི་བདག་དང་བདག་གིས་སྟོང་ངོ་།། དེ་བཞིན་དུ་རྣ་བའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། དྲིའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། རེག་བྱའི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་ནི་བདག་དང་བདག་གིས་སྟོང་ངོ་། ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་མིག་ནི་བདག་དང་བདག་གིས་སྟོང་སྟེ། འདི་ནི་དེའི་རང་བཞིན་ནོ།། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་བདག་དང་བདག་གིས་སྟོང་སྟེ། འདི་ནི་དེའི་རང་བཞིན་ནོ།། དེ་བཞིན་དུ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ནི་བདག་དང་བདག་གིས་སྟོང་སྟེ། འདི་ནི་དེའི་རང་བཞིན་ནོ་ཞེས་གསུངས་སོ།། འདི་ལྟར་གང་སྐྱེ་མཆེད་རྣམས་ལ་སྐྱེ་མཆེད་དུ་མི་བྱེད་ཅིང་། མི་དགེ་བའི་ཆོས་རྣམས་ཀྱང་མི་སོགས། དགེ་བའི་ཆོས་ཀྱང་འབྲི་བར་མི་བྱེད་ལ། དགེ་བ་དང་མི་དགེ་བ་ལ་འདུ་ཤེས་གཉིས་སུ་མི་འགྱུར་བ་འདི་ནི། བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པ་ཞེས་བྱའོ།། གཞན་ཡང་སྐྱེ་མཆེད་ལ་མཁས་པ་ནི། མིག་གི་སྐྱེ་མཆེད་ཀྱི་འདོད་ཆགས་ཀྱི་གནས་དང་། རྟེན་ནི་གཟུགས་ཀྱི་སྐྱེ་མཆེད་དེ། མིག་གཟུགས་ལ་འདོད་ཆགས་དང་བྲལ་བར་མཐོང་ལ། འདོད་ཆགས་དང་བྲལ་བའི་ཆོས་ཀྱང་མངོན་སུམ་དུ་མི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པ་ཞེས་བྱའོ།། དེ་བཞིན་དུ་རྣ་བའི་སྐྱེ་མཆེད་ཀྱི་སྒྲའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་ཀྱི་དྲིའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་ཀྱི་རོའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་ཀྱི་རེག་བྱའི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་ཀྱི་འདོད་ཆགས་ཀྱི་གནས་དང་། རྟེན་ནི་ཆོས་ཀྱི་སྐྱེ་མཆེད་དེ། གང་ཡིད་ཆོས་ལ་འདོད་ཆགས་དང་བྲལ་བར་མཐོང་ལ། འདོད་ཆགས་དང་བྲལ་བའི་ཆོས་ཀྱང་མངོན་སུམ་དུ་མི་བྱེད་པ་དེ་ནི། བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པ་ཞེས་བྱའོ།། སྐྱེ་མཆེད་ཅེས་བྱ་བ་ནི་འཕགས་པའི་སྐྱེ་མཆེད་དང་། འཕགས་པ་མ་ཡིན་པའི་སྐྱེ་མཆེད་དོ།། དེ་ལ་འཕགས་པའི་སྐྱེ་མཆེད་ནི་གང་ལམ་སྒྲུབ་པའོ།། འཕགས་པ་མ་ཡིན་པའི་སྐྱེ་མཆེད་ནི་གང་ལམ་དང་མི་མཐུན་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་ལམ་ལ་གནས་ནས། ལམ་དང་མི་མཐུན་པར་སྤྱོད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེད་ཅིང་། ལམ་གྱི་སྐྱེ་མཆེད་ཀྱང་མི་འདོར་བ་འདི་ནི་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པ་ཞེས་བྱའོ། ། དེ་ལ་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་གང་ཞེ་ན། འཇུག་པ་བཞི་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཡིན་ཏེ། འཇུག་པ་བཞི་གང་ཞེ་ན། གང་འདི་སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པའོ།། དེ་ལ་སྡུག་བསྔལ་ཤེས་པ་ཞེས་བྱ་བ་ནི། གང་ཕུང་པོ་རྣམས་ཀྱི་མི་སྐྱེ་བ་ཤེས་པའོ།། ཀུན་འབྱུང་བ་ཤེས་པ་ཞེས་བྱ་བ་ནི། གང་སྲེད་པ་ཀུན་འཇོམས་པའི་ཤེས་པའོ།། འགོག་པ་ཤེས་པ་ཞེས་བྱ་བ་ནི་མ་རིག་པ་དང་། བག་ལ་ཉལ་རྣམས་མི་འབྱུང་བའོ།། ལམ་ཤེས་པ་ཞེས་བྱ་བ་ནི།། མཉམ་པ་ཉིད་དུ་གྱུར་པའི་ཆོས་ཐམས་ཅད་ལ་སྒྲོ་མི་འདོགས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་བདེན་པའི་ཤེས་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་འཕགས་པའི་བདེན་པ་བཞི་པོ་དེ་དག་ལ་དེ་ལྟ་བུར་ཤེས་རབ་དང་། ཡེ་ཤེས་ཀྱིས་རབ་ཏུ་ཤེས་ཀྱང་། སེམས་ཅན་ལ་ལྟ་བའི་ཕྱིར་མངོན་སུམ་དུ་མི་བྱེད་ཅིང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། ། གཞན་ཡང་བྱང་ཆུབ་སེམས་དཔའི་བདེན་པ་རྣམ་གསུམ་སྟེ། རྣམ་པ་གསུམ་གང་ཞེ་ན། གང་འདི་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་དང་། མཚན་ཉིད་ཀྱི་བདེན་པའོ། ། དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། ཇི་སྙེད་དུ་འཇིག་རྟེན་གྱི་ཐ་སྙད་ཡི་གེ་དང་། སྒྲ་དང་། བརྡས་བསྟན་པའོ།། དོན་དམ་པའི་བདེན་པ་ནི། གང་ལ་སེམས་ཀྱི་རྒྱུ་བ། མེད་པ་སྟེ། ཡི་གེ་ལྟ་ཅི་སྨོས། མཚན་ཉིད་ཀྱི་བདེན་པ་ནི་གང་འདི་མཚན་ཉིད་ཐམས་ཅད་མཚན་ཉིད་གཅིག་པ་སྟེ། མཚན་ཉིད་གཅིག་པོ་གང་མཚན་ཉིད་མེད་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་ཀུན་རྫོབ་ཀྱི་བདེན་པ་སྟོན་པས་ཡོངས་སུ་མི་སྐྱོ། དོན་དམ་པའི་བདེན་པ་མངོན་སུམ་དུ་བྱེད་པར་ཡང་མི་ལྟུང་། མཚན་ཉིད་ཀྱི་བདེན་པས་བདེན་པ་གཅིག་ཏུ་རྟོགས་ཀྱང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ།། གཞན་ཡང་བདེན་པ་རྣམ་པ་གཉིས་ཏེ། རྣམ་པ་གཉིས་པོ་གང་ཞེ་ན། གང་འདི་ཐ་སྙད་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ། ། དེ་ལ་ཐ་སྙད་ཀྱི་བདེན་པ་ནི་གང་དུས་སུ་བདེན་པར་སྨྲ་བ་སྟེ། གང་འདི་སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་བའི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་བ་དང་། ཇི་སྙེད་དུ་འཇིག་རྟེན་གྱི་ཐ་སྙད་དེ། ཡི་གེ་དང་། སྒྲ་དང་། བརྡར་བསྟན་པའོ།། དོན་དམ་པའི་བདེན་པ་ནི་གང་འདི་མྱ་ངན་ལས་འདས་པ་མི་རྨོངས་པའི་སེམས་ཅན་ཏེ། དེ་ཅིའི་ཕྱིར་ཞེ་ན། རྟག་ཏུ་ཆོས་ཀྱི་དེ་བཞིན་ཉིད་ཀྱི་ཕྱིར་དེའི་རིགས་ནི་རྟག་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་ཐ་སྙད་ཀྱི་བདེན་པ་བསྟན་པས་ཀྱང་ཡོངས་སུ་མི་སྐྱོ། དོན་དམ་པའི་བདེན་པ་མངོན་སུམ་དུ་བྱེད་པར་ཡང་མི་ལྟུང་ལ་སེམས་ཅན་རྣམས་ཀྱང་ཡོངསསུ་སྨིན་པར་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ།། གཞན་ཡང་བདེན་པ་ནི་གཅིག་སྡེ་གཉིས་སུ་མེད་དོ།། དེ་ལ་བདེན་པ་གཅིག་ནི་གང་འདི་ཆོས་ཐམས་ཅད་ཀྱི་སྒྲོ་འདོགས་པ་མེད་ཅིང་། སྒྲོ་འདོགས་པར་ལྟུང་བའི་སེམས་ཅན་རྣམས་ཀྱང་བདེན་པ་ལ་རབ་ཏུ་འཇུག་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་སྒྲོ་འདོགས་པ་མེད་པའི་བདེན་པ་བསྟན་པས་ཀྱང་མི་སྐྱོ་ལ། སྒྲོ་འདོགས་པ་མེད་པའི་བདེན་པ་གཅིག་བསྟན་པ་ཡང་མངོན་སུམ་དུ་མི་བྱེད་ཅིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། ། གཞན་ཡང་ཕུང་པོ་ལྔ་ནི་སྡུག་བསྔལ་བ་སྟེ། གང་ཕུང་པོ་ལྔ་རྣམས་ཀྱི་སྡུག་བསྔལ་གྱི་མཚན་ཉིད་འདི་ནི་སྡུག་བསྔལ་ཞེས་བྱའོ།། གང་གིས་སྡུག་བསྔལ་གྱི་མཚན་ཉིད་སྟོང་པར་རྟོགས་པ་འདི་ནི། སྡུག་བསྔལ་ལ་སྡུག་བསྔལ་དུ་འདུ་ཤེས་པའི་འཕགས་པའི་བདེན་པའོ།། གང་ཕུང་པོ་ལྔའི་སྲེད་པའི་རྒྱུ་དང་། ལྟ་བའི་རྒྱུ་བག་ལ་ཉལ་འདི་ནི་ཀུན་འབྱུང་བ་ཞེས་བྱའོ།། ། གང་གིས་སྲེད་པའི་རྒྱུ་དང་། ལྟ་བའི་རྒྱུ་དེ་དག་མི་ལེན་པ་དང་། སྒྲོ་མི་འདོགས་པ་དང་། རེག་པར་མི་བྱེད་པ་འདི་ནི། ཀུན་འབྱུང་བ་ལ་ཀུན་འབྱུང་བ་ཤེས་པ་འཕགས་པའི་བདེན་པ་ཤེས་པའོ།། ། གང་ཕུང་པོ་ལྔ་རྣམས་ཤིན་ཏུ་ཟད་དེ། འགགས་པས་སྔོན་གྱི་མཐར་མི་འབྱུང་བ་དང་། ཕྱི་མའི་མཐར་མི་འཕོ་བ་དང་། ད་ལྟར་བྱུང་བར་ཕྱིན་པ་མེད་པ་འདི་ནི་འགོག་པ་འཕགས་པའི་བདེན་པ་སྟེ་དེ་ལ་གང་གིས་དེ་ལྟར་ཤེས་པ་འདི་ནི། འགོག་པ་ལ་འགོག་པར་ཤེས་པ་འཕགས་པའི་བདེན་པ་ཞེས་བྱའོ།། ལམ་གང་ལ་རྟེན་ཏེ། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་འགོག་པ་ཤེས་པ་ལ་རེག་ཅིང་གཉིས་སུ་མེད་པའི་ཡེ་ཤེས་སུ་འཇོག་པ་དེ་ནི། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱའོ།། གང་འདི་ལ་སྟོང་པ་ཉིད་དུ་ཤེས་པ་འདི་ནི། ལམ་ལ་ལམ་དུ་ཤེས་པ་འཕགས་པའི་བདེན་པ་ཞེས་བྱའོ། ། གང་གིས་འཕགས་པའི་བདེན་པ་བཞི་པོ་འདི་དག་ལ་དེ་ལྟར་ཡེ་ཤེས་ཀྱིས་རྟོག་ཅིང་། བདེན་པའི་རྟོག་པས་མི་རྟོག་པ་འདི་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། ། གཞན་ཡང་ཚོར་བ་ཐམས་ཅད་སྡུག་བསྔལ་ཏེ། འདི་ནི་སྡུག་བསྔལ་བ་ཞེས་བྱའོ།། ཚོར་བ་དེ་ལ་རྣམ་པར་འབྱེད་ཅིང་། རིག་པར་བྱེད་པ་འདི་ནི། སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་པ་འཕགས་པའི་བདེན་པ་ཞེས་བྱའོ། ། ཚོར་བ་དེ་རྒྱུ་གང་གིས་ཀུན་འབྱུང་བ་འདི་ནི། ཀུན་འབྱུང་བ་ཞེས་བྱ་སྟེ། གང་གིས་རྒྱུ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་འདི་ནི།། ཀུན་འབྱུང་བ་ལ་ཀུན་འབྱུང་བར་ཤེས་པ་འཕགས་པའི་བདེན་པའོ།། གང་ཚོར་བ་ཐམས་ཅད་རབ་ཏུ་ཆད་དེ་ཚོར་བ་མེད་པ་ཡང་ཚོར་ཞིང་། ཚོར་བ་འགོག་པ་ལ་ཡང་རྟོག་ལ། སེམས་ཅན་ལ་ལྟ་བའི་ཕྱིར་ཚོར་བ་འགོག་པ་མངོན་སུམ་དུ་མི་བྱེད་པ་འདི་ནི། འགོག་པ་ལ་འགོག་པར་ཤེས་པ་འཕགས་པའི་བདེན་པ་ཞེས་བྱའོ།། ཚོར་བ་གང་གིས་བསྒྲུབས་པའི་ལམ་དེ་ནི་གཟིངས་ལྟ་བུ་སྟེ། གང་ཚོར་བ་འདོད་པ་དེ་ནི།། ལམ་འདོད་པ་མ་ཡིན་ནོ།། འདི་ནི་ལམ་ལ་ལམ་དུ་ཤེས་པའི་འཕགས་པའི་བདེན་པ་ཞེས་བྱའོ།། གང་དེ་ལྟར་བདེན་པ་བཞི་པོ་འདི་མཐོང་བ་དང་། རྣམ་པར་དག་པས་མཉམ་པར་མངོན་པར་རྟོགས་པ་འདི་ནི། བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ།། གཞན་ཡང་མདོར་ན་སྐྱེ་བ་ནི་སྡུག་བསྔལ་བ་སྟེ། འདི་ནི་སྡུག་བསྔལ་བ་ཞེས་བྱའོ།། གང་མི་སྐྱེ་བ་ལ་རྟོག་པའི་ཤེས་པ་འདི་ནི། སྡུག་བསྔལ་བ་ལ་སྡུག་བསྔལ་དུ་ཤེས་པ་འཕགས་པའི་བདེན་པ་ཞེས་བྱའོ།། སྲིད་པའི་རྐྱེན་གྱིས་སྐྱེ་བ་སྟེ། གང་སྲིད་པ་དེ་ཀུན་འབྱུང་བའོ།། གང་སྲིད་པ་འཇིག་པ་ཤེས་པ་འདི་ནི་ཀུན་འབྱུང་བ་ལ་ཀུན་འབྱུང་བར་ཤེས་པའི་འཕགས་པའི་བདེན་པ་ཞེས་བྱའོ། ། སྐྱེ་བ་ཐམས་ཅད་ནི་སྐྱེ་བ་མེད་པ་སྟེ། མི་སྐྱེ་བ་ནི་འགོག་པའོ།། གང་མ་སྐྱེས་པ་དེ་ལ་འགོག་པ་གང་ཡང་མེད་དོ།། ། གང་འགོག་པ་མེད་པར་ཤེས་པ་འདི་ནི། ཟད་པའི་འགོག་པ་ཤེས་པ་འཕགས་པའི་བདེན་པ་ཞེས་བྱའོ།། གང་འདི་ལྟར་བགྲང་བ་དང་། འཇལ་བ་དང་། ཚོལ་བ་དང་། རྟོག་པ་དང་། འཇུག་པའི་ཤེས་པ་འདི་ནི། ལམ་ལ་ལམ་དུ་ཤེས་པ་འཕགས་པའི་བདེན་པ་ཞེས་བྱའོ།། གང་བདེན་པའི་ཤེས་པ་འདི་ལ་འཇུག་ཅིང་། བདེན་པའི་ཤེས་པ་ལ་ཡང་མི་གནས་པ་འདི་ནི། བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། ། དེ་ལ་བྱང་ཆུབ་སེམས་དཔའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་གང་ཞེ་ན། འདི་ལྟ་སྟེ། ཚུལ་བཞིན་མ་ཡིན་པ་ཀུན་འབྱུང་བ་ལས་མ་རིག་པ་ཀུན་འབྱུང་ངོ། ། མ་རིག་པ་ཀུན་འབྱུང་བ་ལས་འདུ་བྱེད་ཀུན་འབྱུང་ངོ་།། འདུ་བྱེད་ཀུན་འབྱུང་བ་ལས་རྣམ་པར་ཤེས་པ་ཀུན་འབྱུང་ངོ་།། རྣམ་པར་ཤེས་པ་ཀུན་འབྱུང་བ་ལས་མིང་དང་གཟུགས་ཀུན་འབྱུང་ངོ་།། མིང་དང་གཟུགས་ཀུན་འབྱུང་བ་ལས། སྐྱེ་མཆེད་དྲུག་ཀུན་འབྱུང་ངོ་།། སྐྱེ་མཆེད་དྲུག་ཀུན་འབྱུང་བ་ལས་རེག་པ་ཀུན་འབྱུང་ངོ་།། རེག་པ་ཀུན་འབྱུང་བ་ལས་ཚོར་བ་ཀུན་འབྱུང་ངོ་།། ཚོར་བ་ཀུན་འབྱུང་བ་ལས། སྲེད་པ་ཀུན་འབྱུང་ངོ་།། སྲེད་པ་ཀུན་འབྱུང་བ་ལས། ལེན་པ་ཀུན་འབྱུང་ངོ་།། ལེན་པ་ཀུན་འབྱུང་བ་ལས། སྲིད་པ་ཀུན་འབྱུང་ངོ་།། སྲིད་པ་ཀུན་འབྱུང་བ་ལས། སྐྱེ་ཀུན་འབྱུང་ངོ་། ། སྐྱེ་བ་ཀུན་འབྱུང་བ་ལས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡི་མུག་པ་དང་། འཁྲུག་པ་ཀུན་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ། ། གཡོ་བ་མེད་པ། བྱེད་པ་མེད་པ། བདག་པོ་མེད་པ། འཛིན་པ་མེད་པའི་ཆོས་ཇི་ལྟར་གནས་པ་བཞིན་དུ་འབྱུང་སྟེ། གང་འདི་ལ་ཤེས་པ་འདི་ནི་བྱང་ཆུབ་སེམས་དཔའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཞེས་བྱའོ། ། གཞན་ཡང་གང་དགེ་བའི་རྒྱུ་འམ། མི་དགེ་བའི་རྒྱུ་འམ། མི་གཡོ་བའི་རྒྱུ་འམ། འཁོར་བའི་རྒྱུ་འམ། མྱ་ངན་ལས་འདས་པའི་རྒྱུ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཏེ། སེམས་ཅན་གང་དག་གི་དབང་པོ་ཚད་ཡོད་པའི་རྒྱུ་ལ་འཇུག་ཅིང་། དབང་པོའི་ཆོས་ཀྱི་རྒྱུ་འདི་འབྲས་བུའི་རྒྱུ་འགྲུབ་པར་བྱེད་དོ་ཞེས་འཛིན་པ་དང་། མ་ཟིན་པའི་ཆོས་རྣམས་ལ་གང་དེ་ལྟར་རྒྱུ་ཀུན་འབྱུང་བ་ལས་སྐྱེ་བ་ལ་མཁས་པ་འདི་ནི་བྱང་ཆུབ་སེམས་དཔའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་ཞེས་བྱའོ། ། གཞན་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ནི། ཚུལ་བཞིན་མ་ཡིན་པ་འགགས་པས། མ་རིག་པ་འགག། མ་རིག་པ་འགགས་པས། འདུ་བྱེད་འགོག། འདུ་བྱེད་འགགས་པས། རྣམ་པར་ཤེས་པ་འགག། རྣམ་པར་ཤེས་པ་འགགས་པས། མིང་དང་གཟུགས་འགག། མིང་དང་གཟུགས་འགགས་པས། སྐྱེ་མཆེད་དྲུག་འགག། སྐྱེ་མཆེད་དྲུག་འགགས་པས། རེག་པ་འགག། རེག་པ་འགགས་པས། ཚོར་བ་འགག། ཚོར་བ་འགགས་པས། སྲེད་པ་འགག། སྲེད་པ་འགགས་པས། ལེན་པ་འགག། ལེན་པ་འགགས་པས། སྲིད་པ་འགག། སྲིད་པ་འགགས་པས། སྐྱེ་བ་འགག། སྐྱེ་བ་འགགས་པས། རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་ཡི་མུག་པ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཀྱང་འགག་པར་འགྱུར་རོ།། གཡོ་བ་མེད་པ། བྱེད་པ་མེད་པ། བདག་པོ་མེད་པ། འཛིན་པ་མེད་པའི་ཆོས་ཇི་ལྟར་གནས་པ་བཞིན་དུ་འགོག་པར་འགྱུར་རོ།། གང་འདི་ལ་མཁས་པ་འདི་ནི་བྱང་ཆུབ་སེམས་དཔའི་རྟེན་ཅིང་འབྲེལ་པར་འབྱུང་བར་འགྱུར་བ་ལ་མཁས་པ་ཞེས་བྱའོ།། གཞན་ཡང་ཆོས་ཐམས་ཅད་ནི་རྒྱུ་ལ་རག་ལུས་པའོ། ། རྐྱེན་ལ་རག་ལུས་པའོ།། ཚོགས་ལ་རག་ལུས་པའོ།། ཆོས་གང་རྒྱུ་དང་། རྐྱེན་དང་། ཚོགས་ལ་རག་ལུས་པ་དེ་བདག་ལ་རག་མ་ལུས་པའོ།། སེམས་ཅན་ལ་རག་མ་ལུས་པའོ། ། སྲོག་ལ་རག་མ་ལུས་པའོ།། གང་ཟག་ལ་རག་མ་ལུས་པའོ།། གང་བདག་ལ་རག་མ་ལུས་པ་དང་། སེམས་ཅན་ལ་རག་མ་ལུས་པ་དང་། སྲོག་ལ་རག་མ་ལུས་པ་དང་། གང་ཟག་ལ་རག་མ་ལུས་པ་དེ་འདི་འམ། སྔོན་ནམ། གཞན་ཞེས་གང་ཡང་བགྲང་དུ་མེད་དེ། གང་དེ་ལྟ་བུ་རྟོགས་པ་འདི་ནི། བྱང་ཆུབ་སེམས་དཔའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཞེས་བྱའོ། ། གཞན་ཡང་གང་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་རྐྱེན་ཐམས་ཅད་ཀྱང་ཉེ་བར་གཞོག་ལ། རྐྱེན་དེ་དག་ཀྱང་ཟད་ཅིང་འགོག་པར་རྟོགས་ཏེ། སེམས་ཅན་ལ་ལྟ་བའི་ཕྱིར་ཟད་ཅིང་འགོག་པའི་ཡེ་ཤེས་སུ་མི་རྟོག་པ་འདི་ནི་བྱང་ཆུབ་སེམས་དཔའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཞེས་བྱའོ། ། དེ་ལ་བྱང་ཆུབ་སེམས་དཔའི་དུས་གསུམ་ལ་མཁས་པ་གང་ཞེ་ན། གང་བདག་དང་སེམས་ཅན་གཞན་གྱི་འདས་པའི་སེམས་དང་སེམས་ལས་བྱུང་བ་དགེ་བ་དང་། མི་དགེ་བ་རྣམས་རྗེས་སུ་དྲན་པ་སྟེ། མི་དགེ་བའི་སེམས་དང་སེམས་ལས་བྱུང་བ་རྣམས་དྲན་ནས་ཀྱང་། རྣམ་པར་སྨོད་པ་དང་དགེ་བའི་སེམས་དང་སེམས་ལས་བྱུང་བའི་རྣམས་དྲན་ནས་ཀྱང་བྱང་ཆུབ་ཏུ་བསྔོ་བ་འདི་ནི་འདས་པ་ལ་མཁས་པ་ཞེས་བྱའོ། ། གང་མ་འོངས་པའི་སེམས་དང་སེམས་ལས་བྱུང་བ། དགེ་བའི་རྩ་བའི་ཚོགས་ལ་ངེས་པར་རྟོག་ཅིང་བྱང་ཆུབ་ཀྱི་ཕྱིར་ལས་མངོན་སུམ་དུ་བསམ་པ་སྟེ། གང་དགེ་བའི་སེམས་བསྐྱེད་པ་སྐྱེ་བར་འགྱུར་བ་དེ་དག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། ། མི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་སྐབས་མི་སྦྱིན་ནོ་ཞེས་གང་དེ་ལྟ་བུར་སེམས་ལ་བསྒོ་བ་དེ་ནི་མ་འོངས་པ་ལ་མཁས་པའོ།། ད་ལྟར་བྱུང་བ་ལ་མཁས་པ་གང་ཞེ་ན། གང་ད་ལྟར་བྱུང་བའི་དུས་ཀྱི་སེམས་དང་སེམས་ལས་བྱུང་བའི་སེམས་ཚུལ་བཞིན་སྦྱོར་བས་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་དང་། མི་དགེ་བའི་སེམས་ལས་ཟློག་པ་དང་། དགེ་བའི་སེམས་དང་སེམས་ལས་བྱུང་བའི་རྣམས་བྱང་ཆུབ་ཏུ་མངོན་དུ་བྱེད་པ་དེ་ནི་དེ་ལྟར་བྱུང་བ་ལ་མཁས་པའོ། ། གང་འདི་དག་ལ་མཁས་པ་དེ་ནི་བྱང་ཆུབ་སེམས་དཔའི་དུས་གསུམ་ལ་མཁས་པ་ཞེས་བྱའོ།། གཞན་ཡང་གང་འདས་པའི་དུས་ཀྱི་ཆོས་རྣམས་སྟོང་པར་མོས་པ་དང་། མ་འོངས་པའི་དུས་ཀྱི་ཆོས་རྣམས་སྟོང་པར་མོས་པ་དང་། ད་ལྟར་བྱུང་བའི་དུས་ཀྱི་ཆོས་རྣམས་སྟོང་པར་མོས་པ་སྟེ། དེ་ལྟར་ཤེས་རབ་དང་ཡེ་ཤེས་ཀྱི་དུས་གསུམ་སྟོང་པ་ཉིད་དུ་ཡང་རྟོག་ལ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསོད་ནམས་ཐམས་ཅད་རྗེས་སུ་ཐབས་ཀྱི་ཡེ་ཤེས་ཀྱིས་ཡི་རངས་ཏེ། གང་འདི་ལ་མཁས་པ་འདི་ནི་བྱང་ཆུབ་སེམས་དཔའི་དུས་གསུམ་ལ་མཁས་པ་ཞེས་བྱའོ།། གཞན་ཡང་འདས་པའི་ངས་ན་ཟད་པའི་ཆོས་རྣམས་ཀྱི་ཕྱི་མའི་མཐར་འཕོས་པར་མི་ལྟ་ཞིང་དགེ་བ་མངོན་པར་འདུ་བྱེད་པ་ལ་བརྩོན་འགྲུས་ཀྱང་མི་གཏོང་སྟེ། མི་དགེ་བ་མངོན་པར་འདུ་མི་བྱེད་པ་དང་། གང་མ་འོངས་པའི་དུས་ཀྱི་ཆོས་རྣམས་མི་སྐྱེ་མི་འབྱུང་བར་རྟོག་ཅིང་། བྱང་ཆུབ་ཏུ་བསྔོ་བའི་བརྩོན་འགྲུས་ཀྱང་མི་འདོར་བ་དང་། ད་ལྟར་བྱུང་བའི་དུས་ན་ཆོས་རྣམས་འདུག་པ་མེད་ཅིང་མི་གནས་པར་རྟོག་སྟེ། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་རབ་ཏུ་བརྟན་པ་ནི། བྱང་ཆུབ་ཀྱི་སེམས་ཀྱང་མི་བརྗེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་དུས་གསུམ་ལ་མཁས་པ་ཞེས་བྱའོ།། གཞན་ཡང་གང་འདས་པ་དེ་ནི་ཟད་པའོ།། གང་མ་འོངས་པ་དེ་ནི་མ་ཕྱིན་པའོ།། ད་ལྟར་བྱུང་བ་ནི་གནས་པ་མེད་དེ། གང་དེ་ལྟར་སེམས་དང་སེམས་ལས་བྱུང་བ་སྐྱེ་བ་དང་། ཞིག་པ་དང་། ཞུམ་པ་རྣམས་ལ་རྟོག་ཅིང་། བྱང་ཆུབ་བསྒྲུབ་པའི་དགེ་བའི་རྩ་བ་རྣམས་ཀྱང་ཡང་དག་པར་སྒྲུབ་པ་འདི་ནི་བྱང་ཆུབ་སེམས་དཔའི་དུས་གསུམ་ལ་མཁས་པ་ཞེས་བྱའོ། ། གཞན་ཡང་གང་མངོན་པར་ཤེས་པ་ལ་མཁས་པས་འདས་པའི་དུས་དྲན་ཏེ། སྔོན་དགེ་བའི་རྩ་བ་བསྐྱེད་པ་རྣམས་དྲན་ནས་བྱང་ཆུབ་ཏུ་བསྔོ་བ་དང་། གང་མ་འོངས་པའི་དུས་ན་མ་འོངས་པའི་སེམས་བསྐྱེད་པ་རྣམས་རབ་ཏུ་ཤེས་པ་དང་། དེ་ལ་སྨོན་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། གང་ད་ལྟར་བྱུང་བའི་དུས་ན་དགེ་བའི་རྩ་བ་སྐྱེས་ཤིང་བྱུང་བའི་རྣམས་ཡིད། ལ་བྱེད་ཅིང་། བྱང་ཆུབ་ཏུ་བསྔོ་བར་བྱིན་གྱིས་རློབ་པ་འདི་ནི་དུས་གསུམ་ལ་མཁས་པ་ཞེས་བྱའོ།། གཞན་ཡང་གང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འདས་པའི་བསོད་ནམས་ཀྱི་རྗེས་སུ་དྲན་ནས། སེམས་ཅན་གང་ཇི་ལྟ་བར་སྨིན་པར་བྱ་བ་དེ་དག་ཐམས་ཅད་དེ་བཞིན་དུ་ཡོངས་སུ་སྨིན་པར་བྱེད་དེ། གང་མ་འོངས་པའི་དུས་ཀྱི་སངས་རྒྱས་མཉེས་པར་བྱ་བས། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དེ་དག་ཐམས་ཅད་དེ་བཞིན་དུ་ཡོངས་སུ་སྨིན་པར་བྱེད་པ་དང་། གང་ད་ལྟར་བྱུང་བའི་སེམས་ཅན་རྣམས་ཆོས་བསྟན་པ་འམ། རྫུ་འཕྲུལ་དང་ཆོ་འཕྲུལ་གྱིས་ཡོངས་སུ་སྨིན་པར་བྱ་བ་དེ་དག་ཐམས་ཅད་ཀྱང་། དེ་བཞིན་དུ་ཡོངས་སུ་སྨིན་པར་བྱེད་དེ། གང་དུས་གསུམ་འདི་དག་ལ་བདག་གི་དོན་དང་། གཞན་གྱི་དོན་དང་། བྱང་ཆུབ་ཀྱི་དོན་དེ་དག་མ་ཆགས་པར་ཡོངས་སུ་རྫོགས་པར་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའི་དུས་གསུམ་ལ་མཁས་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ཀུན་ལ་མཁས་པ་གང་ཞེ་ན། གསུམ་པོ་འདི་ནི་ཐེག་པ་སྟེ་འབྱུང་ངོ་། ། གསུམ་པོ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོའོ།། གཞན་ཡང་ཐེག་པ་གཉིས་ཏེ། གཉིས་གང་ཞེ་ན། ལྷའི་ཐེག་པ་དང་། མིའི་ཐེག་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་ཉན་ཐོས་ཀྱི་ཐེག་པ་ལ་མཁས་པ་གང་ཞེ་ན། སངས་རྒྱས་འབྱུང་བ་མེད་པར་ཉན་ཐོས་ཀྱི་ཐེག་པ་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་རྣམས་ཀྱི་ཡང་དག་པར་ལྟ་བ་ནི། གཞན་གྱི་སྒྲའི་ཕྱིར་འགྲོ་བ་སྟེ། དེ་ལ་ཉན་པ་ནི་གང་འདིའི་ཚུལ་ཁྲིམས་སྡོམ་པ་སྟེ། ཇི་ལྟར་བསླབ་པར་བཅས་པའི་རྗེས་སུ་འཇུག་པ་ནི། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་འགྱུར་རོ། ། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་ནས། ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་དོ།། ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་ནས་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་དོ། ། ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་ནས་རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་དོ།། རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་རྫོགས་ནས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་པ་སྟེ། གང་འདི་ལ་མཁས་པ་འདི་ནི་ཉན་ཐོས་ཀྱི་ཐེག་པ་ལ་མཁས་པ་ཞེས་བྱའོ།། གཞན་ཡང་ཉན་ཐོས་ཀྱི་ཐེག་པ་ལ་མཁས་པ་ནི་གང་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་འདུ་བྱེད་རྣམས་ལ་རྣམ་པར་སྨོད་པ་དང་། ཁམས་གསུམ་པ་ཐམས་ཅད་ལ་སྐྱོ་ཞིང་། འདོད་ཆགས་དང་བྲལ་བ་དང་། འདུ་བྱེད་ཐམས་ཅད་ལ་མི་རྟག་པ་དང་། སྡུག་བསྔལ་བར་རྟོག་པ་དང་། ཆོས་ཐམས་ཅད་ལ་བདག་མེད་པར་རྟོག་པ་དང་། ཞི་བ་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བ་དང་། སྐད་ཅིག་ཀྱང་སྲིད་པར་སྐྱེ་བར་མི་འདོད་པ་དང་། རྟག་ཏུ་འཇིགས་པར་ལྟ་བ་དང་། རྟག་ཏུ་ཡིད་མི་རྟོན་པ་དང་། ཕུང་པོ་རྣམས་ལ་གསོད་པར་འདུ་ཤེས་པ་དང་། ཁམས་རྣམས་ལ་རབ་ཏུ་གདུག་པའི་དུག་ལྟར་རྟོག་པའི་འདུ་ཤེས་པ་དང་། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པར་འདུ་ཤེས་པ་དང་། སྐྱེ་བའི་གནས་ཐམས་ཅད་ལ་མི་སྨོན་པའི་འདུ་ཤེས་པ་དང་། མྱ་ངན་ལས་འདས་པ་ལ་གནས་དང་སྐྱབས་སུ་འདུ་ཤེས་པ་དང་། གང་འདི་ལྟར་སྟོན་པ་དང་། རབ་ཏུ་སྟོན་པ་འདི་ནི་བྱང་ཆུབ་སེམས་དཔའི་ཉན་ཐོས་ཀྱི་ཐེག་པ་ལ་མཁས་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་རང་སངས་རྒྱས་ཀྱི་ཐེག་པ་ལ་མཁས་པ་གང་ཞེ་ན། རྣམ་པ་གང་དང་། རྐྱེན་གང་གིས་རང་སངས་རྒྱས་རྣམས་འབྱུང་བར་འགྱུར་བའི་རྣམ་པ་དེ་དག་དང་། རྐྱེན་དེ་དག་བྱང་ཆུབ་སེམས་དཔས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཏེ། དེ་དག་གང་ཞེ་ན། འདི་ལྟ་སྟེ། མོས་པ་དང་། བརྩོན་འགྲུས་དང་། བག་ཡོད་པ་ཆེན་པོས་ཉན་ཐོས་ཀྱི་ལྟ་བུ་མ་ཡིན་པ། སྦྱིན་པའི་བསོད་ནམས་ཀྱི་ཚོགས་བསགས་པ་དང་། ཚུལ་ཁྲིམས་ཀྱི་བསོད་ནམས་ཀྱི་ཚོགས་བསགས་པ་དང་། ཐོས་པ་ཉུང་བ་ལ་ཆོས་ཀྱི་ནན་ཏན་བྱེད་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ལ་ཡང་རིམ་གྲོ་དང་། བསྙེན་བཀུར་བྱེད་པ་ལ་ཡང་ཞུམ་པ་མེད་ཅིང་དབང་པོ་བར་མ་སྟེ། རྟག་ཏུ་རབ་ཏུ་འབྱུང་བ་ལ་གཞོལ་བ་དང་། དོན་ཉུང་བ་དང་། བྱེད་པ་ཆུང་བ་དང་། འདུ་འཛི་ལ་མི་དགའ་ཞིང་དབེན་པ་ལ་དགའ་བ་དང་། མལ་སྟན་དང་བྲལ་བ་དང་བསྙེན་པར་དཀའ་བ་དང་། མཐུ་ཆེ་བ་དང་། སྦྱིན་པའི་གནས་ཀྱི་ས་ལ་མངོན་པར་དགའ་བ་དང་། བརྟུན་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ལྟ་བ་དང་། དབྱིངས་གཅིག་ཏུ་འབྱུང་བར་རྟོག་པ་དང་། རང་བྱུང་བའི་ཡེ་ཤེས་ཀྱིས་རབ་ཏུ་རྒལ་བ་དང་། དམིགས་པ་ལ་འདུག་པའི་ཐོབ་པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྒྱུན་མི་ཆད་པ་དང་། གཞན་གྱི་དྲིང་ལ་མི་འཇོག་པའི་ཡེ་ཤེས་བསྐྱེད་པ་དང་། དམིགས་པ་གང་ཡང་རུང་བ་ལ་རྐྱེན་གྱི་ཡེ་ཤེས་རྟོགས་པ་སྟེ། དེ་ལྟར་འཆད་པ་དང་། སྟོན་པ་དང་། རབ་ཏུ་སྟོན་པ། འདི་ནི་བྱང་ཆུབ་སེམས་དཔའི་རང་སངས་རྒྱས་ཀྱི་ཐེག་པ་ལ་མཁས་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ལ་མཁས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ལ་མཁས་པ་ནི་ཚད་མེད་དེ། དེ་ལས་ཕྱོགས་ཙམ་ཞིག་བསྟན་ཏོ།། ཐེག་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་གོ་སྐབས་འབྱེད་པས་ན་ཚད་མེད་པའོ།། ཐེག་པ་དེ་ནི་མི་ཚིགས་པའི་ཡེ་ཤེས་ལ་བཏ་བ་སྟེ། བསྒྲིབས་པ་མེད་པའོ། ། ཐེག་པ་དེ་ནི་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་སྟེ། བསོད་ནམས་ཀྱི་ཚོགས་དང་། དགེ་བའི་རྩ་བ་ཐམས་ཅད་བསགས་པའོ།། ཐེག་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་ལས་སུ་རུང་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་སྦྱང་བ་བྱས་པའོ།། ཐེག་པ་དེ་ནི་ཐོགས་པ་མེད་པར་བྱང་ཆུབ་ཀྱི་སྙིང་པོར་འགྲོགས་པ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚོགས་སྒྲོལ་བའོ། ། ཐེག་པ་དེ་ནི་སེམས་ཅན་ཐམས་ཅད་སྦྱིན་པའི་གནས་ཀྱི་ཕྱིར། སེམས་ཅན་ཐམས་ཅད་ལ་ཐོགས་པ་མེད་པའི་འོད་ཟེར་མཉམ་པར་གཏོང་ངོ་།། ཐེག་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་གྱུར་པའི་ཕྱིར། ལམ་ངན་པའི་འཇིགས་པ་ཐམས་ཅད་ལས་འདས་པའོ།། ཐེག་པ་དེ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱལ་ཚན་དང་། བ་དན། བསྒྲེང་བ་དེ། བདུད་དང་ཕ་རོལ་རྒོལ་བ་དང་། ལོག་པའི་ཚོགས་མང་པོ་རབ་ཏུ་འཇོམས་པའོ།། ཐེག་པ་དེ་ནི་སངས་རྒྱས་ཀྱི་ཐེག་པ་སྒྲིབ་པ་མེད་པར་གྱུར་པ་སྟེ། མཐའ་དང་མཐའ་མེད་པ་དང་། རྟག་པ་དང་། ཆད་པ་དང་། འབྱུང་བ་དང་། འཇིག་པ་དང་། ལྟ་བར་གྱུར་པ་ཐམས་ཅད་དང་། ཀུན་ནས་ལྡང་བ་དང་། སྒྲིབ་པ་དང་། ཆོད་པ་དང་། ཐེ་ཙོམ་དང་། འགྱོད་པ་སེལ་བའོ།། ཐེག་པ་དེ་ནི་བསམ་པ་དང་། སྙིང་རྗེ་ཆེན་པོས་ཕྱེ་བས་ན། ཆོས་ཐམས་ཅད་ཕུན་སུམ་ཚོགས་པ། རིན་པོ་ཆེ་ཐམས་ཅད་དང་ལྡན་པ། ཕུན་སུམ་ཚོགས་པ་ཐམས་ཅད་རྙེད་པ། མི་སླུ་བའི་ལམ་དུ་འགྲོ་བ། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའོ།། ཐེག་པ་དེ་ནི་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པ་སྟེ། སྟོབས་བཅུ་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ། དང་མཚན་དང་དཔེ་བྱད་བཟང་པོ་དང་། ལུས་དང་ངག་དང་སེམས་ཀྱི་རྒྱན་གྱིས་བརྒྱན་པ་སྟེ། གང་འདི་ལ་མཁས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ལ་མཁས་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ལ་མཁས་པ་གང་ཞེ་ན། ཆོས་ཐམས་ཅད་ཅེས་བྱ་བ་ནི་མདོར་ན་འདུས་བྱས་དང་འདུས་མ་བྱས་སོ།། དེ་ལ་བྱང་ཆུབ་སེམས་དཔས་འདུས་བྱས་དང་འདུས་མ་བྱས་ལ་མཁས་པར་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའི་འདུས་བྱས་ལ་མཁས་པ་གང་ཞེ་ན། གང་དེ་དག་ལུས་ཀྱི་འདུ་བྱེད་དགེ་བ་དང་། ངག་གི་འདུ་བྱེད་དགེ་བ་དང་། ཡིད་ཀྱི་འདུ་བྱེད་དགེ་བ་མངོན་པར་འདུས་བྱས་པ་དེ་དག་ཐམས་ཅད་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའི་འདུས་བྱས་ལ་མཁས་པ་ཞེས་བྱའོ།། གང་ཡང་དགེ་བའི་ལུས་དང་། ངག་དང་། ཡིད་ཀྱི་འདུ་བྱེད་མངོན་པར་འདུས་བྱས་པ་དེ་དག་ཐམས་ཅད་བྱང་ཆུབ་ཏུ་ཙོམ་པས། ཐམས་ཅད་མཁྱེན་པའི་ཕྱིར་སྔོ་བ་འདི་ནི་དེའི་འདུས་མ་བྱས་ལ་མཁས་པ་ཞེས་བྱའོ།། གཞར་ཡང་འདུས་བྱས་ལ་མཁས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་རྣམས་ཡང་དག་པར་བསྒྲུབ་པ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བཅོམ་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་འདུས་བྱས་ལ་མཁས་པ་ཞེས་བྱའོ།། གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདུས་བྱས་ཀྱི་ཡེ་ཤེས་ལས་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་མི་སྨོད་ཅིང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཚོགས་དང་། དགེ་བའི་རྩ་བ་བསགས་པའི་ཕྱིར། བྱང་ཆུབ་སེམས་དཔའི་རྣམ་པར་གྲོལ་བ་ཟག་པ་མེད་པ།། ཐམས་ཅད་མཁྱེན་པའི་ཕྱིར་བསྔོ་བ་འདི་ནི། དེའི་འདུས་མ་བྱས་ལ་མཁས་པའོ།། གཞན་ཡང་འདུས་བྱས་ལ་མཁས་པ་ནི། གང་སེམས་ཅན་ཐམས་ཅད་ལ་ཐོགས་པ་མེད་པའི་འོད་ཟེར་མཉམ་པར་གཏོང་བའི་ཕྱིར། བསྡུ་བའི་དངོས་པོ་བཞིས་སེམས་ཅན་སྡུད་པ་འདི་ནི། བྱང་ཆུབ་སེམས་དཔའི་འདུས་བྱས་ལ་མཁས་པའོ།། གང་ཡང་སེམས་ཅན་མེད་པ་དང་། བདག་མེད་པས་མི་འཛིན་མི་ལེན་པ་དང་། རེག་པར་མི་བྱེད་ཅིང་བསྡུ་བའི་དངོས་པོ་ལ་མཁས་པ་དེ་ཡང་འདུས་མ་བྱས་ལ་མོས་པས་ཐམས་ཅད་མཁྱེན་པར་བསྔོ་བ་འདི་ནི་དེའི་འདུས་མ་བྱས་ལ་ཁས་པའོ།། གཞན་ཡང་འདུས་མ་བྱས་ལ་མཁས་པ་ནི་འཁོར་བའི་རྒྱུན་གྱི་ཉོན་མོངས་པ་རྣམས་གཅོད་པ་དང་། འཁོར་བའི་རྒྱུན་གྱི་དགེ་བའི་རྩ་བ་རྣམས་མི་གཅོད་པ་དང་། བྱང་ཆུབ་བསྒྲུབ་པའི་ཀུན་ནས་སྦྱོར་བ་རྣམས་ཀྱི་རྒྱུན་འབྲེལ་བའི་ཉི་ཚེ་བའི་ཀུན་ནས་སྦྱོར་བ་རྣམས་མི་སྤྱོད་པ་འདི་ནི་འདུས་བྱས་ལ་མཁས་པ་ཞེས་བྱའོ། ། གང་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་ལ་འདྲིས་པར་བྱེད་པའི་ཡེ་ཤེས་རྟོག་པ་ལ་མཁས་པ་དང་། བྱང་ཆུབ་ཏུ་གཞན་གྱི་དྲིང་ལ་མི་འཇོག་ཅིང་། འདུས་མ་བྱས་ཀྱང་མངོན་སུམ་དུ་མི་བྱེད་པ་འདི་ནི། དེའི་འདུས་མ་བྱས་ལ་མཁས་པ་ཞེས་བྱའོ།། གཞན་ཡང་འདུས་བྱས་ལ་མཁས་པ་ནི་གང་ཁམས་གསུམ་ན་ཡང་སྤྱོད་ལ། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པས་ཀྱང་མི་གོས་པ་འདི་ནི་འདུས་བྱས་ལ་མཁས་པ་ཞེས་བྱའོ།། གང་ཡང་ཁམས་གསུམ་ནས་འབྱུང་བའི་ཡེ་ཤེས་རབ་ཏུ་ཤེས་ཀྱང་འབྱུང་བ་དང་། དབྱིངས་སུ་མི་ལྟུང་བ་འདི་ནི་དེའི་འདུས་མ་བྱས་ལ་མཁས་པའོ།། གང་ཆོས་ཐམས་ཅད་ལ་མཁས་པ་ཞེས་སྨྲས་པ་འདི་ནི། ཐམས་ཅད་མཁྱེན་པའི་ཚིག་བླ་དགས་སོ།། དེ་ཅིའི་ཕྱིར་ཞེ་ན། རྟག་ཏུ་དྲན་པ་དང་། བློ་གྲོས་དང་ཤེས་རབ་ལ་མཁས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚད་མེད་ཅིང་། མི་ཆགས་པ་ཡོངས་སུ་རྫོགས་པར་བྱེད་དེ། དེའི་ཕྱིར་ཆོས་ཐམས་ཅད་ལ་མཁས་པ་ཞེས་བྱའོ། ། བཙུན་པ་ཤཱ་ར་དྭ་ཏིའི་བུ། མཁས་པ་བརྒྱད་པོ་དེ་དག་གིས་ཀུན་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ནི་མི་ཟད་པ་ཡིན་ནོ།། གཞན་ཡང་དགེ་བ་དང་། མི་དགེ་བའི་ཆོས་རྣམས་རབ་ཏུ་ཤེས་པ་ནི་ཤེས་རབ་བོ། ། ངེས་པར་འབྱེད་པའི་ཆོས་རྣམས་ལ་རྟོག་པ་ནི་ཤེས་རབ་བོ།། འཕགས་པའི་ཆོས་མངོན་དུ་གྱུར་པས་ན། ཤེས་རབ་ནི་ཚད་མར་གྱུར་པའོ།། ཤེས་རབ་ནི་ལྟ་བར་གྱུར་པ་དང་། ཀུན་ནས་ལྟུང་བ་དང་། སྒྲིབ་པ་དང་། ཆོད་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པའོ།། ཤེས་རབ་ནི་འདོད་པ་དང་། རེ་བ་དང་། སྨོན་པ་རྣམས་ཀྱི་སྨོན་ལམ་དང་བྲལ་བའོ། ། ཤེས་རབ་ནི་ཉོན་མོངས་པའི་ཡོངས་སུ་གདུང་བ་ཐམས་ཅད་ཞི་བས་ན་སིམ་པར་བྱེད་པའོ།། ཤེས་རབ་ནི་ཆོས་ལ་དགའ་བ་དང་། མོས་པའི་རྒྱུན་མ་ཆད་པས་ན་རབ་ཏུ་དགའ་བར་བྱེད་པའོ། ། ཤེས་རབ་ནི་དོན་ཤེས་པ་མངོན་སུམ་དུ་གྱུར་པས་ན། རབ་ཏུ་རྟེན་པའོ།། ཤེས་རབ་ནི་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་རྣམས་ཀྱི་རྟེན་ཏོ།། ཤེས་རབ་ནི་ཐེག་པ་ཇི་ལྟ་བ་བཞིན་དུ་འབྲས་བུ་ཐོབ་པར་གྱུར་པས་ན། ཐོབ་པའི་མཚན་ཉིད་དོ།། ཤེས་རབ་ནི་རང་བཞིན་གྱིས་ཡེ་ཤེས་སྣང་བས་ན་རབ་ཏུ་ཤེས་པའི་མཚན་ཉིད་དོ།། ཤེས་རབ་ནི་འོང་བ་ཐམས་ཅད་ལས་སྒྲོལ་བས་ན་ཡང་དག་པར་རབ་ཏུ་སྒྲོལ་བའོ། ། ཤེས་རབ་ནི་ཡང་དག་པར་མི་འགྱུར་བར་འདྲེན་པའོ།། ཤེས་རབ་ནི་དགེ་བའི་ཆོས་ཐམས་ཅད་རབ་ཏུ་སྡུད་པའོ།། ཤེས་རབ་ནི་སྔོན་གྱི་ཉོན་མོངས་པ་དང་བག་ལ་ཉལ་བ་རྣམས་དང་བར་བྱེད་པའོ། ། ཤེས་རབ་ནི་རྩེ་མོར་ཕྱིན་པའི་ཆོས་རྣམས་ཀྱི་མཆོག་གོ།། ཤེས་རབ་ནི་རང་བྱུང་གི་ཡེ་ཤེས་རྟོགས་པའི་ཕྱིར་རབ་བོ།། ཤེས་རབ་ནི་ཁམས་གསུམ་པ་ཐམས་ཅད་དང་མ་འདྲེས་པའི་ཕྱིར་རྒྱུ་བ་དང་བྲལ་བའོ། ། ཤེས་རབ་ནི་ཐབས་ཀུན་གྱིས་ཟིན་པའོ།། ཤེས་རབ་ནི་འཕགས་པ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བའོ།། ཤེས་རབ་ནི་མཚན་མ་དང་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཚད་ཀྱིས་མི་རྟོག་པའོ། ། ཤེས་རབ་ནི་མ་རིག་པ་དང་། གཏི་མུག་གི་མུན་པ་ཐམས་ཅད་དང་བྲལ་བས་ན། བག་མེད་པའི་གཉེན་པའོ།། ཤེས་རབ་ནི་རྣལ་འབྱོར་སྤྱོད་པའི་ས་ལ་གནས་པ་ཐམས་ཅད་ཀྱི་སྦྱོར་བའོ། ། ཤེས་རབ་ནི་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་འདྲེན་པའོ།། ཤེས་རབ་ནི་མ་རིག་པ་དང་། གཏི་མུག་གི་རབ་རིབ་ཀྱི་ལིང་ཏོག་སེལ་བའི་ཕྱིར་སྣང་བར་བྱེད་པའོ།། ཤེས་རབ་ནི་མིག་ལ་ཇི་ལྟར་དད་པ་རྣམས་མིག་ཐམས་ཅད་སྦྱིན་པར་བྱེད་པའོ།། ཤེས་རབ་ནི་མིག་དང་གཟུགས་ཀྱི་ལམ་ལས་འདས་པའི་ཕྱིར། དེ་བཞིན་དུ་རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་བྱ་དང་། ཡིད་དང་། ཆོས་ཀྱི་ལམ་ལས་འདས་པའི་ཕྱིར་གནས་པ་མེད་པའོ།། ཤེས་རབ་ནི་བདེན་པ་ལས་བྱུང་བས་ན། དོན་དམ་པའོ།། ཤེས་རབ་ནི་རབ་ཏུ་དུལ་བ་རྣམས་ཀྱིས་མི་འཁྲུགས་པའོ། ། ཤེས་རབ་ནི་ཡེ་ཤེས་ཀྱི་སྒོ་རྣམས་ཀྱི་སྣང་བའོ།། ཤེས་རབ་ནི་ཐམས་ཅད་དུ་ཆུབ་སྟེ་མི་ཟད་པའོ།། ཤེས་རབ་ནི་རྐྱེན་ལ་འཇུག་པ་སྟེ་མི་འགལ་བའོ།། ཤེས་རབ་ནི་འཛིན་པ་དང་། ཉོན་མོངས་པའི་བཅིང་བ་ཐམས་ཅད་གཅོད་པའི་ཕྱིར་རྣམ་པར་ཐར་པའི་ལམ་མོ།། ཤེས་རབ་ནི་ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པའོ།། ཤེས་རབ་ནི་འགྲོགས་པ་དང་། སྒྲིབ་པ་དང་། སྒྲིབ་པར་འགྱུར་བའི་ཆོས་ཐམས་ཅད་དང་ལྷན་ཅིག་མི་གནས་པའོ།། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཇི་སྙེད་པར་ཤེས་པ་དང་། ཤེས་རབ་ཀྱི་ལས་ཀྱང་དེ་སྙེད་དོ། ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། བག་ལ་ཉལ་ཇི་སྙེད་པར་ཤེས་རབ་ཀྱི་དཔྱོད་པའི་ཡེ་ཤེས་ཀྱང་དེ་སྙེད་དོ།། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་སྒོ་ཇི་སྙེད་པར་ཤེས་རབ་ལ་འཇུག་པའི་སྒོ་ཡང་དེ་སྙེད་དོ། ། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཤེས་རབ་ཇི་སྙེད་པ་དང་། ཤེས་རབ་ཀྱི་གནས་དང་རྟེན་ཡང་དེ་སྙེད་དོ། ། དེ་ལ་བྱང་ཆུབ་སེམས་དཔས་བསླབ་པར་བྱའོ།། འདི་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་མི་ཟད་པ་སྟེ། ཤེས་རབ་མི་ཟད་པ་དེ་དང་ལྡན་པས་ཤེས་རབ་མི་ཟད་པ་ཐོབ་པར་འགྱུར་རོ། ། ཤེས་རབ་མི་ཟད་པ་བསྟན་པའི་ཆོས་ཀྱི་ལེའུ་འདི་བསྟན་པས་བྱང་ཆུབ་སེམས་དཔའ་སྔོན་ཡོངས་སུ་སྦྱང་བ་བྱས་པ་སྟོང་ཕྲག་སུམ་ཅུ་རྩ་གཉིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ཡང་མི་ཟད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཐུག་པ་མེད་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔར་རྣམས་ཀྱི་བྱམས་པ་ནི་ཐུག་པ་མེད་པར་བྱམས་པ་སྟེ། དེ་དག་གི་བྱམས་པ་ཉེ་བར་བསྒྲུབ་པ་ཡོངས་སུ་ཆད་པ་མེད་དོ།། འདི་ལྟར་སེམས་ཅན་གྱི་ཁམས་ཇི་ཙམ་པ་དེ་ཙམ་དུ་བྱང་ཆུབ་ཀྱི་སེམས་ལ་མོས་པའི་སེམས་བསྐྱེད་པས་ཁྱབ་པར་བྱེད་དོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ་དཔེར་ན། ནམ་མཁའི་བུ་ག་འདིས་གར་ཡང་མ་ཁྱབ་པ་མེད་དོ།། དེ་བཞིན་དུ་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའི་བྱམས་པ་འདིས་ཀྱང་གང་མ་ཁྱབ་པའི་སེམས་ཅན་འདི་གང་ཡང་མེད་དོ། ། འདི་ལྟ་སྟེ་དཔེར་ན། སེམས་ཅན་གྱི་ཁམས་ནི་ཚད་མེད་དེ། དེ་ལ་ཟད་པ་མེད་དོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བྱམས་པ་བསྒོམ་པ་ཡང་ཚད་མེད་དེ། དེ་ལ་ཟད་པ་མེད་དོ། ། འདི་ལྟར་ནམ་མཁའ་མི་ཟད་པས་ན་སེམས་ཅན་མི་ཟད་དོ།། སེམས་ཅན་མི་ཟད་པས་ན་བྱམས་པ་མི་ཟད་དེ། དེའི་ཕྱིར་སྐྱེས་བུ་དམ་པ་དེ་དག་གི་བྱམས་པ་མི་ཟད་པ་ཞེས་བྱའོ།། དེ་སྐད་ཅེས་སྨྲས་པ་དང་། གནས་བརྟན་ཤཱ་ར་དྭ་ཏིའི་བུས། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་སེམས་ཅན་གྱི་ཁམས་འདི་ཇི་ཙམ། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ཇི་སྙེད་པ་དེ་བས་ཀྱང་སེམས་ཅན་གྱི་ཁམས་ཆེས་མང་ངོ་།། སྨྲས་པ། རིགས་ཀྱི་བུ་དཔེ་བྱ་བར་ནུས་སམ། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ། ནུས་མོད་ཀྱི། ཆུ་ཆུང་ངུས་ནི་མ་ཡིན་ནོ།། འདི་ལྟ་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་དཔེར་ན། ཤར་ཕྱོགས་སུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་དང་། དེ་བཞིན་དུ་ལྷོ་ཕྱོགས་དང་། དེ་བཞིན་དུ་རུབ་ཕྱོགས་དང་། དེ་བཞིན་དུ་བྱང་ཕྱོགས་དང་། དེ་བཞིན་དུ་ཕྱོགས་བཅུ་ཀུན་ཏུ་ཕྱོགས་རེ་རེར་ཡང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་རྒྱ་མཚོ་ཆེན་པོ་ཆུས་གང་བ་གཅིག་ཏུ་གྱུར་ལ། དེ་ལ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་འདུས་ཏེ། སྐྲའི་རྩེ་མོ་བརྒྱར་གཤེགས་པའི་ཆས། ཆུའི་ཐིགས་པ་གཅིག་བླངས་པ་དེ་བཞིན་དུ། གཞན་ཡང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་འདུས་ཏེ། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པ་ནཱ། སྐྲའི་རྩེ་མོ་བརྒྱར་གཤེགས་པའི་ཆས། ཆུའི་ཐིགས་པ་གཉིས་བླངས་ཏེ་མཚན་མ་གཞག་པ་འདི་དང་། བགྲང་བ་འདི་ལྟ་བུས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་གྱིས། སྐྲའི་རྩེ་མོ་བརྒྱར་གཤེགས་པའི་ཆས། ཆུའི་ཐིགས་པ་རེ་རེ་བླངས་པས་ཆུའི་ཕུང་པོ་དེ་ཙམ་ཟད་པར་གྱུར་ཀྱང་། སེམས་ཅན་གྱི་ཁམས་དེ་ནི་ཐུག་པའམ། ཟད་པ་གང་ཡང་མེད་དོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། དེ་བཞིན་དུ་སེམས་ཅན་གྱི་ཁམས་ཚད་མེད་དེ། དེ་དག་ལ་བྱང་ཆུབ་སེམས་དཔའི་བྱམས་པས་ཁྱབ་པར་བྱེད་དོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། གང་གི་བྱམས་པ་དེ་ལྟ་བུར་བསྒོམ་པའི་དགེ་བའི་རྩ་བ་ཚད་མེད་པ་དེ་ཟད་པར་ནུས་སམ། སྨྲས་པ། རིགས་ཀྱི་བུ་དེ་ནི་མ་ཡིན་ཏེ། བྱམས་པ་བསྒོམ་པའི་དགེ་བའི་རྩ་བ་འདི་འདྲ་བ་སུ་ཟད་པར་འདོད་པ་དེ་ནི་ནམ་མཁའ་ཟད་པར་འདོད་དོ། ། བྱང་ཆུབ་སེམས་དཔའ་གང་གིས་བྱམས་པ་མི་ཟད་པ་འདི་ཐོས་ནས་སྐྲག་པར་མི་འགྱུར་ན། དེ་དག་ཀྱང་བྱམས་པ་མི་ཟད་པར་འཕགས་པར་འགྱུར་རོ།། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱུ་ར་དྭ་ཏིའི་བུ། བྱམས་པ་ནི་བདག་སྲུང་ཞིང་གཞན་ལ་ཕན་པར་གནས་པ་སྟེ། མཆོག་ཏུ་རྩོད་པ་མེད་པ་དང་། གནོད་སེམས་ཀྱི་ཐ་བའི་ཉེས་པ་དང་། ཁྲོ་བ་དང་ཁོན་དུ་འཛིན་པ་ཐམས་ཅད་རབ་ཏུ་འཇོམས་པའོ། ། བག་ལ་ཉལ་དང་། ཀུན་ནས་ལྡང་བ་དང་བྲལ་བ་སྟེ། དད་པ་སྐྱེད་ཅིང་སེམས་ཅན་ཐམས་ཅད་ཀྱི་འཁྲུལ་པ་ལ་ཉེས་པར་མི་ལྟ་བའོ།། ཡོངས་སུ་གདུང་བ་མེད་ཅིང་། ལུས་དང་སེམས་བདེ་བ་སྐྱེད་པ་སྟེ། གཞན་གྱི་གནོད་པར་བྱ་བ་ལས་ཤིན་ཏུ་འདས་པའོ།། ཉེས་པ་ཐམས་ཅད་ཀྱི་འཇིགས་པ་དང་བྲལ་བ་སྟེ། འཕགས་པའི་ལམ་དང་མཐུན་ཞིང་གཤེ་བ་དང་། སེམས་གཏུམ་པའི་སེམས་ཅན་རྣམས་དད་པར་བྱེད་པ་དང་། གཡུལ་ངོ་ཐམས་ཅད་ལས་སྒྲོལ་བ་སྟེ། དབྱིག་པ་དང་མཚོན་ཆ་བཅང་བ་མ་ཡིན་ནོ།། སེམས་ཅན་ཐམས་ཅད་ཐར་པར་བྱ་བ་ལ་དགའ་བ། ཁོང་ཁྲོ་བ་ཐམས་ཅད་དང་བྲལ་བ། ཚུལ་འཆོས་པ་དང་། ཁ་གསག་དང་། གཞོགས་སློངས་ཐམས་ཅད་དང་བྲལ་བ། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་འབྱུང་བར་བྱེད་པ། བརྒྱ་བྱིན་དང་། ཚངས་པས་ཕྱག་བྱས་པ། རང་གི་གཟི་བརྗིད་ཀྱིས་རབ་ཏུ་བརྒྱན་པ། མཁས་པས་རབ་ཏུ་བསྔགས་པ། བྱིས་པ་ཐམས་ཅད་སྲུང་བ། ཚངས་པའི་ལམ་དང་མཐུན་པ། འདོད་པའི་ཁམས་དང་མ་འདྲེས་པ། སེམས་ཅན་ཐམས་ཅད་ཐར་པའི་ལམ་གྱི་མཆོག། ཐེག་པ་ཐམས་ཅད་ཡང་དག་པར་བསྡུས་པ། ཟང་ཟིང་མེད་པའི་བསོད་ནམས་ཀྱིས་བཟུང་བ། བསོད་ནམས་ཀྱི་ཚོགས་ཐམས་ཅད་བསགས་པ། རྫས་ལས་བྱུང་བའི་བསོད་ནམས་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱ་ཅུས་བརྒྱན་པ། དབང་པོ་ཉམས་པ་དང་། མ་ཚང་བ་ཐམས་ཅད་སྤངས་པ། བདེ་འགྲོ་ཐམས་ཅད་དང་། མྱ་ངན་ལས་འདས་པའི་ལམ་དང་མཐུན་པ། ངན་སོང་ཐམས་ཅད་དང་མི་ཁོམ་པ་བརྒྱད་ལས་འདས་པ། ཆོས་ཀྱི་དགའ་བ་ལ་དགའ་ཞིང་མོས་པ། འདོད་པ་དང་། ལོངས་སྤྱོད་དང་། དབང་ཐམས་ཅད་མངོན་པར་མི་འདོད་པ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ། སྦྱིན་པའི་སྦྱོར་བ་ཐ་དད་པ་དང་བྲལ་བ། ཚུལ་ཁྲིམས་དང་བསླབ་པ་ཐམས་ཅད་ཀྱི་སྒོ། རྔལམ་ངན་པའི་ངང་ཚུལ་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ། བཟོད་པའི་སྟོབས་སྟོན་པ། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ཐམས་ཅད་དང་བྲལ་བ། འཕགས་པ་རྣམས་འཇུག་པའི་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པས་རྩ་བ། མི་འཁྲུགས་པའི་བརྩོན་འགྲུས་བརྩམས་ཤིང་ཡང་དག་པར་སྦྱོར་བ། བྱ་བ་ཐམས་ཅད་ལས་ཡང་དག་པར་སྒྲོལ་བ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པས། ཉོན་མོངས་པ་ཐམས་ཅད་ལས་བྱུང་བ། གསང་བ་ཐོས་པ་འཛིན་པས། སེམས་ལ་ངེས་པར་རྟོགས་པའི་ཤེས་རབ་ཀྱི་རྒྱུ་སྐྱེད་པ། བདག་གི་ཕྱོགས་དང་གཞན་གྱི་ཕྱོགས་ལ་ངེས་པ། བདུད་ཀྱི་ཕྱོགས་དང་། ཉོན་མོངས་པ་རྣམས་བསལ་བ། བདེ་བར་གནས་པ་བསྙེན་བཀུར་དང་། རབ་ཏུ་འགྲོལ་བའི་རྒྱུ་མཐུན་པ་ལ་སེམས་པའི་སྤྱོད་ལམ་སྲུང་བར་བྱེད་པ། རྒོད་པ་ཐམས་ཅད་ལས་འདས་པ། ང་རྒྱལ་གྱི་ལས་སེལ་བ། ངོ་ཚ་བ་དང་། ཁྲེལ་ཡོད། པས་བྱུགས་ཤིང་དྲི་ཞིམ་པ་སྟེ། བག་ཆགས་དང་ཉོན་མོངས་པའི་མཚམས་ཀྱི་དྲ་ང་བ་སྦྱོང་བའོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱམས་པ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་སྟེ། བྱམས་པ་ཆེན་པོ་ནི་བདག་གི་བདེ་བ་གཏོང་ཞིང་། སེམས་ཅན་རྣམས་ལ་བདེ་བ་སྦྱིན་པའོ།། ཉན་ཐོས་རྣམས་ཀྱི་བྱམས་པ་ནི་བདག་སྐྱོབ་པའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའོ། ། བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱམས་པ་ནི་ཆུ་བོ་ལས་སྒྲོལ་བའོ།། འདི་ལྟར་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱམས་པ་ནི་གསུམ་པོ་འདི་དག་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ལ་དམིགས་པའི་བྱམས་པ་དང་། ཆོས་ལ་དམིགས་པའི་བྱམས་པ་དང་། དམིགས་པ་མེད་པའི་བྱམས་པའོ།། དེ་ལ་ཐོག་མ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ནི་སེམས་ཅན་དམིགས་པའོ། ། སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ནི་ཆོས་ལ་དམིགས་པའོ།། མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ནི་དམིགས་པ་མེད་པ་སྟེ། འདི་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་མི་ཟད་པ་ཞེས་བྱའོ།། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་པ་རྣམས་ཀྱི་སྙིང་རྗེ་ཆེན་པོ་ཡང་མི་ཟད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། སྔོན་དུ་འགྲོ་བའི་ཕྱིར་རོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ་དཔེར་ན། དབུགས་ཕྱིར་འབྱུང་བ་དང་། རྔུབ་པ་ནི་སྐྱེས་བུའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བའོ།། དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབ་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ནི་སྔོན་དུ་འགྲོ་བའོ།། འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་ནི། རིན་པོ་ཆེ་སྣ་བདུན་གྱི་སྔོན་དུ་འགྲོ་བའོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་བསྒྲུབ་པ་ལ་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའོ། ། འདི་ལྟ་སྟེ་དཔེར་ན། ཚོང་དཔོན་ནམ། ཁྱིམ་བདགི་བུ་གཅིག་པ་ལ་སྙིང་ཟག་པ་ནས་སྡུག་པ་བཞིན་དུ། སྙིང་རྗེ་ཆེན་པོ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ལ་སྙིང་ཐག་པ་ནས་སྡུག་པ་ཡིན་ནོ། ། བཙུན་པ་ཤཱ་ར་དྭ་ཏིའི་བུ། སྙིང་རྗེ་ཆེན་པོ་ཞེས་བྱ་བ་ནི། འདི་བདག་ཉིད་ཀྱིས་བྱ་བས་ན་དེའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ།། རང་གིས་བྱ་བས་ན་སྙིང་རྗེ་ཆེན་པོའོ། ། གཞན་གྱིས་སྐབས་མི་རྙེད་པས་ན། སྙིང་རྗེ་ཆེན་པོའོ།། གཡོ་མེད་པ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་བསམ་པ་ཟག་པ་ནས་བྱ་བའོ།། མེད་པ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་སྦྱོར་བར་བྱའོ།། ཕྱིར་མི་ལྡོག་པ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་ལྷག་པའི་བསམ་པས་བྱ་བའོ།། མ་བཅོས་པ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་རང་བཞིན་རིག་པའོ། ། ལམ་དྲང་པོ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་རང་བཞིན་གྱིས་ཡོངས་སུ་དག་པའོ།། གསལ་བ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་སེམས་གྱ་གྱུ་མེད་པའོ།། སེམས་ཅན་ཐམས་ཅད་ལ་འདུད་པ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་ང་རྒྱལ་མེད་པའོ།། སེམས་ཅན་ཚད་མེད་པའི་ཕྱིར་སྙིང་རྗེ་ཆེན་པོ་ནི་ཚད་མེད་པ་ལས་བྱུང་བའོ།། དེ་བཞིན་གཤེགས་པའི་སྐུ་ཐོབ་པ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་བདག་གི་ལུས་ལ་མི་ལྟ་བའོ། ། སྡིག་པ་ཐམས་ཅད་མི་བྱ་བ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་སྲོག་ལ་ཡིད་མི་རྟོན་པའོ།། བྱང་ཆུབ་ཀྱི་སེམས་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་ཕ་རོལ་སྲུང་བའོ། ། བདག་གི་སེམས་ཡོངས་སུ་དག་པ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་སེམས་ཅན་སྲུང་བའོ།། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་དབུལ་པོ་སྡུག་བསྔལ་བ་དང་མགོན་མེད་པ་ལ་ལྟ་བའོ། ། བློ་མི་གཡོ་བ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་དམ་བཅས་པ་ལ་བརྟན་པའོ།། བདག་དང་སངས་རྒྱས་དང་ལྷ་རྣམས་མི་སླུ་བ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་བདེན་པ་ལ་ལྔ་བའོ།། ལེགས་པར་བྱས་པའི་ལས་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་སྤྱོད་པ་དག་པའོ།། ཕ་རོལ་ལ་བདེ་བ་རབ་ཏུ་སྦྱིན་པ་ལས་བྱུང་བསར་སྙིང་རྗེ་ཆེན་པོ་ནི་བདག་བདེ་བར་གཏོང་བའོ། ། སྲེད་པ་མེད་པ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་གཞན་གྱི་བདེ་བསྐྱེད་པའོ།། བརྩོན་འགྲུས་བརྟན་པ་རྩོམ་པ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་ཁུར་ཁྱེར་བའོ། ། སེམས་ཅན་མཐུ་ཆུང་བའི་ཉེས་པ་བཟོད་པ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་བླ་མའི་བཟོད་པ་ཡང་དག་པར་བླངས་པའོ།། སེམས་ཅན་ན་བ་རྣམས་ལ་རིམ་གྲོ་བྱེད་པ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་ཆགས་པ་དང་། སྨད་པ་སེལ་བའོ།། ཆུང་ངུ་ལ་དད་པའི་སེམས་ཅར་རྣམས་ཡོངས་སུ་སྨིན་པར་བྱ་བ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་ཆོས་ཀྱི་དབང་ཐོབ་པའོ། ། ཕ་རོལ་གྱི་ཡོན་ཏན་བརྗོད་པ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་བདག་གི་ཡོན་ཏན་བཅས་པའོ།། ཟག་པ་མེད་པའི་བདེན་པ་འདོད་པ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་སྡུག་བསྔལ་ཐམས་ཅད་བཟོད་པའོ། ། ལས་ལེགས་པ་བྱས་ཏེ་མི་འགྱོད་པ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་འདོད་པ་དང་སྡུག་པའི་དངོས་པོ་ཡོངས་སུ་གཏོང་བའོ།། ངན་པའི་ངང་ཚུལ་ཅན་གྱི་སེམས་ཅན་རྣམས་སྲུང་བ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་ཚུལ་ཁྲིམས་ལེགས་པར་བསྲུང་བ་ལས་བྱུང་བའོ།། རྡོ་རྗེའི་ལུས་ཐོབ་པ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་ལུས་ལ་གནོད་པར་བྱ་བ་ལ་བཟོད་པའོ།། ལུས་དང་སྲོག་ལ་མི་ལྟ་བ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ན་སེམས་ཅན་ཐམས་ཅད་ཡོངས་སུ་སྦྱིན་པར་བྱེད་པའོ།། ཡན་ལག་དང་ཉིང་ལག་གཏོང་བ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་སྲོག་ལ་མི་ལྟ་བའོ། ། བདག་གི་དགེ་བའི་རྩ་བ་མི་འདོད་པ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཕ་རོལ་པོའི་དགེ་བའི་རྩ་བ་སྐྱེད་པའོ།། ཕྱིར་ཡང་འདོད་པའི་ཁམས་སུ་དམིགས་པ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་བསམ་གཏན་གྱི་རོ་མི་མྱང་བའོ།། ཆགས་པ་མེད་པའི་ཡེ་ཤེས་སྣང་བ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་ཀུན་ནས་སྣང་བའོ།། དགེ་བའི་རྩ་བ་དང་ཚོགས་ཀུན་ལ་མི་སྨོད་པ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་ཤེས་རབ་ལ་མི་ལྟོས་པའོ།། སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྫོགས་པར་བྱ་བ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་ཀུན་ཏུ་སྐྱེ་བའོ།། སྔོན་གྱི་སྨོན་ལམ་མི་གཏོང་བ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱེད་པའོ།། འདུས་བྱས་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་འདུས་མ་བྱས་པ་ལ་མི་རེག་པའོ། ། སངས་རྒྱས་ཀྱི་ཚུལ་ཁྲིམས་ལ་སེམས་ཅན་རྣམས་རབ་ཏུ་འགོད་པ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་སེམས་ཅན་ངན་པའི་ངང་ཚུལ་ཅན་རྣམས་ལ་ལྟ་བའོ།། དེས་ན་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའི་འབྱུང་བ་གང་ཡང་རུང་བ་དེ་དག་ཐམས་ཅད་ནི་སྙིང་རྗེ་ཆེན་པོ་ལས་སྐྱེས་ཏེ། དེའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱ་བའོ།། འདི་ལྟར་སྦྱིན་པར་བྱེད་པ་དང་། ཚུལ་ཁྲིམས་སུ་བྱེད་པ་དང་། བཟོད་པར་བྱེད་པ་དང་། བརྩོན་འགྲུས་སུ་བྱེད་པ་དང་། བསམ་གཏན་དུ་བྱེད་པ་དང་། ཤེས་རབ་ཏུ་བྱེད་པ་དང་། ཐབས་སུ་བྱེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་བྱེད་པ་ནི་སྙིང་རྗེ་ཆེན་པོའོ།། བདག་གི་བྱེད་པ་དང་། རང་བྱུང་གི་ཡེ་ཤེས་སྒྲུབ་པར་བྱེད་པ་དང་། ལེགས་པར་བྱ་བ་བྱེད་པ་དང་། འགྱོད་པ་མེད་པར་བྱེད་པ་དང་། གདོན་མི་ཟ་བར་བྱེད་པ་ནི་སྙིང་རྗེ་ཆེན་པོའོ།། སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་ཅེས་སོ་སོ་ཉེ་བར་གནས་པ་ལས་བྱུང་བས་ན། དེའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ།། འདི་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་མི་ཟད་པ་ཞེས་བྱའོ།། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བ་ཆེན་པོ་ཡང་མི་ཟད་པ་སྟེ། དེ་ལ་དགའ་བ་ཆེན་པོ་ཡང་གང་ཞེ་ན། སངས་རྒྱས་ཀྱི་ཆོས་རྣམས་དྲར་པ་དང་། རྗེས་སུ་དྲད་པ་དང་། དགའ་བ་དང་། མོས་པ་དང་། རབ་ཏུ་དགའ་བ་དང་། སེམས་མ་གོང་ཞིང་མི་བརྫི་བ་དང་། སྲེད་པ་མེད་པ་དང་། འདོད་པའི་དགའ་བ་ཐམས་ཅད་གཏོང་བ་དང་། ཆོས་ཀྱི་དགའ་བ་ཐམས་ཅད་ཀྱི་རྟེན་དང་། སེམས་རབ་ཏུ་དགའ་བ་དང་། ལུས་རབ་ཏུ་སིམ་པ་དང་། སངས་རྒྱས་ལ་དགའ་ཞིང་ཡིད་འཕར་བ་དང་། དེ་བཞིན་གཤེགས་པའི་སྐུ་ལ་དགའ་ཞིང་མོས་པས། མཚན་དང་དཔེ་བྱད་བཟང་པོའི་རྒྱར་ཚོལ་བ་ལ་མཁས་པ་དང་། དགའ་བའི་ཆོས་མཉན་པས་མི་སྐྱོ་བ་དང་། དེ་ཁོ་ནའི་ཆོས་ལ་རྟེན་པའི་ནན་ཏན་དང་། དགའ་བ་དང་། མགུ་བ་དང་། རངས་པ་དང་། རབ་ཏུ་དགའ་བས་ཆོས་ལ་མོས་པ་དང་། རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་རྣམས་ལ་ཁོང་ཁྲོ་བ་མེད་པའི་བློ་དང་། སངས་རྒྱས་ཀྱི་ཆོས་ཚོལ་བ་ལ་དད་པ་དང་། ཆོས་ལ་དད་པ་དེ་ཡང་མི་འདོར་བ་དང་། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་མོས་ཤིང་རྣམ་པར་གྲོལ་བ་དང་། ཉི་ཚེ་བའི་ཐེགས་པ་བསལ་ཏེ་སེམས་བསྐྱེད་པ་དང་། སེར་སྣ་མེད་པས་མ་ཞུམ་པར་སེམས་བསྐྱེད་པ་དང་། སློང་བ་ལ་སྦྱིན་པ་བྱིན་ནས་འཁོར་གསུམ་ཡོངས་སུ་དག་པར་སྦྱངས་པ་དང་། སྦྱིན་པ་ལ་དགའ་བ་དང་། ཚུལ་ཁྲིམས་ཅན་ལ་དད་པ་དང་། ངན་པའི་ངང་ཚུལ་ཅན་ལ་རྗེས་སུ་འཛིན་ཅིང་བྱམས་པ་དང་། བདག་གི་ཚུལ་ཁྲིམས། ཡོངས་སུ་དག་པས་ངན་འགྲོའི་འཇིགས་པ་ཐམས་ཅད་ལས་ཤིན་ཏུ་འདའ་བ་དང་། དབུགས་འབྱིན་པ་དང་། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་བསྔོ་བ་དང་། བརྟན་ཞིང་མི་ཕྱེད་པ་དང་། ཕ་རོལ་ངན་དུ་ཟེར་བ་དང་། མི་སྙན་པར་སྨྲ་བའི་ཚིག་གི་ལམ་ལ་ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་བཟོད་ཅིང་ངེས་པ་དང་། ང་རྒྱལ་མེད་པ་དང་། བླ་མ་ལ་འདུད་ཅིང་རི་མོར་བྱེད་པ་དང་། རྟག་ཏུ། འཛུམ་པའི་བཞིན་དང་། ཁྲོ་གཉེར་མེད་པ་དང་། གསོང་པོར་སྨྲ་བ་དང་། ཚུལ་འཆོས་པ་མེད་པ་དང་། ཁ་གསག་མེད་པ་དང་། གཞོགས་སློང་མེད་པ་དང་། བསམ་པ་དག་པ་དང་། སེམས་ལ་བརླངས་པ་མེད་པ་དང་། གྱ་གྲུ་མེད་པ་དང་། ཐམས་ཅད་ལ་ལེགས་པར་ལྟ་བ་དང་། སྐྱོན་མེད་པར་ལྟ་བ་དང་། ལྟུང་བ་ལ་མི་རྩོད་པ་དང་། ཡང་དག་པར་དགའ་བར་འགྱུར་བའི་ཆོས་ཀྱི་རྗེས་སུ་འཇུག་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་པགས་པ་ལྟར་འཕངས་པ་དང་། ཆོས་རྣམས་ལ་བདག་བཞིན་དུ་འཕངས་པ་དང་། དེ་བཞིན་གཤེགས་པ་ལ་སྲོག་བཞིན་དུ་འཕངས་པ་དང་། བླ་མ་ལ་ཕ་མ་བཞིན་དུ་འཕངས་པ་དང་། སེམས་ཅན་རྣམས་ལ་བུ་བཞིན་དུ་འཕངས་པ་དང་། མཁན་པོ་དང་། སློབ་དཔོན་ལ་སངས་རྒྱས་བཞིན་དུ་འཕངས་པ་དང་། ཡོན་ཏན་རྣམས་ལ་ཡན་ལག་གི་དམ་པ་མགོ་བཞིན་དུ་འཕངས་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རྐང་ལག་བཞིན་དུ་འཕངས་པ་དང་། ཆོས་སྨྲ་བ་རྣམས་ལ་རིན་པོ་ཆེ་ཐམས་ཅད་བཞིན་དུ་འཕངས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡིད་བཞིན་གྱི་ནོར་བུ་བཞིན་དུ་འཕངས་པ་དང་། རྗེས་སུ་བསྟན་པ་ལ་དགའ་བའི་རྩེད་མོ་བཞིན་དུ་འཕངས་པ་དང་། ཆོག་ཤེས་པ་ལ་ནད་མེད་པ་བཞིན་དུ་འཕངས་པ་དང་། ཆོས་བཙལ་བ་ལ་སྨན་བཞིན་དུ་འཕངས་པ་དང་། སྐུལ་ཞིང་དྲན་པར་བྱེད་པ་ལ་སྨན་པ་བཞིན་དུ་འཕངས་པ་སྟེ། དེ་ལྟར་བཙུན་པ་ཤཱ་ར་དྭ་ཏིའི་བུ། གང་དབང་པོ་ཐམས་ཅད་ལ་དཔའ་མ་གོང་བ་འདི་ནི་དགའ་བ་ཆེན་པོ་ཞེས་བྱའོ།། དགའ་བ་ཆེན་པོ་ཞེས་བྱ་བ་ནི་རྟོགས་པའི་ཡེ་ཤེས་ཀྱི་ཕྱིར་ཞི་བའི་རྣམ་པའོ།། རྣམ་པར་མི་རྒོད་པའི་ཕྱིར་རབ་ཏུ་ཞུ། བའི་རྣམ་པའོ།། ཁེངས་པ་མ་ཡིན་པའི་ཕྱིར་ཤིན་ཏུ་བྱུང་བའི་རྣམ་པའོ།། མི་གཡེང་བའི་ཕྱིར་དབང་པོ་དཀའ་བའི་རྣམ་པའོ།། མི་ཉམས་པའི་ཕྱིར་བརྟུལ་ཞུགས། ཀྱི་རྣམ་པའོ།། འདོད་པའི་ཕྱིར་ངེས་པའི་རྣམ་པའོ།། བཀའ་བློ་བདེ་བའི་ཕྱིར་ཐོས་པའི་རྣམ་པའོ།། སེམས་ལས་སུ་རུང་བའི་ཕྱིར་ཉེ་བར་ཞི་བའི་རྣམ་པའོ།། ལས་ལེགས་པར་བྱས་པའི་ཕྱིར་དགའ་བའི་རྣམ་པའོ། ། ཁ་ན་མ་ཐོ་བ་མེད་པའི་ཕྱིར། མི་འགྱོད་པའི་རྣམ་པའོ།། མ་གཡོས་པའི་ཕྱིར་ཤིན་དུ་གནས་པའི་རྣམ་པའོ།། མི་གནས་པའི་ཕྱིར་མ་གཡོས་པའི་རྣམ་པའོ།། ། ཐུལ་པར་དཀའ་བའི་ཕྱིར་བསྙེན་དཀའ་བའི་རྣམ་པའོ།། ཆུད་མི་ཟ་བའི་ཕྱིར་དོན་གྱི་རྣམ་པའོ།། མ་ནོར་བ་དེ་བཞིན་ཉིད་ཀྱི་ཕྱིར། བདེན་པའི་རྣམ་པའོ།། དེ་བྱེད་པའི་ཕྱིར་དེ་ཁོ་ནའི་རྣམ་པའོ།། ། སྟོབས་ཀྱི་ཕྱིར་མོས་པའི་རྣམ་པའོ།། མི་བརྫི་བའི་ཕྱིར་སྟོབས་ཀྱི་རྣམ་པའོ།། སངས་རྒྱས་ཀྱི་ཆོས་ཐམ་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚོལ་བས་མི་སྐྱོ་བའི་ཕྱིར། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པའི་རྣམ་པའོ། ། འདི་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བ་ཆེན་པོ་མི་ཟད་པ་ཞེས་བྱའོ།། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་ཀྱང་མི་ཟད་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་རྣམ་པ་གསུམ་སྟེ། རྣམ་པ་གསུམ་གང་ཞེ་ན། ཉོན་མོངས་པ་ལ་བཏང་སྙོམས་པ་དང་། བདག་དང་གཞན་བསྲུང་བའི་བཏང་སྙོམས་པ་དང་། དུས་དང་དུས་མ་ཡིན་པ་ལ་བཏང་སྙོམས་པའོ།། དེ་ལ་ཉོན་མོངས་པ་ལ་བཏང་སྙོམས་པ་གང་ཞེ་ན། བསྟི་སྟང་དུ་བྱས་པས་མ་ཐོས་པར་མི་སེམས་པ་དང་། བསྟི་སྟང་དུ་མ་བྱས་པས་དམས་པར་མི་སེམས་པ་དང་། རྙེད་པས་སྙེམས་པ་མེད་པ་དང་། མ་རྙེད་པས་ཡི་ཆད་པ་མེད་པ་དང་། གྲགས་པ་ལ་མངོན་པར་དགའ་བ་མེད་ང་དང་མ་གྲགས་པས་ཞུམ་པ་མེད་པ་དང་། སྨད་པས་སྲོང་ཤི་བར་མི་འགྱུར་བ་དང་། བསྔགས་པ་ལ་ཆོས་ཉིད་རབ་ཏུ་གནས་པ་དང་། སྡུག་བསྔལ་ལ་སོ་སོར་རྟོགས་པའི་སྟོབས་དང་། བདེ་བ་ལ་མི་རྟག་ཅིང་སྡུག་བསྔལ་བར་རྟོག་པའི་སྟོབས་དང་། སྡུག་པ་འདོར་བ་དང་། ཁོང་ཁྲོ་བ་སྤོང་བ་དང་། མཛའ་བ་དང་མི་མཛའ་བ་ལ་སེམས་མཉམ་པ་དང་། ཚུལ་ཁྲིམས་ཅན་དང་། ངན་པའི་ངང་ཚུལ་ཅན་ལ་བློ་མཉམ་པ་དང་། ལེགས་པར་བྱས་པ་དང་ཉེས་པར་བྱས་པ་ལ་གཉིས་སུ་མི་འབྱེད་པ་དང་། སྡུག་པ་དང་མི་སྡུག་པར་མི་ལྟ་བ་དང་། ལེགས་པར་ཐོས་པ་དང་། ཉེས་པར་ཐོས་པ་ལ་མི་འབྱེད་པ་དང་། ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པ་ལ་བག་ལ་ཉལ་མེད་པ་དང་། རོ་མྱང་བའི་ཉེས་པ་རྣམས་ལ་མཚུངས་པར་ཡོངས་སུ་འཇལ་བ་དང་། སེམས་ཅན་ཐམས་ཅད་ལ་བསམ་པ་མཉམ་པ་དང་། ལུས་དང་སྲོག་ལ་མི་ལྟ་བ་དང་། རབ་དང་། འབྲིང་དང་། ཐ་མ་ལ་འོད་ཟེར་མཉམ་པ་དང་། བསྔགས་པ་དང་། བསྔགས་པ་མ་ཡིན་པ་ལ་སེམས་མཉམ་པ་དང་། བདེན་པ་དང་མི་བདེན་པ་ལ་བདག་གི་སེམས་ཡོངས་སུ་དགའ་བ་སྟེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་ལྟར་གང་བསྟི་སྟང་དུ་བྱེད་པ་དང་། གནོད་པར་བྱེད་པ་དང་མཐོ་དམན་དུ་མི་སེམས་ཤིང་དེ་ལ་བྱང་ཆུབ་སེམས་དཔའ་བཏང་སྙོམས་པ་ཡིན་ཏེ། འདི་ནི་བཙུན་པ་ཤཱ་ར་དྭེ་ཏིའི་བུ། བྱ་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ལ་བཏང་སྙོམས་པ་ཞེས་བྱའོ། ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་དང་གཞན་བསྲུང་བའི་བཏང་སྙོམས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ལུས་དང་ཡན་ལག་དང་ཉིང་ལག་རྣམས་བཅད་ཀྱང་། ཁོང་ཁྲོ་བར་མི་བྱེད་ཅིང་མི་ཚོལ་ཏེ། བཏང་སྙོམས་པ་ཡིན་ནོ།། ལུས་ཀྱི་རྣམ་པར་འགྱུར་བ་ལས་སམ། ངག་གི་རྣམ་པར་འགྱུར་བ་ལས་ཀྱང་རུང་སྟེ། གཉིས་ཀ་ལ་བཟོད་པས་ན། དེའི་ཕྱིར་བཏང་སྙོམས་ཞེས་བྱའོ།། མིག་གི་རྣམ་པས་ཀྱང་རྨ་མི་ཕྱིན། གཟུགས་ཀྱི་རྣམ་པས་ཀྱང་རྨ་མི་ཕྱིན་ཏེ། གཉིས་ཀས་ཀྱང་རྨ་མི་བྱིན་ཏོ། ། དེ་བཞིན་དུ་རྣ་བ་ལས་མ་ཡིན། སྨྲས་མ་ཡིན། སྣས་མ་ཡིན། དྲིས་མ་ཡིན། ལྕེས་མ་ཡིན། རོས་མ་ཡིན། ལུས་ཀྱིས་མ་ཡིན། རེག་བྱས་མ་ཡིན། ཡིད་ཀྱིས་རྣམ་པས་ཀྱང་རྨ་མི་ཕྱིན། ཆོས་ཀྱི་རྣམ་པས་ཀྱང་རྨ་མི་ཕྱིན་ཏེ། དེའི་ཕྱིར་བཏང་སྙོམས་ཞེས་བྱའོ།། རྨ་མི་ཕྱིན་ཞིང་ཉམས་པ་མེད་པས་དེའི་ཕྱིར་བཏང་སྙོམས་ཞེས་བྱའོ། ། རྨ་ཕྱུང་བ་ལ་རྨ་མི་འབྱིན་པས་དེའི་ཕྱིར་བཏང་སྙོམས་ཞེས་བྱའོ།། བདག་དང་གཞན་དང་གཉིས་ཀ་བསྲུང་བས་དེའི་ཕྱིར་བཏང་སྙོམས་ཞེས་བྱའོ།། ཕན་པར་འདོད་པ་དང་མི་ཕན་པར་འདོད་པ་ལ་མཉམ་པར་སྦྱོར་བས་བཏང་སྙོམས་ཞེས་བྱའོ། ། བཏང་སྙོམས་ནི་མཆོག་ཏུ་བརྩོད་པ་མེད་པའོ།། བཏང་སྙོམས་ནི་བདག་གི་སེམས་ངེས་པར་རྟོགས་པའོ།། བཏང་སྙོམས་ནི་གཞན་གྱི་སེམས་བསྲུང་བའོ། ། བཏང་སྙོམས་ནི་བདག་ལ་རྟོག་པའོ།། བཏང་སྙོམས་ནི་སེམས་ཅན་ལ་གནོད་པ་མེད་པའོ།། བཏང་སྙོམས་ནི་བྱང་ཆུབ་སེམས་དཔའི་མཉམ་པར་གཞག་པའི་གནས་སྐབས་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་བདག་དང་གཞན་སྲུང་བའི་བཏང་སྙོམས་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་དུས་དང་དུས་མ་ཡིན་པ་ལ་བཏང་སྙོམས་པ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་སེམས་དཔའ་ཐམས་ཅད་དུ་བཏང་སྙོམས་པར་བཀའ་མི་སྩོལ་ཏེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྟག་ཏུ་བདག་དང་གཞན་དགེ་བའི་ཆོས་བཙལ་བ་ལ་བརྩོན་བཞིན་འབད་པར་བྱ་སྟེ། དེས་དུས་དང་དུས་མ་ཡིན་པར་བཏང་སྙོམས་པར་བྱའོ།། དེ་ལ་དུས་དང་དུས་མ་ཡིན་པའི་བཏང་སྙོམས་གང་ཞེ་ན། སྣོད་མ་ཡིན་པ་དང་། ཉན་པར་མི་འདོད་པའི་སེམས་ཅན་ལ་བཏང་སྙོམས་པ་དང་། མ་རྙེད་པ་དང་། སྨད་པ་དང་། མ་གྲགས་པ་དང་། སྡུག་བསྔལ་བ་ལ་བཏང་སྙོམས་པ་དང་། སེམས་ཅན་ཉན་ཐོས་ཀྱི་ཐེག་པ་ཅན་མི་འགྱུར་བ་ལ་ཞུགས་པ་ལ་བཏང་སྙོམས་པ་དང་། སྦྱིན་པའི་དུས་ན་ཚུལ་ཁྲིམས་བརྟུལ་བའི་བཏང་སྙོམས་དང་། བཟོད་པའི་དུས་ན་བརྩོན་འགྲུས་བརྟུལ་བའི་བཏང་སྙོམས་དང་། བརྩོན་འགྲུས་ཀྱི་དུས་ན་བསམ་གཏན་བརྟུལ་བའི་བཏང་སྙོམས་དང་། བསམ་གཏན་གྱི་དུས་ན་སྦྱིན་པ་ལ་ཆགས་པ་བརྟུལ་བའི་བཏང་སྙོམས་དང་། ཤེས་རབ་ཀྱི་དུས་ན་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་དམིགས་པའི་བརྟུལ་བའི་བཏང་སྙོམས་ཏེ། འདི་ནི་དུས་དང་དུས་མ་ཡིན་པ་ལ་བཏང་སྙོམས་པ་ཞེས་བྱའོ།། དེ་ལྟར་གང་མི་བྱ་བའི་ཆོས་མི་བྱེད་པ་འདི་ནི་བཏང་སྙོམས་ཞེས་བྱ་སྟེ། དེ་དང་དེ་ལ་མི་རྩོལ་བའོ།། གང་གདོན་མི་ཟ་བར་བྱ་བའི་ཆོས་ལ་གནས་པ་མེད་པ་དང་། བརྩོན་འགྲུས་དང་། སྟོབས་དང་། མོས་པ་དང་། མཐུ་དང་།། བརྩོན་པ་མི་འདོར་བ་སྟེ། དགེ་བའི་ཆོས་དེ་དང་དེ་དག་ཡོངས་སུ་རྫོགས་པར་བྱེད་པ་འདི་ནི། བཙུན་པ་ཤཱ་ར་དྭ་ཏིའི་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་མི་ཟད་པ་ཞེས་བྱའོ།། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ཐེག་པ་ཆེན་པོའི་མདོ། བམ་པོ་བནི་པ། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་ལྔ་མི་ཟད་པ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། འཕྲུལ་གྱི་མིག་དང་། འཕྲུལ་གྱི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གནས་པ་དྲན་པ་དང་རྫུ་འཕྲུལ་གྱི་བྱ་བ་ཤེས་པའོ། ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕྲུལ་གྱི་མིག་གང་ཞེ་ན། གང་ལྷ་ཐམས་ཅད་ཀྱི་འཕྲུལ་གྱི་མིག་དང་། གང་ཀླུ་ཐམས་ཅད་དང་། གནོད་སྦྱིན་ཐམས་ཅད་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱི་འཕྲུལ་གྱི་མིག་དང་། གང་སློབ་པ་དང་། མི་སློབ་པ་དང་། ཉན་ཐོས་ཐམས་ཅད་ཀྱི་འཕྲུལ་གྱི་མིག་དང་། རང་སངས་རྒྱས་ཐམས་ཅད་ཀྱི་འཕྲུལ་གྱི་མིག་དེ་དག་པས་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ལས་བྱུང་བ། རྒྱ་ཆེན་པོ་ལས་བྱུང་བ་རྣམས་ཀྱི་འཕྲུལ་གྱི་མིག་ནི་ཆེས་མཆོག་གོ། ཆེས་དམ་པའོ།། ཆེས་རབ་བོ།། ཆེས་འཕྲུལ་ལོ།། ཆེས་གསལ་ལོ།། ཆེས་བཟང་ངོ་།། ཆེས་སྟོབས་དང་ལྡན་ནོ།། ཆེས་འོད་གསལ་ཏེ། འཕྲུལ་གྱི་མིག་དེས་ཇི་སྙེད་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་སུ་སྣང་བ་ཆེ་ཡང་རུང་། ཆུང་ཡང་རུང་། བཟང་ཡང་རུང་། ངན་ཡང་རུང་རིང་ཡང་རུང་། ཉེ་ཡང་རུང་སྟེ། དེ་དག་ཐམས་ཅད་དེ་དག་གི་འཕྲུལ་གྱི་མིག་དེས་ཤེས་ཤིང་སྣང་བ་དང་། རྟོགས་པ་དང་། ཤིན་ཏུ་རིག་པ་དང་། ཤིན་ཏུ་མཐོང་བར་འགྱུར་ག་ཨང་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་མེད་པ་མ་གཏོགས་པར་འགྲོ་བ་ཀུན་ཏུ་སྐྱེས་པའི་སེམས་ཅན་གང་དེ་དག་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། ། དེ་དག་གི་ལས་ཀྱི་རྒྱུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རང་ཏུ་ཤེས་སོ།། དེ་དག་གི་ལས་ཀྱི་འབྲས་བུ་དང་། དབང་པོའི་རིམ་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། ། ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ན། གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་དག་ཐམས་ཅད་མཐོང་སྟེ། མཐོང་ནས་ཀྱང་བདག་གི་ཚུལ་ཁྲིམས་ཡོངསསུ་དག་པས་རང་གི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་དག་པའི་ཕྱིར། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་རྣམས་ཡོངས་སུ་བསྔོ་སྟེ། ཚུལ་ཁྲིམས་ཀྱི་ཡོན་ཏན་ལ་གནས་པ་དེ་དག་གི་སྔོ་བ་ཡོངས་སུ་འགྲུབ་པར་འགྱུར་རོ།། དེ་དག་འཕྲུལ་གྱི་མིག་དེས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བྱང་ཆུབ་སེམས་དཔའི་དགེ་འདུན་དེ་དག་ཐམས་ཅད་ཀྱང་མཐོང་ངོ་། ། མཐོང་ནས་ཀྱང་གང་སྐྱེས་བུ་དམ་པ་དེ་དག་གི་ཆོ་ག་དང་། སྤྱོད་པ་དང་། སྤྱོད་ཡུལ་དང་། དྲན་པ་དང་། ཤེས་བཞིན་དང་། སྤྱོད་ལམ་དང་། གནས་དང་། མཐུ་དང་། ཆོས་དང་། རྣམ་པར་ཐར་པ་དང་། ཡེ་ཤེས་དང་། རྟེན་དང་། གཟུངས་དང་། སྤོབས་པ་ལ་མཁས་པ་དང་། ཤེས་རབ་དང་། ཡེ་ཤེས་དང་། ཐབས་མཁས་པ་ལ་འཇུག་པ་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ།། དེ་དག་གི་མིག་དེ་ནི་གཟུགས་ཐམས་ཅད་མཐོང་བས་ན་བསྒྲིབ་པ་མེད་པའོ།། དེ་དག་གི་མིག་དེ་ནི་གཟུག་ཐམས་ཅད་ལ་མི་ཆགས་པས་ན་ཆགས་པ་མེད་པའོ། ། དེ་དག་གི་མིག་དེ་ནི་བག་ལ་ཉལ་བ་དང་། ལྟ་བ་དང་། ཀུན་ནས་ལྡང་བ་ལས་རྣམ་པར་གྲོལ་བའོ།། དེ་དག་གི་མིག་དེ་ནི་རང་བཞིན་གྱིས་འོད་གསལ་བས་ན་རྣམ་པར་དག་པའོ། ། དེ་དག་གི་མིག་དེ་ནི་ཡུལ་ཐམས་ཅད་ལ་མི་གནས་པའོ།། དེ་དག་གི་མིག་དེ་ནི་ཉོན་མོངས་པ་དང་། བག་ལ་ཉལ་ཐམས་ཅད་ལ་མི་སྐྱེ་བའོ།། དེ་དག་གི་མིག་དེ་ནི་ཐེ་ཙོམ་མེད་པས་ན། རབ་རིབ་མེད་པའོ།། དེ་དག་གི་མིག་དེ་ནི་སྒྲིབ་པར་འགྱུར་བའི་ཆོས་ཐམས་ཅད་ལ་ཀུན་ནས་མ་ལངས་པའོ།། དེ་དག་གི་མིག་དེ་ནི་ཆོས་ཐམས་ཅད་དུ་སྣང་བ་ལ་གསལ་བ་ཐོབ་པའོ། ། དེ་དག་གི་མིག་དེ་ནི་ཡེ་ཤེས་ཀྱི་ཕྱིར་འབྲང་བ་སྟེ། རྣམ་པར་ཤེས་པའི་སྤྱོད་ཡུལ་མ་ཡིན་ནོ།། དེ་དག་གི་མིག་དེ་ནི་ཉོན་མོངས་པ་ཐམས་ཅད་ཀྱིས་མ་ཆགས་མི་སྡང་མ་རྨོངས་པའོ། ། དེ་དག་གི་མིག་དེ་ནི་འཕགས་པའི་དབང་པོ་ངེས་པར་འབྱེད་པ་ལ་སྟོན་པའོ།། དེ་དག་གི་མིག་དེ་ནི་སེམས་ཅན་ཐམས་ཅད་ལ་འོད་ཟེར་མཉམ་པར་གཏོང་བས་ན། ཐོགས་པ་མེད་པའི་མཚན་ཉིད་དོ། ། དེ་དག་གི་མིག་དེ་ནི་སེམས་ཀྱི་མི་དགེ་བའི་ཆོས་དང་བྲལ་བས་ན་བདེན་པའོ།། དེ་དག་གི་མིག་དེ་ནི་རང་བཞིན་གྱིས་ཀུན་ནས་ཉོན་མི་མོངས་པས་ན་དྲི་མ་མེད་པའོ།། དེ་དག་གི་མིག་དེ་ནི་བསམ་པ་མ་བཏང་བས་ན། སངས་རྒྱས་ཀྱི་སྤྱན་གྱིས་མངོན་པར་བསྒྲུབས་པའོ།། དེ་དག་གི་མིག་དེ་ནི་སྡུག་པ་དང་། ཁོང་ཁྲོ་བ་དང་བྲལ་བའི་ཕྱིར་མ་ཆགས་མ་བཅིངས་པའོ།། དེ་དག་གི་མིག་དེ་ནི་དོན་གྱི་སྤྱོད་ཡུལ་བདེན་པས་ཉེ་བར་བསྒྲུབས་ཤིང་། ཆོས་རྣམ་པར་དག་པ་ཤེས་པའི་ལམ་ལ་མ་ཆགས་པར་སྤྱོད་པའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེས་བུ་དམ་པ་དེ་དག་ནི་སྙིང་རྗེ་ཆེན་པོ་ལ་གནས་པ། ཆོས་རིག་པ། དོན་རྟོགས་པ། ཁ་ན་མ་ཐོ་བ་མེད་པ། ཇི་ལྟར་མཐོང་བ་དང་། ཐོས་པ་བཞིན་དུ་ཆོས་སྨྲ་བ། མི་དགེ་བ་ལ་རྒྱབ་ཀྱིས་བལྟས་པ། བྱང་ཆུབ་ཀྱི་སྙིང་པོ་ལ་མངོན་པར་ཕྱོགས་པ། སེམས་གང་དུ་ཡང་ཐོགས་པ་མེད་པ། འཇུངས་པ་རྣམས་ལ་གཏོང་བ་དང་ལྡན་པ། ངན་པའི་ངང་ཚུལ་ཅན་རྣམས་ལ་སྙིང་བརྩེ་བ། སེམས་ཀྱིས་གནོད་པར་སེམས་པ་རྣམས་ལ་གནོད་པར་མི་སེམས་པ། ལེ་ལོ་ཅན་རྣམས་ལ་བརྩོན་འགྲུས་སྒྲུབ་པར་བྱེད་པ། སེམས་གཡེང་བ་རྣམས་ལ་བསམ་གཏན་གྱི་ཡན་ལག་སྟོན་པ། འཆལ་པའི་ཤེས་རབ་ཅན་རྣམས་ལ་ཤེས་རབ་ཀྱི་མིག་སྦྱིན་པ། ལམ་ངན་པར་ཞུགས་པ་རྣམས་ལ་ལམ་སྟོན་པ། ཆུང་ངུ་ལ་དད་པ་རྣམས་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་མོས་པར་བྱེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཛུད་པ། བྱང་ཆུབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། མངོན་པར་ཤེས་པ་མ་ཉམས་པ་རྣམས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕྲུལ་གྱི་མིག་མངོན་པར་ཤེས་པ་མི་ཟད་པ་ཞེས་བྱའོ། ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕྲུལ་གྱི་རྣ་བ་མངོན་པར་ཤེས་པ་མི་ཟད་པ་གང་ཞེ་ན། གང་ལྷ་ཐམས་ཅད་ཀྱི་འཕྲུལ་གྱི་རྣ་བ་དང་། གང་ཀླུ་ཐམས་ཅད་དང་། གནོད་སྦྱིན་ཐམས་ཅད་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱི་འཕྲུལ་གྱི་རྣ་བ་དང་། གང་སློབ་པ་དང་། མི་སློབ་པའི་ཉན་ཐོས་ཐམས་ཅད་ཀྱི་འཕྲུལ་གྱི་རྣ་བ་དང་། གང་རང་སངས་རྒྱས་ཐམས་ཅད་ཀྱི་འཕྲུལ་གྱི་རྣ་བ་དེ་དག་པས།། བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ལས་བྱུང་བ། རྒྱ་ཆེན་པོ་ལས་བྱུང་བ་རྣམས་ཀྱི་འཕྲུལ་གྱི་རྣ་བ་ཆེས་མཆོག་གོ།། ཆེས་དམ་པའོ།། ཆེས་རབ་བོ།། ཆེས་གསལ་ལོ།། ཆེས་བཟང་ངོ་། ། ཆེས་སྟོབས་དང་ལྡན་པའོ།། ཆེས་འོད་གསལ་ཏེ། འཕྲུལ་གྱི་རྣ་བ་དེས་གང་ཕྱོགས་བཅུ་མཐའ་ཡ་ས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ན་གང་སྒྲར་གྲགས་པ། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་སྒྲ་རྣམས་དང་གང་ཡང་འཕགས་པའི་སྒྲ། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྒྲ་དེ་དག་ཐམས་ཅད་དེའི་འཕྲུལ་གྱི་རྣ་བའི་དབང་པོ་ལ་གྲགས་པར་འགྱུར་ཏེ། དེ་ན་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་པ་དང་། སྦྲང་བུ་དང་། བྱེ་མ་ལེབ་དང་། སྐུར། བུ་དང་། བུང་བ་དག་གི་སྒྲ་དེ་དག་ཐམས་ཅད་ཀྱང་ཐོས་སོ།། སེམས་ཀྱི་དམིགས་པ་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མི་སྟོན་པ་གང་གིས་སེམས་ཅན་དེ་དག་གི་ངག་གི་ལས་འབྱུང་བ་ཐམས་ཅད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། ། ངག་གི་ལས་གང་དགེ་བའི་རྒྱུ་ཡོངས་སུ་འཛིར་པ་དང་། ངག་གི་ལས་གང་མི་དགེ་བའི་རྒྱུ་ཡོངས་སུ་འཛིན་པ་དང་། ངག་གི་ལས་གང་ལུང་དུ་མི་སྟོན་པའི་རྒྱུ་ཡོངས་སུ་འཛིན་པ་དེ་དག་ཐམས་ཅད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། ངག་གི་ལས་གང་འདོད་ཆགས་བག་ལ་ཉལ་ལ་ཞེ་སྡང་བས་འབྱུང་བ་དང་། ངག་གི་ལས་གང་འདོད་ཆགས་བག་ལ་ཉལ་ལ་རྨོངས་པས་འབྱུང་བ་དང་། ངག་གི་ལས་གང་ཞེ་སྡང་བག་ལ་ཉལ་ལ་ཆགས་པས་འབྱུང་བ་དང་། ངག་གི་ལས་གང་ཞེ་སྡང་བག་ལ་ཉལ་ལ་རྨོངས་པས་འབྱུང་བ་དང་། ངག་གི་ལས་གང་གཏི་མུག་པག་ལ་ཉལ་ལ་ཆགས་པས་འབྱུང་བ་དང་། ངག་གི་ལས་གང་གཏི་མུག་བག་ལ་ཉལ་ལ་ཞེ་སྡང་ལས་འབྱུང་བ་དང་ངག་གི་ལས་གང་འདོད་ཆགས་བག་ལ་ཉལ་ལ་ཆགས་པས་འབྱུང་བ་དང་། ངག་གི་ལས་གང་ཞེ་སྡང་བག་ལ་ཉལ་ལ་ཞེ་སྡང་ལས་འབྱུང་བ་དང་། ངག་གི་ལས་གང་གཏི་མུག་བག་ལ་ཉལ་ལ་རྨོངས་པས་འབྱུང་བ་དེ་དག་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། ། ངག་གི་ལས་གང་བསམ་པ་དག་ལ་སྦྱོར་བ་ཉམས་པ་དང་། ངག་གི་ལས་གང་ལས་སྦྱོར་བ་དག་ལ་བསམ། པ་ཉམས་པ་དང་། ངག་གི་ལས་གང་བསམ་པའང་དག་ལ། སྦྱོར་བའང་དག་པ་དང་། ངག་གི་ལས་གང་བསམ་པའང་མ་དག་ལ། སྦྱོར་བའང་མ་དག་པ་དེ་ཐམས་ཅད་ཐོགས་པ་མེད། པའི་འཕྲུལ་གྱི་རྣ་བ་མངོན་པར་ཤེས་པའི་ཡེ་ཤེས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། དེ་དག་འཕྲུལ་གྱི་རྣ་བ་མངོན་པར་ཤེས་པའི་ཡེ་ཤེས་དེས་འཕགས་པ་དང་། འཕགས་པ་མ་ཡིན་པའི་སྒྲ་རྣམས་ཐོས་ཏེ། ཐོས་ནས་ཀྱང་འཕགས་པའི་སྒྲ་ལ་ཆགས་པར་ཡང་མི་འགྱུར། འཕགས་པ་མ་ཡིན་པའི་སྒྲ་ལ་ཁོང་ཁྲོ་བར་ཡང་མི་འགྱུར་ཏེ། དེ་འཕགས་པའི་སྒྲ་ལ་བྱ་བས་པ་ཆེན་པོ་ཐོབ་ཅིང་། འཕགས་པ་མ་ཡིན་པ་རི་སྒྲ་ལ་སྙིང་རྗེ་ཆེན་པོ་ཐོབ་བོ།། སྒྲ་ཐམས་ཅད་ལའང་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་བྱེ་བྲག་འབྱེད་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། ། དེ་དག་འཕྲུལ་གྱི་རྣ་བའི་མངོན་པར་ཤེས་པའི་ཡེ་ཤེས་དེས། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་ཐོས་ཏེ། ཐོས་ནས་ཀྱང་དྲན་པ་དང་། ཤེས་བཞིན་དང་དྲན་པ་མི་བརྗེད་པའི་ཆོས་ཉིད་ཀྱིས་ཐམས་ཅད་འཛིན་ཏོ། ། བཟུང་ནས་ཀྱང་བརྗེད་པར་མི་བྱེད་ཅིང་། གནོད་སེམས་བཞིན་དུ་སེམས་ཅན་རྣམས་ལ་དྲན་པར་བྱེད་དེ། སྙིང་པོ་དང་། སྙིང་པོ་མ་ཡིན་པའི་ཆོས་རྣམས་ཀྱང་རབ་ཏུ་ཤེས་སོ། ། དེ་བཞིན་གཤེགས་པ་གཅིག་གི་ཆོས་བསྟན་པ་ཉན་པ་ན། དེ་བཞིན་གཤེགས་པ་གང་གིས་ཆོས་བསྟན་པ་ལ་སྒྲིབ་པའི་བྱ་བ་འམ་ཀུན་ནས་ལྡང་བའི་བྱ་བ་མི་བྱེད་དེ། སྔ་ཕྱི་མེད་པར་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་མ་ཀུན་འཛིན་ཏོ།། གང་དགེ་བ་དང་། མི་དགེ་བ་དང་། སྲང་དུ་མི་ཀོན་པ་འི་བྷཱུ། རྣམས་ཐོས་པའང་དུས་དུས་སུ་ཤེས་བཞིན་དུ་སྨྲའོ།། གལ་ཏེ་འཁོར་གྱི་དུས་ཡིན་ཀྱང་། ཆོས་བསྟན་པའི་དུས་མ་ཡིན་པར་རིག་ནས། ཆོས་ཀྱང་མི་སྟོན་པར་གཞོག་གོ། ཆོས་སྟོན་པའི་དུས་ཡིན་ལ། འཁོར་གྱི་དུས་མ་ཡིན་ན། དབང་གཅིག་པར་གྱུར་ཀྱང་ཐམས་ཅད་ལ་མི་སྟོན་ཏེ། བདེན་པར་ལུང་སྟོན་པའང་གཞན་ལ་གནོད་ན་ལུང་མི་སྟོན་ཅིང་། མི་བདེན་པའི་ལུང་བསྟན་པ་ལས། དོན་དང་ལྡན་ཞིང་གཞན་རྗེས་སུ་གཟུང་བ་དང་། མཐུན་ན་ཐབས་མཁས་པ་དང་། བདག་གི་སེམས་ཡོངས་སུ་དག་པས་ལུང་སྟོན་ཏོ།། སྒྲ་ཇི་ལྟ་བུ་ཉན་པར་འདོད་པ་དེ་ལྟ་བུའི་སྒྲ་ཐོས་ཏེ། སྒྲ་ཇི་ལྟ་བུ་ཉན་པར་མི་འདོད་པ་དེ་ལྟ་བུའི་སྒྲ་མི་ཐོས་སོ།། འཁོར་གང་ན་ཆོས་བསྟན་པ་དེའི་སེམས་ཅན་རྣམས་ཀྱི་རྣ་བའི་གནས་ཀྱི་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཏེ། ཤེས་ནས་ཀྱང་རང་བཞིན་དེ་འདྲ་བའི་ཆོས་སྟོན་ཏོ།། དེ་ལ་སེམས་ཅན་གང་ཆོས་ཤེས་པར་བྱེད་པ་དེ་དག་ནི་དེའི་ཆོས་བསྟན་པ་ཐོས་སོ།། སེམས་ཅན་གང་ཆོས་ཤེས་པར་བྱེད་པ་མ་ཡིན་པ་དེ་དག་ནི་དེའི་ཆོས་བསྟན་པ་མི་ཐོས་སོ། ། དེའི་རྣ་བའི་ཁམས་དེ་ཆོས་ཀྱི་དབྱིངས་ཤིན་ཏུ་བྱེད་པར་དག་པ་ཡིན། དེའི་རྣ་བའི་ཁམས་ཡེ་ཤེས་རྣམ་པར་དག་པ་ཡིན། དེའི་རྣ་བའི་ཁམས་དེ་བདག་གི་ཁམས་རྣམ་པར་དག་པ་ཡིན། དེ་དག་གི་རྣ་བའི་ཁམས་དེ་སེམས་ཅན་གྱི་ཁམས་དང་། སྲོག་གི་ཁམས་དང་། གང་ཟག་གི་ཁམས་རྣམ་པར་དག་པ་ཡིན། དེས་རྣ་བའི་ཁམས་དེ་སྒྲ་དང་། ཡི་གེ་དང་། ངེས་པའི་ཚིག་ཇི་ལྟ་བ་བཞིན་དུ་ཐོས་པས་ཤིན་ཏུ་བརྟགས་པ་ཡིན། གང་ཡང་འགྲོ་བ་ལྔར་སྐྱེས་པའི་སེམས་ཅན་རྣམས་ཀྱི་སྒྲ་དང་། ཡི་གེ་དང་། ངེས་པའི་ཚིག་དང་། སྒྲ་སྣ་ཚོགས་པ་དེ་དག་ལ་སྐད་ཇི་ལྟ་བ་བཞིན་འཇུག་པས་ཆོས་སྟོན་ཏོ།། དེའི་འཕྲུལ་གྱི་རྣ་བའི་ཁམས་དེ་ཐེག་པ་གཞན་ལ་མི་ཉན་པའི་ཕྱིར། དེ་བཞིན་གཤེགས་པའི་འཕྲུལ་གྱི་སྙན་དུ་བསྔོས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕྲུལ་གྱི་རྣ་བའི་མངོན་པར་ཤེས་པ་མི་ཟད་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་མི་ཟད་པ་གང་ཞེ་ན། ཕ་རོལ་གྱི་སེམས་ཤེས་པ་ཞེས་བྱ་བ་ནི། གང་སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་མཐའི་སེམས་ཤེས་པ་དང་། ཕྱི་མའི་མཐའི་སེམས་ཤེས་པའོ། ། ད་ལྟར་བྱུང་བའི་སེམས་ཤེས་པའོ།། དེ་འདས་པའི་སེམས་ཤེས་པས་སེམས་ཅན་རྣམས་ཀྱི་སྔོན་གྱི་རྒྱུའི་སེམས་ལ་འཇུག་པ་དང་། སེམས་ཅན་འདིའི་སེམས་འདི་ནི་རྒྱུ་ཆེའོ།། ། སེམས་ཅན་འདིའི་སེམས་འདི་ནི་རྒྱུ་འབྲིང་ངོ་།། སེམས་ཅན་འདིའི་སེམས་འདི་ནི་རྒྱུ་ཆུང་ངོ་།། སེམས་ཅན་འདིའི་དབང་པོ་རྣམས་ནི་སྦྱིན་པའི་རྣམ་པའི་རྒྱུ་དང་ལྡན་ནོ།། སེམས་ཅན་འདིའི་དབང་པོ་རྣམས་ནི་ཚུལ་ཁྲིམས་ཀྱི་རྣམ་པའི་རྒྱུ་དང་ལྡན་ནོ། ། སེམས་ཅན་འདིའི་དབང་པོ་རྣམས་ནི་བཟོད་པའི་རྣམ་པའི་རྒྱུ་དང་ལྡན་ནོ།། སེམས་ཅན་འདིའི་དབང་པོ་རྣམས་ནི་བརྩོན་འགྲུས་ཀྱི་རྣམ་པའི་རྒྱུ་དང་ལྡན་ནོ། ། སེམས་ཅན་འདིའི་དབང་པོ་རྣམས་ནི་བསམ་གཏན་གྱི་རྒྱུ་དང་ལྡན་ནོ།། སེམས་ཅན་འདིའི་དབང་པོ་རྣམས་ནི་ཤེས་རབ་ཀྱི་རྣམ་པའི་རྒྱུ་དང་ལྡན་ནོ། ། སེམས་ཅན་འདིའི་དབང་པོ་རྣམས་ནི་བྱམས་པའི་རྣམ་པའི་རྒྱུ་དང་ལྡན་ནོ།། སེམས་ཅན་འདིའི་དབང་པོ་རྣམས་ནི་སྙིང་རྗེའི་རྣམ་པའི་རྒྱུ་དང་ལྡན་ནོ།། སེམས་ཅན་འདིའི་དབང་པོ་རྣམས་ནི། དགའ་བའི་རྣམ་པའི་རྒྱུ་དང་ལྡན་ནོ།། སེམས་ཅན་འདིའི་དབང་པོ་རྣམས་ནི་བཏང་སྙོམས་ཀྱི་རྣམ་པའི་རྒྱུ་དང་ལྡན་ནོ།། སེམས་ཅན་འདིའི་དབང་པོ་རྣམས་ནི་ཉན་ཐོས་ཀྱི་ཐེག་པའི་རྣམ་པའི་རྒྱུ་དང་ལྡན་ནོ། ། སེམས་ཅན་འདིའི་དབང་པོ་རྣམས་ནི་རང་སངས་རྒྱས་ཀྱི་ཐེག་པའི་རྣམ་པའི་རྒྱུ་དང་ལྡན་ནོ།། སེམས་ཅན་འདིའི་དབང་པོ་རྣམས་ནི་ཐེག་པ་ཆེན་པོའི་རྣམ་པའི་རྒྱུ་དང་ལྡན་ནོ།། སེམས་ཅན་འདིའི་རྒྱུའི་སྟོབས་ཅན་ཏེ། དགེ་བའི་རྩ་བའི་རྒྱུའི་རྒྱུན་མི་འཆད་པ་དང་ལྡན་ན། སེམས་ཅན་དེས་སྦྱོར་བའི་རྒྱུས་རིགས་ཆུང་ངུར་སྐྱེས་སོ།། སེམས་ཅན་འདིའི་བསམ་པ་དག་ལ་སྦྱོར་བ་མ་དག་པའོ། ། སེམས་ཅན་འདིའི་སྦྱོར་བ་དག་ལ། བསམ་པ་མ་དག་པའོ།། སེམས་ཅན་འདིའི་བསམ་པ་དག་ལ་སྦྱོར་བའང་དག་པའོ།། སེམས་ཅན་འདིའི་བསམ་པའང་མ་དག་ལ་སྦྱོར་བའང་མ་དག་པའོ་ཞེས་གང་སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་རྒྱུའི་དབང་པོ་ལས་སེམས་ཀྱི་སྤྱོད་པ་ཤེས་པ་དེ་དག་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཤེས།། ནས་ཀྱང་སོ་སོ་ཅི་རིགས་པར་ཆོས་སྟོན་པ་འདི་ནི། སྔོན་གྱི་མཐའི་ཕ་རོལ་གྱི་སེམས་ཤེས་པ་ཞེས་བྱའོ།། དེ་ལ་ཕྱི་མའི་མཐའི་ཕ་རོལ་གྱི་སེམས་ཤེས་པ་གང་ཞེ་ན། སེམས་ཅན་འདིའི་ད་ལྟར་གྱི་སྦྱིན་པའི་རྒྱུ་ནི། མ་འོངས་པའི་དུས་ན་འདིའི་ཚུལ་ཁྲིམས་ཀྱི་རྒྱུར་འགྱུར་རོ།། སེམས་ཅན་འདིའི་ད་ལྟར་གྱི་ཚུལ་ཁྲིམས་ཀྱི་རྒྱུ་ནི། མ་འོངས་པའི་དུས་ན་འདིའི་བཟོད་པའི་རྒྱུར་འགྱུར་སེམས་ཅན་འདིའི་ད་ལྟར་གྱི་བཟོད་པའི་རྒྱུ་ནི། མ་འོངསའི་དུས་ན་འདིའི་བརྩོན་འགྲུས་ཀྱི་རྒྱུར་འགྱུར་རོ།། སེམས་ཅན་འདིའི་ད་ལྟར་གྱི་བརྩོན་འགྲུས་ཀྱི་རྒྱུ་ནི་མ་འོངས་པའི་དུས་ན་འདིས་བསམ་གཏན་གྱི་རྒྱུར་འགྱུར་རོ། ། སེམས་ཅན་འདིའི་ད་ལྟར་གྱི་བསམ་གཏན་གྱི་རྒྱུ་ནི། མ་འོངས་པའི་དུས་ན་འདིའི་ཤེས་རབ་ཀྱི་རྒྱུར་འགྱུར་རོ།། སེམས་ཅན་འདིའི་ད་ལྟར་གྱི་འཇིག་རྟེན་པའི་ཤེས་པ་དང་སྤྱོད་པའི་རྒྱུ་ནི་མ་འོངས་པའི་དུས་ན་འདིའི་འཇིག་རྟེན་ལས་འདས་པའི་རྒྱུར་འགྱུར་རོ། ། སེམས་ཅན་འདིའི་ད་ལྟར་གྱི་དབང་པོ་ཐ་མའི་རྒྱུ་ནི་མ་འོངས་པའི་དུས་ན་འདིའི་ཐེག་པ་ཆེན་པོའི་རྒྱུར་འགྱུར་རོ་ཞེས་དེ་ལྟར་མ་འོངས་པའི་དུས་ན། སེམས་ཅན་རྣམས་ཀྱི་རྒྱུ་གང་དང་། རྐྱེན་གང་དང་། རྣམ་པ་གང་འབྱུང་བར་འགྱུར་བའི་སེམས་ཅན་རྣམས་ཀྱི་རྒྱུ་དེ་དག་དང་རྐྱེན་དེ་དག་དང་། རྣམ་པ་དེ་དག་བྱང་ཆུབ་སེམས་དཔས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ།། དེ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་སྐྱོ་བར་མི། འགྱུར་ཏེ། དེའི་སེམས་ལ་འཇུག་པའི་ཤེས་པ་དང་། ཆོས་ཀྱི་སྣོད་དུ་གྱུར་པ་ཇི་སྙེད་པ་དེ་སྙེད་དུ་ཆོས་སྟོན་ཏོ།། དེ་འབྲས་བུ་ཡོད་པར་ཆོས་སྟོན་པ་ཡིན་ཏེ། ཆོས་ཀྱི་གཏམ་ལ་སེར་སྣ་མི་བྱེད་པ་འདི་ནི། ཕྱི་མའི་མཐའི་ཕ་རོལ་གྱི་སེམས་ཤེས་པ་ཞེས་བྱའོ།། དེ་ལ་ད་ལྟར་གྱི་ཕ་རོལ་གྱི་སེམས་ཤེས་པ་གང་ཞེ་ན། གང་ད་ལྟར་གྱི་དུས་ན་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བ་སྐྱེ་བ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། དེས་འདོད་ཆགས་དང་བཅས་པའི་སེམས་ཀྱང་། འདོད་ཆགས་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། ། འདོད་ཆགས་དང་བྲལ་བའི་སེམས་ཀྱང་འདོད་ཆགས་དང་བྲལ་བའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། དེ་བཞིན་དུ་ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་དང་། ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་དང་བྲལ་བ་དང་། བསྡུས་པ་དང་། གཡེང་བ་དང་། ཞུམ་པ་དང་། མ་ནུམ་པ་དང་། རྒོད་པ་དང་། མི་རྒོད་པ་དང་། ཞི་བ་དང་། མ་ཞི་བ་དང་། ཆུང་ངུ་དང་། ཡངས་པ་དང་། ཆེན་པོར་གྱུར་པ་དང་། ཚད་མེད་པའི་སེམས་ཀྱང་ཚད་མེད་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟར་ཉོན་མོངས་པ་གང་དང་གང་གིས་སེམས་བསྒྲིབས་པར་གྱུར་པ་དེ་དག་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་ཤེས་རབ་ཀྱིས་ཇི་ལྟར་ཉོན་མོངས་པ་ལས་འབྱུང་བར་འགྱུར་བའི་ཆོས་སྟོན་ཏོ། ། དེ་འཁོར་གང་དུ་འགྲོ་བར་ཕོག་མ་ཉིད་དུ་འཁོར་དེའི་སེམས་ལ་བལྟ་སྟེ། བལྟས་ནས་ཀྱང་སོ་སོ་ཅི་རིགས་པར་ཆོས་སྟོན་ཏོ།། དེ་ལྟར་གང་སེམས་ཅན་དེ་དང་དེ་དག་གི་དབང་པོ་མཆོག་དང་མཆོག་མ་ཡིན་པར་ཤེས་པ་དེ་དག་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། བདག་གི་སེམས་བསྒྲིབས་པ་དང་། གཞན་གྱི་སེམས་བསྒྲིབས་པར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེའི་སེམས་ཀྱི་རྒྱུ་ནི་ཡེ་ཤེས་ཀྱིས་རིག་པ། དྲན་པས་རིག་པ། བློ་གྲོས་ཀྱིས་རིག་པ། རྟོགས་པས་རིག་པ། ཤེས་རབ་ཀྱིས་རིག་པ། བྱང་ཆུབ་ཀྱི་རིག་པའོ།། སེམས་ཀྱི་རྒྱུན་ནི་ཉོན་མོངས་པ་དང་བྲལ་ལ། བག་ཆགས་ཀྱི་མཚམས་སྦྱོར་བ་ཉོན་མོངས་པ་ཡང་དག་པར་ཆད་པ། དག་པ། དྲི་མ་མེད་པ། འོད་གསལ་བ། ཁ་ན་མ་ཐོ་བ་མེད་པ། མོཾ་བརླང་བ། ཉོན་མོངས་པ་མེད་པ། རྙོག་པ་མེད་པ། ཆོས་ཐམས་ཅད་སྣང་བས་རིག་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་ཞུགས་ཤིང་། སེམས་ཀྱི་རྒྱུན་ཤིན་ཏུ་རིག་པ་སྟེ། དེ་ལྟར་གང་དེ་ལྟ་བུའི་ཆོས་ལ་སེམས་འབབ་པ་ཤེས་པར་འཇུག་པ་འདི་ནི། བྱང་ཆུབ་སེམས་དཔའི་ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་མི་ཟད་པའོ། ། དེ་ལ་བྱང་ཆུབ་སེམས་དཔའི་སྔོན་གནས་པ་དྲན་པ། ཤེས་པས་མངོན་སུམ་དུ་བྱེད་པའི་མངོན་པར་ཤེས་པ་གང་ཞེ་ན། དེ་དྲན་པ་དེས་མངོན་གནས་པའི་རྗེས་སུ་དྲན་ཏེ། དྲན་པ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་གནས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པའོ།། རབ་ཏུ་རིག་པས་ན་མི་གཡོ་བའོ།། ཡེ་ཤེས་ཡོངས་སུ་སྦྱང་བ་བྱས་པས་ན་མི་རྒོད་པའོ། ། ཞི་གནས་ལ་རབ་ཏུ་གནས་པས་ན་གཙེ་བ་མེད་པའོ།། ལྷག་མཐོང་གིས་ཤིན་ཏུ་ཟིན་པས་ན་ནོར་བ་མེད་པའོ།། མངོན་སུམ་དུ་ཤེས་པས་ན་གཞན་གྱི་དྲིང་ལ་མི་འཇོག་པའོ། ། དྲན་ཞིང་མི་བརྗེད་པའི་ཆོས་ཅན་པས་ན་དྲན་པར་བྱ་བའོ།། ཐེག་པ་ཆེན་པོ་རབ་ཏུ་ཤེས་པའི་ཕྱིར། བསོད་ནམས་ཀྱི་ཚོགས་བསགས་པའོ།། གཞན་ལ་རག་མ་ལུས་པས་ན་ཡེ་ཤེས་ཀྱི་ཚོགས་བསགས་པའོ། ། ཐམས་ཅད་ཀྱི་ཕ་རོལ་ཏུ་འགྲོ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཚོགས་བསགས་པའོ།། དེ་དྲན་པ་དེས་སྔོན་གནས་པ་རྗེས་སུ་དྲན་ཏེ་དེས་སྐྱེ་བ་གཅིག་ཀྱང་དྲན་ནོ། ། གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་སྐྱེ་བ་བརྒྱ་ཡང་དྲན་ནོ། ། སྐྱེ་བ་སྟོང་དང་། སྐྱེ་བ་བརྒྱ་སྟོང་དང་། སྐྱེ་བ་བརྒྱ་ཕྲག་མང་པོ་དང་། སྐྱེ་བ་སྟོང་ཟུག་མང་པོ་དང་། སྐྱེ་བ་བརྒྱ་སྟོང་ཟག་མང་པོ་དང་། སྡུད་པའི་བསྐལ་པ་དང་། འགྱུར་བའི་བསྐལ་པ་དང་། སྡུད་པའི་བསྐལ་པ་མང་པོ་དང་། འགྱུར་བའི་བསྐལ་པ་མང་པོ་དང་། སྡུད་པ་དང་། འགྱུར་བའི་བསྐལ་པ་མང་པོ་ཡང་རྗེས་སུ་དྲན་ནོ། ། བསྐལ་པ་བརྒྱ་དང་། བསྐལ་པ་སྟོང་དང་། བསྐལ་པ་བརྒྱ་སྟོང་དང་། བསྐལ་པ་བརྒྱ་ཕྲག་མང་པོ་དང་། བསྐལ་པ་སྟོང་ཕྲག་མང་པོ་དང་། བསྐལ་པ་བརྒྱ་སྟོང་ཕྲག་མང་པོ་ཡང་དྲན་ཏེ། གང་དུ་བདག་མིང་འདི་ཞེས་བྱ་བ། རིགས་འདི་ཞེས་བྱ་བ། རུས་འདི་ཞེས་བྱ་བ། ཁ་དོག་འདི་འདྲ་བ། ཁ་ཟས་འདི་འདྲ་བ། ཚེའི་ཚད་འཛིན་པ་གང་དུ་གནས་པ་འདི་ཙམ་དུ་བདེ་བ་དང་། སྡུག་བསྔལ་མྱོང་སྟེ། སེམས་ཅན་གཞན་ཡང་མིང་འདི་ཞེས་བྱ་བར་གྱུར་ཏེ། བདག་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས། དེ་ནས་ཀྱང་ཤི་འཕོས་ནས་འདིར་སྐྱེས་ཏེ། དེ་ལྟར་རྣམ་པ་དང་བཅས་པ་དང་། མཚན་མ་དང་བཅས་ཡུལ་དང་བཅས་ཏེ། སྔོན་གནས་པ་རྣམ་པ་མང་པོ་དྲན་ནོ།། དེས་བདག་དང་སེམས་ཅན་གཞན་གྱི་སྔོན་གྱི་མཐའ་ནས་གཟུང་སྟེ། སྔོན་གནས་པ་རྗེས་སུ་དྲན་ནོ།། དེ་བདག་གི་དགེ་བའི་རྩ་བ་དང་། སེམས་ཅན་གཞན་གྱི་དགེ་བའི་རྩ་བ་སྔོན་གྱི་རྒྱུ་ལས་བྱུང་བ་ལ་དྲན་ཞིང་། བདག་གི་དགེ་བའི་རྩ་བདུན་ནས་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ།། སེམས་ཅན་གཞན་གྱི་དགེ་བའི་རྩ་བདྲན་ན། སེམས་ཅད་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། གང་སྔོན་གྱི་འདུ་བྱེད་ཀྱི་སྡུག་བསྔལ་དེ་དག་ཀྱང་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་ཉིད་དང་། བདག་མེད་པའི་ཕྱིར་བཟང་ངོ་།། དེས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་ཉིད་དང་། བདག་མེད་པའི་ཕྱིར་འབྲང་བས་གཟུགས་ཀྱིས་དྲེགས་པ་མེད་པ་ཡིན། ཁ་དོག་གིས་དྲེགས་པ་མེད་པ་ཡིན། ནད་མེད་པས་དྲེགས་པ་མེད་པ་ཡིན། ལང་ཚོས་དྲེགས་པ་མེད་པ་ཡིན། འཚོ་བས་དྲེགས་པ་མེད་པ་ཡིན། ལོངས་སྤྱོད་ཀྱིས་དྲེགས་པ་མེད་པ་ཡིན། འཁོར་གྱིས་དྲེགས་པ་མེད་པ་ཡིན། དབང་བས་དྲེགས་པ་མེད་པ་ཡིན། བརྒྱ་བྱིན་དུ་འདོད་པ་མེད་པ་ཡིན། ཚངས་པར་འདོད་པ་མེད་པ་ཡིན། འཇིག་རྟེན་སྐྱོང་བར་འདོད་པ་མེད་པ་ཡིན། འཁོར་ལོས་སྒྱུར་བར་འདོད་པ་མེད་པ་ཡིན།། སྐྱེ་བ་ཐམས་ཅད་འདོད་པ་མེད་པ་ཡིན་ནོ།། འདོད་པ་དང་། རྒྱལ་པོའི་སྐྱིད་པ་དང་། དབང་ཐམས་ཅད་ཀྱང་བདག་ལ་བདེ་བའི་ཕྱིར་མི་འདོད་དེ། གཞན་དུ་ན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བསམས་བཞིན་དུ་སྲིད་པར་སྐྱེ་བ་འཛིན་ཏོ།། དེ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་ཉིད་དང་། བདག་མེད་པས་འབྲང་བས་སྔོན་གྱི་ཉོན་མོངས་པའི་སྤྱོད་པས་ངོ་ཚ་བས་འཛེམ་སྟེ། ཉམ་ང་ཞིང་རྣམ་པར་སྨོད་དོ།། ད་ལྟར་གྱི་ཚེ་ཡང་ཐོག་གི་ཕྱིར་ཡང་མི་བྱ་བ་མི་བྱེད་ཅིང་། དེ་སྔོན་གྱི་དགེ་བའི་རྩ་བ་རྣམས་བྱང་ཆུབ་ཏུ་སྔོ་སྟེ། རྒྱས་པར་བྱེད་དོ།། ད་ལྟར་གྱི་དགེ་བའི་རྩ་བ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་སྔོའོ།། དེས་མི་མཐུན་པར་ཡོངས་སུ་བསྔོ་བ་སྤངས་ཏེ། སངས་རྒྱས་ཀྱི་རིགས་དང་ཆོས་ཀྱི་རིགས་དང་། དགེ་འདུན་གྱི་རིགས་རྒྱུན་མི་འཆད་པ་དང་། ཐམས་ཅད་མཁྱེན་པའི་ཕྱིར་བསྔོ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྔོན་གནས་པ་དྲན་པ་ཤེས་པ་མངོན་སུམ་དུ་བྱེད་པའི་མངོན་པར་ཤེས་པ་མི་ཟད་པའོ། ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་བྱ་བ་ཤེས་པ་མངོན་པར་ཤེས་པ་གང་ཞེ་ན། གང་མོས་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པས་རབ་ཏུ་ཤེས་པའི་ཆོས་རྣམས་སྒྲུབ་པ་དང་། ལས་སུ་རུང་བ་དང་། དབང་བྱེད་པ་ནས། རྫུ་འཕྲུལ་གྱི་རྐང་པ་བཞི་པོ་འདི་དག་ཤིན་ཏུ་བསྒོམས་པའི་ཕྱིར། མངོན་པར་འདུ་བྱེད་པ་མེད་པའི་རྫུ་འཕྲུལ་མངོན་དུ་ཐོབ་པར་འགྱུར་ཏེ། དེ་རྫུ་འཕྲུལ་དང་། ཆོ་འཕྲུལ་རྣམ་པ་མང་པོ་མྱོང་བར་འགྱུར་རོ།། དེ་རྫུ་འཕྲུལ་དང་། ཆོ་འཕྲུལ་དེ་དག་ནི་སེམས་ཅན་ལ་ལྟ་བའི་ཕྱིར། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་ཏེ། དེ་རྫུ་འཕྲུལ་དང་། ཆོ་འཕྲུལ་གང་དང་གང་གིས་སེམས་ཅན་གདུལ་བར་བྱ་བའི་རྫུ་འཕྲུལ་དང་། ཆོ་འཕྲུལ་དེ་དག་སེམས་ཅན་རྣམས་ལ་རབ་ཏུ་སྟོན་ཏེ། གཟུགས་སུ་འམ། སྟོབས་སུ་འམ། བྱིན་གྱི་རླབས་ཀྱང་རུང་སྟེ། གཟུགས་དང་ཁ་དོག་ཏུ་སྣང་བ་གང་གིས་སེམས་ཅན་འདུལ་བར་འགྱུར་བའི་གཟུགས་དང་ཁ་དོག་ཏུ་སྣང་བ་དེ་དང་དེ་དག་སེམས་ཅན་རྣམས་ལ་ཉེ་བར་སྟོན་ཏེ། སངས་རྒྱས་ཀྱི་གཟུགས་དང་ཁ་དོག་ཏུ་སྣང་བ་འམ། བྱང་ཆུབ་སེམས་དཔའི་གཟུགས་དང་ཁ་དོག་ཏུ་སྣང་བ་འམ། རང་སངས་རྒྱས་ཀྱི་གཟུགས་དང་། ཁ་དོག་ཏུ་སྣང་བ་འམ། ཉན་ཐོས་ཀྱི་གཟུགས་དང་ཁ་དོག་ཏུ་སྣང་བ་འམ། བརྒྱ་བྱིན་གྱི་གཟུགས་དང་ཁ་དོག་ཏུ་སྣང་བ་འམ། འཇིག་རྟེན་སྐྱོང་བའི་གཟུགས་དང་ཁ་དོག་ཏུ་སྣང་བ་འམ། འཁོར་ལོས་སྒྱུར་བའི་གཟུགས་དང་ཁ་དོག་ཏུ་སྣང་བ་འམ། དེ་བཞིན་དུ་འཇུག་སེལ་དང་། འགྲོ་སྐེམས་དང་། དབང་པོ་ཆེན་པོ་དང་། ཚངས་པ་དང་། སྐྱེ་དགུའི་བདག་པོའི་གཟུགས་དང་ཁ་དོག་ཏུ་སྣང་བ་འམ།། གང་དེ་མ་ཡིན་པའི་གཟུགས་དང་ཁ་དོག་ཏུ་སྣང་བའི་གཞན་དག་གིས་ཟ་ན་བྱོལ་སོང་གི་སྐྱེ་གནས་ཀྱི་གཟུགས་དང་ཁ་དོག་ཏུ་སྣང་བས་ཀྱང་སེམས་ཅན་འདུལ་བར་འགྱུར་ན། གཟུགས་དང་ཁ་དོག་ཏུ་སྣང་བ་དེ་དང་དེ་དག་བསྟན་ཏེ། སེམས་ཅན་རྣམས་ཀྱི་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཏོ།། དེ་སྟོབས་གང་དང་གང་གིས་སྟོབས་བསྙེམས་པ་དང་། ཁྲོ་བ་དང་། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པའི་ཤས་ཆེ་བའི་སེམས་ཅན་རྣམས་གདུལ་བར་བྱ་བ་དང་། དེའི་སྟོབས་ཉེ་བར་སྟོན་ཏེ། ཡང་ན་བརྒྱ་བྱིན་གྱི་སྟོབས་སམ། ཡང་ན་ཚངས་པའི་སྟོབས་སམ། ཡང་། ན་འཇིག་རྟེན་སྐྱོང་བའི་སྟོབས་སམ། ཡང་ན་འཁོར་ལོས་སྒྱུར་བའི་སྟོབས་སམ། ཡང་ན་ཚན་ཆེན་པོའི་སྟོབས་སམ། ཡང་ན་མཐུ་བོ་ཆེའི་སྟོབས་ཀྱི་བནི་ཆའམ། ཡང་ན་མཐུ་བོ་ཆེ་སྟོབས་ཀྱི་བྱེད་དམ། ཡང་ན་མཐུ་བོ་ཆེའི་སྟོབས་ཀྱང་རུང་སྟེ། བྱང་ཆུབ་སེམས་དཔའ་སྟོབས་གང་དང་ལྡན་པས་སོར་མོ་གསུམ་གྱིས་རི་རབ་རིའི་རྒྱལ་པོ་བཏེག་ཏེ། དཕང་དུ་དཔག་ཚད་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཙམ་ནས། རྒྱང་མར་དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་འཕངས་པ་འདི་ལྟ་སྟེ། སྐྱུ་རུ་རའི་འབྲུ་གཅིག་བཞིན་དུ་འཇིག་རྟེན་གྱི་ཁམས་གཞན་དུ་འཕངས་ཀྱང་བྱང་ཆུབ་སེམས་དཔའ་དེའི་སྟོབས་ལ་ཉམས་པ་མེད་དོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལྟར་རྒྱ་ཆེ་ཞིང་ཡངས་པའི་ཆུའི་ཁམས་ནས་བཟུང་སྟེ། སྟེང་དུ་འོག་མིན་གྱི་བར་ལག་མཐིལ་གྱི་སྟེང་དུ་བཞག་སྟེ་བསྐལ་པའམ། བསྐལ་པ་ལས་ལྷག་པར་འདུག་ལ། སྤྱོད་ལམ་ཐམས་ཅད་ཀྱང་སྟོན་ཏེ། བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་སྟོབས་དང་ལྡན་པས། སེམས་ཅན་སྟོབས་སྙེམས་ཤིང་། ཁྲོ་བ་དང་། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པའི་ཤས་ཆེ་བའི་རྣམས་ལ་སྟོབས་སྙེམས་པ་དང་། ཁྲོ་བ་དང་། ང་རྒྱལ་དང་། དྲེགས་། པ་གདུལ་བའི་ཕྱིར་ཆོས་སྟོན་ཏོ།། དེ་རྫུ་འཕྲུལ་གྱི་རྐང་པ་དེ་དག་གིས་བྱིན་གྱི་རླབས་ཀྱིས་ཡེ་ཤེས་ཐོབ་བོ།། བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ཀྱིས་ཡེ་ཤེས་དེས་གང་དང་གང་ལ་བྱིན་གྱིས་བརླབས་པ་དེ་དེ་བཞིན་དུ་འགྱུར་ཏེ། དེས་གལ་ཏེ་རྒྱ་མཚོ་ཆེན་པོ་ཕྱུགས་རྗེས་ཙམ་དུ་གྱུར་ཅིག་ཅེས་ཕྱགས་རྗེས་སུ་བྱིན་གྱིས་བརླབས་ན། ཕྱུགས་རྗེས་ཙམ་དུ་འདུག་གོ། ཕྱུགས་རྗེས་ཀྱང་རྒྱ་མཚོ་ཆེན་པོར་གྱུར་ཅིག་ཅེས་བྱིན་གྱིས་བརླབས་ན། རྒྱ་མཚོ་ཆེན་པོ་ཉིད་དུ་འདུག་གོ།། གལ་ཏེ་བསྲེགས་པའི་བསྐལ་པ་རྣམས་ཆུའི་ཕུང་པོར་གྱུར་ཅིག་ཅེས་བྱིན་གྱི་བརླབས་ན། དེ་ཆུའི་ཕུང་པོ་ཉིད་དུ་འདུག་གོ།། ཆུའི་ཕུང་པོ་ཡང་མེའི་ཕུང་པོར་གྱུར་ཅིག་ཅེས་བྱིན་གྱིས་བརླབས་ན་མེའི་ཕུང་པོ་ཉིད་དུ་འདུག་གོ།། མེའི་ཕུང་པོ་ཡང་རླུང་གི་རུང་པོར་གྱུར་ཅིག་ཅེས་བྱིན་གྱིས་བརླབས་ན་རླུང་གི་ཕུང་པོ་ཉིད་དུ་འདུག་གོ། རླུང་གི་ཕུང་པོ་ཡང་མེའི་ཕུང་པོར་གྱུར་ཅིག་ཅེས་བྱིན་གྱིས་བརླབས་ན་མེའི་ཕུང་པོ་ཉིད་དུ་འདུག་གོ།། མེའི་ཕུང་པོ་ཡང་སའི་ཕུང་པོར་གྱུར་ཅིག་ཅེས་བྱིན་གྱིས་བརླབས་ན། དེ་སའི་ཕུང་པོ་ཉིད་དུ་འདུག་གོ།། སའི་ཕུང་པོ་ཡང་མེའི་ཕུང་པོར་གྱུར་ཅིག་ཅེས་བྱིན་གྱིས་བརླབས་ན་དེ་མེའི་ཕུང་པོ་ཉིད་དུ་འདུག་གོ།། དེ་བཞིན་དུ་ཐ་མ་དང་འབྲིང་དང་། རབ་ཀྱི་ཆོས་གང་དང་གང་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་པ་དེ་དག་ནི་དེ་བཞིན་དུ་འདུག་གོ།། དེའི་བྱིན་གྱི་རླབས་དེ་ནི་སངས་རྒྱས་བཅོམ་ལྡན་འདས་མ་གཏོགས་པར་བརྒྱ་བྱིན་ནམ། ཚངས་པ་འམ། བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་འམ། སུས་ཀྱང་རུང་སྟེ། འཇིག་རྟེན་དུ་ཆོས་དང་མཐུན་པས་སུས་ཀྱང་བསྐྱོད་པ་འམ། བསྐུལ་པ་འམ། མི་སྣང་བར་བྱེད་མི་ནུས་ཏེ། སེམས་ཅན་གྱི་རིས་ན་གང་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་དེ་ལ་བསྐྱོད་པ་འམ། བསྐུལ་བ་འམ། མི་སྣང་བར་བྱེད་ནུས་པའི་སེམས་ཅན་དེ་གང་ཡང་མེད་དོ། ། བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་དང་། ཡེ་ཤེས་ཀྱི་སྟོབས་བསྐྱེད་པ་དེས་བརྗོད་པ་སྣ་ཚོགས་དང་། དགའ་བ་དང་མགུ་བ་ལ་དམ་པར་འཛིན་པའི་སེམས་ཅན་རྣམས་ལ། སྒྲ་ཇི་ལྟ་བ་བཞིན་དུ་འཇུག་པས་ཆོས་སྟོན་ཏོ།། དེའི་རྫུ་འཕྲུལ་གྱི་རྐང་པ་དེ་དག་ཀྱང་མངོན་པར་འཕགས་སོ།། བདག་ཉིད་དབང་བ། བདུད་དམ་ཉོན་མོངས་པ་ཐམས་ཅད་ཀྱི་ཡུལ་ལས། འདས་པའོ།། སངས་རྒྱས་ཀྱི་ཡུལ་ལ་འཇུག་པའོ།། སེམས་ཅན་ཐམས་ཅད་ལ་མི་གནོད་པར་སྦྱོར་བའོ།། དགེ་བའི་རྩ་བ་དང་། ཚོགས་ཐམས་ཅད་བསགས་པའོ།། བདུད་དང་བདུད་ཀྱི་རོ་སཱ་ལྷ་རྣམས་ཀྱིས་མི་འཕྲོགས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་གྱི་བྱ་བ་ཤེས་པ་མངོན་པར་ཤེས་པ་མི་ཟད་པ་སྟེ། འདི་ནི་བཙུན་པ་ཤཱ་ར་དྭ་ཏིའི་རུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་ལྔ་མི་ཟད་པ་ཞེས་བྱའོ། ། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྡུ་བའི་དངོས་བཞི་མི་ཟད་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པའོ།། དེ་ལ་སྦྱིན་པ་ནི་གང་། ང་ཟིང་སྦྱིན་པ་དང་། ཆོས་སྦྱིན་པའོ།། དེ་ལ་སྙན་པར་སྨྲ་བ་ནི་གང་སློང་བ་དང་། ཆོས་ཉན་པ་རྣམས་ལ་ཚིག་འཇམ་ཞིང་སྙན་པར་སྨྲ་བའོ།། དེ་ལ་དོན་སྤྱོད་པ་ནི་གང་བདག་དང་གཞན་གྱི་དོན་བསམ་པ་བཞིན་དུ་རྫོགས་པར་བྱེད་པའོ། ། དེ་ལ་དོན་མཐུན་པ་ནི་གང་ཐེག་པ་གང་ལ་ཡོན་ཏན་དུ་འདུ་ཤེས་པའི་ཐེག་པ་དེ་ཉིད་ལ་ཆོས་དང་ཟང་ཟིང་ལེན་པ་རྣམས་རབ་ཏུ་འགོད་པའོ།། གཞན་ཡང་སྦྱིན་པ་ནི་གང་སློང་བ་རྣམས་ཀྱི་ཡིད་མགུ་བར་སྦྱིན་པའོ།། སྙན་པར་སྨྲ་བ་ནི་སློང་བ་རྣམས་ལ་མི་སྨོད་པའོ།། དེ་ལ་དོན་སྤྱོད་པ་ནི་གང་སློང་བ་རྣམས་ཀྱི་དོན་ཡོངས་སུ་རྫོགས་བཔར་བྱེད་པའོ། ། དེ་ལ་དོན་མཐུན་པ་ནི་གང་ཐེག་པ་དེ་ཉིད་ལ་ཡང་དག་པར་འཛུད་པའོ།། གཞན་ཡང་སྦྱིན་པ་ནི་བསམ་པ་ཟག་པ་ནས་གཏོང་བའོ།། སྙན་པར་སྨྲ་བ་ནི་གང་སྦྱོར་བ་ལ་ཡོངས་སུ་ཆད་པ་མེད་པའོ། ། དོན་སྤྱོད་པ་ནི་གང་ལྷག་པའི་བསམ་པས་བྱིན་ཏེ་འགྱོད་པ་མེད་པའོ།། དོན་མཐུན་པ་ནི་གང་ཐེག་པ་ཆེན་པོ་ལ་སྔོ་བའོ།། གཞན་ཡང་སྦྱིན་པ་ནི་གང་བྱམས་པའི་རྗེས་སུ་འགྲོ་བའི་སེམས་ཀྱིས་ཡོངས་སུ་གཏོང་བའོ། ། སྙན་པར་སྨྲ་བ་ནི་གང་ལ་དགའ་བ་དང་། རབ་ཏུ་དགའ་བར་གྱུར་པའི་སེམས་མི་གཏོང་བའོ།། དོན་སྤྱོད་པ་ནི་གང་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པའི་སེམས་བསྐྱེད། པས་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ལ་བརྩོན་པའོ།། དོན་འཐུན་པ་ནི་གང་བཏང་སྙོམས་དང་ལྡན་པའི་སེམས་མཐོ་དམན་མེད་ཅིང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཡོངས་སུ་སྔོ་བའི་སེམས་སོ། ། གཞན་ཡང་སྦྱིན་པ་ནི་གང་ཆོས་བཞིན་འཚལ་བའི་ལོངས་སྤྱོད་རྣམས་ཡོངས་སུ་གཏོང་བའོ།། སྙན་པར་སྨྲ་བ་ནི་གང་ལ་སྦྱིན་པ་བྱིན་པ་དེ་དག་ཆོས་ལ་རབ་ཏུ་འཛུད་པའོ།། དོན་སྤྱོད་པ་ནི་གང་བདག་གི་དོན་དང་གཞན་གྱི་དོན་སྟོན་པའོ། ། དོན་འཐུན་པ་ནི་གང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའོ།། གཞན་ཡང་སྦྱིན་པ་ནི་གང་ནང་དང་ཕྱིའི་དངོས་པོ་རྣམས་ཡོངས་སུ་གཏོང་བའོ། ། སྙན་པར་སྨྲ་བ་ནི་གང་ཆོས་ཐམས་ཅད་ཀྱི་ཡོན་ཏན་ཤེས་པ་ལ་སློབ་དཔོན་མི་འཆབ་པའོ།། དོན་སྤྱོད་པ་ནི་གང་བདག་གི་དོན་བཏང་སྟེ་གཞན་གྱི་དོན་བྱེད་པའོ།། དོན་འཐུན་པ་ནི་གང་ལོངས་སྤྱོད་ཀུན་བསྡུས་ཏེ། ལག་མཐིལ་དུ་བཞག་པ་ཡང་གཞན་ལ་བྱིན་ནས་མི་དགའ་བ་མེད་པའོ།། དེ་ལ་ཆོས་སྦྱིན་པ་གང་ཞེ་ན། གང་ཇི་ལྟ་བུར་ཐོས་པའི་ཆོས་རྣམས་སྟོན་པའོ། ། སྙན་པར་སྨྲ་བ་ནི་གང་ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་ཡང་དག་པར་རབ་ཏུ་སྟོན་པའོ།། དོན་སྤྱོད་པ་ནི་གང་གཞན་ལ་ལུང་འབོག་པ་དང་། ཁ་ཏོན་ཕོག་པས་མི་སྐྱོ་བའོ།། དོན་འཐུན་པ་ནི་གང་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བས་ཆོས་རྙེད་པ་དང་། གཞན་ཡང་རབ་ཏུ་འཛུད་པའོ།། གཞན་ཡང་ཆོས་ཀྱི་སྦྱིན་པ་ནི་ཆོས་ཉན་པའོང་ཤིང་ལྷགས་པ་རྣམས་ལ་མི་སྐྱོ་ཞིང་མི་གཡེང་བར་ཆོས་སྟོན་པའོ། ། གང་སྙན་པར་སྨྲ་བ་ནི་གང་དོན་དུ་རྒྱང་རིང་པོར་ཡང་སོང་སྟེ། དམ་པའི་ཆོས་ཡང་དག་པར་སྟོན་པའོ།། དོན་སྤྱོད་པ་ནི་གང་ཆོས་འདོད་པའི་གང་ཟག་རྣམས་ལྷུང་བཟེད་མ་ཚང་ངམ། ཆོས་གོས་དང་། ཟས་དང་། མལ་སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་མེད་དམ། གཞན་ཡང་དེ་དག་ལ་གང་དང་གང་གིས་བྲེལ་བ་དེ་དག་ཐམས་ཅད་བྱིན་ཏེ། ལྷག་པའི་བསམ་པར་སོང་བའི་སེམས་ཀྱི་རྒྱུད་ཀྱིས་ཆོས་སྟོན་པའོ།། དོན་མཐུན་པ་ནི་གང་ཆོས་ཀྱི་སྦྱིན་པ་བྱིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཛུད་ཅིང་ཡོངས་སུ་བསྔོ་བའོ། ། གཞན་ཡང་ཆོས་སྦྱིན་པ་ནི་གང་སྦྱིན་པ་ཐམས་ཅད་ཀྱི་མཆོག་ནི་ཆོས་སྦྱིན་པ་ཡིན་པར་རིག་ནས་ཆོས་ཀྱི་སྦྱིན་པ་ཡོངས་སུ་གཏོང་ངོ། ། སྙན་པར་སྨྲ་བ་ནི་གང་ཕན་པའི་དངོས་པོའི་ཕྱིར་ཆོས་སྟོན་ཏོ།། དོན་སྤྱོད་པ་ནི་གང་དོན་ལ་རྟོན་པའི་ཆོས་སྟོན་གྱི། ཡི་གེ་ལ་རྟོན་པ་ནི་མ་ཡིན་ནོ།། དོན་མཐུན་པ་ནི་གང་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་བྱ་བའི་ཕྱིར་ཆོས་སྟོན་པའོ། ། ཞན་ཡང་ཆོས་སྦྱིན་པ་ནི། གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། སྙན་པར་སྨྲ་བ་ནི་གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་རའི་ཕ་རོལ་ཏུ་ཕྱིན་པའོ། ། དོན་སྤྱོད་པ་ནི་གང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དོན་མཐུན་པ་ནི་གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གཞན་ཡང་ཆོས་སྦྱིན་པ་ནི་ཐོག་མ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། ། སྙན་པར་སྨྲ་བ་ནི་སྤྱོད་པ་ལ་ཞུག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ།། དོན་སྤྱོད་པ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། ། དོན་མཐུན་པ་ནི་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ།། གཞན་ཡང་ཆོས་སྦྱིན་པ་ནི། བྱང་ཆུབ་ཀྱི་ཕྱིར་རྩ་བ་དང་ས་བོན་གྱི་གཞིའོ།། སྙན་པར་སྨྲ་བ་ནི་བྱང་ཆུབ་ཀྱི་མྱུ་གུ་དང་འདབ་མ་ཡོངས་སུ་རྫོགས་པའོ།། དོན་སྤྱོད་པ་ནི་བྱང་ཆུབ་ཀྱི་མེ་ཏོག་ཡོངས་སུ་རྒྱས་པའོ།། དོན་མཐུན་པ་ནི་བྱང་ཆུབ་ཀྱི་འབྲས་བུ་མངོན་པར་འགྲུབ་པ་སྟེ། འདི་ནི་བཙུན་པ་ཤཱ་ར་དྭ་ཏི་རི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྡུ་བའི་དངོས་པོ་བཞི་མི་ཟད་པའོ།། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པ་བཞི་མི་ཟད་པ་སྟེ། བཞི་གང་ཞེ་ན། གང་འདི་དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ།། དེ་ལ་དོན་སོ་སོ་ཡང་དག་པར་རིག་པགང་ཞེ་ན། གང་ཆོས་ཐམས་ཅད་ལ་དོན་དམ་པར་ཤེས་པ་སྟེ། ཆོས་ཤེས་པ་དང་། སོ་སོར་རྟོག་པ་ཤེས་པ་དང་། རྗེས་སུ་འགྲོ་བ་ཤེས་པ་དང་། རྒྱུ་ཤེས་པ་དང་། རྐྱེན་ཤེས་པ་དང་། གཉིས་སུ་མེད་པར་ཤེས་པ་དང་། ། ཚོགས་པར་ཤེས་པ་དང་། ཐ་མར་མི་འགྲོ་བར་ཤེས་པ་དང་། བར་ན་མི་འདུག་པར་ཤེས་པ་དང་། རྐྱེན་ལ་འཇུག་པ་ཤེས་པ་དང་། ཆོས་ཀྱི་དབྱིངས་དབྱེར་མེད་པར་ཤེས་པ་དང་། དེ་བཞིན་ཉིད་ཀྱི་རྗེས་སུ་འཇུག་པ་ཤེས་པ་དང་། ཡང་དག་པའི་མཐའ་ལ་གནས་པ་ཤེས་པ་དང་། སྟོང་པ་ཉིད་རྟོགས་པའི་ཤེས་པ་དང་། མཚན་མ་མེད་པ་ལ་སྤྱོད་པའི་ཤེས་པ་དང་། སྨོན་པ་མེད་པ་ལ་སྨོན་ལམ་མེད་པར་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ལ་མངོན་པར་འདུ་བྱེད་པ་མེད་པར་ཤེས་པ་དང་། ཚུལ་གཅིག་ལ་འཇུག་པའི་ཤེས་པ་དང་། བདག་མེད་པ་ལ་རྟོགས་པའི་ཤེས་པ་དང་། སེམས་ཅན་མེད་པར་རྟོགས་པའི་ཤེས་པ་དང་། སྲོག་མེད་པར་ཕྱོགས་གཅིག་ཏུ་རྟོགས་པའི་ཤེས་པ་དང་། གང་ཟག་མེད་པ་དོན་དམ་པར་ཤེས་པ་དང་། འདས་པའི་དུས་ལ་མ་ཆགས་པའི་ཤེས་པ་དང་། མ་འོངས་པའི་དུས་ལ་ཐུག་པ་མེད་པར་ཤེས་པ་དང་། ད་ལྟར་བྱུང་བའི་དུས་ན་ཐམས་ཅད་ཁ་ན་མ་ཐོ་བ་མེད་པར་ཤེས་པ་དང་། ཕུང་པོ་རྣམས་ལ་སྒྱུ་མར་ཤེས་པ་དང་། ཁམས་རྣམས་ལ་མྱུར་དུ་གདུག་པའི་དུག་ཏུ་རྟོགས་པའི་ཤེས་པ་དང་། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པར་རྟོགས་པའི་ཤེས་པ་དང་། ནང་ཉེ་བར་ཞི་བར་ཤེས་པ་དང་། ཕྱི་རོལ་ཏུ་རྒྱུ་བ་མེད་པར་ཤེས་པ་དང་། ཡུལ་རྣམས་ལ་སྒྱུ་མ་དང་། བྱེ་བྲག་མེད་པར་ཤེས་པ་དང་། དྲན་པ་ལ་གནས་པའི་ཤེས་པ་དང་། བཟོད་པའི་རྗེས་སུ་འགྲོ་བའི་ཤེས་པ་དང་། བློ་གྲོས་ཀྱིས་སོ་སོར་རྟོགས་པའི་ཤེས་པ་དང་། བདག་ལ་རྟོག་པའི་ཤེས་པ་དང་། བདེན་པ་ལ་རབ་ཏུ་རྟོགས་པའི་ཤེས་པ་དང་། སྡུག་བསྔལ་ལ་མི་འབྱུང་བར་ཤེས་པ་དང་། ཀུན་འབྱུང་བ་ལ་མངོན་པར་འདུ་མི་བྱེད་པར་ཤེས་པ་དང་། འགོག་པ་ལ་མཚན་ཉིད་མེད་པར་ཤེས་པ་དང་། ལམ་ལ་རྒལ་བར་ཤེས་པ་དང་། ཆོས་ལ་ཚིག་རབ་ཏུ་དབྱེ་བར་ཤེས་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་དྲན་པ་མེད་པ་དང་། ཡིད་ལ་བྱ་བ་མེད་པར་ཤེས་པ་དང་། ཡང་དག་པར་སྤོང་བ་རྣམས་ལ་དགེ་བ་དང་། མི་དགེ་བ་གཉིས་སུ་འཇུག་པའི་ཤེས་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ལུས་དང་སེམས་ཡང་བར་ཤེས་པ་དང་། དབང་པོ་རྣམས་ལ་འཇུག་པར་ཤེས་པ་དང་། སྟོབས་རྣམས་ལ་མི་བརྫི་བར་ཤེས་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཆོས་ཐམས་ཅད་ཡང་དག་པར་ཇི་ལྟ་བ་བཞིན་དུ་རྟོགས་པར་ཤེས་པ་དང་། ལམ་ལ་འགྲོ་བ་དང་འོང་བ་མེད་པར་ཤེས་པ་དང་། ཞི་གནས་ལ་གནས་པར་ཤེས་པ་དང་། ལྷག་མཐོང་ལ་སྣང་བར་ཤེས་པ་དང་། སྒྱུ་མ་ལ་བསྒྲུབས་པར་ཤེས་པ་དང་། སྨིག་རྒྱུ་ལ་ནོར་པར་ཤེས་པ་དང་། རྨི་ལམ་ལ་ཡང་དག་པ་མ་ཡིན་པ་མཐོང་བར་ཤེས་པ་དང་། བྲག་ཆ་ལ་རྐྱེན་དུ་དམིགས་པའི་ཤེས་པ་དང་། མིག་ཡོར་ལ་མི་འཕོ་བར་ཤེས་པ་དང་། མཚན་ཉིད་སྣ་ཚོགས་ལ་མཚན་ཉིད་གཅིག་ཏུ་ཤེས་པ་དང་། འདུས་པ་ལ་འབྲལ་བར་ཤེས་པ་དང་། ཕྱིར་གྱི་མཚམས་ལ་ཕྱིར་གྱི་མཚམས་མེད་པར་ཤེས་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་གཞན་གྱི་སྒྲའི་རྗེས་སུ་འགྲོ་བར་ཤེས་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་རྐྱེན་ལ་འཇུག་པ་དང་། རབ་ཏུ་དབེན་ཞིང་རྩེ་གཅིག་པར་ཤེས་པ་དང་། ཐེག་པ་ཆེན་པོ་ལ་དགེ་བའི་རྩ་བ་དང་། ཚོགས་ཐམས་ཅད་སྤེལ་བར་ཤེས་པ་འདི་ནི་དོན་སོ།། སོ་ཡང་དག་པར་རིག་པ་ཞེས་བྱའོ།། གཞན་ཡང་དོན་སོ་སོ་ཡང་དག་པར་རིག་པ་ནི། དོན་སོ་སོ་ཡང་དག་པར་རིག་པ་གང་གིས་ཆོས་ཐམས་ཅད་ལ་དོན་ལ་རྟོན་པས་རྟོན་པ་སྟེ། དེ་ཅིའི། ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་མ་ལུས་པར་སྟོང་པ་སྟེ། གང་སྟོང་པའི་དོན་དེ་ནི་དོན་ནོ།། ཆོས་ཐམས་ཅད་ནི་མ་ལུས་པར་མཚན་མ་མེད་པ་སྟེ། གང་མཚན་མ་མེད་པའི་དོན་དེ་ནི་དོན་ནོ། ། ཆོས་ཐམས་ཅད་ནི་མ་ལུས་པར་སྨོན་པ་མེད་པ་སྟེ། གང་སྨོན་པ་མེད་པའི་དོན་དེ་ནི་དོན་ཏོ།། ཆོས་ཐམས་ཅད་ནི་མ་ལུས་པར་མངོན་པར་འདུ་མི་བྱེད་པ་སྟེ། གང་མངོན་པར་འདུ་མི་བྱེད་པའི་དོན་དེ་ནི་དོན་ཏོ། ། ཆོས་ཐམས་ཅད་ནི་མ་ལུས་པར་མི་སྐྱེ་བ་སྟེ། གང་མ་ལུས་པར་མི་སྐྱེ་བའི་དོན་དེ་ནི་དོན་ནོ།། ཆོས་ཐམས་ཅད་ནི་མ་ལུས་པར་མ་བྱུང་བ་སྟེ། གང་མ་ལུས་བར་མ་བྱུང་བའི་དོན་དེ་ནི་དོན་ནོ། ། ཆོས་ཐམས་ཅད་ནི་མ་ལུས་པར་དངོས་པོ་མེད་པ་སྟེ། གང་མ་ལུས་པར་དངོས་པོ་མེད་པའི་དོན་དེ་ནི་དོན་ནོ།། ཆོས་ཐམས་ཅད་ནི་མ་ལུས་པར་དབེན་པ་སྟེ། གང་མ་ལུས་པར་དབེན་པའི་དོན་དེ་ནི་དོན་ནོ།། ཆོས་ཐམས་ཅད་ནི་མ་ལུས་པར་བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པ་སྟེ། གང་བདག་མེད་པ། དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པའི་དོན་དེ་ནི་དོན་ཏེ། གང་འདི་ལྟ་བུའི་ཆོས་རྟོགས་པ་དེ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ།། གང་འདིར་བསྟན་པ་ནི་ཐོགས་པ་མེད་པར་བསྟན་པ། ཆགས་པ་མེད་པར་བསྟན་པ། མི་ཟད་པར་བསྟན་པ། ཆོས་ཐམས་ཅད་ཐོབ་པར་བསྟན་པ་སྟེ། དོན་བསྟན་པ་དེ་ནི་སོ་སོ་ཡང་དག་པར་རིག་པ་ཡིན་ནོ། ། དོན་སོ་སོ་ཡང་དག་པར་རིག་པ་དེ་ནི། ཆོས་ཐམས་ཅད་བསྟན་པ་མི་ཟད་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཡང་དག་པར་བཀའ་སྩལ་ཅིང་། ཡང་དག་པར་རྗེས་སུ་ཐུགས་རང་བའོ། ། ཡང་དག་པ་དང་། དེ་ཁོ་ན་དང་། མ་ལོག་པ་དང་། གཞན་མ་ཡིན་པ་ཡིན་ཏེ། ཤེས་རབ་དང་། ཡེ་ཤེས་ཀྱི་རྟོགས་པ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པ་སྟེ། འདི་ནི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ།། དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། གང་ཆོས་ཐམས་ཅད་ལ་རྗེས་སུ་འཇུག་པ་སྟེ། དགེ་བ་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། བཟང་པོ་དང་། ངན་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆར་གཏོགས་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པར་ཉེ་བར་སོང་བ་རྣམས་ལ་ཆོས་ཀྱི་དབྱིངས་མཉམ་པ་ཉིད་དུ་ཤེས་པ་དང་། བྱང་ཆུབ་མཉམ་པ་ཉིད་དུ་ཤེས་པ་དང་། ཁམས་མཉམ་པ་ཉིད་དུ་ཤེས་པ་འདི་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། ། གཞན་ཡང་ཆོས་སོ་སོ་ཡང་དག་པར་རིག་པ་ནི་གང་འདོད་ཆགས་ཀྱི་སྤྱོད་པའི་སེམས་ཅན་རྣམས་ཀྱི་སེམས་ལ་འཇུག་ཅིང་འབབ་པར་ཤེས་པ་དང་། བཅོས་པའི་འདོད་ཆགས་སྤྱོད་པ་དང་། མ་བཅོས་པའི་འདོད་ཆགས་སྤྱོད་པ་དང་། སྣརེལ་ཞིའི་འདོད་ཆགས་སྤྱོད་པ་དང་། ལྟ་བའི་འདོད་ཆགས་སྤྱོད་པ་དང་། མི་བཟོད་པའི་འདོད་ཆགས་སྤྱོད་པ་དང་། འཇམ་པའི་འདོད་ཆགས་སྤྱོད་པ་དང་། ཡང་དག་པའི་འདོད་ཆགས་སྤྱོད་པ་དང་། ཀུན་རྫོབ་ཀྱི་འདོད་ཆགས་སྤྱོད་པ་དང་། སྦྱོར་བའི་འདོད་ཆགས་སྤྱོད་པ་དང་། བསམ་པའི་འདོད་ཆགས་སྤྱོད་པ་དང་། ལྷག་པའི་འདོད་ཆགས་སྤྱོད་པ་དང་། འཆལ་པའི་འདོད་ཆགས་སྤྱོད་པ་དང་། མཚན་ཉིད་ཀྱི་འདོད་ཆགས་སྤྱོད་པ་དང་། མཚན་ཉིད་མི་མཐུན་པའི་འདོད་ཆགས་སྤྱོད་པ་དང་། རྣམ་པར་གཞག་པའི་འདོད་ཆགས་སྤྱོད་པ་དང་། སྔོན་གྱི་མཐའི་རྐྱེན་གྱི་འདོད་ཆགས་སྤྱོད་པ་དང་། ཕྱི་མའི་མཐའི་རྐྱེན་གྱི་འདོད་ཆགས་སྤྱོད་པ་དང་། ད་ལྟར་བྱུང་བའི་རྐྱེན་གྱི་འདོད་ཆགས་སྤྱོད་པ་དང་། སེམས་ཅན་ནང་དུ་འདོད་ཆགས་ལ། ཕྱི་རོལ་དུ་འདོད་ཆགས་མེད་པ་ཡང་ཡོད། སེམས་ཅན་ཕྱི་རོལ་དུ་འདོད་ཆགས་ལ། ནང་དུ་འདོད་ཆགས། མེད་པ་ཡང་ཡོད། སེམས་ཅན་ནང་དུ་ཡང་འདོད་ཆགས་ལ། ཕྱི་རོལ་དུ་ཡང་འདོད་ཆགས་པ་ཡང་ཡོད། སེམས་ཅན་ནང་དུ་ཡང་འདོད་ཆགས་མེད་ལ། ཕྱི་རོལ་དུ་ཡང་འདོད་ཆགས་མེད་བ་ཡང་ཡོད། སེམས་ཅན་གཟུགས་ལ་འདོད་ཆགས་ལ། སྒྲ་དང་། དྲི་དང་། རོ་དང་། རེག་ལ་འདོད་ཆགས་མེད་པ་ཡང་ཡོད། སྒྲ་ལ་འདོད་ཆགས་ལ། གཟུགས་དང་། དྲི་དང་། རོ་དང་། རེག་ལ་འདོད་ཆགས་མེད་པ་ཡང་ཡོད། དྲི་ལ་འདོད་ཆགས་ལ། གཟུགས་དང་། སྒྲ་དང་།། རོ་དང་། རེག་པ་ལ་འདོད་ཆགས་མེད་པ་ཡང་ཡོད། རོ་ལ་འདོད་ཆགས་ལ། གཟུགས་དང་། སྒྲ་དང་། དྲི་དང་། རེག་པ་ལ་འདོད་ཆགས་མེད་པ་ཡང་ཡོད། སེམས་ཅན་རེག་པ་ལ་འདོད་ཆགས་ལ། གཟུགས་དང་། སྒྲ་དང་། དྲི་དང་། རོ་ལ་འདོད་ཆགས་མེད་པ་ཡང་ཡོད་དོ། ། འདི་ནི་སེམས་ཅན་འདོད་ཆགས་ལ་སྤྱོད་པ་རྣམས་ཀྱི་འཇུག་པ་སྟེ། འཇུག་པའི་སྒོ་འདིས་སེམས་ཅན་རྣམས་ཀྱི་འདོད་ཆགས་ལ་སྤྱོད་པ་སྟོང་ཕྲག་ཉི་ཤུ་རྩ་གཅིག་གོ། ། སེམས་ཅན་རྣམས་ཀྱི་ཞེ་སྡང་ལ་སྤྱོད་པ་ཡང་སྟོང་ཕྲག་ཉི་ཤུ་རྩ་གཅིག་གོ།། སེམས་ཅན་རྣམས་ཀྱི་གཏི་མུག་ལ་སྤྱོད་པ་ཡང་སྟོང་ཕྲག་ཉི་ཤུ་རྩ་གཅིག་གོ།། སེམས་ཅན་རྣམས་ཀྱི་ཆ་མཉམ་པ་ལ་སྤྱོད་པ་ཡང་སྟོང་ཟག་ཉི་ཤུ་རྩ་གཅིག་སྟེ། གང་སེམས་ཅན་སྤྱོད་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་དེ་དག་གིས་སེམས་ཀྱི་འཇུག་པ་དང་འབབ་པ་ཤེས་པ་དང་སོ་སོ་ཅི་རིགས་པར་ཆོས་སྟོན་པ་ཤེས་པ་དང་། དུས་ལས་མི་འདའ་བར་ཤེས་པ་དང་། སྣོད་ཀྱི་བྱེ་བྲག་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། འབྲས་བུ་ཡོད་པར་ཆོས་བསྟན་པ་ཤེས་པ་དང་། མ་ཆད་མ་ལྷག་པར་ཆོས་བསྟན་པ་ཤེས་པ་དེ་ནི། ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ།། དེ་ལ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། གང་སེམས་ཅན་ཐམས་ཅད་ཀྱི་སྐད་ལ་འཇུག་པ་ཤེས་པ་སྟེ། ལྷའི་སྐད་དང་། ཀླུའི་སྐད་དང་། གནོད་སྦྱིན་གྱི་སྐད་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་སྐད་ལ་འཇུག་པ་སྟེ། འདོར་ན་ཇི་སྙེད་དུ་འགྲོ་བ་ལྔར་སྐྱེས་པའི་སེམས་ཅན་རྣམས་ཀྱི་སྐད་དང་། སྒྲ་དང་། དབྱངས་དང་། ཚིག་གི་ལམ་དང་། ངེས་པའི་ཚིག་དང་། བརྡ་དང་། སྤྱོད་པ་ཇི་སྙེད་པ་དེ་དག་ཐམས་ཅད་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་སྒྲ་དེ་དག་དང་། ངེས་པའི་ཆོག་དེ་དང་དེ་དག་གིས་སེམས་ཅན་དེ་དང་དེ་དག་ལ་སྒྲ་ལ་འཇུག་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཏེ། འདི་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ།། གཞན་ཡང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་ཆོས་འདི་དག་ལ་འདི་ལྟ་བུར་བརྟགས་པར་བྱ། ཆོས་འདི་དག་ལ་འདི་ལྟ་བུར་བརྟུལ་བར་བྱ། ཆོས་འདི་དག་འདི་ལྟ་བུར་ཁོང་དུ་ཆུད་པར་བྱའོ།། ཆོས་འདི་དག་འདི་ལྟ་བུར་ཡི་གེས་བརྟག་པར་བྱའོ་ཞེས་ཆོས་གཅིག་གི་ཚིག་ཀྱང་ཤེས། གཉིས་ཀྱི་ཚིག་ཀྱང་ཤེས། མང་པོའི་ཚིག་ཀྱང་ཤེས། སྐྱེས་པའི་ཚིག་ཀྱང་ཤེས། བུད་མེད་ཀྱི་ཚིག། ཀྱང་ཤེས། མ་ནིང་གི་ཚིག་ཀྱང་ཤེས། འདས་པའི་ཚིག་ཀྱང་ཤེས། མ་འོངས་པའི་ཚིག་ཀྱང་ཤེས། ད་ལྟར་བྱུང་བའི་ཚིག་ཀྱང་ཤེས། ཡི་གེ་གཅིག་སྒྲོ་བཏགས་པ་ཡང་ཤེས་ཡི་གེ་དུ་མར་སྒྲོ་བཏགས་པ་ཡང་ཤེས། སྒྲོ་བཏགས་པ་མེད་པ་ཡང་ཤེས་ཏེ། འདི་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ།། གཞན་ཡང་ངེས་པའི་ཚིག་གིས་ཆོས་ཐམས་ཅད་འགོག་པ་ལ་ཚིག་གིས་ཆོས་ཤེས་པ་འདི་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། ། དེའི་ངེས་པའི་ཚིག་དེ་ནི་ཐོགས་པ་མེད་པ། འཁྲུལ་པ་མེད་པ། ཤིན་ཏུ་རྣམ་པར་བཞག་པ། ཟློས་པ་མེད་པ། མི་དྲག་པ། མ་བརྟགས་པ། ཟུར་ཕྱིན་པ། རྣམ་པར་གསལ་བ། དོན་དང་ཡི་གེས་བསྐོར་བ། ཇི་ལྟ་བ་བཞིན་དུ་འཁོར་ཚིམ་པར་བྱེད་པ། རྣམ་པ་སྣ་ཚོགས་པ། ཟབ་པ། ཟབ་མོར་སྣང་བ། ཀུན་རྫོབ་དང་དོན་དམ་པས་བརྒྱན་པ། རང་གི་སེམས་དང་། ཤེས་པ་དང་། ལྟ་བ་རྟོགས་པ་དང་། སངས་རྒྱས་ཀྱིས་བཀའ་སྩལ་པ། སེམས་ཅན་ཐམས་ཅད་མགུ་བར་བྱེད་པ་སྟེ། འདོ་ནི་ངེས་པའི་ཚོགས་ས་ཡང་དག་པར་རིག་པ་ཞེས་བྱའོ།། དེ་ལ་ཐོས་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། འདི་ལྟ་སྟེ། ཆགས་པ་མེད་པར་ལུང་བསྒོ་བ་བསྟན་པ་ཤེས་པ་དང་། མ་ཚང་བ་མེད་པར་ལུང་བསྒོ་བ་བསྟན་པ་ཤེས་པ་དང་། ཐོགས་པ་མེད་པར་ལུང་བསྒོ་བ་བསྟན་པ་ཤེས་པ་དང་། སྤོབས་པ་མྱུར་བ། སྤོབས་པ་དྲག་པ་དང་། སྤོབས་པ་མགྱོགས་པ་དང་། སྤོབས་པ་འབྲས་བུ་ཡོད་པ་དང་། ཇི་ལྟར་དྲིས་པ་བཞིན་དུ་སྤོབས་པ་དང་། ལན་ཐེབས་པ་མེད་པའི་སྤོབས་པ་དང་། སྤོབས་པ་མི་འབྲི་བ་དང་། ཤིན་ཏུ་འབྲེལ་པའི་སྤོབས་པ་དང་། རྟོགས་པའི་སྤོབས་པ་དང་། ཆོས་ལ་དགའ་བའི་སྤོབས་པ་དང་། བཟོད།། པའི་སྟོབས་ལ་གནས་པའི་སྤོབས་པ་དང་། ཟབ་མོ་ལ་སྤོབས་པ་དང་། སྣ་ཚོགས་ཀྱི་སྤོབས་པ་དང་། ཀུན་རྫོབ་དང་དོན་དམ་པའི་སྤོབས་པ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་སྤོབས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བ་བསྟན་པ་ལ་སྤོབས་པ་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་ཟབ་མོ་ལ་སྤོབས་པ་དང་། ཞི་གནས་དང་། ལྷག་མཐོང་ལ་སྤོབས་པ་སྟེ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་ནི། གང་ངེས་པའི་ཚིག་ལ་རྟོག་པས་ཚིག་གི་ཆོས་ཤེས་པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། བདེན་པ་ལ་འཇུག་པ་ཤེས་པའི་སྤོབས་པའོ།། ཐེག་པ་ཐམས་ཅད་ལ་སྤོབས་པའོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྟན་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཚིམ་པར་བྱ་བ་ལ་སྤོབས་པ་སྟེ། མི་འདོར། མི་ལྐུག་པའི་ཚིག་དང་། མི་བརླང་བའི་ཚིག་དང་། བརྟན་པའི་ཚིག་དང་། མི་རྩུབ་པའི་ཚིག་དང་། སྣུམ་པའི་ཚི་ག་དང་། དགེ་བའི་ཚིག་དང་། རབ་ཏུ་གྲོལ་བའི་ཚིག་དང་། མི་འཛིངས་པའི་ཚིག་དང་། ཟུར་ཕྱིན་པའི་ཚིག་དང་། ངེས་པའི་ཚིག་དང་། མི་གཡོ་བའི་ཚིག་དང་། མི་རྒོད་པའི་ཚིག་དང་། ཞི་བའི་ཚིག་དང་། གཟུང་བའི་ཚིག་དང་། མཉན་པའི་ཚིག་དང་། ལྡན་པའི་ཚིག་དང་། ཟླ་བ་མེད་པའི་ཚིག་དང་། ཤིན་ཏུ་རིགས་པའི་ཚིག་དང་། མ་ཚང་བ་མེད་པའི་ཚིག་དང་། སྙན་པའི་ཚིག་དང་། འཇམ་པའི་ཚིག་དང་། མ་སྨད་པའི་ཚིག་དང་། ཤིན་ཏུ་སྡུད་པའི་ཚིག་དང་། འཕགས་པ་ཐམས་ཅད་ཀྱིས་རབ་ཏུ་བསྔགས་པའི་ཚིག་དང་། ཞིང་མཐའ་ཡས་པར་གོ་བར་བྱེད་པ་རྗེས་སུ་སོང་བའི་དབྱངས་དང་། ཚངས་པའི་སྒྲ་སྐད་ལ་རྟོག་ཅིང་ཀོ་བར་བྱེད་པའི་རྗེས་སུ་སོང་བའི་དབྱངས་དང་། སངས་རྒྱས་ཀྱིས་བཀའ་སྩལ་པའི་སྤོབས་པས་སེམས་ཅན་གཞན་དང་། གང་ཟག་གཞན་གྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པས་ཆོས་སྟོན་ཏེ། དེའི་ཆོས་སྟོན་པ་དེ་ཡང་དེ་བྱེད་པ་ཡང་དག་པར་སྡུག་བསྔལ་ཟད་པའི་ཕྱིར་འབྱུང་བར་འགྱུར་ཏེ། འདི་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། ། འདི་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པ་བནི་མི་ཟད་པའོ།། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོན་པ་བ་ནི་ཡང་མི་ཟད་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དོན་ལ་རྟོན་གྱི་ཡི་གེ་ལ་མི་རྟོན་པ་དང་། ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མི་རྟོན་པ་དང་། ངེས་པའི་དོན་གྱི་མདོ་ལ་རྟོན་གྱི་དྲང་བའི་དོན་གྱི་མདོ་ལ་མི་རྟོན་པ་དང་། ཆོས་ཉིད་ལ་རྟོན་གྱི་གང་ཟག་ལ་མི་རྟོན་པའོ།། དེ་ལ་དོན་ནི་གང་། ཡི་གེ་ནི་གང་ཞེ་ན། ཡི་གེ། ཞེས་བྱ་བ་ནི་གང་འཇིག་རྟེན་གྱི་ཆོས་དང་། བྱ་བ་ལ་འཇུག་པ་བསྟན་པའོ།། དོན་ཅེས་བྱ་བ་ནི་གང་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པའོ།། ཡི་གེ་ཞེས་བྱ་བ་ནི་གང་སྦྱིན་པ་དང་། དུལ་བ་དང་། སྡོམ་པ་དང་། ངེས་པ་བསྟན་པའོ།། དོན་ཅེས་བྱ་བ་ནི་གང་སྦྱིན་པ་དང་། དུལ་བ་དང་། རློམ་པ་དང་། ངེས་པའི་མཉམ་པ་ཉིད་ཤེས་པའོ།། ཞེས་བྱ་བ་ནི་གང་འཁོར་བའི་ཉེས་པ་བསྒྲགས་ཤིང་བརྗོད་པའོ།། དོན་ཅེས་བྱ་བ་ནི་གང་འཁོར་བ་ལ་མི་དམིགས་པར་རྟོགས་པའོ།། ཡི་གེ་ཞེས་བྱ་བ་ནི་གང་མྱ་ངན་ལས་འདས་པའི་ཡོན་ཏན་དང་ལེག་པ་བརྗོད་པའོ། ། དོན་ཅེས་བྱ་བ་ནི་གང་རང་བཞིན་གྱིས་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའོ།། ཡི་གེ་ཞེས་བྱ་བ་ནི་གང་ཐེག་པ་ཇི་ལྟར་རྣམ་པར་གཞག་པ་བཞིན་དུ་སྟོན་པའོ། ། དོན་ཅེས་བྱ་བ་ནི་གང་ཆོས་ཀྱི་དབྱིངས་དབྱེར་མེད་པ་དེ་ཚུལ་གཅིག་པ་ལ་འཇུག་པ་ཤེས་པའོ།། ཡི་གེ་ཞེས་བྱ་བ་ནི་གང་བདྲོག་པ་ཐམས་ཅད་ཡང་དག་པར་གཏོང་བའོ།། དོན་ཅེས་བྱ་བ་ནི་གང་འཁོར་གསུམ་ཡོངས་སུ་དག་པར་ཤེས་པའོ། ། ཡི་གེ་ཞེས་བྱ་བ་ནི་གང་ལུས་དང་ངག་དང་ཡིད་ཀྱི་སྡོམ་པ་དང་། ཚུལ་ཁྲིམས་དང་། བསླབ་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ཐམས་ཅད་ཡང་དག་པར་ལེན་པ་བསྟན་པའོ།། དོན་ཅེས་བྱ་བ་ནི་གང་ལུས་དང་ངག་དང་ཡིད་མི་དམིགས་པ་དང་། སྡོམ་པ་དང་། ཚུལ་ཁྲིམས་དང་བསླབ་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ཡང་དག་པར་བསླང་བ་བསྟན་པ་ཡོངས་སུ་དག་པར་ཤེས་པའོ།། ཡི་གེ་ཞེས་བྱ་བ་ནི་གང་གནོད་སེམས་ཀྱི་ཐ་བ་དང་། ཉེས་པ་དང་། ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ཐམས་ཅད་རབ་ཏུ་འཇོམ་ཞིང་། བཟོད་པའི་སྟོབས་དང་། ངེས་པ་བསྟན་པའོ།། དོན་ཅེས་བྱ་བ་ནི་གང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའོ།། ཡི་གེ་ཞེས་བྱ་བ་ནི་གང་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྒྲུབ་པ་ལ་བརྩོན་འགྲུས་བརྩམ་པ་བསྟན་པའོ། ། དོན་ཅེས་བྱ་བ་ནི་གང་བླང་བ་དང་དོར་བ་ལ་མི་གནས་པའི་བརྩོན་འགྲུས་སོ།། ཡི་གེ་ཞེས་བྱ་བ་ནི་གང་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་བསྟན་པའོ།། དོན་ཅེས་བྱ་བ་ནི་གང་འགོག་པའོ་སྙོམས་པར་འཇུག་པ་ཤེས་པའོ།། ཡི་གེ་ཞེས་བྱ་བ་ནི་གང་ཐོས་པ་ཐམས་ཅད་འཛིན་པ་ཤེས་རབ་ཀྱི་རྩ་བའོ། ། དོན་ཅེས་བྱ་བ་ནི་གང་བརྗོད་དུ་མེད་པའི་དོན་ཤེས་པའོ།། ཡི་གེ་ཞེས་བྱ་བ་ནི་གང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཆོས་ཡང་དག་པར་བསྟན་པའོ། ། དོན་ཅེས་བྱ་བ་ནི་གང་བྱང་ཆུབ་ཀྱི་ཕྱོགས་སྒྲུབ་པའི་འབྲས་བུ་མངོན་སུམ་དུ་བྱེད་པའོ།། ཡི་གེ་ཞེས་བྱ་བ་ནི་གང་སྡུག་བསྔལ་བ་དང་། ཀུན་འབྱུང་བ་རྣམས་ཡང་དག་པར་རབ་ཏུ་བསྟན་པའོ། ། དོན་ཅེས་བྱ་བ་ནི་གང་འགོག་པའི་འབྲས་བུ་མངོན་སུམ་དུ་བྱེད་པའོ།། ཡི་གེ་ཞེས་བྱ་བ་ནི་གང་མ་རིག་པ་ལ་སོགས་པ་རྒ་ཤིའི་བར་དུ་ཡང་དག་པར་སྟོན་པའོ།། དོན་ཅེས་བྱ་བ་ནི་གང་མ་རིག་པ་འགོག་པ་ནས་རྒ་ཤིའི་འགོག་པའི་བར་དུའོ། ། ཡི་གེ་ཞེས་བྱ་བ་ནི་གང་ཞི་གནས་དང་ལྷག་མཐོང་གི་ཚོགས་བསྟན་པའོ།། དོན་ཅེས་བྱ་བ་ནི་གང་རིག་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་སོ། ། ཡི་གེ་ཞེས་བྱ་བ་ནི་གང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཆ་མཉམ་པའི་སྤྱོད་པའི་སེམས་ཅན་རྣམས་བསྟན་པའོ།། དོན་ཅེས་བྱ་བ་ནི་གང་སེམས་རྣམ་པར་གྲོལ་བ་མི་འཁྲུགས་པའི་ཡེ་ཤེས་སོ། ། ཡི་གེ་ཞེས་བྱ་བ་ནི་གང་སྒྲིབ་པ་དང་། བསྒྲིབས་པར་འགྱུར་བའི་ཆོས་རྣམས་ཡང་དག་པར་བསྟན་པའོ།། དོན་ཅེས་བྱ་བ་ནི་གང་བསྒྲིབ་པ་མེད་པའི་ཡེ་ཤེས་དང་། རྣམ་པར་ཐར་པའོ།། ཡི་གེ་ཞེས་བྱ་བ་ནི་གང་དཀོན་མཆོག་གསུམ་གྱི་ཡོན་ཏན་དང་། བསྔགས་པ་མཐའ་ཡས་པ་བསྟན་པའོ།། དོན་ཅེས་བྱ་བ་ནི་གང་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་མཐོང་བ་དང་། འདོད་ཆགས་དང་བྲལ་ཞིང་འགོག་པའི་ཆོས་ཉིད་དང་། འདུས་མ་བྱས་ཀྱི་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་ཡོན་ཏན་སྒྲུབ་པའི་ཡེ་ཤེས་སོ།། ཡི་གེ་ཞེས་བྱ་བ་ནི་གང་ཐོག་མ་སེམས་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་བར་གྱི་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཚོགས་བསྟན་པའོ།། དོན་ཅེས་བྱ་བ་ནི་གང་སེམས་སྐད་ཅིག་མ་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་འཚང་རྒྱ་བ་སྟེ། མདོར་ན་གང་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བསྟན་པ་འདི་རི་ཀེ་ནེས་བྱའོ། ། གང་སེམས་ཅན་ཐམས་ཅད་ཀྱི་སྐད་དང་། ཡི་གེ་དང་། སྣང་བར་བྱེད་པ་དང་། བརྗོད་དུ་མེད་པའི་དོན་དེ་ནི་དོན་ཏེ། འདི་ནི་རོ་ལ་རྔོན་གྱི་ཡིག་ལ་མི་རྟོན་པ་ཞེས་བྱའོ། དེ་ལ་རྣམ་པར་ཤེས་པ་ནི་གང་། ཡེ་ཤེས་ནི་གང་ཞེ་ན། རྣམ་པར་ཤེས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་གནས་པ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་ཤེས་པ་གནས་པ་ན། གཟུགས་ལ་ཉེ་བར་འགྲོ་ཞིང་གནས་སོ།། རྣམ་པར་ཤེས་པ་གནས་པ་ན་ཚོར་བ་ལ་ཉེ་བར་འགྲོ་བ་དང་། འདུ་ཤེས་ལ་ཉེ་བ་འགྲོ་བ་དང་། འདུ་བྱེད་ལ་ཉེ་བར་འགྲོ་ཞིང་གནས་པ་སྟེ། འདི་ནི་རྣམ་པར་ཤེས་པ་ཞེས་བྱའོ།། དེ་ལ་ཡེ་ཤེས་གང་ཞེ་ན། གང་ཕུང་པོ་བཞི་ལ་གནས་པའི་རྣམ་པར་ཤེས་པའི་ཕུང་པོ་ཀུན་ཤེས་པ་སྟེ། འདི་ནི་ཡེ་ཤེས་ཞེས་བྱའོ། ། གཞན་ཡང་རྣམ་པར་ཤེས་པ་ནི་སའི་ཁམས་རྣམ་པར་ཤེས་པ་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་རྣམ་པར་ཤེས་པ་འདི་ནི་རྣམ་པར་ཤེས་པ་ཞེས་བྱའོ། ། གང་ཁམས་རྣམ་པ་བཞི་པོ་འདི་དག་ལ་གནས་པའི་རྣམ་པར་ཤེས་པ་ལ་ཆོས་ཀྱི་དབྱིངས་དབྱེར་མེད་པར་ཤེས་པ་འདི་ནི་ཡེ་ཤེས་ཞེས་བྱའོ།། གཞན་ཡང་རྣམ་པར་ཤེས་པ་ནི། གང་མིག་གིས་ཤེས་པར་བྱ་བའི་གཟུགས་རྣམས་ལ་རྣམ་པར་རིག་པ་དང་། དེ་བཞིན་དུ་རྣ་བས་ཤེས་པར་བྱ་བའི་སྒྲ་རྣམས་དང་། སྣས་ཤེས་པར་བྱ་བའི་དྲི་རྣམས་དང་། ལྕེས་ཤེས་པར་བྱ། བའི་རོ་རྣམས་དང་། ལུས་ཀྱིས་ཤེས་པར་བྱ་བའི་རེག་བྱ་རྣམས་དང་། ཡིད་ཀྱིས་ཤེས་པར་བྱ་བའི་ཆོས་རྣམས་ལ་རྣམ་པར་རིག་པ་འདི་ནི་རྣམ་པར་ཤེས་པ་ཞེས་བྱའོ།། གང་ཡང་ནང་ཉེ་བར། ཞི་ཞིང་ཕྱི་རོལ་དུ་རྒྱུ་བ་མེད་པ་དང་། ཡེ་ཤེས་ལ་རྟོན་པས་ཆོས་གང་ཡང་མི་རྟོག་ཅིང་རྣམ་པར་མི་རྟོག་པ་འདི་ནི་ཡེ་ཤེས་ཞེས་བྱའོ།། གཞན་ཡང་དམིགས་པ་ལས་རྣམ་པར་ཤེས་པ་བ་དང་། ཡིད་ལ་བྱེད་པ་ལས་རྣམ་པར་ཤེས་པ་སྐྱེ་བ་དང་། ཀུན་ཏུ་རྟོག་པ་ལས་རྣམ་པར་ཤེས་པ་སྐྱེ་བ་འདི་ནི་རྣམ་པར་ཤེས་པ་ཞེས་བྱའོ།། གང་ཡང་འཛིན་པ་མེད་པ་དང་། སྙེམས་པ་མེད་པ་དང་། དམིགས་པ་མེད་པ་དང་། རྣམ་པར་རིག་པ་མེད་པ་དང་། རྟོག་པ་མེད་པ་འདི་ནི་ཡེ་ཤེས་ཞེས་བྱའོ།། གཞན་ཡང་འདུས་བྱས་རྒྱུ་བའི་ཆོས་ལ་རྣམ་པར་ཤེས་པ་སྐྱེ་སྟེ། འདུས་མ་བྱས་ལ་ནི་རྣམ་པར་ཤེས་པ་རྒྱུ་བ་མེད་པའོ།། གང་འདུས་མ་བྱས་སུ་ཤེས་པ་དེ་ནི་ཡེ་ཤེས་སོ།། གཞན་ཡང་སྐྱེ་བ་དང་འཇིག་པ་ལ་གནས་པ་ནི་རྣམ་པར་ཤེས་པའོ།། མི་སྐྱེ་བ་དང་མི་འགོག་པ་ལ་གནས་པ་ནི་ཡེ་ཤེས་ཏེ། འདི་ནི་ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མི་རྟོན་པ་ཞེས་བྱའོ།། དེ་ལ་ངེས་པའི་དོན་གྱི་མདོ་ནི་གང་། དྲང་བའི་དོན་གྱི་མདོ་ནི་གང་ཞེ་ན་མདོ་གང་ལམ་ལ་འཇུག་པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། ། མདོ་གང་འབྲས་བུ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ།། མདོ་གང་ཀུན་རྫོབ་སྒྲུབ་པར་བསྡུ་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། ། མདོ་གང་དོན་དམ་པ་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ།། མདོ་གང་ལས་ཀྱི་བྱ་བ་ལ་འཇུག་པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ།། མདོ། གང་ལས་དང་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ།། མདོ་ཀང་ཀུན་ནས་ཉོན་མོངས་པ་བཤད་པའི་ཕྱིར་བསྟུན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། ། མདོ་གང་རྣམ་པར་བྱང་བ་ཡོངས་སུ་བསྟན་པར་བྱ་བའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ།། མདོ་གང་འཁོར་བ་ལ་སྐྱོ་བར་བྱ་བ་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། ། མདོ་གང་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པ་ལ་འཇུག་པར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ།། མདོ་གང་ཆོག་དང་ཡི་གེ་སྣ་ཚོགས་སུ་བསྟན་པ་དེ་དག་ནི་དྲང་བོའི་དོན་ཅེས་བྱའོ། ། མདོ་གང་ཟབ་མོ་བལྟ་དཀའ་བ་ཁོང་དུ་ཆུད་པར་དཀའ་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ།། མདོ་གང་ཚིག་དང་ཡི་གེ་མང་ཞིང་སེམས་ཅན་གྱི་སེམས་དགའ་བར་བྱ་བ་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། ། མདོ་གང་ཚིག་དང་ཡི་གེ་ཉུང་ལ་སེམས་ངེས་པར་རྟོགས་པར་བྱེད་པར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ།། མདོ་གང་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་པ་དང་། ཤེད་བདག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། སྐུ་རྣམ་པ་སྣ་ཚོགས་སུ་བཤད་པ་དང་། བདག་པོ་མེད་པ་ལ་བདག་པོ་དང་བཅས་པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ།། མདོ་གང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། དངོས་པོ་མེད་པ་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། བདག་པོ་མེད་པ་དང་། རྣམ་པར་ཐར་པའི་སྒོའི་བར་དུ་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱ་སྟེ། འདི་ནི་ངེས་པའི་དོན་གྱི་མདོ་ལ་རྟོན་གྱི། དྲང་བའི་རོན་གྱི་མདོ་ལ་མི་རྟོན་པ་ཞེས་བྱའོ། ། དེ་ལ་ཆོས་ཉིད་ནི་གང་། གང་ཟག་ནི་གང་ཞེ་ན། གང་ཟག་ཏུ་ལྟ་བ་ལ་གནས་ཏེ། གང་ཆོས་ཁ་ཅིག་ལ་རྩོམ་པ་འདི་ནི་གང་ཟག་ཅེས་བྱའོ།། གང་ཟག་ཏུ་ལྟ་བ་དེའི་རྩོམ་པ་ཡོངས་སུ་ཤེས་པ་འདི་ནི་ཆོས་ཉིད་ཅེས་བྱའོ། ། གཞན་ཡང་སོ་སོརའི་སྐྱེ་བོའི་གང་ཟག་དང་། སོ་སོའི་སྐྱེ་བོའི་དགེ་བའི་གང་ཟག་དང་། དད་པའི་ཕྱིར་འགྲོ་བའི་གང་ཟག་དང་། ཆོས་ཀྱི་ཕྱིར་འགྲོ་བའི་གང་ཟག་དང་། བརྒྱད་པའི་གང་ཟག་དང་། རྒྱུན་དུ་ཞུགས་པའི་གང་ཟག་དང་། ལན་ཅིག་ཕྱིར་འོང་བའི་གང་ཟག་དང་། ཕྱིར་མི་འོང་བའི་གང་ཟག་དང་། དགྲ་བཅོམ་པའི་གང་ཟག་དང་། རང་སངས་རྒྱས་ཀྱི་གང་ཟག་དང་། བྱང་ཆུབ་སེམས་དཔའི་གང་ཟག་དང་། གང་ཟག་གཅིག་འཇིག་རྟེན་དུ་འབྱུང་བ་ན། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མོའི་སྐྱེ་བོ་ཕལ་པོ་ཆེའི་དོན་གྱི་ཕྱིར་ཕན་པའི་ཕྱིར། བདེ་བའི་ཕྱིར། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་གང་ཟག་གཅིག་པུ་འཇིག་རྟེན་དུ་བྱུང་སྟེ། དེ་ནི་གང་ཟག་ཅེས་བྱའོ།། གང་ཟག་གི་སྒྲ་དེ་དག་ཐམས་ཅན་ནི་དེ་བཞིན་གཤེགས་པས། ཀུན་རྫོབ་ཀྱི་ཚིག་གི་གནས་ཀྱི་སེམས་ཅན་རྣམས་དྲང་བའི་ཕྱིར་བསྟན་པ་སྟེ། དེ་ལ་གང་མངོན་པར་ཆགས་པ་དེ་དག་ནི་རྟོན་པ་མ་ཡིན་ཞེས་བྱ་བ་སྟེ། དེ་དག་རྟོན་པ་ལ་གཟུད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཉིད་ལ་རྟོན་པར་གྱིས་ཤིག། གང་ཟག་གི་ཕྱིར་ནི་མ་ཡིན་ནོ་ཞེས་གསུངས་སོ།། དེ་ལ་ཆོས་ཉིད་གང་ཞེ་ན། འདི་ལྟ་སྟེ། འགྱུར་བ་མེད་པ་དང་། བཏགས་པ་མེད་པ་དང་། བྱང་བ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མི་གནས་པ་དང་། རབ་ཏུ་མི་གནས་པ་དང་། རྩ་བ་མེད་པ་དང་། ཐམས་ཅད་དུ་མཉམ་པ་དང་མཉམ་པ་ལ་མཉམ་པ་དང་། མི་མཉམ་པ་ལ་མཉམ་པ་དང་། མཉམ་པ་དང་མི་མཉམ་པ་ལ་མཉམ་པ་དང་། རྟོག་པ་མེད་པ་དང་། བརྩོན་པ་མེད་པ་དང་། ཆོས་ཐམས་ཅད་ལ་སྐྱོན་མེད་པ་རྙེད་པ་དང་། ཤིན་ཏུ་ནམ་མཁའི་ངོ་བོ་དང་། མཚན་ཉིད་འདི་ནི་མཚན་ཉིད་ཅེས་བྱའོ།། དེ་ལ་གང་ཆོས་ཉིད་ལ་རྟོན་པ་དེ་ནི་ཁམས་གང་ལ་ཡང་མི་རྟོན་ནོ།། དེ་བས་ན་ཆོས་ཀྱི་། སྒོའི་ཚུལ་ལ་འཇུག་པ་འདིས་ཆོས་ཐམས་ཅད་ཀྱང་ཆོས་ཉིད་དུ་འགྱུར་རོ།། འདི་ནི་ཆོས་ཉིད་ལ་རྟོན་གྱི་གང་ཟག་ལ་མི་རྟོན་པ་ཞེས་བྱ་སྟེ། འདི་དག་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་སེམས་དཔའ་རྣམས་ཀྱི་རྟོན་པ་བཞི་མི་ཟད་པའོ། ། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱང་མི་ཟད་པ། ཡིན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་མི་ཟད་པ་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་དང་བསྒོམ་པའི་བསོད་ནམས་བྱ་བའི་དངོས་པོ་དང་། བྱམས་པའི་སེམས་ལ་སྙོམས་པར་འཇུག་པ་དང་། སྙིང་རྗེ་ཆེན་པོའི་སྦྱོར་བ་དང་། དགེ་བ་ཐམས་ཅད་རྩོམ་པ་དང་། བདག་དང་གཞན་གྱི་སྡིག་པ་བཤགས་པ་དང་། སློབ་པ་དང་མི་སློབ་པ་ཐམས་ཅད་དང་། རང་སངས་རྒྱས་དང་། ཐོག་མ་སེམས་བསྐྱེད་པ་དང་། ཕྱིར་མི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དུས་གསུམ་དུ་ཡང་དག་པར་བསྒྲུབ་པའི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དང་། སློབ་པ་དང་མི་སློབ་པ་ཐམས་ཅད་དང་། རང་སངས་རྒྱས་དང་། ཐོག་མ་སེམས་བསྐྱེད་པ་དང་། ཕྱིར་མི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དང་། སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས།། དཔའ་ཐམས་ཅད་དང་། འཕགས་པ་ཐམས་ཅད་དང་། སློབ་པ་དང་། མི་སློབ་པ་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པ་གསོལ་བ་དང་། ཚེ་བསྲིང་བར་གསོལ་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དང་། དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བའི་དགེ་བའི་རྩ་བ་བསགས་པ་རྣམས་དང་། བྱང་ཆུབ་ཏུ་བསྔོ་བ་དང་ལྡན་པའི་ཡིད་ལ་བྱ་བའི་དངོས་པོ་དང་། སེམས་ཅན་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ལ་ཕ་རོལ་ཏུ་ཕྱིན་པའི་ལམ་སྟོན་པ་དང་། སེམས་ཅན་ཕོངས་པ་རྣམས་ལ་ལོངས་སྤྱོད་ཀྱིས་ཡང་དག་པར་སྡུད་པ་དང་། སེམས་ཅན་ནད་པ་རྣམས་ལ་སྨན་སྦྱིན་ཞིང་གཡོ་བ་མེད་པར་རིམ་གྲོ་བྱེད་པ་དང་། མཐུ་ཆུང་བ་ལ་བཟོད་པ་བསྒོམ་པ་དང་། ལྟུང་བ་མི་འཆབ་པ་དང་། སྡིག་པ་འཆགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ་མཆོད་པ་དང་། བསྙེན་བཀུར་ཐམས་ཅད་བྱེད་པ་དང་། མཁན་པོ་དང་སློབ་དཔོན་ལ་སྟོན་པ་བཞིན་དུ་དགའ་བ་དང་། ཆོས་རྣམས་ལ་རིན་ཐང་མེད་པའི་རིན་པོ་ཆེ་ཚོལ་བ་ལྟར་བརྩོན་པ་དང་། ཆོས་སྨྲ་བ་རྣམས་ལ་སངས་རྒྱས་བཞིན་དུ་དགའ་བ་དང་། དཔག་ཚད་བརྒྱར་ཡང་སོ་ཞིང་དམ་པའི་ཆོས་མཉན་པ་ལ་མི་ངོམས་པ་དང་། ཆོས་ལ་སློབ་དཔོན་འཆབ་པ་མེད་པ་དང་། ཟང་ཟིང་མེད་པར་ཆོས་སྦྱིན་པ་དང་། ཆོས་ལ་རིན་ཐང་མེད་པའི་རིན་པོ་ཆེ་བཞིན་དུ་འཕངས་པ་དང་། ཕ་མ་ལ་བསྙེན་བཀུར་བྱེད་པ་དང་། བྱས་པ་གཟོ་བ་དང་། བྱས་པ་ཚོར་བ་དང་། བྱས་ནས་འགྱོད་པ་མེད་པ་དང་། བསོད་ནམས་བསགས་པས་མི་ངོམས་པ་དང་། ལུས་བསྡམས་པས་ལུས་ཀྱི་ཚུལ་འཆོས་པ་མེད་པ་དང་། ངག་བསྡམས་པས་ངག་གི་ཚུལ་འཆོས་པ་མེད་པ་དང་། ཡིད་བསྡམས་པས་ཡིད་ཀྱི་ཚུལ་འཆོས་པ་མེད་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་རབ་ཏུ་འཇོག་པས་ཚངས་པའི་བསོད་ནམས་ཀུན་འཛིན་པ་དང་། གཏན་པ་མེད་པའི་མཆོད་སྦྱིན་གཏོང་བས་མཚན་ཡོངས་སུ་རྫོགས་པར་བྱེད་པ་དང་། དགེ་བའི་རྩ་བའི་ཚོགས་སྣ་ཚོགས་བསགས་པས། དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱེད་པ་དང་། ང་རྒྱལ་མེད་པས་ལུས་བརྒྱན་པ་དང་། ངག་གི་ཉེས་པ་ཐམས་ཅད་སྤངས་པས་ངག་བརྒྱན་པ་དང་། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་སེམས་བརྒྱན་པ་དང་། མངོན་པར་ཤེས་པས་རྣམ་པར་འཕྲུལ་པས་སངས་རྒྱས་ཀྱི་ཞིང་གིས་སངས་རྒྱས་བརྒྱན་པ་དང་། འདོད་ཆགས་དང་བྲལ་བའི་ཆོས་ཉིད་ཀྱིས་ཆོས་བརྒྱན་པ་དང་། ཕྲ་མ་མེད་པ་དང་། ཞེ་གཅོད་པ་མེད་པ་དང་། འབྱེད་པའི་ཚིག་མི་སྨྲ་བས་འཁོར་བརྒྱན་པ་དང་། བསྟན་པ་ལ་སེར་སྣ་མེད་པར་བྱེད་པས་ཆོས་གཟུང་བར་འགྱུར་བ་དང་། ལེགས་སོ་ཞེས་བྱ་བ་བྱིན་པས་རབ་ཏུ་དག་བ་དང་། གུས་པར་ཆོས་ཉན་པ་དང་། ལེགས་པར་བཤད་པ་བརྗོད་པས་འབྲས་བུ་ཡོད་པར་ཆོས་སྟོན་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བརྟུལ་ཞུགས་ཀྱི་ནག་ཚལ་ཕུལ་བས་སྒྲིབ་པ་སྤོང་ཞིང་། བྱང་ཆུབ་ཀྱི་ཤིང་རྒྱན་དུ་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགེ་བའི་རྩ་བ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བས་བྱང་ཆུབ་ཀྱི་སྙིང་པོའི་རྐྱེན་དུ་འགྱུར་བ་དང་། ལས་དང་ཉོན་མོངས་པ་ཐམས་ཅད་ཀྱིས་མི་གོས་པས། ཤི་འཕོས་ཡོངས་སུ་དག་པ་དང་། རིན་པོ་ཆེ་དང་། སྡུག་པའི་དངོས་པོ་ཐམས་ཅད་ལ་མི་ལྟ་བར་ཀུན་གཏོང་བས་ལག་ན་རིན་པོ་ཆེ་རབ་ཏུ་ཐོབ་པ་དང་། གཏེར་མི་ཟད་པ་རབ་ཏུ་བྱིན་པས་ལོངས་སྤྱོད་མི་ཟད་པ་དང་། བཞིན་འཛུམ་ཞིང་ཁྲོ་གཉེར་མེད་པས་སེམས་ཅན་རྣམས་མཐོང་མ་ཐག་ཏུ་དགའ་བར་འགྱུར། བ་དང་། སེམས་ཅན་ཐམས་ཅད་ལ་འོད་ཟེར་མཉམ་པར་གཏོང་བས་མཉམ་པ་ཉིད་དུ་རྣམ་པར་ཐོབ་པ་དང་། མ་ལོབས་པའི་སེམས་ཅན་ཟིལ་གྱིས་མི་གནོན་པས་འོད་བཀོད་པ་གཏོང་བ་དང་ཚུལ་ཁྲིམས་ཀྱི་བསོད་ནམས་བསགས་པས་སྐྱེ་བ་ཡོངས་སུ་དག་པ་དང་། ལྟུང་བ་ལ་རྩོད་པར་མི་བྱེད་པས་མངལ་གྱི་གནས་ཡོངས་སུ་དག་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་དག་པས་ལྷ་དང་མིར་སྐྱེ་བ་དང་། བརྟན་པ་ཐམས་ཅད་ལ་རྣམ་པར་མི་རྟོག་པས་རྣམ་པར་གནོན་པ་དོན་ཡོད་པ་དང་། ཆོས་ཐམས་ཅད་སློབ་དཔོན་འཆབ་པ་མེད་པས་ཆོས་ཐམས་ཅད་ལ་དབང་བ་དང་། བསམ་པ་ཡོངས་སུ་དག་པས་འཇིག་རྟེན་ཐམས་ཅད་ལ་དབང་བ་དང་། སེམས་ཅན་ཡོངས་སུ་སྦྱོང་བས་རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པས་ལྷག་པའི་བསམ་པ་ཡོངས་སུ་དག་པ་དང་། ཉི་ཚེ་བའི་སྤྱོད་པ་མི་འདོད་པས་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་དད་པ་དང་། ཐམས་ཅད་མཁྱེན་པའི་སེམས་མི་གཏོང་བས་བསོད་ནམས་ཐམས་ཅད་ཡོངས་སུ་འཛིན་པ་དང་། དད་པ་སྔོན་དུ་འགྲོ་བས་ནོར་བདུན་ཡོངས་སུ་རྫོགས་པར་འགྱུར་བ་དང་། ལུས་དང་སྲོག་ལ་མི་ལྟ་བས་སངས་རྒྱས་ཀྱི་ཆོས་ཀུན་འཛིན་པ་དང་། ཡི་དམ་བཅས་པ་སྒྲོལ་བས་འཇིག་རྟེན་ཐམས་ཅད་མི་སླུ་བ་དང་། དགེ་བའི་ཆོས་ཐམས་ཅད་སྔོན་དུ་འགྲོ་བས་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་འགྱུར་བ་དང་། དེ་ལྟར་རྒྱུ་གང་དང་གང་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དེ་དང་དེ་དག་ཡང་དག་པར་བསྒྲུབ་པ་འདི་ནི། བཙུན་པ་ཤཱ་ར་དྭ་ཏིའི་བུ། མདོར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་རྣམས་ཀྱི་ཚོགས་མི་ཟད་པ་ཞེས་བྱ་སྟེ། རྒྱ་ཆེར་ནི་བསྐལ་པ་འམ། དེ་བས་ཀྱང་ལྷག་པར་བཤད་དོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་གང་ཞེ་ན། རྒྱུ་གང་དང་རྐྱེན་གང་གིས་ཡེ་ཤེས་རྟོགས་པར་འགྱུར་བའི་རྒྱུ་དེ་དག་དང་རྐྱེན་དེ་དག་བྱང་ཆུབ་སེམས་དཔའ་ཡང་དག་པར་སྒྲུབ་སྟེ། དེ་ལ་རྒྱུ་ནི་གང་། རྐྱེན་ནི་གང་ཞེ་ན། གང་འདི་ནི་ཡེ་ཤེས་ཀྱི་ཡོངས་སུ་ཚོལ་བ་ལ་རབ་ཏུ་མོས་པ་དང་། ཡེ་ཤེས་རྟོགས་པའི་དགེ་བའི་བཤེས་གཉེན་རྣམས་ལ་རྟག་ཏུ་བསྟེན་པ་དང་། འགྲོགས་པ་དང་། བསྙེན་བཀུར་བྱེད་པ་དང་། གང་ཡང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཕྱིར་འབྲང་ཞིང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཕྱིར་མི་འབྲང་བ་དང་། དགེ་བའི་བཤེས་གཉེན་དེ་དག་ལ་ང་རྒྱལ་མེད་ཅིང་བླ་མ་བཞིན་དུ་དགའ་བ་དང་། སྟོན་པ་བཞིན་དུ་དགའ་བ་སྟེ། དགེ་བའི་བཤེས་གཉེན་དེ་དག་གིས་ཀྱང་འདི་བསམ་པ་ཕུན་སུམ་ཚོགས་པའོ་ཞེས་རིག་ནས་ཡང་དག་པར་བརྗོད་པ་དང་། ཡེ་ཤེས་ཀྱི་གཏམ་སྒྲུབ་པར་བྱེད་དོ།། སྣོད་དུ་རིག་ནས་རྒྱུན་མི་འཆད་པར་ཕྱིར་རོལ་མ་ཡིན་པའི་ཆོས་སྟོན་ཏོ།། དེ་ཆོས་དེ་དག་ཐོས་ནས་ཆོས་ཀྱི་ཚོགས་ལ་སྦྱོར་བར་བྱེད་དེ། གང་ཆོས་ཀྱི་ཚོགས་ལ་སྦྱོར་བ་དེ་ནི་དེའི་ཡེ་ཤེས་ཀྱི་ཚོགས་ཡིན་ནོ། ། དེ་ལ་ཆོས་ཀྱི་ཚོགས་སུ་སྦྱོར་བ་གང་ཞེ་ན། གང་འདིའི་དོན་ཉུང་བ་དང་། བྱ་བ་ཉུང་བ་དང་། སྨྲ་བ་ཉུང་བ་དང་། ཡོ་བྱད་ཉུང་བ་དང་། སྲོད་དང་ཐོ་རངས་ལ་མི་ཉལ་ཞིང་རྣལ་འབྱོར་ལ་བརྩོན་པ་དང་། ཐོས་པའི་དོན་ལ་རྟོག་པ་དང་། ཡང་དང་ཡང་ཚོལ་བ་དང་། སེམས་ལ་རྙོག་པ་མེད་པ་དང་། སྒྲིབ་པ་རྣམས་གནོན་པ་དང་། ལྟུང་བ་རྣམས་ལས་འབྱུང་བ་ཤེས་པ་དང་། འགྱོད་པ་མེད་པ་དང་། ཀུན་ནས་ལྡང་བ་མེད་པ་དང་། ནན་ཏན་སྙིང་པོར་བྱེད་པ་དང་། ཆོས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་ཆོས་ལ་བབ་པ་དང་། མཐུ་དང་ལྡན་པ་དང་། ཡེ་ཤེས་ཚོལ་བ་ལ་མགོའི་ཐོད་ལ་མེ་འབར་བ་ལྟ་བུ་དང་། དེ་ལ་མ་ཆགས་པར་གནས་པ་དང་། ཚུལ་ཁྲིམས་ལ་མི་ལྷོད་པ་དང་། བརྩོན་པ་མི་གཏོང་བ་དང་། བྱེ་བྲག་ཏུ་འགྲོ་བ་དང་། འདུ་འཛི་ལ་མི་དགའ་བ་དང་། གཅིག་པུ་དགའ་དང་། དཀོན་པ་ལ་མངོན་དུ་ཕྱོགས་ཤིང་ཡིད་ལ་བྱེད་པ་དང་། འཕགས་པའི་རིགས་ཀྱིས་ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་ལ་སེམས་མི་སྐྱོ་བ་དང་། ཆོས་ཀྱི་དགའ་བ་ལ་དགའ་ཞིང་མོས་པ་དང་། འཇིག་རྟེན་པའི་སྔག་པ་དྲན་པར་མི་བྱེད་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཚོལ་བ་དང་། དྲན་པ་ཉམས་པ་མེད་པ་དང་། དོན་རྟོགས་པའི་རྗེས་སུ་འགྲོ་བ་དང་། བློ་གྲོས་ཀྱི་ལམ་དང་མཐུན་པ་དང་། བསྟན་པས་སྡོམ་པ་དང་། རྐྱེན་གྱིས་ཡེ་ཤེས་སུ་འགྲོ་བ་དང་། ཁྲེལ་དང་ངོ་ཚ་བས་བརྒྱན་པ་དང་། ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་ལྷུར་བྱེད་པ་དང་། མི་ཤེས་པ་སེལ་བ་དང་། མ་རིག་པ་དང་། མུག་གི་མུན་པ་དང་། རབ་རིབ་ཀྱི་མུན་པས་ཆོད་པ་བསལ་བ་དང་། ཤེས་རབ་ཀྱི་མིག་རྣམ་པར་དག་པ་དང་། བློ་ཤིན་ཏུ་རྣམ་པར་དག་པ་དང་། བློ་རྒྱ་ཆེ་བ་དང་། བློ་མ་ཞུམ་པརང་བློ་མ་གྱེས་པ་དང་། བློ་རབ་ཏུ་གསལ་བ་དང་། མངོན་སུམ་དུ་ཤེས་པ་དང་། ཡོན་ཏན་གཞན་ལ་རག་མ་ལུས་པ་དང་། བདག་གི་ཡོན་ཏན་མི་སྙེམས་པ་དང་གཞན་གྱི་ཡོན་ཏན་ཀུན་བརྗོད་པ་དང་། ལེགས་པར་བྱ་བའི་ལས་བྱེད་པ་དང་། ལས་ཀྱི་རྣམ་པར་སྨིན་པ་དང་འགལ་བར་མི་བྱེད་པ་དང་། ལས་ཡོངས་སུ་དག་པའི་ཡེ་ཤེས་འདི་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་ཞེས་བྱའོ།། གཞན་ཡང་ཡེ་ཤེས་ཀྱི་ཚོགས་རྣམ་པ་བཞི་པོ་འདི་དག་ནི་ཡེ་ཤེས་ཀྱི་ཚོགས་རབ་ཏུ་སོགས་པར་འགྱུར་ཏེ། བཞི་པོ་གང་ཞེ་ན། འདི་ལྟ་སྟེ། ཆོས་སྨྲ་བ་རྣམས་ལ་གྲོ་ཀ་དང་། སྨྱུ་གུ་དང་། སྣག་ཚ་དང་། གླེགས་བམ་སྦྱིན་པ་དང་། ཆོས་སྨྲ་བ་རྣམས་ལ་ཆོས་ཀྱི་སྟན་སྣ་ཚོགས་སྦྱིན་པ་དང་། ཆོས་སྨྲ་བ་རྣམས་ལ་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་སྦྱིན་པ་དང་། ཆོས་སྨྲ་བ་རྣམས་ལ་ཆོས་ཀུན་སྡུད་པའི་ཕྱིར་གཡོ་མེད་པར་ལེགས་སོ་ཞེས་བྱ་བ་སྦྱིན་པ་སྟེ། སྦྱིན་པ་བཞི་པོ་དེ་དག་ནི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ།། བསྲུང་བ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་སྨྲ་བ་རྣམས་རྗེ་བོ་བཞིན་དུ་བསྲུང་བ་དང་། དགེ་བའི་རྩ་བ་བསྲུང་བ་དང་། ཡུལ་དང་ལྗོད་ཀྱི་ཕྱོགས་སྲུང་བ་དང་། ཕན་པའི་དངོས་པོ་སྲུང་བ་སྟེ། སྲུང་བ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ།། བསྟན་པ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་སྨྲ་བ་རྣམས་ལ་ཟང་ཟིང་གིས་བསྟན་པ་དང་། ཆོས་བསྟན་པ་དང་། ཤེས་རབ་བསྟན་པ་དང་། ཡེ་ཤེས་བསྟན་པ་སྟེ། བསྟན་པ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ།། སྟོབས་ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། མོས་པའི་ཕྱིར་དད་པའི་སྟོབས་དང་། ཐོས་པ་ཚོལ་བའི་ཕྱིར་བརྩོན་འགྲུས་ཀྱི་སྟོབས་དང་། བྱང་ཆུབ་ཀྱི་སེམས་མ་ཉམས་པའི་ཕྱིར་དྲན་པའི་སྟོབས་དང་། མཉམ་པ་ཉིད་ལ་སེམས་ངེས་པར་རྟོགས་པའི་ཕྱིར་ཏིང་ངེ་འཛིན་གྱི་སྟོབས་དང་། ཐོས་པའི་སྟོབས་ཀྱི་ཕྱིར་ཤེས་རབ་ཀྱི་སྟོབས་ཏེ། སྟོབས་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། ། ཚུལ་ཁྲིམས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་ལ་རབ་ཏུ་དགའ་བའི་ཚུལ་ཁྲིམས་དང་། ཆོས་ཡོངས་སུ་ཚོལ་བའི་ཚུལ་ཁྲིམས་དང་། ཆོས་ཀྱི་དབྱིངས་ལ་ངེས་པར་རྟོག་པའི་ཚུལ་ཁྲིམས་དང་། བྱང་ཆུབ་ཏུ་བསྔོ་བའི་ཚུལ་ཁྲིམས་ཏེ། བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་སོགས་པར་འགྱུར་རོ།། བཟོད་པ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་ཚོལ་བ་ལ་བརྩོན་པས་མི་སྙན་པ་དང་། ངན་དུ་སྨྲ་བའི་ཚིག་གི་ལམ་བཟོད་པ་དང་། ཆོས་ཚོལ་བ་ལ་བརྩོན་པས་རླུང་དང་། ཉི་མ་དང་། གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་བཟོད་པ་དང་། ཆོས་ཚོལ་བ་ལ་བརྩོན་པས་མཁན་པོ་དང་སློབ་དཔོན་གྱི་རྗེས་སུ་འབྲང་བའི་བཟོད་པ་དང་། ཆོས་ཚོལ་བ་ལ་བརྩོན་པས་ན་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་ལ་བཟོད་པ་སྟེ། བཟོད་པ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། ། བརྩོན་འགྲུས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཉན་པའི་བརྩོན་འགྲུས་དང་། འཛིན་པའི་བརྩོན་འགྲུས་དང་། བསྟན་པའི་བརྩོན་འགྲུས་དང་། ནན་ཏན་གྱི་བརྩོན་འགྲུས་ཏེ། བརྩོན་འགྲུས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། ། བསམ་གཏན་གྱི་ཡན་ལག་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དབེན་པ་དང་། རྩེ་གཅིག་པ་དང་། བསམ་གཏན་དང་མངོན་པར་ཤེས་པ་ཚོལ་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཕྱིར་འབྲང་བ་སྟེ། བསམ་གཏན་གྱི་ཡན་ལག་བཞི་པོ་འདི་དག་ནི་བྱང་ཆུབ་སེམ་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། ། ཤེས་རབ་ཀྱི་སྣང་བ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆད་པ་ལ་མི་གནས་པ་དང་། རྟག་པ་ལ་མི་འཇུག་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་མི་འགལ་བ་དང་། བདག་མེད་པ་ལ་བཟོད་པ་སྟེ། ཤེས་རབ་ཀྱི་སྣང་བ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། ། ཐབས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་གྱི་རྗེས་སུ་འཇུག་པ་དང་། སེམས་ཅན་གྱི་རྗེས་སུ་འཇུག་པ་དང་། ཆོས་ཀྱི་རྗེས་སུ་འཇུག་པ་དང་། ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་སྟེ། ཐབས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། ། ལམ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བ་ནི་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་དང་། སའི་ལམ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ལམ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ལམ་སྟེ། ལམ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། ། མི་ངོམས་པ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཐོས་པས་མི་ངོམས་པ་དང་། བསྟན་པས་མི་ངོམས་པ་དང་། དཔྱོད་པས་མི་ངོམས་པ་དང་། ཤེས་པས་མི་ངོམས་པ་སྟེ། མི་ངོམས་པ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ།། གཞན་ཡང་ཡེ་ཤེས་ཀྱི་ཚོགས་ནི་གང་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དང་། ཆོས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དང་། སྦྱིན་པ་ལས་ཀྱང་ཡེ་ཤེས་ཀྱི་ཚོགས་སུ་བལྟའོ།། དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་བསམ་གཏན་དང་། ཤེས་རབ་ལས་ཀྱང་ཡེ་ཤེས་ཀྱི་ཚོགས་སུ་བལྟའོ།། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལས་ཀྱང་ཡེ་ཤེས་ཀྱི་ཚོགས་སུ་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་རྩོམ་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཡེ་ཤེས་ཀྱིས་སྒྲུབ་པའོ།། ཡེ་ཤེས་སྔོན་དུ་འགྲོ་བའོ།། ཡེ་ཤེས་ལ་རྟེན་པའོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་གནས་པ་སྟེ། ཡེ་ཤེས་དང་ལྡན་པ་ཐམས་ཅད་མཁྱེན་པ་ཡིན། བདུད་ཐམས་ཅད་ཀྱིས་ཀྱང་དེ་ལ་གླགས་མི་རྙེད་དོ།། དེ་ལ་སངས་རྒྱས་ཀྱི་ཆོས་ཀྱི་སྣོད་ཐམས་ཅད་ཀྱང་ཉེ་བར་གནས་པ་ཡིན་ཏེ། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱང་ཐོབ་བོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་རབ་ཏུ་སྦྱིན་ཏེ། འདི་ནི་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་ཞེས་བྱའོ།། འདི་དག། ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་མི་ཟད་པའོ།། །། བློ་གྲོས་མི་ཟད་པས་བསྟན་པ་བམ་པོ་ལྔ་པ་སྟེ་ཐ་མའོ། ། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པ་ཡང་མི་ཟད་པ་སྟེ། བཞི་གང་ཞེ་ན། གང་འདི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་དང་། སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བའི་ཛིན་པ་ཉེ་བར་གཞག་པ་དང་། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ནི་ཇི་ལྟར་ན། བྱང་ཆུབ་སེམས་དཔའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཤེན། དེ་བདག་གི་ལུས་དང་བཞིན་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ལུས་ཀྱི་ཐོག་མའི་མཐའ་ཡང་རྟོག། ལུས་ཀྱི་ཁྱི་མའི་མཐའ་ལ་ཡང་རྟོག། ལུས་ཀྱི་དལྟར་གྱི་མཐའ་ལ་རྟོག་ཏེ། ཀྱེས་ལུས་འདི་ནི་བྱིན་ཅི་ལོག་ལས་བྱུང་བ། རྒྱུ་དང་རྐྱེན་གྱིས་གྲུབ་པ། ཚོར་བ་མེད་པ་། དང་། བྱེད་པ་མེད་པ་དང་། བདག་པོ་མེད་པ། འཛིན་པ་མེད་པ། རྒྱུ་དང་རྐྱེན་རྣམས་ཀྱིས་བྱུང་བ་སྟེ། འདི་ལྟ་སྟེ། ཕྱི་རོལ་གྱི་རྩཝ་དང་། ཤིང་གེལ་བ་དང་། རྩི་དང་། ནགས་ཚལ་འདི་དག་རྒྱུ་དང་རྐྱེན་གྱིས་འབྱུང་ཞིང་། ཚོར་བ་མེད་པ། བྱེད་པ་མེད་པ། བདག་པོ་མེད་པ། ཡོངས་སུ་འཛིན་པ་མེད་པའོ།། དེ་བཞིན་དུ་བདག་གི་ལུས་འདི་ཡང་རྩཝ་དང་། ཤིང་གེལ་བ་དང་། རྩི་དང་། ནགས་ཚལ་དང་། ཤིང་དང་། རྩིག་པ་དང་། ལམ་དང་། གཟུགས་བརྙན་ལྟ་བུ་སྟེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱིས་ཡོངས་སུ་གཟུང་བ་དང་། ཚོར་བ་མེད་པ། བྱེད་པ་མེད་པ། བདག་པོ་མེད་པ། འཛིན་པ་མེད་པ། བདག་དང་བདག་གི་ལམ། རྟག་པ་འམ། བརྟན་པ་འམ། ཐེར་ཟུག་པ་འམ། མི་གཡོ་བ་འམ། མི་གནོད་པ་འམ། མི་འགྱུར་བའི་ཆོས་ཅན་གྱིས་སྟོང་སྟེ། ལུས་འདི་ལ་བདག་གིར་མི་བྱའི། བདག་གི་ལུས་སྙིང་པོ་མེད་པ་འདི་ལ་སྙིང་པོ་མངོན་པར་འཚང་རྒྱ་བར་བྱའོ།། སྙིང་པོ་དེ་ཡང་གང་ཞེ་ན། གང་འདི་དེ་བཞིན་གཤེགས་པའི་སྐུ་སྟེ། བདག་གིས་དེ་བཞིན་གཤེགས་པའི་སྐུ་ཆོས་ཀྱི་སྐུ། རྡོ་རྗེའི་སྐུ། མི་ཤིགས་པའི་སྐུ། བརྟན་པའི་སྐུ། ཁམས་གསུམ་ཐམས་ཅད་ལས་བྱེ་བྲག་ཏུ་འཕགས་པའི་སྐུ་དེ་བདག་གིས་བསྒྲུབ་པར་བྱའོ།། བདག་གིས་ལུས་ཉེས་པ་དུ་མའི་སྐྱོན་ཆགས་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པའི་སྐུ་ཉེས་པ་ཐམས་ཅད་དང་བྲལ་བ་རབ་ཏུ་ཐོབ་པར་བྱའོ།། དེས་ལེགས་པ་མཐོང་བས་ན། སོ་སོར་རྟོགས་པའི་སྟོབས་ཀྱིས་འབྱུང་བ་ཆེན་པོའི་གནས་ཀྱི་ལུས་སྤོང་སྟེ། བདག་གིས་ལུས་འདི་ཡང་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་པ་ལ་ཟད་པར་བྱའོ།། འདི་ལྟ་སྟེ། ཕྱི་རོལ་གྱི་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། འབྱུང་བ་ཆེན་པོ་བཞི་པོ་དེ་དག་སྒོ་སྣ་ཚོགས་དང་། རྣམ་པ་སྣ་ཚོགས་དང་། དམིགས་པ་སྣ་ཚོགས་དང་། རྣམ་གྲངས་སྣ་ཚོགས་དང་། ཡོ་བྱད་སྣ་ཚོགས་དང་། ལོངས་སྤྱོད་སྣ་ཚོགས་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་སྤྱོད་པ་དང་། ཀུན་སྤྱོད་པར་གྱུར་ཏེ། དེ་བཞིན་དུ་བདག་གི་ལུས་འབྱུང་བ་ཆེན་པོ་བཞི་ལ་གནས་པ་འདི་ཡང་སྒོ་སྣ་ཚོགས་དང་། རྣམ་པ་སྣ་ཚོགས་དང་། དམིགས་པ་སྣ་ཚོགས་དང་། རྣམ་གྲངས་སྣ་ཚོགས་དང་། ཡོ་བྱད་སྣ་ཚོགས་དང་། ལོངས་སྤྱོད་སྣ་ཚོགས་རྒྱ་ཆེར་སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་དུ་འགྱུར་བར་བྱའོ་ཞེས་དེས་དོན་གྱི་དབང་འདི་མཐོང་བས། ལུས་ལ་སྡུག་བསྔལ་བར་ཡང་རྟོག་ཅིང་། སེམས་ཅན་ལ་ལྟ་བའི་ཕྱིར་ལུས་ཀྱི་སྡུག་བསྔ་གྱིས་ཀྱང་ཡོངས་སུ་མི་སྐྱོའོ། ། ལུས་ལ་མི་རྟག་པར་རྟོག་ཅིང་། སྐྱེ་བ་དང་ཤི་འཕོ་བས་ཀྱང་ཡོངས་སུ་མི་སྐྱོའོ།། ལུས་ལ་བདག་མེད་པར་རྟོག་ཅིང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡང་ཡོངས་སུ་མི་སྐྱོའོ། ། ལུས་ལ་ཞི་བར་རྟོག་ཅིང་། ལུས་ཞི་བའི་ཕྱིར་བཏང་སྙོམས་སུ་ཡང་མི་ལྟུང་ངོ་།། ལུས་ལ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། དབེན་པར་ཡང་རྟོག་ལ། ལུས་ཀྱི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། དབེན་པའི་མཐར་ཡང་མི་ལྟུང་ངོ་།། བཞིན་དུ་ལུས་ལ་མངོན་པར་འདུ་མི་བྱེད་པ་དང་། མི་སྐྱེ་བ་དང་། མ་བྱུང་བ་དང་། དངོས་པོ་མེད་པ་དང་། ཇི་ལྟ་བ་བཞིན་དུ་རྣམ་པར་དག་པར་ཡང་རྟོག་ལ། ལུས་མངོན་པར་འདུ་མི་བྱེད་པ་དང་། མི་སྐྱེ་བ་དང་། མ་བྱུང་བ་དང་། དངོས་པོ་མེད་པ་དང་། ཇི་ལྟ་བ་བཞིན་དུ་རྣམ་པར་དག་པའི་མཐར་ཡང་མི་ལྟུང་ངོ་།། ལུས་ཚོར་བ་མེད་པ་དང་། ལུས་བྱེད་པ་མེད་པ་དང་ལུས་ལ་བདག་པོ་མེད་པ་དང་། ལུས་འཛིན་པ་མེད་པ་དང་། ལུས་དབྱེར་མེད་པ་དང་། ལུས་རོ་གཅིག་པ་དང་། ལུས་ནམ་མཁའི་དངོས་པོ་ཉིད་དང་། ལུས་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་ཡང་རྟོག་ལ། ལུས་ལ་ཚོར་བ་མེད་པ་དང་། བྱེད་པ་མེད་པ་དང་། བདག་པོ་མེད་པ་དང་། འཛིན་པ་མེད་པ་དང་། དབྱེར་མེད་པ་དང་། རོ་གཅིག་པ་དང་ནམ་མཁའི་ངོ་བོ་ཉིད་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་མཐར་ཡང་མི་ལྟུང་ངོ་།། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེ་ལུས་ལ་རྫས་དང་སྙིང་པོ་ཡང་དག་པར་རྗེས་སུ་མཐོང་ངོ་། ། དེ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པས་ནང་ན་གནས་པའི་ཉོན་མོངས་པ་རྣམས་ཀྱི་སྐབས་མི་འབྱེད་དོ།། དེ་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པས། ཕྱི་རོལ་གྱི་རྗེས་སུ་སོང་བའི་ཉོན་མོངས་པ་དང་ལྷན་ཅིག་ཏུ་མི་གནས་སོ།། དེ་ལུས་ཉོན་མོངས་པ་མེད་པས། ཡོངས་སུ་དག་པའི་ལུས་དང་ལྡན་པ་ཡིན། དེ་ལུས་ཀྱི་ལས་ཡོད་སུ་དག་པ་དང་ལྡན་པས། ལྷ་དང་མིའི་ནང་ན་མཚན་གྱིས་མཉམ་པར་བརྒྱན་པའི་ལུས་ཐོབ་སྟེ། དེའི་ལུས་མཚན་གྱིས་མཉམ་པར་བརྒྱན་པས་ལྷ་དང་མི་རྣམས་མངོན་དུ་འདོད་པར་འགྱུར་རོ།། དེ་ལྟར་བྱང་ཆུབ་སེམས་དཔའ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ནི། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་ཞིང་ཀ་ནས་ཤེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཅུང་ཟད་ཚོར་བ་དེ་དག་ཐམས་ཅད་སྡུག་བསྔལ་བ་སྙམ་ནས། དེས་ཚོར་བ་ཤིན་ཏུ་རྟོགས་པ་དང་། ཡེ་ཤེས་ཀྱི་རྟོགས་པ་དང་། ཤེས་རབ་ཀྱིས་རྟོགས་པ་དང་། ཉེ་བར་ཞི་བ་རྟོགས་པས་བདེ་བའི་ཚོར་བ་ལ་ཡང་ཚོར་བར་བྱེད་དེ། དེ་འདོད་ཆགས་ཀྱི་བག་ལ་ཉལ་ཡང་བག་ལ་ཉལ་བར་མི་འགྱུར་རོ།། སྡུག་བསྔལ་གྱི་ཚོར་བས་རེག་ན་ཡང་ངན་སོང་དང་མི་ཁོམ་པར་སྐྱེས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་སྐྱེད་དེ། དེ་ཁོང་ཁྲོ་བའི་བག་ལ་ཉལ་ཡང་དག་ལ་ཉལ་བར་མི་འགྱུར་རོ།། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བས་རེག་སྟེ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ཡང་ཚོར་བར་བྱེད་དེ། དེ་མ་རིག་པའི་བག་ལ་ཉལ་ཡང་བག་ལ་ཉལ་བར་མི་འགྱུར་རོ། ། དེ་ཚོར་བ་དང་ལྡན་པའི་དྲན་པས་ཚོར་བ་གང་ཡང་རུང་སྟེ། བདེ་བ་འམ། སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པར་ཚོར་ན་དེ་དག་ཐམས་ཅད་ལས་འབྱུང་བའི་ཡེ་ཤེས་མཐོང་བར་སྒོམ་མོ། ། དེ་སེམས་ཅན་ཐམས་ཅད་ཀྱི་ཚོར་བ་ཀུན་ཤེས་པར་བྱ་བའི་ཕྱིར། གོ་གྱོན་ཏེ་སེམས་ཅན་འདི་དག་ནི་ཚོར་བ་ལས་བྱུང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ཏེ། དེ་དག་འབྱུང་བ་མི་ཤེས་པས་བདེ་བའི་ཚོར་བས་རེག་ན་ནི་ཆགས་པར་འགྱུར། སྡུག་བསྔལ་གྱི་ཚོར་བས་རེག་ན་ནི་ཁོང་ཁྲོ་བར་འགྱུར། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བས་རེག་ན་ནི་རྨོངས་པར་འགྱུར་ཏེ། བདག་ནི་ཤེས་རབ་དང་ཡེ་ཤེས་སུ་ལྡན་པའི་ཚོར་བས་ཚོར་བ་ཐམས་ཅད་དང་བྲལ་བའི་ཐབས་མཁས། པ་དང་། སྙིང་རྗེ་ཆེན་པོས་ཟིན་པའི་དགེ་བའི་རྩ་བའི་ཚོགས་ཀྱིས་སེམས་ཅན་དེ་དག་གི་ཚོར་བ་ཐམས་ཅད་བསལ་བའི་ཕྱིར་ཆོས་བསྟན་པ་བསྒོམ་མོ།། ཡང་ཅིའི་ཕྱིར་ཚོར་བ་ཞེས་བྱ་ཞེ་ན། མ་རྟོགས་པའི་ཚོར་བ་ནི་སྡུག་བསྔལ་དུ་འགྱུར། ཡེ་ཤེས་ཀྱིས་རྟོགས་པའི་ཚོར་བ་ནི་བདེ་བར་འགྱུར་ཏེ། དེ་ལ་ཡེ་ཤེས་ཀྱིས་རྟོགས་པའི་ཚོར་བ་བ་པར་འགྱུར་བ་གང་ཞེ་ན། འདི་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། འགྲོ་བ་འམ། གསོ་བ་འམ། སྐྱེས་བུ་འམ། གང་ཟག་གམ། ཤེད་ལས་སྐྱེས་པ་འམ། ཤེད་བདག་ཀྱང་རུང་སྟེ། གང་གིས་ཀྱང་ཚོར་བར་འགྱུར་མོད་ཀྱི། མངོན་པར་ཆགས་པ་ནི་ཚོར་བའོ།། ཡོངས་སུ་འཛིན་པ་ནི་ཚོར་བའོ།། ཉེ་བར་ལེན་པ་ནི་ཚོར་བའོ།། དམིགས་པ་ནི་ཚོར་བའོ།། ཕྱིན་ཅི་ལོག་ནི་ཚོར་བའོ། ། རྣམ་པར་རྟོག་པ་ནི་ཚོར་བའོ།། ལྟ་བ་དང་བག་ལ་ཉལ་ནི་ཚོར་བའོ།། མིག་ཏུ་འདུ་ཤེས་པ་ནི་ཚོར་བའོ།། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དུ་འདུ་ཤེས་པ་ནི་ཚོར་བའོ།། གཟུགས་སུ་འདུ་ཤེས་པ་ནི་ཚོར་བའོ།། དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་སུ་འདུ་ཤེས་པ་ནི་ཚོར་བ་སྟེ། གང་ཡང་མིག་དང་གཟུགས་འདུས་ཏེ་རེག་པའི་རྐྱེན་ལས་སྐྱེས་པའི་བདེ་བ་ཡང་རུང་སྡུག་བསྔལ་བའང་རུང་། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན། པ་ཡང་རུང་སྟེ། འདི་ནི་ཚོར་བ་ཞེས་བྱའོ།། དེ་བཞིན་དུ་རྣ་བ་དང་། སླར་འདུས་ཏེ་རེག་པའི་རྐྱེན་དང་། སྣ་དང་དྲིར་འདུས་ཏེ་རེག་པའི་རྐྱེན་དང་། ལྕེ་དང་རོར་འདུས་ཏེ་རེག་པའི་རྐྱེན་དང་། ལུས་དང་རེག་བྱར་འདུས་ཏེ་རེག་པའི་རྐྱེན་དང་། གང་ཡང་ཡིད་དང་། ཆོས་སུ་འདུས་ཏེ་རེག་པའི་རྐྱེན་ལས་སྐྱེས་པའི་ཚོར་བ་བདེ་བ་ཡང་རུང་སྡུག་བསྔལ་བ་ཡང་རུང་། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་ཡང་རུང་སྟེ། འདི་ནི་ཚོར་བ་ཞེས་བྱའོ།། གཞན་ཡང་རྣམ་གྲངས་སུ་ན་ཚོར་བ་ནི་གཅིག་པུ་སྟེ། འོད་སེམས་ཀྱི་རྣམ་པར་རིག་པའོ།། ཚོར་བ་ནི་གཉིས་ཏེ། གང་འདི་ནང་གི་དང་། བྱིའིའོ།། ཚོར་བ་གསུམ་སྟེ། གང་འདི་འདས་པ་རྣམ་པར་རིག་པ་དང་། མ་འོངས་པ་རྣམ་པར་རིག་པ་དང་། ད་ལྟར་བྱུང་བ་རྣམ་པར་རིག་པའོ།། ཚོར་བ་བཞིསྟེ། གང་འདི་ཁམས་པནི་རྣམ་པར་རིག་པའོ།། ཚོར་བ་ལྔ་སྟེ། གང་འདི་ཕུང་པོ་ལྔ་ཡིད་ལ་བྱེད་པའོ།། ཚོར་བ་དྲུག་སྟེ། གང་འདི་སྐྱེ་མཆེད་ཀུར་རྟོག་པའོ།། ཚོར་བ་བདུན་ཏེ། གང་འདི་རྣམ་པར་ཤེས་པ་གནས་པ་བདུན་ནོ།། ཚོར་བ་བརྒྱད་དེ། གང་འདི་ལོག་པའི་སྦྱོར་བ་བརྒྱད་དོ།། ཚོར་བ་དགུ་སྟེ། གང་འདི་སེམས་ཅན་གྱི་གནས་དགུའོ།། ཚེར་བ་བཅུ་སྟེ། ཀླུང་འདི་མི་དགེ་བ་བཅུའི་ལམ་རྣམས་སོ།། འདི་ནི་ཚོར་བ་ཀུན་གྱི་ཚུལ་ཏེ། དམིགས་པ་ཇི་སྙེད་པ་དེ་སེམས་ཡིད་ལ་བྱེད་པའོ། ། ཇི་སྙེད་དུ་ཡིད་ལ་བྱེད་པ་དེ་སྐད་དུ་ཀུན་རྟོག་པའོ།། ཇི་སྙེད་དུ་ཀུན་རྟོག་པ་དེ་སྙེད་དུ་ཚོར་བ་སྟེ། དེའི་ཕྱིར་ན་སེམས་ཅན་ཚད་མེད་པ་རྣམས་ཀྱི་ཚོར་བ་ཚད་མེད་པ་ཞེས་བྱའོ། ། དེ་ལ་བྱང་ཆུབ་སེམས་དཔའ་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་ཞིང་གནས་པས་སེམས་ཅན་ཐམས་ཅད་ཀྱི་ཚོར་བ་སྐྱེ་བ་དང་། འཇིག་པ་དང་། གནས་པ་ཤེས་པ་བསྐྱེད་པར་བྱའོ། ། སེམས་ཅན་ཐམས་ཅད་ཀྱི་ཚོར་བ་སྐྱེ་བ་དང་། འཇིག་པ་དང་། གནས་པ་དང་། དགེ་བ་དང་། མི་དགེ་བའི་ཚོར་བ་ཤེས་པ་འདི་ནི་བྱང་ཆུབ་སེམས་དཔའི་ཚོར་བ་རྣམས་ལ་ཆོར་བའི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། ། དེ་ལ་བྱང་ཆུབ་སེམས་དཔའི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་དེའི་བྱང་ཆུབ་ཀྱི་སེམས་མ་བརྗེད་པ། དྲན་པས་བསྲུངས་ཤིང་མི་གཡེང་བ་སྟེ། དེ་སེམས་ལ་འདི་ལྟར་རྟོག་གོ།། སེམས་ནི་སྐྱེས་ནས་ཞིག་ཅིང་ཞུ་སྟེ། མི་གནས་པའོ།། ནང་ན་ཡང་མི་འདུག། ཕྱི་རོལ་དུ་ཡང་མི་འཕོས། གཉིས་ཀ་མེད་པར་ཡང་མི་དམིགས་ཏེ། གང་བདག་གི་བྱང་ཆུབ་ཏུ་ཐོག་མ་སེམས་སྐྱེས་པ་ནི་འགག་སྟེ། ཡལ་ཞིང་མེད་པར་གྱུར་པས་ཡུལ་ན་མི་གནས། ཕྱོགས་ན་མི་གནས་ཏེ། དེ་ནི་གདགས་པར་མི་ནུས་ཏེ། སེམས་བསྐྱེད་པ་གང་གིས་བྱང་ཆུབ་ཀྱི་ཕྱིར་དགེ་བའི་རྩ་བ་རྣམས་ཡང་དག་པར་བསྒྲུབས་པ་དེ་དག་ཀྱང་ཟད་ཅིང་འགགས་ཏེ་ཡལ་ཞིང་མེད་པར་གྱུར་པས་ཡུལ་ན་མི་གནས། ཕྱོགས་ན་མི་གནས་པ་སྟེ། དེ་ཡང་གདགས་པར་མི་ནུས་སོ།། སེམས་བསྐྱེད་པ་གང་གིས་དགེ་བའི་རྩ་བ་དེ་དག་བྱང་ཆུབ་ཏུ་བསྔོས་པ། དེ་དག་ཀྱང་དེའི་རང་བཞིན་དེའི་མཚན་ཉིད་དེ། སེམས་ཀྱིས་སེམས་མི་ཤེས་སོ།། སེམས་ཀྱིས་སེམས་མི་མཐོང་ངོ་།། སེམས་ཀྱིས་སེམས་ཀྱི་མཚམས་མི་སྦྱོར་རོ། ། གང་བྱང་ཆུབ་ཀྱི་སེམས་དང་། དགེ་བའི་སེམས་དེར་ཡང་ལྷན་ཅིག་མི་འགྲོགས། དགེ་བའི་སེམས་དང་། བསྔོ་བའི་སེམས་དེར་ཡང་ལྷན་ཅིག་མི་འགྲོགས། གང་བསྒོ། བའི་སེམས་དང་། བྱང་ཆུབ་ཀྱི་སེམས་དེར་ཡང་ལྷན་ཅིག་མི་འགྲོགས་སོ།། དེ་ལ་གང་གིས་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་བའི་སེམས་དེ་གང་ཡིན་ཞེས་གལ་ཏེ་བྱང་ཆུབ་སེམས་དཔའ་དེ་དག་གིས་དེ་ལྟར་རྟོག་པ་ན། མི་སྐྲག་ཀུན་ཏུ་མི་སྐྲག། ཀུན་ཏུ་སྐྲག་པར་མི་འགྱུར་ན། སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་མི་གནས་སོ།། ཡང་དེ་འདི་སྙམ་དུ་སེམས་ཏེ། རྒྱུ་དང་འབྲས་བུ་ཆུད་མི་ཟ་བའི་ཕྱིར། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཤིན་ཏུ་ཟ་བ་སྟེ། སེམས་ཀྱི་ཆོས་ཉིད་དེ་ལྟ་བུ་ཡིན་དུ་ཟིན་ཀྱང་། ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལ་རག་ལས་ཤིང་། ཚོར་བ་མེད་པ། བྱེད་པ་མེད་པ། བདག་པོ་མེད་པ། འཛིན་པ་མེད་པ་སྟེ། དེ་དག་ནི་ཇི་ལྟར་འདོད་པ་དེ་བཞིན་དུ་རྣམ་པར་སྒྲུབ་སྟེ། བདག་གིས་ཀྱང་རྣམ་པར་སྒྲུབ་པ་ལ་བརྩོན་པར་བྱ་སྟེ། སེམས་ཀྱི་ཆོས་ཉིད་འདིའང་མི་སྤོང་ངོ་སྙམ་མོ།། དེ་ལ་སེམས་ཀྱི་ཆོས་ཉིད་ནི་གང་། རྣམ་པར་སྒྲུབ་པ་ནི་གང་ཞེ་ན། སེམས་སྒྱུ་མ་ལྟ་བུ་སྟེ། འདི་ལ་གང་ཡང་སྦྱིན་པ་མེད་དེ། འདི་ནི་སེམས་ཀྱི་ཆོས་ཉིད་ཅེས་བྱའོ།། གང་ཡང་བདོག་པ་ཐམས་ཅད་ཡོངས་སུ་བཏང་སྟེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཕྱིར་བསྔོ་བ་འདི་ནི་རྣམ་པར་བསྒྲུབ་པོ་ཞེས་བྱའོ། ། སེམས་ནི་རྨི་ལམ་ལྟ་བུར་རབ་ཏུ་ཞི་བའི་མཚན་ཉིད་དེ། འདི་ནི་སེམས་ཀྱི་ཆོས་ཉིད་ཅེས་བྱའོ།། གང་ཡང་ཚུལ་ཁྲིམས་དང་བསླབ་པ་དང་། སྦྱངས་པའི་ཡོན་ཏན་དང་། བྱང་ཆུབ་ཀྱི་ཚོགས་སོགས་པ་ཐམས་ཅད་མཁྱེན་པའི་ཕྱིར་ཡོངས་སུ་བསྔོ་བ་འདི་ནི་རྣམ་པར་བསྒྲུབ་པ་ཞེས་བྱའོ།། སེམས་ནི་མིག་ཡོར་ལྟ་བུ། ཏེ། པོག་མ་ནས་ཡོངས་སུ་མ་གྲུབ་ས་འདི་ནི་སེམས་ཀྱི་ཆོས་ཉིད་ཅེས་བྱའོ།། གང་ཡང་བཟོད་པ་དང་། དེས་པ་རྣམས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡོངས་སུ་རྫོགས་པར་བྱ་བའི་རྒྱུ་བསྔོ་བ་འདི་ནི་རྣམ་པར་སྒྲུབ་པ་ཞེས་བྱའོ། ། སེམས་ནི་སྨིག་རྒྱུ་ལྟ་བུ་སྟེ། ཤིན་ཏུ་དབེན་པའི་ཕྱིར་དབེན་པ་འདི་ནི་སེམས་ཀྱི་ཆོས་ཉིད་ཅེས་བྱའོ།། གང་ཡང་དགེ་བའི་རྩ་བ་ཐམས་ཅད་ལ་བརྩོན་འགྲུས་བརྩམས་པ་རྣམས་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་བྱ་བའི་ཕྱིར་བསྔོ་བ་འདི་ནི་རྣམ་པར་སྒྲུབ་པ་ཞེས་བྱའོ། ། སེམས་ནི་གཟུགས་མེད་པ། བསྟན་པ་མེད་པ་ཐོགས་པ་མེད་པ། རྣམ་པར་རིག་པ་མེད་པ་སྟེ། འདི་ནི་སེམས་ཀྱི་ཆོས་ཉིད་ཅེས་བྱའོ།། གང་ཡང་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཐོབ་པར་བྱ་བའི་ཕྱིར།། ཡོངས་སུ་བསྔོ་བ་འདི་ནི་རྣམ་པར་སྒྲུབ་པ་ཞེས་བྱའོ།། སེམས་ནི་གཟུང་བ་མེད་པ། ། མཚན་མ་མེད་པ། བསྟན་དུ་མེད་པ། གནས་པ་མེད་པ་སྟེ། འདི་ནི་སེམས་ཀྱི་ཆོས་ཉིད་ཅེས་བྱའོ།། གང་ཡང་དྲིས་པའི་ཚིག་རབ་ཏུ་དབྱེ་བ་བསྟན་པ་ཤེས་པ་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བསྔོ་བ་འདི་ནི་རྣམ་པར་སྒྲུབ་པ་ཞེས་བྱའོ། ། སེམས་ནི་དམིགས་པ་མེད་པར་མི་སྐྱེ་བ་སྟེ། འདི་ནི་སེམས་ཀྱི་ཆོས་ཉིད་ཅེས་བྱའོ།། གང་དགེ་བའི་རྩ་བར་དམིགས་པ་ཐམས་ཅད་ལ་སེམས་ཉེ་བར་འཇོག་པ་འདི་ནི་རྣམ་པར་སྒྲུབ་པ་ཞེས་བྱའོ།། སེམས་ནི་རྒྱུ་མེད་པར་མི་སྐྱེ་བ་སྟེ། འདི་ནི་སེམས་ཀྱི་ཆོས་ཉིད་ཅེས་བྱའོ།། གང་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུར་སེམས་བསྐྱེད་པ་འདི་ནི་རྣམ་པར་སྒྲུབ་པ་ཞེས་བྱའོ།། ཡུལ་དྲུག་ལ་རྣམ་པར་གྲོལ་བར་སེམས་མི་སྐྱེད་དེ། འདི་ནི་སེམས་ཀྱི་ཆོས་ཉིད་ཅེས་བྱའོ། ། གང་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཡུལ་གྱི་རྒྱུར་སེམས་མངོན་པར་སྒྲུབ་པ་འདི་ནི། རྣམ་པར་སྒྲུབ་པ་ཞེས་བྱའོ།། སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས། པའི་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་ཐོབ་པར་བྱ་བའི་ཕྱིར་སེམས་ཉེ་བར་འདོགས་ཏེ། དེ་མངོན་པར་ཤེས་པ་ཐོབ་པའི་སེམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་དེ་ལྟ་བུའི་རང་བཞིན་གྱིས་ཆོས་སྟོན་ཏོ།། སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར། སེམས། ཉེ་བར་འདོགས་ཏེ། དེ་སྙིང་རྗེ་ཆེན་པོ་ཐོབ་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པས་མི་སྐྱོའོ།། སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་བྱང་ཆུབ་སེམས་དཔའ་སེམས་ཟད་པའི་ཕྱིར་སེམས་མི་སྐྱེད། སེམས་འགོག་པའི་ཕྱིར་ཡང་མ་ཡིན་ཏེ། འཁོར་བའི་རྒྱུན་གྱི་དགེ་བའི་རྩ་བ་ཀུན་ནས་སྦྱོར་བ་ལ་སེམས་མངོན་པར་སྒྲུབ་པའོ།། སེམས་ཀྱི་དྲན་པ་དང་། ཤེས་པ་དེས་མ་སྐྱེས་མ་བྱུང་། མི་འགོག་མི་འགྱུར་བར་ཞུགས་པའི་ཆོས་སུ་གནས་ཀྱང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་སྟེ། ནམ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་མ་གྱུར་གྱི་བར་དུ་སེམས་ཀྱི་རྒྱུ་དེ་ཉེ་བར་འདོགས་ཏེ། སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཡེ་ཤེས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འཕགས་པའི་ཤེས་རབ་ཀྱི་མིག་གིས་མཐོང་བའི་ཆོས་དེ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་བརྗེད་པར་མི་འགྱུར་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ནིང་གནས་པའི་བྱང་ཆུབ་སེམས་དཔས་གང་སྟོང་པ་ལས་རྣམ་པར་གྲོལ་བ་དང་། མཚན་མ་མེད་པ་ལས་རྣམ་པར་གྲོལ་བ་དང་། སྨོན་པ་མེད་པ་ལས་རྣམ་པར་གྲོལ་བ་དང་། མངོན་པར་འདུ་མི་བྱེད་པ་ལས་རྣམ་པར་གྲོལ་བ་དང་། མི་སྐྱེ་བ་ལས་རྣམ་པར་གྲོལ་བ་དང་། མ་བྱུང་བ་ལས་རྣམ་པར་གྲོལ་བ་དང་། དངོས་པོ་མེད་པ་ལས་རྣམ་པར་གྲོལ་བའི་ཆོས་རྡུལ་ཙམ་ཡང་མི་མཐོང་ངོ་། ། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་བྱང་ཆུབ་སེམས་དཔས་ཆོས་གང་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་རྣམ་པར་གྲོལ་བ་རྡུལ་ཙམ་ཡང་མི་མཐོང་ངོ་། ། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་བྱང་ཆུབ་སེམས་དཔས་ཆོས་ཉིད་མཐོང་གི། ཆོས་མ་ཡིན་པ་མི་མཐོང་སྟེ། དེ་ལ་ཆོས་གང་ཞེ་ན། འདི་ལྟ་སྟེ། བདག་མེད་པའི་དོན་དང་། སེམས་ཅན་མེད་པའི་དོན་དང་། སྲོག་མེད་པའི་དོན་དང་། གང་ཟག་མེད་པའི་དོན་དང་། ཆད་པ་མེད་པའི་དོན་དང་། རྟག་པ་མེད་པའི་དོན་དང་འབྱུང་བ་མེད་པའི་དོན་དང་། འཇིག་པ་མེད་པའི་དོན་དེ་ནི་ཆོས་ཞེས་བྱའོ།། དེ་ལ་ཆོས་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟར་དང་གང་ཟག་ཏུ་ལྟ་བ་དང་། ཆད་པར་ལྟ་བ་དང་། རྟག་པར་ལྟ་བ་དང་། འབྱུང་བར་ལྟ་བ་དང་། འཇིག་པར་ལྟ་བ་སྟེ། འདི་ནི་ཆོས་མ་ཡིན་པ་ཞེས་བྱའོ།། འདི་ལྟར་ཡང་ཆོས་ཐམས་ཅད་ནི་ཆོས་སོ། ། ཆོས་ཐམས་ཅད་ནི་ཆོས་མ་ཡིན་པའོ།། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པར་ཀུན་ཤེས་པས་ཆོས་ཐམས་ཅད་ནི་ཆོས་ཡིན་ནོ། ། ངར་འཛིན་པ་དང་། ང་ཡིར་འཛིན་པ་ལྟ་བ་ལ་མངོན་པར་ཆགས་པས་ཆོས་ཐམས་ཅད་ནི་ཆོས་མ་ཡིན་པའོ།། དེ་ལྟར་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་བྱང་ཆུབ་སེམ་དཔས་གང་ལས་སངས་རྒྱས་ཀྱི་ཆོས་མེད་པ་དང་། གང་ལས་བྱང་ཆུབ་མེད་པ་དང་། གང་ལས་ལམ་མེད་པ་དང་། གང་ལས་ཐར་པ་མེད་པ་དང་། གང་ལས་འབྱུང་བ་མེད་པ་དེ་གང་ཡང་མི་མཐོང་ངོ་། ། དེས་ཆོས་ཐམས་ཅད་འབྱུང་བར་ཤེས་པས། སེམས་ཅན་རྣམས་ལ་སྒྲིབས་པ་མེད་པ་ཞེས་བྱ་བའི་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་སྒོ་ཐོབ་པར་འགྱུར་རོ།། དེས་ཆོས་ཐམས་ཅད་དང་ཉོན་མོངས་པ་ཐམས་ཅད་ལ་ཡང་སྒྱུ་མར་འདུ་ཤེས་ཐོབ་སྟེ། ཆོས་འདི་དག་ནི་ཉོན་མོངས་པ་མེད་པའོ།། འདི་དག་ནི་ཉོན་མོངས་པ་དང་བཅས་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི། ལྟར་དེ་དག་ནི་ངེས་པའི་དོན་གྱི་དོན་ལ་རྟོན་ཏེ། ཉོན་མོངས་པའི་ཚོགས་ཀྱང་མེད། ཕུང་པོ་གྱུར་པ་ཡང་མེད་དོ།། འདོད་ཆགས་ཀྱི་དངོས་པོ་མེད། ཞེ་སྡང་གི་དངོས་པོ་མེད། གཏི་མུག་གི་དངོས་པོ་མེད་དེ། ཉོན་མོངས་པ་འདི་དག་རྟོགས་པའི་ཕྱིར་བྱང་ཆུབ་སྟེ། ཉོན་མོངས་པའི་ངོ་བོ་ཉིད་གང་ཡིན་པ་བྱང་ཆུབ་ཀྱི་ངོ་བོ་ཉིད་དེ་ཡིན་ནོ་ཞེས་དེ་འདི་ལྟ་བུར་དྲན་པ་མངོན་པར་གཞག་ཀྱང་། གང་ལ་ཡང་ཉེ་བར་མི་གཞོག། རབ་ཏུ་མི་གཞོག། རྣམ་པར་མི་གཞོག། ཆོས་ཉིད་དེ་དག་གནས་པར་རབ་ཏུ་ཤེས་ཏེ། དེའི་ཕྱིར་ཆོས་ཀྱི་དབྱིངས་གནས་པ། ཞེས་བྱའོ།། གནས་ཀྱང་ན་ཆོས་ཀྱི་དབྱིངས་འདུག་འདུག་པའི་གནས་དེ་ན་སེམས་ཅན་གྱི་ཁམས་ཀྱང་འདུག་གོ།། སེམས་ཅན་གྱི་ཁམས་གནས་གང་ན་འདུག་པ་དེན་ནམ་མཁའི་ཁམས་ཀྱང་འདུག་སྟེ། དེ་བས་ན་ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པ་ཞེས་བྱའོ།། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཆོས་ལ་རྟོར་པ་ཡིན་ནོ། ། དེ་ཆོས་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཆོས་སུ་མོས་སོ།། དེ་ཟད་པའི་ཡེ་ཤེས་ཀྱང་བསྐྱེད་དེ། འདུས་བྱས་ཀྱང་ཟད་པར་མི་བྱེད་དོ།། མི་སྐྱེ་བའི་ཡེ་ཤེས་ཀྱང་མངོན་པར་སྒྲུབ་སྟེ། དེ་སེམས་ཅན་ལ་ལྟ་བའང་སྐྱེད་ཅིང་། མི་སྐྱེ་བའི་མཐའ་ཡས་མི་སྤོང་ངོ་།། ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་ནི། ཆོས་ཐམས་ཅད་དྲན་པ་དེ་ལ་གནས་ཏེ། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་དང་། ཆོས་སུ་བཏགས་པ་ཇི་སྙེད་པ་དེ་དག་ཐམས་ཅད་དེའི་དྲན་པ་ལ་གནས་པར་འགྱུར་ཕྱི་མའི་མཐའི་བར་དུ་ཡང་དྲན་པ་དེས་མི་བརྗེད་ཅིང་མི་ཉམས་པར་འགྱུར་རོ། ། ཆོས་ཐམས་ཅད་མ་ལུས་པར་དྲན་པ་དེ་ལ་གནས་ཏེ། དྲན་པ་དེས་ཕྱི་མའི་མཐའི་བར་དུ་ཡང་མི་བརྗེད་ཅིང་། ཉམས་པར་མི་འགྱུར་རོ།། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་དེ་ནི་ཚད་མེད་པ་ཤིན་ཏུ་བསྟན་པའི་ཚིག་སྟེ། ཀུན་ཏུ་སྤྱོད་ཡུལ་པ། སངས་རྒྱས་ཀྱི་ཆོས་དམ། ཅད་ཀྱི་ཕྱིར་འབྲང་བ། སེམས་ཅན་ཐམས་ཅད་མགུ་བར་བྱེད་པ། བདུད་ཐམས་ཅད་ཕམ་པར་བྱེད་པ། རང་བྱུང་གི་ཡེ་ཤེས་རྟོགས་པར་བྱེད་པའི་ཚིག་འདི་ནི། བྱང་ཆུབ་སེམས་དཔའ་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། ། འདི་དག་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་བསྒོམ་པ་མི་ཟད་པ་བཞིའོ།། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པར་སྤོང་བ་བཞི་ཡང་མི་ཟད་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར། མོས་པ་སྐྱེད་འབད་ཅིང་བརྩོན་འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་སྨོན་པ་དང་། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར། མོས་པ་སྐྱེད་འབད་ཅིང་བརྩོན་འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་སྨོན་པ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར། མོས་པསྐྱེད་འབད་ཅིང་བརྩོན་འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་སྨོན་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། སྒོམ་པ་དང་། ཕྱིར་ཞིང་སྐྱེ་བ་དང་། ཆུང་མི་ཟ་བ་དང་། མི་འམ་པ་དང་། རྒྱ་ཆེར་བྱ་བའི་ཕྱིར་མོས་པསྐྱེད་འབད་ཅིང་བརྩོན་འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་སྨོན་པའོ།། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་མོས་པ་སྐྱེད་ཅེས་བྱ་བ་ནི། ཚུལ་བཞིན་ཡིད་ལ་བྱེད་པའི་ཚིག་བླ་དགས་སོ།། འབད་ཅིང་བརྩོན་འགྲུས་རྩོམ་མོ་ཞེས་བྱ་བ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་མི་འདོར་བའི་ཚིག་བླ་དགས་སོ། ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་སྨོན་ཅེས་བྱ་བ་ནི་ཚུལ་བཞིན་དུ་རྟོག་པའི་ཚིག་བླ་དགས་སོ།། དེ་ཅིའི་ཕྱིར་ཞེ་ན། ཚུལ་བཞིན་རབ་ཏུ་སྦྱོར་བ་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་མི་སྤྱོད་དོ། ། དེ་ལ་སྡིག་པ་མི་དགེ་བའི་ཆོས་རྣམས་གང་ཞེ་ན། གང་འདི་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་དང་། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་དང་། ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་སོ། ། དེ་ལ་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་གང་ཞེ་ན། གང་འདི་ཚུལ་ཁྲིམས་ཉམས་པ་དང་། གང་གཞན་ཚུལ་ཁྲིམས་ཉམས་པར་བྱེད་པ་གང་ཡང་རུང་སྟེ། གང་ཚུལ་ཁྲིམས་ཀྱི་ཕུང་པོའི་མོ་མཐུན་པའི་ཕྱོགས་སུ་འགྱུར་བ་འདི་ནི་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ཞེས་བྱའོ།། དེ་ལ་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་གང་ཞེ་ན། འདི་ཆོ་ག་ཉམས་པ་སྟེ། གཞན་སེམས་གཡེང་བར་བྱེད་པ་གང་ཡང་རུང་སྟེ། ཏིང་ངེ་འཛིན་གྱི་ཕུང་པོའི་མི་མཐུན་པའི་ཕྱོགས་སུ་འགྱུར་བ་འདི་ནི། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་ཞེས་བྱའོ། ། དེ་ལ་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་གང་ཞེ་ན། གང་འདི་ལྟ་བ་ཉམས་པ་སྟེ། གང་གཞན་ལྟ་བ་ཉམས་པར་བྱེད་པ་ཀུན་ནས་ལྟུང་བ་དང་། སྒྲིབ་པ་དང་། ཆོད་པར་འགྱུར་བ་གང་ཡང་རུང་སྟེ། ཤེས་རབ་ཀྱི་ཕུང་པོའི་མོ་མཐུན་པའི་ཕྱོགས་སུ་འགྱུར་བ་འདི་ནི། ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ཞེས་བྱ་བ་སྟེ། འདི་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ཞེས་བྱའོ།། ཚུལ་བཞིན་ཡིད་ལ་བྱེད་པ་གང་གིས་འདི་ལྟ་བུའི་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེ་བའི་གོ་སྐབས་མི་སྦྱིན་པ་འདི་ཡང་དག་པར་སྤོང་བ་དང་པོའོ། ། གང་ཡང་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར། མོས་བསྐྱེད་འབད་ཅིང་བརྩོན་འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་སྨོན་ཅེས་བྱ་བ་འདི་ནི་ཚུལ་བཞིན་ཡིད་ལ་བྱེད་པའི་ཚིག་བླ་དགས་སོ།། དེ་ཅིའི་ཕྱིར་ཞེ་ན། སྡིག་པ་མི་དགེ་བའི་ཆོས་དེ་དག་སེམས་ལ་ཕུང་པོར་གྱུར་པ་མེད་དེ། ཡུལ་ན་མི་གནས་ཕྱོགས་ན་མི་གནས་སོ།། གདགས་པར་མི་ནུས་སོ།། སྡིག་པ་མི་དགེ་བའི་ཆོས་དེ་དག་སེམས་ལ་སྤྱོད་པ་རྣམས་སྤང་བ་ཤེས་པ་ནི། རྒྱུ་དང་དམིགས་པ་གང་གིས་སྡུག་པའི་རྣམ་པར་འདོད་ཆགས་སམ། ཁོང་ཁྲོ་བའི་རྣམ་པར་ཞེ་སྡང་ངམ། མ་རིག་པའི་རྣམ་པར་གཏི་མུག་སྐྱེ་བའང་རུང་སྟེ། དེ་དག་ལ་ཚུལ་བཞིན་ཡིད་ལ་བྱེད། མི་སྡུག་པས་ནི་འདོད་ཆགས་ཞི་བར་བྱེད། བྱམས་པས་ནི་ཞེ་སྡང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པས་ནི་གཏི་མུག་ཞི་བར་བྱེད་པ་སྟེ། གང་ཉོན་མོངས་པ་འདི་དག་ཞི་བ་འདི་ནི་སྤོང་བ་ཞེས་བྱའོ། ། ཐ་སྙད་བཏགས་པ་བཟུང་གི། དོན་དམ་པར་ནི་དེ་ལ་གང་སྤང་བའི་ཆོས་གང་ཡང་མི་དམིགས་ཏེ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་སུམ་པས་ན། དེའི་ཕྱིར་ཡང་དག་པར་སྤོང་བ་ཞེས་བྱ་སྟེ། འདི་ནི་ཡང་དག་པར་སྤོང་བ་གཉིས་པའོ།། གང་ཡང་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་མོས་པ་སྐྱེད་འབད་ཅིང་བརྩོན་འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་སྨོན་ཅེས་བྱ་བ་འདི་ནི་ཚད་མེད་པའི་ཆོག་ཤིན་ཏུ་བསྟན་པའོ།། དེ་ཅིའི་ཕྱིར་ཞེ་ན། གང་བྱང་ཆུབ་སེམས་དཔས་ཡང་དག་པར་བསྒྲུབ་པར་བྱ་བའི་དགེ་བའི་ཆོས་དེ་དག་ནི་ཚད་མེད་དེ། དེ་དག་ལ་མོས་པ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བའོ།། བརྩོན་འགྲུས་ཀྱིས་ནི་དགེ་བའི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་བོ།། སེམས་ཡང་དག་པར་འཛིན་པས་ནི་དགེ་བའི་ཆོས་ཐམས་ཅད་སྒྲོལ་བར་བྱེད་དོ། ། དགེ་བའི་ཆོས་དག་ལ་དཔྱོད་ཅིང་རྣམ་པར་དཔྱོད་པ་སྟེ། འདི་ནི་ཡང་དག་པར་སྤོང་བ་གསུམ་པའོ།། གང་ཡང་དགེ་བའི་ཆོས་སྐྱེས་པ་རྣམས་འདུག་པ་དང་། བསྒོམ་པ་དང་། ཕྱིར་ཞིང་སྐྱེ་བ་དང་། ཆུད་མི་ཟ་བ་དང་། མི་ཉམས་པ་དང་། རྒྱ་ཆེར་བྱ་བའི་ཕྱིར་མོས་པ་སྐྱེད་འབད་ཅིང་བརྩོན་འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་སྨོན་ཅེས་བྱ་བ་ནི་བྱང་ཆུབ་ཏུ་བསྔོས་པའི་དགེ་བའི་རྩ་བའི་ཆོག་བླ་དགས་སོ། ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཏུ་བསྔོས་པའི་དགེ་བའི་རྩ་བ་ནི་བྱང་ཆུབ་ཀྱི་སྙིང་པོའི་མཐར་མ་གྱུར་ཀྱི་བར་དུ་བར་མ་དོར་ཆུད་མི་ཟའོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགེ་བའི་རྩ་བ་དེ་ནི་ཁམས་གསུམ་པ་ཐམས་ཅད་ལ་མི་གནས་པ་སྟེ། དགེ་བའི་རྩ་བ་གང་ཁམས་གསུམ་ལ་གནས་པ་དེ་དག་ནི་ཡོངས་སུ་ཟད་པར་འགྱུར་གྱི། གང་ཁམས་གསུམ་ལ་མི་གནས་པའི་དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་པ་དེ་ནི། བྱང་ཆུབ་ཀྱི་སྙིང་པོའི་མཐར་གྱུར་གྱི་བར་དུ་བར་མ་དོར་གང་ཡང་ཟད་པར་མི་འགྱུར་རོ།། འདི་ནི་བྱང་ཆུབ་སེམས་དཔའི་ཡང་དག་པར་སྤོང་བ་བཞི་པ་སྟེ། དེ་དག་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པར་སྤོང་བ་མི་ཟད་པ་བཞིའོ།། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་རྐང་པ་བཞི་མི་ཟད་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། མོས་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའོ།། དེ་དག་གིས་རྩ་བའི་རྟེན་དང་། གནས་ནི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ཚད་མེད་པ་བཞི་རྣམས་ཏེ། དེ་ཚད་མེད་པ་བཞི་པོ་འདི་དག་ལ་བརྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་སེམས་ལས་སུ་རུང་བ་ཐོབ་པར་འགྱུར་རོ། ། སེམས་ལས་སུ་རུང་བ་ཐོབ་པས་བསམ་གཏན་དང་པོ་ལ་མཉམ་པར་གཞོག་གོ།། དེ་བཞིན་དུ་གཉིས་པ་དང་། དེ་བཞིན་དུ་གསུམ་པ་དང་། དེ་བཞིན་དུ་བཞི་པ་ལ་ཡང་མཉམ་པར་གཞོག་སྟེ། དེས་བསམ་གཏན་ཐོབ་པས་ལུས་དང་སེམས་ཡང་བ་ཐོབ་པར་འགྱུར་རོ།། དེ་ལུས་དང་སེམས་ཡང་བ་དང་ལྡན་པས་མངོན་པར་ཤེས་པ་ལ་འཇུག་པ་རབ་ཏུ་སྒྲུབ་བོ། ། དེ་མངོན་པར་ཤེས་པ་ལ་འཇུག་པ་རབ་ཏུ་སྒྲུབ་པ་དང་ལྡན་པས། དད་པ་ལས་སམ། བརྩོན་འགྲུས་ལས་སམ། སེམས་ལས་སམ། དཔྱོད་པ་ལས་རྫུ་འཕྲུལ་གྱི་རྐང་པ་སྐྱེད་དོ།། དེ་ལ་དད་པ་ནི་གང་ཆོས་འདི་དག་མངོན་དུ་བྱེད་པའོ།། བརྩོན་འགྲུས་ནི་གང་ཆོས་དེ་དག་སྒྲུབ་པའོ།། སེམས་ནི་གང་ཆོས་དེ་དག་ལ་རྟོག་པའོ། ། དཔྱོད་པ་ནི་གང་ཆོས་དེ་དག་ལ་མཁས་པ་སྟེ། དེ་རྫུ་འཕྲུལ་གྱི་རྐང་པ་སྒྲུབ་པ་རྣམས་ཀྱིས་ཡང་དག་པར་སྒྲུབ་ཏེ། དེའི་ཕྱིར་ན་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ།། དེ་ལ་མོས་པས་ནི་སྒྲུབ་བོ།། བརྩོན་འགྲུས་ཀྱིས་ནི་རྫོགས་པར་བྱེད་པའོ།། སེམས་ཀྱིས་ནི་རྣམ་པར་འཇོག་གོ།། དཔྱོད་པས་ནི་རྣམ་པར་འབྱེད་དོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་མོས་པ་ལས་བྱུང་བ། མངོན་པར་འདུ་མི་བྱེད་པ། རང་གི་སེམས་བསྐྱེད་པས་དབང་བྱེད་པ། ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ། ཡོངས་སུ་སྦྱང་བ་བྱས་པ། རྩ་བ་ཤིན་ཏུ་གནས་པ་ཐམས་ཅད་དུ་རྒྱུ་ཞིང་རླུང་དམར་བཞིན་དུ་ཐོགས་པ་མེད་པ། ནམ་མཁའི་མཐར་ཐུག་པའོ།། དེ་དག་ནི་བཙུན་པ་ཤཱ་ར་དྭ་ཏིའི་རུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་མི་ཟད་པ་བཞིའོ། ། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ལྔ་རྣམས་མི་ཟད་པ་སྟེ། དེ་ལ་དབང་པོ་ལྔ་གང་ཞེ་ན། གང་འདི་ལ་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ།། དེ་ལ་དད་པའི་དབང་པོ་གང་ཞེ་ན། དད་པ་གང་གིས་ཆོས་བནི་ལ་དད་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། འཁོར་བ་ན་སྤྱོད་པའི་འཇིག་རྟེན་པའི་ཡང་དག་པར་ལྟ་བ་ལ་དད་པ་སྟེ། དེ་ལས་ཀྱི་རྣམ་པར་སྨིན་པའི་ཕྱིར་དད་པ་ཡིན་དགེ་བའམ། སྡིག་པ་འམ། ལས་ཅི་བྱས་པ་དེ་དག་དེའི་རྣམ་པར་སྨིན་པ་མྱོང་བར་འགྱུར་རོ་སྙམ་སྟེ། སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དད་པ་སྟེ། སྤྱོད་པ་དེ་ལ་ཞུགས་ནས་ཀྱང་། ཐེག་པ་གཞན་ལ་འདོད་པ་མི་སྐྱེ་བ་དང་། ཆོས་ཐམས་ཅད་ལ་དོན་དམ་པ་ངེས་པའི་དོན་ཟབ་མོ་རྟེན་ཅིང་འབྲེལ་པར་འབྱུང་བ་བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ། གསོ་བ་མེད་པ། གང་ཟག་མེད་པར་རྣམ་པར་དཔྱོད་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་མཚན་ཉིད་དུ་དད་པ་སྟེ། ལྟ་བར་གྱུར་པ་ཐམས་ཅད་བག་ལ་ཉལ་བར་མི་བྱེད་པ་དང་། སྟོབས་དང་། མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དད་པ་སྟེ། དད་པའི་ཕྱིར་ཐེ་ཚོམ་དང་བྲལ། ནེམ་ནུར་དང་བྲལ་བས། སངས་རྒྱས་ཀྱི་ཆོས་དེ་དག་ཡང་དག་པར་སྒྲུབ་པ་སྟེ། འདི་ནི་དད་པའི་དབང་པོ་ཞེས་བྱའོ།། དེ་ལ་བརྩོན་འགྲུས་ཀྱི་དབང་པོ་གང་ཞེ་ན། ཆོས་གང་ལ་དད་པའི་དབང་པོས་དང་པར་གྱུར་པའི་ཆོས་དེ་དག་བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་སྒྲུབ་སྟེ། འདི་ནི་བརྩོན་འགྲུས་ཀྱི་དབང་པོ་ཞེས་བྱའོ།། དེ་ལ་དྲན་པའི་དབང་པོ་གང་ཞེ་ན་ཆོས་གང་བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་སྒྲུབ་པའི་ཆོས་དེ་དག་དྲན་པའི་དབང་པོས་ཆུད་མི་གཟོན་ཏེ། འདི་ནི་དྲན་པའི་དབང་པོ་ཞེས་བྱའོ།། དེ་ལ་ཏིང་ངེ་འཛིན་གྱི་དབང་པོ་གང་ཞེ་ན། དྲན་པའི་དབང་པོས་ཆོས་གང་ཆུད་མི་གཟོན་པའི་ཆོས་དེ་དག་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་དོ།། འདི་ནི་ཏིང་ངེ་འཛིན་གྱི་དབང་པོ་ཞེས་བྱའོ།། དེ་ལ་ཤེས་རབ་ཀྱི་དབང་པོ་གང་ཞེ་ན། ཆོས་གང་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱས་པའི་ཆོས་དེ་དག་ཤེས་རབ་ཀྱི་དབང་པོས་རབ་ཏུ་རྟོག་ཅིང་། ཤིན་ཏུ་རྟོག་པར་བྱེད་དེ། གང་ཆོས་དེ་དང་དེ་དག་ལ་གཞན་གྱི་དྲིང་མི་འཇོག་པར་ཤེས་ཤིང་སོ་སོ་རང་གིས་ཤེས་པ་འདི་ནི། ཤེས་རབ་ཀྱི་དབང་པོ་ཞེས་བྱའོ།། དེ་ལྟར་ན་དབང་པོ་ལྔ་པོ་འདི་དག་ནི་ལྷན་ཅིག་འགྲོགས་ཤིང་རྗེས་སུ་འབྲེལ་བ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། ། ལུང་བསྟན་པའི་སར་ཡང་གཞོག་གོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་ཕྱི་རོལ་གྱི་དབང་པོ་ལྔ་མངོན་པར་ཤེས་པ་རྣམས་སེམས་ཅན་མངལ་དུ་སོང་བ་རྣམ་ལནམ་དེའི་ཕོའི་དབང་པོ་དང་། མོའི་དབང་པོ་མངོན་པར་གྲུབ་པར་མ་གྱུར་ཀྱི་བར་དུ་ལུང་མི་སྟོན་ཏོ།། དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་། བྱང་ཆུབ་སེམས་དཔའ་རྣམས་ལ་ནམ་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི་དག་དང་མ་ལྡན་གྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མི་སྟོན་ཏོ། ། དེ་དག་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམ། དཔའ་རྣམས་ཀྱི་དབང་པོ་ལྔ་མི་ཟད་པའོ།། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏཱིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་རྣམས་མྱི་བད་པ་སྟེ། རིལ་བྱེངད་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་མི་ཟད་པ་གང་ཞེ་ན། སྟོབས་ལྔ་པོ་འདི་དག་སྟེ། ལྔ་གང་ཞེ་ན། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་ཤེས་རབ་ཀྱི་སྟོབས་སོ། ། དེ་ལ་དད་པའི་སྟོབས་གང་ཞེ་ན། གང་འདི་མོས་པ་དང་། དད་པ་དང་། མི་བརྫི་བ་སྟེ། གལ་ཏེ་བདུད་སྡིག་ཅན་སངས་རྒྱས་ཀྱི་གཟུགས་སུ་དེའི་དྲུང་དུ་འོངས་ནས་ཆོས་ལ་རྟོག་པའི་མོས་པ་གང་ཡང་རུང་བ་ལས་འབྲལ་བར་བྱེད་ཅིང་། མོས་པ་ཟློག་པར་བྱེད་ན་ཡང་། དད་པའི་སྟོབས་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི། དད་པའི་སྟོབས་དེ་ལས་བསྐྱོད་པའམ། བསྐུལ་བ་འམ། བསླང་བར་མི་ནུས་ཏེ། འདི་ནི་དད་པའི་སྟོབས་ཞེས་བྱའོ།། དེ་ལ་བརྩོན་འགྲུས་ཀྱི་སྟོབས་གང་ཞེ་ན། བྱང་ཆུབ་སེམས་དཔས་བརྩོན་འགྲུས་རྩོམ་པ་གང་དང་གང་རྩོམ་པ་དང་། དགེ་བའི་ཆོས་གང་དང་གང་ལ་སྦྱོར་བ་དེ་དང་དེ་ལ་སྟོབས་སྐྱེད་པ་སྲ་བར་འགྱུར་ཏེ། སྟོབས་བསྐྱེད་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་གནས་དེ་ལས་མ་རྒལ་གྱི་བར་དུ་ཡི་མ་དེ་ལས་ལྷར་བཅས་པའི་འཇིག་རྟེན་གྱིས་ཀྱང་བསྐྱོད་པ་འམ། བསྐུལ་བ་འམ། བསྲུང་བར་ཅི་ནུས་པ་འདི་ནི་བརྩོན་འགྲུས་ཀྱི་སྟོབས་ཞེས་བྱའོ།། དེ་ལ་དྲན་པའི་སྟོབས་གང་ཞེ་ན། དེ་ཆོས་དྲན་པ་གནས་གང་དང་གང་ལ་སེམས་འཇོག་པ་དེ་ལས་ཉོན་མོངས་པ་གཞན་གང་ཡང་རུང་བས་གཏོང་བར་མི་ནུས་ཏེ། དེའི་དྲན་པའི་སྟོབས་སྐྱེད་པ་དེས་ཉོན་མོངས་པ་ཐམས་ཅད་འཇོམས་ཤིང་། བྱང་ཆུབ་སེམས་དཔའི་དྲན་པ་དེ་ནི་ཉོན་མོངས་པ་ཐམས་ཅད་ཀྱིས་མི་བརྫི་བ་ཡིན་ཏེ། འདི་ནི་དྲན་པའི་སྟོབས་ཞེས་བྱའོ།། དེ་ལ་ཏིང་ངེ་འཛིན་གྱི་སྟོབས་གང་ཞེ་ན། གང་འདུ་འཛི་ཐམས་ཅད་ལས་དབེན་པར་གནས་ཤིང་སྤྱོད་པ་སྟེ། དེ་སྒྲ་དང་ཚིག་གི་ལམ་ཐམས་ཅད་ཀྱིས་ཤིན་ཏུ་སྟོན་ཀྱང་། དེའི་བསམ་གཏན་དང་པོ་ལ་སྒྲའི་ཚེར་མ་ཡང་སྒྲིབ་པར་མི་བྱེད་དོ།། དེ་དགེ་བ་ལ་རྟོག་པ་དང་། དཔྱོད་པར་དཔྱོད་ཀྱང་དེའི་བསམ་གཏན་གཉིས་པ་ལ་སྒྲིབ་པར་མི་འགྱུར་རོ། ། དེ་དགའ་བ་དང་མགུ་བ་ཡང་སྐྱེས་པ་ཡིན་ལ། དེའི་བསམ་གཏན་གསུམ་པ་ལ་ཡང་སྒྲིབ་པར་མི་འགྱུར་རོ།། དེ་སེམས་ཅན་ཐམས་ཅད་སྨིན་པར་བྱ་བ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར། བཏང་སྙོམས་པར་ཡང་མི་འགྱུར་ལ། དེའི་བསམ་གཏན་བཞི་པ་ལ་ཡང་སྒྲིབ་པར་མི་འགྱུར་རོ།། དེ་བསམ་གཏན་བཞི་པོ་དེ་དག་གིས་སྤྱོད་དེ། བསམ་གཏན་དང་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་ཀྱང་ཐུལ་བར་མི་ནུས་སོ།། དེ་མཉམ་པར་གཞག་པའི་གནས་ཀྱང་མི་འདོར། ཏིང་ངེ་འཛིན་གྱི་དབང་གིས་ཀྱང་། མི་སྐྱེ་སྟེ། འདི་ནི་ཏིང་ངེ་འཛིན་གྱི་སྟོབས་ཞེས་བྱའོ།། དེ་ལ་ཤེས་རབ་ཀྱི་སྟོབས་གང་ཞེ་ན། གང་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ལ་མི་ཐུལ་བར་ཤེས་པ་སྟེ། སྐྱེས་ཤིང་བྱུང་བ་ན་ཡང་སློབ་དཔོན་མེད་པར་བཟོའི་ལས་དང་། རིག་པ་དང་། སྔགས་དང་། སྟོབས་ཀྱི་གནས་ཐམས་ཅད་མངོན་དུ་འགྱུར་རོ།། འཇིག་རྟེན་ན་དམ་པ། བྱ་དཀའ་བ། བཟོད་པར་དཀའ་བཐོབ་པར་དཀའ་བ། ཇི་སྙེད་པ་དེ་དག་བྱང་ཆུབ་སེམས་དཔའ་ལ་མངོན་དུ་འགྱུར་རོ།། གང་ཡང་འཇིག་རྟེན་ལས་འདས་པའི་ཆོས་གང་གིས་འཇིག་རྟེན་ལས་འདའ་བ་དེ་དག་ཀྱང་། བྱང་ཆུབ་སེམས་དཔའི་ཤེས་རབ་དང་། ཡེ་ཤེས་ཀྱི་སྟོབས་བསྐྱེད་པས་རྗེས་སུ་རྟོག་སྟེ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཀྱང་མི་བརྫི་བ་འདི་ནི་ཤེས་རབ་ཀྱི་སྟོབས་ཞེས་བྱ་སྟེ། དེ་དག་ནི། བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ལྔ་མི་ཟད་པའོ།། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་རྣམས་མི་ཟད་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་མི་ཟད་པ་གང་ཞེ་ན། བྱང་ཆུབ་ཀྱི་ཡན་ལག་ནི་བདུན་པོ་འདི་དག་སྟེ། བདུན་གང་ཞེ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏཱིཏྟ་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལ། གོ། དེ་ལ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། དྲན་པ་གང་གིས་ཆོས་རྣམས་རྟོགས་པར་འགྱུར་བ་དང་། ཆོས་རྣམས་ལ་སོ་སོར་རྡོག་པ་དང་། ཆོས་རྣམས་ལ་དཔྱོད་པ་དང་། ཆོས་རྣམས་ལ་ཀུན་འགྲོ་བ་དང་། ཆོས་རྣམས་ལ་བསམ་པ་དང་། ཆོས་རྣམས་ལ་རྗེས་སུ་རྟོག་པ་སྟེ། དེ་དྲན་པ་དེས་ཆོས་རྣམས་ཀྱི་རང་གི་མཚན་ཉིད་རྟོགས་པར་འགྱུར་རོ།། ཆོས་རྣམས་ཀྱི་རང་གི་མཚན་ཉིད་གང་ཞེ་ན། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་གང་གིས་དེ་ལྟར་དྲན་ཞིང་རྟོགས་པ་འདི་ནི། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ།། དེ་ལ་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བ་ནི་རྣམ་པར་འབྱེད་པ་ཤེས་པ་སྟེ། ཆོས་གང་དང་གང་ཇི་ལྟ་ཇི་ལྟ་བུར་རྣམ་པར་དབྱེ་བ་ངེས་པའི་དོན་ཡང་ངེས་བའི་དོན་དུ། དྲང་བའི་དོན་ཡང་དྲང་བའི་དོན་དུ། ཀུན་རྫོབ་ཀྱི་དོན་ཡང་ཀུན་རྫོབ་ཀྱི་དོན་དུ། དོན་དམ་པ་ཡང་དོན་དམ་པར། བརྡ་ཡང་བརྡར་རྣམ་པར་གདོན་མི་ཟ་བ་ཡང་རྣམ་པར་གདོན་མིང་བར། ཆོས་དེ་དང་དེ་དག་དེ་ལྟ་དེ་ལྟ་བུར་རྣམ་པར་འབྱེད་པ་འདི་ནི། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ།། དེ་ལ་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཕན་ལ། གང་ཞེ་ན། གང་དྲན་པ་འདི་དང་། ཆོས་རྣམ་པར་འབྱེད་པ་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཤེས་པ་འདི་རབ་ཏུ་འཛིན་པ་དང་། མོས་པ་དང་སྟོབས་དང་། རྩལ་དང་། ཕྱིར་མི་ལྡོག་པ་དང་། དད་པ་དང་། མཐུ་དང་། བརྩོན་པ་མི་གཏོང་བ་དང་། ལམ་མངོན་པར་རྟོགས་པར་བྱ་བའི་ཕྱིར། བརྩོན་པ་འདི་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། ། དེ་ལ་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། ཆོས་ལ་དགའ་བ་དང་། ཆོས་ལ་མོས་པ་དང་། ཆོས་ལ་རབ་ཏུ་དགའ་བ་གང་གིས་སེམས་མ་གོང་བ་དང་། དད་ཅིང་སྤྲོ་བ་སྟེ། ཆོས་ལ་དགའ་བ་གང་གིས་ལུས་དང་སེམས་ཤིན་ཏུ་བྱང་བར་འགྱུར་བ་དང་། ཉོན་མོངས་པ་རྣམས་སེལ་བ་འདི་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། ། དེ་ལ་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་ལུས་ཤིན་ཏུ་བྱང་བར་གྱུར་པ་དང་། སེམས་ཤིན་ཏུ་བྱང་བར་གྱུར་པས་ཉོན་མོངས་པ་བསལ་བ་དང་། སྒྲིབ་པ་དང་བྲལ་བ་དང་། ཞི་གནས་ལ་འཇུག་པའི་དམིགས་པ་ལ་སེམས་གཞོག་པ་འདི་ནི། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ།། དེ་ལ་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་སེམས་མཉམ་པར་བཞག་པས་ཆོས་ཀྱི་ཡེ་ཤེས་མངོན་པར་འཚང་རྒྱའི། སེམས་མཉམ་པར་མ་བཞག་པས་ནི་མ་ཡིན་ནོ།། གང་སེམས་མཉམ་པར་བཞག་པས་ཆོས་དེ་དག་མངོན་པར་འཚང་རྒྱའི། སེམས་མཉམ་པར་མ་བཟག་པས་མ་ཡིན་ཏེ། ཁམས་དང་། བག་ལ་ཉལ་དང་། ཀུན་ནུས་ལྡང་བ་དེ་དག་ཀྱང་མ་དོར་བར་མངོན་པར་འཚང་མི་རྒྱ་སྟེ། གཞན་དུ་ཆོས་ཐམས་ཅད་མཉམ་པ་ཉིད་དང་། ཆོས་ཐམས་ཅད་ཐ་དད་པ་མེད་པས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་འཚང་རྒྱ་སྟེ། འདི་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ།། དེ་ལ་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་འདི་ནི་ཆོས་བདེ་བ་དང་། ཡིད་མི་བདེ་བའི་ཕྱོགས་ཀྱིས་སེམས་ཀུན་ནས་མི་གཟུང་བ་དང་། འཇིག་རྟེན་གྱི་སེམས་ཀྱི་མི་འཕྲོགས་པ་དང་། མཐོ་དམན་དུ་མི་གནས་པའི་ཕྱིར་མི་བསྐུལ་བ་ཡིན་ཏེ། མི་གནོད། མི་འཕྲོགས། མི་འཆགས། མི་སྡང་། འཕགས་པའི་བདེན་པའི་ལམ་དང་མཐུན་པ་འདི་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་སྟེ། དེ་དག་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་མི་ཟད་པ་བདུན་ནོ། ། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་མི་ཟད་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གང་ཞེ་ན། ལམ་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དེ། འདི་ལྟར་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་འབད་པ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ།། དེ་ལ་ཡང་དག་པའི་ལྟ་བ་གང་ཞེ་ན། གང་འདི་འཕགས་པའི་འཇིག་རྟེན་ལས་འདས་པ་སྟེ། བདག་ཏུ་ལྟ་བ་ལས་ལངས་པ་མ་ཡིན། སེམས་ཅན་དུ་ལྟ་བ་མ་ཡིན། སྲོག་ཏུ་མ་ཡིན། གསོ་བར་མ་ཡིན། སྐྱེས་བུར་མ་ཡིན། གང་ཟག་ཏུ་མ་ཡིན། ཤེད་ལས་སྐྱེས་པར་མ་ཡིན། ཤེད་བདག་ཏུ་མ་ཡིན། བྱེད་པ་པོར་མ་ཡིན། ཚོར་བ་པོར་ལྟ་བ་ལས་ལངས་པ་མ་ཡིན་ཏེ། རྟག་པ་དང་ཆད་པར་ལྟ་བ་ལས་ལངས་པ་མ་ཡིན། འབྱུང་དང་འཇིག་པར་ལྟ་བ་ལས་ལངས་པ་མ་ཡིན། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མི་སྟོན་པར་ལྟ་བ་ལས་ལངས་པ་ཡང་མ་ཡིན་པ་ནས། འཁོར་བ་དང་མྱ་ངན་ལས་འདས་པར་སྦྱོར་བའི་བར་ལས་ལངས་པ་ཡང་མ་ཡིན་ཏེ། འདི་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ།། དེ་ལ་ཡང་དག་པའི་རྟོག་པ་གང་ཞེ་ན། རྟོག་པ་གང་གིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པ་འབྱུང་བར་འགྱུར་བའི་ཀུན་ཏུ་རྟོག་པ་དེ་དག་ལ་མི་རྟོག་གོ། ། རྟོག་པ་གང་གིས་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམས་འབྱུང་བར་འགྱུར་བའི་རྟོག་པ་དེ་དག་ལ་མི་རྟོག་པ་འདི་ནི་ཡང་དག་པའི་རྟོག་པ་ཞེས་བྱའོ། ། དེ་ལ་ཡང་དག་པའི་ངག་གང་ཞེ་ན། ངག་གང་གིས་བདག་ལ་ཡང་ཡོངས་སུ་མི་གདུང་ཞིང་གཞན་ལ་ཡང་མ་ཡིན་པ་དང་། བདག་ཀྱང་ཉོན་མོངས་ཤིང་། གཞན་ལ་ཡང་མ་ཡིན་པ་དང་། བདག་ལ་ཡང་མི་གནོད་ཅིང་གཞན་ལ་ཡང་མ་ཡིན་ཏེ། ངག་གང་གིས་འཕག་པའི་ལམ་ལ་འཇུག་པ་དེ་ལྟ་བུ་མཉམ་པར་གཞག་པ་ལ་སྦྱོར་བའི་ངག་དང་ལྡན་པ་ཡིན་ཏེ། འདི་ནི་ཡང་དག་པའི་ངག་ཅེས་བྱའོ།། དེ་ལ་ཡང་དག་པའི་ལས་ཀྱི་མཐའ་གང་ཞེ་ན། གང་ལས་ཀྱང་གནག་ལ་རྣམ་པར་སྨིན་པ་ཡང་གནག་པ་དེ་ལྟ་བུའི་ལས་མི་འབྱུང་བ་དང་། གང་ལས་ཀྱང་དཀར་ལ་རྣམ་པར་སྨིན་པ་ཡང་དཀར་བ་དེ་ལྟ་བུའི་ལས་མངོན་པར་འདུ་བྱེད་པ་དང་། གང་ལས་ཀྱང་དཀར་གནག་ལ་རྣམ་པར་སྨིན། པ་ཡང་དཀར་གནག་ཏུ་འགྱུར་བའི་ལས་དེ་དག་མི་བྱེད་པ་དང་། ལས་གང་མི་གནག་མི་དཀར་ཞིང་། རྣམ་པར་སྨིན་པ་ཡང་མེད་ལ། ལས་ཀྱི་ལས་ཟད་པར་འགྱུར་བའི་ལས་དེ་དག་མངོན་པར་འདུ་བྱེད་པ་སྟེ། དེ་ལས་ཀྱི་ཕྱིར་འབྲང་བས་ཡང་དག་པའི་ལས་ཀྱི་མཐའ་ལ་བརྩོན་པ་ཞེས་བྱ་སྟེ། འདི་ནི་ཡང་དག་པའི་ལས་ཀྱི་མཐའ་ཞེས་བྱའོ།། དེ་ལ་ཡང་དག་པའི་འཚོ་བ་གང་ཞེ་ན། གང་འཕགས་པའི་རིགས་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་མི་གཏོང་བ་དང་། ཚུལ་འཆོས་པ་མེད་པ་དང་། ཁ་གསག་མེད་པ་དང་། གཞོགས་སློང་མེད་པ་དང་། མགུ་སླ་བ་དང་། གསོ་སླ་བ་དང་། ཆོ་ག་མཆོག་གིས་ཚུལ་ཁྲིམས་དང་། གཞན་གྱིས་ཐོབ་པ་ལ་ཕྲག་དོག་མེད་པ་དང་། བདག་གིས་ཐོབ་པ་ལ་ཆོག་ཤེས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། འཕགས་པས་གནང་བའི་འཚོ་བ་འདི་ནི་ཡང་དག་པའི་འཚེ་བའོ། ། དེ་ལ་ཡང་དག་པའི་འབད་པ་གང་ཞེ་ན། འབད་པ་གང་ལོག་པ་སྟེ། འཕགས་པས་མ་གནང་བ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པ་བག་ལ་ཉལ་གྱི་འབད་པ་དེ་མི་འདོད་ཅིང་། འདད་པ་དེའི་ཡང་དག་པ་འཕགས་པའི་ལམ་དང་། བདེན་པ་ལ་འཇུག་པ་དང་། མྱ་ངན་ལས་འདས་པར་འགྲོ་བའི་ལམ་དུ་གཏོང་བའི་འབད་པ་དེའི་རྗེས་སུ་འགྲོ་བ་འདི་ནི་ཡང་དག་པའི་འབད་པ་ཞེས་བྱའོ། ། དེ་ལ་ཡང་དག་པའི་དྲན་པ་གང་ཞེ་ན། དྲན་པ་གང་ཤིན་ཏུ་ཉེ་བར་གཞག་པ་དང་། མི་བསྐུལ་བ་དང་། དྲང་བ་དང་། གྱ་གྱུ་མེད་པ་དང་། འཁོར་བའི་ཉེས་པ་དང་སྐྱོན་ལ་ལྟ་བ་དང་། མྱ་ངན་ལས་འདས་པའི་ལམ་དུ་འདྲེན་པ་སྟེ། དྲན་པ་དང་། གཞུངས་པ་དང་། འཕགས་པའི་ལམ་མི་བརྗེད་པ་འདི་ནི་ཡང་དག་པའི་དྲན་པ་ཞེས་བྱའོ།། དེ་ལ་ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན། ཡང་དག་པར་མཉམ་པ་དང་། གང་ཆོས་ཐམས་ཅད་ཀྱི་མཉམ་པ་སྟེ། ཏིང་ངེ་འཛིན་གང་ལ་གནས་པས་སེམས་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱ་བའི་ཕྱིར། ཡང་དག་པར་མི་འགྱུར་བ་ལ་འཇུག་པ་འདི་ནི། ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ།། གཞན་ཡང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ལ་གནས་ནས། སེམས་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱ་བའི་ཕྱིར། ཡང་དག་པ་མི་འགྱུར་བ་ལ་འཇུག་པ་འདི་ནི། བྱང་ཆུབ་སེམས་དཔའི་ཡང་དག་པའི་ཏིང་ངེ་འཛིན་མི་ཟད་པ་ཞེས་བྱའོ།། འདི་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ལམ་སྟེ། དེ་བྱང་ཆུབ་སེམས་དཔའ་མངོན་པར་སངས་རྒྱས་ནས། འཆད་པ་དང་། སྟོན་པ་དང་། རབ་ཏུ་སྟོན་པ་དང་འཛིན་དུ་འཇུག་པ་དང་། མོས་པར་བྱེད་པ་དང་། ཀློག་ཏུ་འཇུག་པ་དང་། ཤེས་པར་བྱེད་པ་དང་། རྣམ་པར་ཤེས་པར་བྱེད་པ་དང་། རབ་ཏུ་ཤེས་པར་བྱེད་པ་དང་། རབ་ཏུ་འཛིན་པ་དང་། རྣམ་པར་འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྨོན་པ་འདི་ནི། བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་མ་ཟད་པ་ཞེས་བྱའོ། ། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་དང་། ལྷག་མཐོང་ཡང་མི་ཟད་པ་ཡིན་ཏེ། དེ་ལ་ཞི་གནས་མི་ཟད་པ་གང་ཞེ་ན། གང་སེམས་ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བ་དང་། མི་གཡེང་བ་དང་། དབང་པོ་བསྡམས་པ་དང་། མི་འགོད་པ་དང་། མི་འཕྱར་བ་དང་། མུ་ཅོར་མི་སྨྲ་བ་དང་། མི་བརྟན་པ་མེད་པ་དང་། མི་གཡོ་བ་དང་། ངེས་པ་དང་། སྦས་པ་དང་། ཅང་ཤེས་པ་དང་། ལས་སུ་རུང་བ་དང་། རྩེ་གཅིག་པ་དང་། གཅིག་པུར་དགའ་བ་དང་། འདུ་འཛི་སྤོང་བ་དང་། དབེན་པར་དཀའ་དང་ལུས་དབེན་པ་དང་། སེམས་མ་སྤང་བ་དང་། དགོན་པ་མངོན་དུ་ལྟ་ཞིང་ཡིད་ལ་བྱེད་པ་དང་། འདོད་པ་ཉུང་བ་དང་། འདོད་པ་མེད་པ་དང་། འདོད་ཆེན་མེད་པ་དང་། ཆོག་ཤེས་པ་དང་། འཚོ་བ་ཡོངས་སུ་དག་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་དང་། སྤྱོད་ལམ་སྦས་པ་དང་། དུས་ཤེས་པ་དང་། ཚོད་ཤེས་པ་དང་། ཉི་ཚོད་ཤེས་པ་དང་། ཚོར་འཛིན་པ་དང་། མགུ་སླ་བ་དང་། གསོ་སྨྲ་བ་དང་། སོ་སོར་བརྟགས་པའི་སྟོབས་ཀྱི་མི་མཐོ་མི་དམའ་བ་དང་། ངན་དུ་སྨྲས་པ་དང་། ངན་དུ་སྨྲ་བ་དང་། མི་སྙན་པའི་ཚིག་གི་ལམ་བཟོད་པ་དང་། རྣལ་འབྱོར་པ་ལ་མངོན་དུ་ལྟ་བའི་སེམས་བསྐྱེད་པ་དང་། ནང་དུ་ཡང་དག་འཇོག་པ་ལ་མངོན་པར་དགའ་བ་དང་། བསམ་གཏན་གྱི་ཡན་ལག་ཡིད་ལ་བྱེད་པ་དང་། བྱམས་པ་བསྐྱེད་པ་དང་། སྙིང་རྗེ་ཆེན་པོ་མངོན་པར་བསྒྲུབ་པ་དང་། དགའ་བ་ལ་གཞོལ་བ་དང་། བཏང་སྙོམས་བསྒོམ་པ་དང་། བསམ་གཏན་དང་པོ་དང་། བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། འདུ་ཤེས་རང་ཚོར་བ་འགོག་པ་དང་། མཐར་གྱིས་སྙོམས་པར་འཇུག་པ་དགུ་པོ་འདི་དག་ནི་ཞི་གནས་ཞེས་བྱ་སྟེ། འདི་ལྟར་ཞི་གནས་ཀྱི་ཚོགས་ནི་ཚད་མེད་པ་སྟེ། ཞི་གནས་ཀྱི་ཚོགས་དེ་དག་ལ་གང་བརྩོན་པ་འདི་ནི་ཞི་གནས་མི་ཟད་པ་ཞེས་བྱའོ། ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་མཐོང་མི་ཟད་པ་གང་ཞེ་ན། གང་ཤེས་རབ་ཀྱི་ཆ་དང་མཐུན་པའི་བསྒོམ་པའི་ལམ་སྟེ། ཆོས་རྣམས་ལ་གཡོ་བ་མེད་པར་ཤེས་པ་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པར་ཤེས་པ་དང་། ཕུང་པོ་རྣམས་ལ་སྒྱུ་མར་མཐོང་བའི་ཤེས་པ་དང་། ཁམས་རྣམས་ལ་མྱུར་དུ་གདུག་པའི་སྦྲུལ་ལྟ་བུར་མཐོང་བའི་ཤེས་པ་དང་། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པར་མཐོང་བའི་ཤེས་པ་དང་། བདེན་པ་རྣམས་ལ་ཤིན་ཏུ་རྟོགས་པར་མཐོང་བའི་ཤེས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་མི་འགལ་བར་མཐོང་བའི་ཤེས་པ་དང་། ལྟ་བ་ཐམས་ཅད་དང་བྲལ་བར་མཐོང་བའི་ཤེས་པ་དང་། རྒྱུ་དང་འབྲས་བུ་དང་རྣམ་པར་སྨིན་པ་ལ་ཆུད་མི་ཟ་བར་མཐོང་བའི་ཤེས་པ་དང་། འབྲས་བུ་ཐོབ་པ་མངོན་སུམ་དུ་བྱ་བ་ལ་རྟོག་པར་མཐོང་བའི་ཤེས་པ་དང་། ཡང་དག་པ་ལ་འཇུག་པ་མཐོང་བའི་ཤེས་པ་ནི་ལྷག་མཐོང་ཞེས་བྱ་སྟེ། ལྷག་མཐོང་ཞེས་བྱ་བ་ཡང་ཆོས་རྣམས་ལ་ཡང་དག་པར་མཐོང་བའོ།། ཆོས་རྣམས་ལ་ཇི་ལྟ་བ་བཞིན་དུ་མཐོང་བའོ།། ཆོས་རྣམས་ལ་དེ་ཁོ་ན་ཉིད་དུ་མཐོང་བའོ།། ཆོས་རྣམས་ལ་གཞན་མ་ཡིན་པ་ཉིད་དུ་མཐོང་བའོ། ། ཆོས་རྣམས་ལ་སྟོང་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པར་མཐོང་བའོ།། ཆོས་རྣམས་ལ་མངོན་པར་འདུ་མི་བྱེད་པ་དང་། དེ་བཞིན་དུ་མ་སྐྱེས་པ་དང་མ་བྱུང་བ་དང་། དངོས་པོ་མེད་པ་དང་། ཇི་ལྟ་བ་བཞིན་དུ་རྣམ་པར་དག་པ་དང་། དབེན་པར་མཐོང་བའོ།། ཆོས་རྣམས་ལ་གཡོ་བ་མེད་པ་དང་། བྱེད་པ་མེད་པ་དང་། བདག་པོ་མེད་པ་དང་། འཛིན་པ་མེད་པ་དང་། དབྱེར་མེད་ཅིང་རོ་གཅིག་པ་དང་། ནམ་མཁའི་ངོ་བོ་ཉིད་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པར་མཐོང་བའོ།། ལྷག་མཐོང་ཞེས་བྱ་བ་ཡང་ཡོད་པའི་རྣམ་པར་ཡང་མི་མཐོང་། མེད་པའི་རྣམ་པར་ཡང་མི་མཐོང་། སྐྱེ་བ་དང་། འཇིག་པ་དང་། གནས་པའི་རྣམ་པར་ཡང་མི་མཐོང་། དམིགས་པའི་མཚན་མའི་རྣམ་པར་མི་མཐོང་སྟེ། དེ་མཐོང་མོད་ཀྱི་ཅི་ཡང་མི་མཐོང་ངོ་། ། ནམ་མཐོང་བ་མེད་པ་དེ་ནི་མཐོང་བ་སྟེ། ལྷག་མཐོང་གིས་ཀྱང་མཐོང་བ་ཡང་མ་ཡིན། མ་མཐོང་བ་ཡང་མ་ཡིན་པར་མཐོང་སྟེ། ནམ་དེ་ལྟར་མཐོང་བ་དེ་ན་ཡང་དག་པ་ཉི་མཐོང་ངོ་། ། ཡང་དག་པ་ཉིད་མཐོང་བས་ལྷག་མཐོང་ལ་མཁས་པ་ཐོབ་པར་འགྱུར་རོ།། དེ་ལ་བྱང་ཆུབ་སེམས་དཔའ་ལྷག་མཐོང་གིས་དེ་ལྟར་མཐོང་ཡང་མངོན་པར་འདུ་མི་བྱེད་པར་ཡང་མི་ལྟུང་ཞིང་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་ལས་ཀྱང་མི་ལྡང་ངོ་། ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་མཐོང་མི་ཟད་པ་ཞེས་བྱའོ།། དེ་དག་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམ་ཀྱི་ཞི་གནས་དང་ལྷག་མཐོང་མི་ཟད་པའོ། ། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་དང་སྤོབས་པ་མི་ཟད་པ་ཡིན་ཏེ། དེ་ལ་གཟུངས་མི་ཟད་གང་ཞེ་ན། གཟུངས་ཞེས་བྱ་བ་ནི་གང་སྔོན་དགེ་བའི་རྩ་བའི་ཚོགས་བསགས་པའི་དྲན་པས་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འཛིན་པ་དང་། ཀུན་འཛིན་པ་དང་། མི་བརྗེད་པ་དང་། དྲན་པས་ཀུན་འཛིན་པ་འདི་ནི་གཟུངས་ཞེས་བྱའོ།། གང་གཟུངས་ཞེས་བྱ་བ་ནི་གང་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཐམས་ཅད་འཛིན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་དང་། ཉན་ཐོས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱིས་སྨྲས་པ་འཛིན་པ་དང་། ལེགས་པར་སྨྲས་པ་ཐམས་ཅད་མ་ལུས་པར་འཛིན་པ་སྟེ། འདི་ནི་གཟུངས་ཞེས་བྱའོ།། ནམ་ཡང་བསྐལ་པ་གཞན་དུ་འཕོས་པར་གྱུར་ཏམ། ཚེ་གཞན་དུ་འཕོས་པར་གྱུར་པ་དེ་ན་ཡང་བྱང་ཆུབ་སེམས་དཔའ་དེའི་གཟུངས་ཀྱི་དྲན་པའི་ཡེ་ཤེས་མ་རུང་བར་ཡང་མི་འགྱུར། ཉམས་པར་ཡང་མི་འགྱུར་ཏེ། ནམ་ཕྱི་མའི་མཐའི་བར་དུ་ཆོས་ཐམས་ཅད་འཕགས་པའི་ཤེས་རབ་ཀྱི་མིག་གིས་ལག་མཐིལ་ན་སྐྱུ་རུ་རའི་འབྲུ་འདུག་པ་བཞིན་དུ་མཐོང་སྟེ། འདི་ནི་གཟུངས་མི་ཟད་པ་ཞེས་བྱའོ།། དེ་ལ་སྤོབས་པ་མི་ཟད་པ་གང་ཞེ་ན། སྤོབས་པ་ཞེས་བྱ་བ་ནི་གང་འདི་མ་ཆགས་པའི་སྤོབས་པ་དང་། ཐོགས་པ་མེད་པའི་སྤོབས་པ་དང་། མི་འཕྲོགས་པའི་སྤོབས་པ་དང་། མ་རྨོངས་པའི་སྤོབས་པ་དང་། མྱུར་བའི་སྤོབས་པ་དང་། དགའ་བའི་སྤོབས་པ་དང་། སྤོབས་པ་དྲག་པོ་དང་། མི་འགྱུར་བའི་སྤོབས་པ་དང་། སྤོབས་པ་རྣོ་བ་དང་། སྤོབས་པ་མགྱོགས་པ་སྟེ། དེའི་སྤོབས་པ་དེ་ནི་ལས་ཀྱི་རྣམ་པར་སྨིན་པས་ཡོངས་སུ་སྦྱངས་པ། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ། ལྷ་རྣམས་ཀྱིས་ཡོངས་སུ་བཟུང་བ། ཁྱད་པར་ལུང་བསྟན་པ། འབྲས་བུ་ཡོད་པར་ཆོས་སྟོན་པ། མྱ་ངན་ལས་འདས་པའི་ལམ་དུ་འགྲོ་བ་སྟེ། དེ་དེ་ལྟ་བུའི་སྤོབས་པ་རྫོགས་པ་ཡིན་ནོ།། གཟུགས་སུ་སྣང་བ་ཇི་སྙེད་པར་བྱང་ཆུབ་སེམས་དཔའ་དེའི་མདོ་དང་ཚིགས་སུ་བཅད་པ་བསྟན་པ་སྤོབས་པར་སྣང་བ་ཡང་དེ་སྙེད་དོ།། སྒྲར་གྲགས་པ་ཇི་སྙེད་པར་བྱང་ཆུབ་སེམས་དཔའ་དེའི་མདོ་དང་ཚིགས་སུ་བཅད་པ་བསྟན་པ་ལ་སྤོབས་པར་སྣང་བ་ཡང་དེ་སྙེད་དེ། འདི་བསྟན་ཏོ།། འདི་བཤད་དོ་ཞེས་དེ་མི་རྟག་ཅིང་མངོན་པར་འདུ་བྱེད་པ་མེད་མོད་ཀྱི། འཁོར་གང་དང་གང་དུ་འགྲོ་ཡང་རུང་སྟེ། གལ་ཏེ་རྒྱལ་རིགས་ཀྱི་འཁོར་དུ་འམ། གལ་ཏེ་བྲམ་ཟེའི་འཁོར་དུའམ། གལ་ཏེ་རྗེའུ་རིགས་ཀྱི་འཁོར་དུ་འམ། གལ་ཏེ་ཁྱིམ་བདག་གི་འཁོར་དུ་འམ། གལ་ཏེ་དགེ་སྦྱོང་གི་འཁོར་དུ་འམ། གལ་ཏེ་རྒྱལ་ཆེན་བཞིའི་འཁོར་དུ་འམ། གལ་ཏེ་སུམ་ཅུ་རྩ་གསུམ་པའི་འཁོར་དུ་འམ། གལ་ཏེ་མཚེ་མའི་འཁོར་དུ་འམ། གལ་ཏེ་དགའ་ལྡན་གྱི་འཁོར་དུ་འམ། གལ་ཏེ་འཕྲུལ་དགའི་འཁོར་དུ་འམ། གལ་ཏེ་གཞན་འཕྲུལ་དབང་བྱེད་ཀྱི་འཁོར་དུ་འམ། གལ་ཏེ་བདུད་ཀྱི་འཁོར་དུ་འམ། གལ་ཏེ་ཚངས་པའི་འཁོར་དུ་ཡང་རུང་སྟེ། དེ་དང་དེར་དེའི་ལྷུན་གྱིས་གྲུབ་པས་སེམས་ཅན་ཐམས་ཅད་ཀྱི་དད་པ་དང་། དབང་པོ་རྣམས་ལ་ཆོས་སྤོབས་པར་འགྱུར་ཏེ། དེ་འདོད་ན་ཚེ་གཞན་ནམ། བསྐལ་པ་གཞན་གྱི་བར་དུ་ཡང་མི་ལྡང་ཞིང་ཐོགས་པ་མེད་པར་ཆོས་སྟོན་ཏོ།། དེ་ཆོས་སྟོན་པ་དེས་ཀྱང་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་བྱ་བའི་ཕྱིར་འབྱུང་བར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་མི་ཟད་པའོ།། དེ་དག་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་དང་སྤོབས་པ་མི་ཟད་པའོ།། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་མདོ་བཞི་མི་ཟད་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་མི་རྟག་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ཟད་པར་བསྟན་པ་ཤེས་པ་ལ་འཇུག་པ་དང་འདུ་བྱེད་ཐམས་ཅད་སྡུག་བསྔལ་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ཟད་པར་བསྟན་པ་ཤེས་པ་ལ་འཇུག་པ་དང་། ཆོས་ཐམས་ཅད་བདག་མེད་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ཟད་པ་བསྟན་པ་ཤེས་པ་ལ་འཇུག་པ་དང་། ཞི་བ་མྱ་ངན་ལས་འདས་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ཟད་པར་བསྟན་པ་ཤེས་པ་ལ་འཇུག་པ་སྟེ། དེ་ལ་མི་རྟག་པའི་དོན་གང་ཞེ་ན། མེད་པའི་དོན་གང་། མི་ཆགས་པའི་དོན་ཏེ། དངོས་པོ་རྣམ་པར་འགོག་པའི་དོན་ནི་མ་ཡིན་ནོ།། མི་རྟག་པའི་དོན་ནི་ཆོས་ལ་བདག་མེད་པ་སྟེ། ངོ་བོ་ཉིད་ཀྱིས་དབེན་པའི་ཕྱིར་དེ་ལ་འཇིག་པ་གང་ཡང་མེད་དེ། འདི་ནི་མི་རྟག་པའི་དོན་ཏོ།། དེ་ལ་སྡུག་བསྔལ་གྱི་དོན་གང་ཞེ་ན། དགའ་བ་མེད་པའི་དོན་ནི་སྡུག་བསྔལ་གྱི་དོན་ཏོ།། དགའ་བ་ཟད་པའི་དོན་ནི་སྡུག་བསྔལ་གྱི་དོན་ཏོ།། སྨོན་པ་མེད་པའི་དོན་ནི་སྡུག་བསྔལ་གྱི་དོན་ཏོ། ། སྡུག་བསྔལ་གྱི་སྒྲ་རབ་ཏུ་བསྟན་པའི་དོན་ནི་སྡུག་བསྔལ་གྱི་དོན་ཏོ།། ནམ་མཁའ་རབ་ཏུ་བཞག་པའི་དོན་ནི་སྡུག་བསྔལ་གྱི་དོན་ཏེ། འདི་ནི་སྡུག་བསྔལ་གྱི་དོན་ཅེས་བྱའོ། ། དེ་ལ་བདག་མེད་པའི་དོན་གང་ཞེ་ན། བདག་ནི་ཤིན་ཏུ་བདག་མེད་པ་སྟེ། གང་བདག་མེད་པའི་རོན་དེ་ནི་གསོབ་བོ།། གསོག་གོ།། རག་ལུས་པའོ།། སྟོང་པའོ།། སྟོང་པའི་དོན་ནི་བདག་མེད་པའི་དོན་ཏེ། འདི་ནི་བདག་མེད་པའི་དོན་ཅེས་བྱའོ།། དེ་ལ་ཞི་བའི་དོན་གང་ཞེ་ན། ཞི་བ་ནི་ཞི་བས་ཞི་བར་མི་འགྱུར་ཏེ། ཞི་བ་ཉིད་ཞི་བའོ།། མ་ཞི་བའང་ཞི་བས་ཞི་བར་མི་འགྱུར་ཏེ། གང་ཞི་བའི་དོན་དེ་ནི་མཚན་མ་ཐམས་ཅད་ཉེ་བར་ཞི་བ་སྟེ། འདི་ནི་ཞི་བ་ཞེས་བྱའོ།། ཞི་བ་ནི་མྱ་ངན་ལས་འདས་པ་སྟེ། འདི་ནི་ཞི་བའི་དོན་ཅེས་བྱའོ།། དེ་དག་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་མདོ་བཞི་མི་ཟད་པའོ།། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ་མི་ཟད་པ་ཡིན་ཏེ། དེ་ལ་བགྲོད་པ་གཅིག་པའི་ལམ་གང་ཞེ་ན། བགྲོད་པ་གཅིག་པའི་ལམ་ལ་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་དྲིང་ལ་མི་འཇོག་པ་ཡིན་ཏེ། བགྲོད་པ་གཅིག། པའི་ལམ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་གཅིག་པུ་གཉིས་མ་ཡིན་ཞིང་གྲོགས་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གོ་ཆ་གྱོན་ཏེ། བདག་གི་བརྩོན་འགྲུས་དང་། མཐུ་དང་། སྟོབས་ཀྱིས་ཡོངས་སུ་གཟུང་བ་དང་། ལྷག་པའི་བསམ་པ་གཞན་གྱི་གོ་སྐབས་མེད་པར་བདག་ཉིད་བྱེད་ཅིང་། བདག་གི་མཐུ་སྟོབས་ཀྱིས་འཕགས་ཏེ་དེས་དེ་ལྟ་བུ་གོ་ཆ་སྲ་བ་བགོས་ནས། གང་ཡང་ཅུང་ཟད་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱ་བ་ཡོད་པ་དེ་དག་བདག་གིས་ཀུན་རྙེད་པར་བྱ། གང་འཕགས་པ་ཐམས་ཅད་དང་། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོབ་པར་བྱ་བ་དེ་དག་བདག་གིས་ཀུན་ཐོབ་པར་བྱའོ། ། སྦྱིན་པ་ནི་བདག་གི་གྲོགས་མ་ཡིན་གྱི། བདག་ནི་སྦྱིན་པའི་གྲོགས་སོ།། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ནི་བདག་གི་གྲོགས་མ་ཡིན་གྱི། བདག་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་བསམ་གཏན་དང་། ཤེས་རབ་ཀྱི་གྲོགས་སོ།། བདག་ལ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་རིམ་གྲོར་མི་བྱའི། བདག་གིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རིམ་གྲོར་བྱའོ།། བདག་ལ་ནི་བསྐུ་བའི་དངོས་པོ་རྣམས་ཀྱིས་རིམ་གྲོར་མི་བྱའི། བདག་གིས་ནི་བསྡུ་བའི་དངོས་པོ་རྣམས་ལ་རིམ་གྲོར་བྱའོ།། བདག་ལ་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱིས་རིམ་གྲོར་མི་བྱའི། བདག་གིས་ནི་དགེ་བར་རྩ་བ་ཐམས་ཅད་ལ་རིམ་གྲོར་བྱའོ། ། གང་འདི་ལྟ་བུའི་ཆོས་ལ་གྲོགས་མེད་པར་བདག་ཉིད་བྱེད་ཅིང་གཞན་གྱི་གོ་སྐབས་མེད་པར། བདག་གཅིག་པུ་གཉིས་མ་ཡིན་ཞིང་། གྲོགས་མེད་པར་རྡོ་རྗེ་སའི་སྙིང་པོ་ལ་འདུག་སྟེ། བདུད་སྟོབས་དང་བཅས་པ་རྣམས་བཏུལ་ལ། སེམས་ཀྱིས་སྐད་ཅིག་མ་གཅིམུ་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པ་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་བདག་མངོན་པར་རྫོགས་པར་འཚང་རྒྱ་བ་འདི་ནི། བཙུན་པ་ཤཱ་ར་དྭ་ཏིའོ་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བགྲོད་པ་གཅིག་པ་མི་ཟད་པ་ཞེས་བྱའོ།། གཞན་ཡང་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་མི་ཟད་པ་སྟེ། དེ་ལ་ཐབས་གང་ཞེ་ན། ཐབས་གང་གིས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་སྒྲུབ་ཅིང་སློང་བ་སྟེ། ཐབས་ནི་བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་ཐམས་ཅད་ཉེ་བར་གཞོག་པའོ།། ཐབས་ནི་བསམ་པ་ངེས་པར་རྟོག་པའོ།། ཐབས་ནི་སྦྱོར་བ་རྒྱུན་མི་འཆད་པའོ། ། ཐབས་ནི་ལྷག་པའི་བསམ་པས་བྱེ་བྲག་ཏུ་འཕགས་པའི་ཆོས་འདོད་པའོ།། ཐབས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ།། ཐབས་ནི་ཚུལ་ཁྲིམས་ཀྱིས་སྐྱེ་བ་ཐམས་ཅད་འཛིན་པའོ། ། ཐབས་ནི་བཟོད་པས་བྱང་ཆུབ་ཀྱི་ཕྱིར་ལུས་དང་ངག་དང་སེམས་ཀྱི་རྒྱན་ནོ།། ཐབས་ནི་བརྩོན་འགྲུས་ཀྱིས་འཇུག་པ་དང་གནས་པ་ལ་བརྩོན་པའོ།། ཐབས་ནི་བསམ་གཏན་གྱིས་བསམ་གཏན་ལས་ཕྱིར་ལྡོག་པ་ཤེས་པའོ།། ཐབས་ནི་ཤེས་རབ་ཀྱིས་འདུས་མ་བྱས་སྤོང་བའོ།། ཐབས་ནི་བྱམས་པས་དཔུང་གཉེན་མེད་པ་རྣམས་ཀྱི་སྐྱབས་སོ།། ཐབས་ནི་སྙིང་རྗེས་འཁོར་བ་ལ་མི་སྨོད་པའོ།། ཐབས་ནི་དགའ་བས་དགའ་བ་དང་། མི་དགའ་བ་ལ་བཟོད་པའོ།། ཐབས་ནི་བཏང་སྙོམས་ཀྱི་དགེ་བའི་རྩ་བ་དང་། ཚོགས་ཐམས་ཅད་འཕེལ་བའོ། ། ཐབས་ནི་འཕྲུལ་གྱི་མིག་གིས་སངས་རྒྱས་ཀྱི་སྤྱན་ཐོབ་པའོ།། ཐབས་ནི་འཕྲུལ་གྱི་རྣ་བས་སངས་རྒྱས་ཀྱི་སྙན་ཐོབ་པའོ།། ཐབས་ནི་ཕ་རོལ་གྱི་སེམས་ཤེས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཐོབ་པའོ། ། ཐབས་ནི་སྔོན་གྱི་གནས་རྗེས་སུ་དྲན་པས་དུས་གསུམ་ལ་ཆགས་པ་མེད་པའི་ཡེ་ཤེས་སོ།། ཐབས་ནི་རྫུ་འཕྲུལ་གྱི་བྱ་བ་ཤེས་པས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་རབ་ཏུ་ཐོབ་པའོ། ། ཐབས་ནི་སེམས་ཅན་རྣམས་ཀྱི་བསམ་པ་ལ་འཇུག་པའོ།། ཐབས་ནི་སྤྱོད་པའི་མཚན་ཉིད་ཤེས་པའོ།། ཐབས་ནི་རྒལ་ནས་འཇུག་པའོ།། ཐབས་ནི་ཉོན་མོངས་པ་མེད་པས་ཉོན་མོངས་པའོ། ། ཐབས་ནི་ཁུར་བོར་བས་ཁུར་ཐོགས་པའོ།། ཐབས་ནི་ཚད་ཡོད་པ་ཚད་མེད་པར་སྟོན་པའོ།། ཐབས་ནི་ཚད་མེད་པ་ཚད་ཡོད་པར་སྟོན་པའོ།། ཐབས་ནི་དབང་པོ་ཞན་པ་རྣམས་ལ་གསལ་བར་བྱེད་པའོ། ། ཐབས་ནི་དུས་དང་དུས་མ་ཡིན་པ་ཤེས་པའོ།། ཐབས་ནི་ལམ་དང་ལམ་མ་ཡིན་པར་འགྲོ་སྟེ། ངན་པའི་ལམ་ལ་གནས་པའི་སེམས་ཅན་ལས་ལམ་བཟང་པོར་འགོད་དོ། ། ཐབས་ནི་ཉུང་ངུ་ལས་མང་པོར་བྱེད་དོ།། མང་པོ་ལས་ཚད་མེད་པར་བྱེད་པའོ།། ཐབས་ནི་བྱེ་བའི་སེམས་ཅན་རྣམས་འདུམ་པར་བྱེད་དོ།། ཐབས་ནི་ཐ་མ་དང་འབྲིང་དང་རབ་ལ་གནས་པའོ། ། ཐབས་ནི་མྱ་ངན་ལས་འདས་པའི་རིག་པ་ལས་འཁོར་བའི་རིག་པར་ལྟུང་ངོ་།། ཐབས་ནི་ཐར་པ་ལས་བཅིང་བ་ཚོལ་ལོ།། ཐབས་ནི་ཤེས་པར་བྱ་བ་ཟད་པ་མེད་དེ། ཤེས་པར་བྱ་བ་ཟད་པར་ཡང་མི་ལྟུང་ངོ་། ། ཐབས་ནི་སྤྱོད་ལམ་ཐམས་ཅད་འཁྲུལ་པར་བྱེད་དོ།། སྤྱོད་ལམ་རྣམས་ལས་ཀྱང་མི་ཉམས་སོ།། ཐབས་ནི་སེམས་ཅན་ལ་ལྟ་བའི་ཚུལ་ཁྲིམས་ལ་མ་ཡིན་ནོ།། ཐབས་ནི་བསྐུ་བས་ལྟ་བ་ལ་རྟེན་གྱི། རྩོད་པས་ནི་མ་ཡིན་ནོ།། ཐབས་ནི་སྒྲ་འབྱིན་པའོ།། ཐབས་ནི་ཁམས་གསུམ་ལས་སྤྱོད་ཡུལ་བའོ།། ཐབས་ནི་རྣམ་པར་ཐར་པའི་སྒོ་གསུམ་ཐོབ་པའི་མཚན་ཉིད་སྤྱོད་ཡུལ་བའོ།། ། ཐབས་ནི་འཕགས་པ་མ་ཡིན་པའི་སྐྱེ་བོ་དང་འདྲེས་པའོ།། འཕགས་པའི་སྐྱེ་བོ་དང་མ་འདྲེས་པའོ།། ཐབས་ནི་མྱ་ངན་ལས་འདས་པ་ལས་གུད་དུ་ཕྱོགས་ཤིང་འཁོར་བ་ལ་མངོན་དུ་བལྟས་པའོ།། ཐབས་ནི་བདུད་ཀྱི་སྤྱོད་ཡུལ་ན་ཉོན་མོངས་པ་མེད་པར་སྣང་བའོ།། ཐབས་ནི་ཐམས་ཅད་ནས་ཐམས་ཅད་དེ། ཐམས་ཅད་ནས་ཐམས་ཅད་པའང་མ་ཡིན་ཏེ། འདི་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་མི་ཟད་པ་ཞེས་བྱ་སྟེ། དེ་དག་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ཟད་པ་བརྒྱད་ཅུ་སྟེ། མི་ཟད་པ་འདིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྗེས་སུ་ཆུད་ཅིང་འདུས་པའོ། ། མི་ཟད་པའི་སྒོའི་ཆོས་ཀྱི་ལེའུ་འདི་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་བསྟན་པ་ན། སྲོག་ཆགས་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་བརྒྱད་སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་སྐྱེད་པ་སེམས་བསྐྱེད་གྱུར་གྱུར་ཏོ། ། བྱང་ཆུབ་སེམས་དཔར་སྦྱོང་ཕྲག་ལྔ་བཅུ་རྩ་གཉི་ས་ནི་མི་ཟླ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། འཁོར་དེ་དག་ཐམས་ཅད་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པ་བྱ་བའི་ཕྱིར་མེ་ཏོག་དང་། འཕྲེང་བ་དང་། མེ་ཏོག་གི་གདུགས་དང་། མེ་ཏོག་གི་སྙན་གྱི་གོང་རྒྱན་ཁ་དོག་དང་ལྡན་པ། དྲི་དང་ལྡན་པ་རྣམ་པ་སྣ་ཚོགས་ཀྱིས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་པའ་བློ་གྲོས་མི་ཟད་པ་ལ་མངོན་པར་གཏོར་ཏོ།། ལྷ་རྣམས་ཀྱིས་ཀྱང་སྟེང་གི་ནམ་མཁའ་ལ་གླུ་བླངས་ཏེ། འདི་སྐད་དུ་ཆེད་བརྗོད་པ་ཡང་ཆེད་དུ་བརྗོད་དོ། ། གང་སངས་རྒྱས་བཅོམ་ལྡན་རྣམས་ཀྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པར་བསྒྲུབས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་ཆོས་ཀྱི་རྣམ་གྲངས་འདི་ལས་མི་ཟད་པའི་རྣམ་པས་བསྟན་ཏོ། ། སེམས་ཅན་སུ་མི་ཟད་པའི་སྒོའི་ལེའུ་ཆོས་ཀྱི་རྣམ་གྲངས་འདི་ཉན་ཅིང་ཐོས་ནས་མོས་པ་དང་། ཀུན་འདྲི་བ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དེ་དག་ཀྱང་མི་ཟད་པ་འདི་དག་དང་ལྡན་པར་འགྱུར་རོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་ལས་ཕྲག་པའི་རས་ཕུད་དེ། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་ཆོས་ཀྱི་དགབ་པའི་ཕྱིར་བྱིན་ནས། འདི་སྐད་ཅེས་བཀའ་སྩལ་ཏོ།། ལེགས་སོ་ལེགས་སོ། ། སྐྱེས་བུ་དམ་པ་མི་ཟད་པའི་ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ཀྱིས་ལེགས་པར་སྨྲས་སོ།། ཁྱོད་ལ་དེ་བཞིན་གཤེགས་པ་རྗེས་སུ་ཡི་རང་ངོ་།། གང་ཁྱོད་ལ་ངས་རྗེས་སུ་ཡི་རང་བ་དེ་ཡང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྗེས་སུ་ཡི་རང་ངོ་། ། དེ་རས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་ཕྲག་པའི་རས་དེ་ལག་པ་གཉིས་ཀྱིས་བླངས་ཏེ། སྤྱི་བོ་ལ་བཞག་ནས་འདི་སྐད་དུ་སྨྲས་སོ། ། བཅོམ་ལྡན་འདས་གང་བཅོམ་ལྡན་འདས་ཀྱིས་གསོལ་བ་འདི་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་མཆོད་རྟེན་ནོ།། དེ་ནས་ཕྱོགས་བཅུ་ཀུན་ནས་རིན་པོ་ཆེའི་གོས་དང་། རིན་པོ་ཆེའི་གདུགས་དང་། རིན་པོ་ཆེའི་བ་དན་དང་། ལྔ་ལྡི་རིན་པོ་ཆེའི་རྩ་བ་ཅན་འོངས་པར་སྣང་སྟེ། དེ་དག་འོངས་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པའི་ལུས་ལ་མངོན་པར་འགེབས་པར་བྱེད་དོ། ། རིན་པོ་ཆེའི་གོས་དང་། རིན་པོ་ཆེའི་གདུགས་དང་། རིན་པོ་ཆེའི་བ་དན་དང་། ལྡེ་ལྡི་རིན་པོ་ཆེའི་རྩ་བ་ཅན་དེ་དག་ལས་སྒྲ་འདི་སྐད་བྱུང་སྟེ། ལེགས་སོ་ལེགས་སོ།། བློ་གྲོས་མི་ཟད་པ་ཁྱོད་ཀྱིས་མི་ཟད་པའི་སྒོའི་ལེའུ་ལེགས་པར་སྨྲས་ཏེ། ཁྱོད་ཀྱིས་ལེགས་པར་སྨྲས་པ་ལ་རྗེས་སུ་ཡི་རང་ངོ་།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རིན་པོ་ཆེའི་གོས་རྣམས་དང་རིན་པོ་ཆེའི་གདུགས་རྣམས་དང་། རིན་པོ་ཆེའི་བདར་རྣམས་དང་། ལྔ་ལྡི་རིན་པོ་ཆེའི་རྩ་བ་ཅན་འདི་དག་གང་ནས་མཆིས། འདི་ལྟ་བུའི་སྒྲ་དག་གང་ནས་བྱུང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སེམས་ཅན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་པ་དེ་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། དེ་བཞིན་གཤེགས་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་བྱས་པ་གཟོ་བ་དང་། བྱས་པ་ཚོར་བར་འཛིན་པས་སྐྱེས་བུ་དམ་པ་འདིའི་ཡང་དག་པའི་། ཡོན་ཏན་བརྗོད་ཅིང་། འདུས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ལ་ཡང་མཆོད་པར་བྱ་བའི་ཕྱིར་ཆོས་ཀྱི་དགབ་པ་འདི་དག་བསྐུར་རོ།། དེ་ནས་འཁོར་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་རབ་ཏུ་དགའ་བ་དང་། མོས་པ་དང་། རི་མོ་ཤིན་ཏུ་ཆེར་བསྐྱེད་ནས་ཚིག་འདི་སྐད་ཅེས་ཀྱང་སྨྲས་སོ།། གང་བདག་ཅག་གིས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་བལྟ་བ་དང་། ཕྱག་འཚལ་བ་དང་། མཆོད་པ་དང་། བསྙེན་བཀུར་བྱ་བ་དང་། ཆོས་བསྟན་པ་འདི་ཡང་མཉན་པ་རྙེད་པ་ནི། བདག་ཅག་གིས་རྙེད་པ་རབ་ཏུ་རྙེད་དོ།། གང་གིས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པའི་མིང་ཙམ་ཐོས་པ་ཡང་རྙེད་པ་རབ་ཏུ་རྙེད་པ་ཡིན་ན། གང་གིས་འདི་མངོན་སུམ་དུ་ཤའི་མིག་གིས་མངོན་པར་ཆོས་ཀྱི་རྣམ་གྲངས་འདི་ཡང་ཉན་པ་དང་། མོས་པར་བྱེད་པ་དང་། ཀུན་འདྲི། བ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། སྟོན་པ་དང་། ཀུར་ཆུབ་པར་བྱེད་པ་དང་། གཞན་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་ལྟ་ཅི་སྨོས། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ཐམས་ཅད་ཀྱིས་ལེགས་པར་སྨྲས་པ་ལ་རྗེས་སུ་ཐུགས་རང་བ་མཛད་དེ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གྱི་རིགས་ཀྱི་བུ་ཕོ་འམ། རིགས་ཀྱི་བུ་མོ་གང་གིས་ཚེའི་ཚད་བསྐལ་པར་གནས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྦྱིན་པ་བྱིན་ལ། ཚུལ་ཁྲིམས་དང་། བརྟུལ་ཞུགས་ཡང་དག་པར་བླང་བ་ཐམས་ཅད་ལ་སློབ་ཅིང་། སེམས་ཅན་ཐམས་ཅད་ཀྱིས་ཉེས་པར་བྱས་པ་ཡང་བཟོད་ལ། མགོའི་ཐོད་པ་ལ་མེ་འབར་བ་བཞིན་དུ་བརྩོན་འགྲུས་བརྩམས་ཤིང་གནས་ཏེ། བསམ་གཏན་རྩེ་གཅིག་དང་ལྡན་ལ་ཤེས་རབ་ཀྱི་བྱེ་བྲག་ལ་མཁས་ཀྱང་། ཆོས་ཀྱི་རྣམ་གྲངས་འདི་དང་བྲལ་བ་དེའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་མ་རྫོགས་པར་ངས་བཤད་དོ།། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གྱི་རིགས་ཀྱི་བུ་ཕོ་དང་། རིགས་ཀྱི་བུ་མོ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། མོས་པ་དང་། འདྲི་བ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དང་། བསྒོམ་པའི་རྣལ་འབྱོར་ལ་ཞུགས་ཤིང་གནས་པ་དེ་ནི། ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་ངས་བཤད་དོ། ། དེ་ཅིའི་ཕྱིར་ཞེ་ན། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི་རྣམ་གྲངས་འདི་ལ་ཞུགས་ཏེ། གཞན་ལ་རྒྱ་ཆེར་རབ་ཏུ་སྟོན་པ་འདི་ནི། དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ།། དེ་ཅིའི་ཕྱིར་ཞེ་ན། སྦྱིན་པ་རྣམས་ཀྱི་ནང་ན། གང་ཆོས་ཀྱི་སྦྱོར་བ་འདི་ནི་མཆོག་གོ།། གང་བྱང་ཆུབ་ཀྱི་སེམས་མ་ཉམས་པས། ཆོས་ཀྱི་རྣམ་གྲངས་འདི་ལ་བརྩོན་ཞིང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། སྡོམ་པ་འདི་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་བསླབ་པ་ཐམས་ཅད་ནི་ཆོས་ཀྱི་རྣམ་གྲངས་འདི་ལས་རབ་ཏུ་བསྟན་ཏོ།། བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྣམ་གྲངས་འདི་ལས་བཟོད་པ་བསྟན་པ་དེ་ནི། སེམས་ཅན་ཐམས་ཅད་ཀྱིས་ཀྱང་བསྐྱོད་པར་མི་ནུས་ཏེ། གང་འདི་ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བའི་བཟོད་པ་འདི་ནི་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མཆོག་གོ།། གང་ཆོས་ཀྱི་རྣམ་གྲངས་འདི་ལ་འཇུག་པ་དང་། སྟོན་པ་དང་། སྦྱོར་བ་དང་བསྒོམ་པ་འདི་ནི། ལུས་དང་། ངག་དང་། སེམས་ཀྱིས་བརྩོན་འགྲུས་ནི་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང་ཆོས་ཀྱི་རྣམ་གྲངས་འདི་ལ་སེམས་ངེས་པར་རྟོག་ཅིང་མི་གཡོ་བ་དང་། རྩེ་གཅིག་པ་དང་། རྟོག་པ་འདི་ནི་ངའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་གོ།། གང་ཆོས་ཀྱི་རྣམ་གྲངས་འདི་ལ་མངོན་སུམ་དུ་ཤེས་པ་དང་། གཞན་གྱི་དྲིང་ལ་མི་འཇོག་པར་ཤེས་པ་དང་། རྣམ་པར་འབྱེད་པ་ཤེས་པ་དང་། ནན་ཏན་ཤེས་པ་འདི་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་སྟེ། དེ་ལྟར་ན་ཤཱ་ར་དྭ་ཏིའི་དུཆོས་ཀྱི་རྣམ་གྲངས་འདི་ལ་རབ་ཏུ་སྦྱོར་བའི་བྱང་ཆུབ་སེམས་དཔའ་ནི་དཀའ་བ་ཆུང་ངུས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། ཤཱ་ར་དྭ་ཏིའི་བུ་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི་རྣམ་གྲངས་འདི་ལུས་ལ་ཡོད་པ་འམ། གླེགས་བམ་དུ་བྱས་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་ཕྱིན་པར་ཤེས་པར་བྱའོ། ། གལ་ཏེ་འབྱུང་བ་ཆེན་པོ་རྣམས་གཞན་དུ་གྱུར་ཀྱང་། བྱང་ཆུབ་སེམས་དཔའ་དེའི་བྱང་ཆུབ་ནི་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ་ར་དྭ་ཏིའི་བུ་འདི་ནི། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཀྱི་རྒྱ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ཀྱང་རྒྱ་འདི་ལས་འཚལ་བར་གང་རྒྱུ་འདིའི་ཕྱིར་འབྲང་བ་དེ་དག་ནི་སངས་རྒྱས་ཀྱི་ཆོས་དེ་དག་ཐམས་ཅད་ཀྱི་ཕྱིར་འབྲང་བ་མ་ཡིན་ནོ། ། དེ་ནས་རྒྱལ་པོ་ཆེན་པོ་བཞི་སྟོབས་དང་བཅས། འཁོར་དང་བཅས་པ་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་བདག་ཅག་ནི། གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པའི་རིགས་ཀྱི་བུ་པོ་འམ། རིགས་ཀྱི་བུ་མོ་དེ་དག་གི་གཡོག་དང་། རིམ་གྲོ་བགྱི་བར་རབ་ཏུ་སྤྲོ་སྟེ། བཅོམ་ལྡན་འདས་ཆོས་སྨྲ་བ་དེ་དག་ལ་བདག་ཅག་གིས་སྟོན་པར་འདུ་ཤེས་བསྐྱེད་པར་བགྱིའོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཐེག་པ་ཐམས་ཅད་ནི་འདི་ལས་འོང་ངོ་།། དེ་ནས་བཅོམ་ལྡན་འདས་ལ། བརྒྱ་བྱིན་ལྷའི་དབང་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་གིས་བཅོམ་ལྡན་འདས་ལས་ཆོས་ཀྱི་རྣམ་གྲངས་བརྒྱ་སྟོང་མང་པོ་ཐོས་ཀྱང་། ཤིན་ཏུ་གདོན་མི་ཟ་བའི་ཆོས་ཀྱི་དོན་འདི་ལྟ་བུ་བསྟན་པ་བདག་ཅག་སྔོན་ནམ་ཡང་མ་ཐོས་སོ། ། བཅོམ་ལྡན་འདས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་དང་། རྒྱལ་པོའི་ཕོ་བྲང་འཁོར་གང་དང་གང་ན་ཆོས་ཀྱི་རྣམ་གྲངས་འདི་འཆད་པ་དང་། རབ་ཏུ་སྟོན་པ་དེ་དང་དེར་བདག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་བཅས་ཏེ། ཆོས་མཉན་པའི་སླད་དུ་མཆིའོ།། ཆོས་སྨྲ་བ་དེ་དག་ལ་ཡང་ཆོས་ཀྱི་བསྲུང་བར་བགྱི། རིགས་ཀྱི་བུ་དེ་དག་ཅི་ནས་འཇིགས་པ་མ་མཆིས་པར་གྱུར་ཅིང་འཁོར་གྱི་འཇིགས་པ་མེད་པ་དང་། ཆོས་ཀྱི་རྣམ་གྲངས་འདིར་ཞུགས་ཏེ། གཞན་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པར་བརྩོན་འགྲུས་དང་། སྟོབས་དང་། མཐུ་དང་། སྤྲོ་བ་དང་། སྤོབས་པ་དང་དྲན་པ་དང་། བློ་གྲོས་དང་། རྟོགས་པ་རབ་ཏུ་སྩལ་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་གང་ཁྱོད་ཀྱིས་ཆོས་སྨྲ་བ་རྣམས་སྲུང་བར་བྱེད་པ་དེ་ནི་ལེགས་སོ་ལེགས་སོ། ། ཀོའུ་ཤི་ཀ་ཆོས་སྨྲ་བ་བཟུང་བས་ནི་དམ་པའི་ཆོས་ཡོངས་སུ་བཟུང་བར་འགྱུར་རོ།། དམ་པའི་ཆོས་ཡོངས་སུ་བཟུང་བས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་བཟུང་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ། ཚངས་པ་མི་མཇེད་ཀྱི་བདག་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་དང་ཚངས་རིས་ཀྱི་ལྷར་བཅས་པས། བསམ་གཏན་གྱི་དགའ་བ་དང་བདེ་བ་བཏང་སྟེ། གང་དང་གང་ན་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པ་དེ་དང་དེར་ཆོས་ཀྱི་རྣམ་གྲངས་དེ་མཉན་པའི་སླད་དུ་མཆིའོ།། དེ་ཆོས་སྨྲ་བ་དེ་དག་གིས་ལྟས་བཞིས་ནི་འདིར་ཚངས་པ་མི་མཇེད་ཀྱི་བདག་པོ་ཚངས་རིས་ཀྱི་ལྷ་རྣམས་དང་བཅས་ཏེ་ཆོས་ཉན་པའི་ཕྱིར་ལྷགས་སོ་ཞེས་འཚལ་བར་བགྱི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྣང་བ་ཆེན་པོ་མཐོང་བ་དང་། ལྷ་རྫས་ཀྱི་དྲི་མནམ་པ་དང་། ཆོས་སྨྲ་བ་དེས་ཆོས་ཀྱི་རྣམ་གྲངས་འདི་ལ་ངེས་པའི་ཚིག་གིས་ངེས་པའི་ཚིག་དང་ཚིག་གི་མཚམས་སྦྱར་བར་ཚིག་གི་མཚམས་སུ་མི་བརྗེད་ཅིང་། དྲན་པར་སྤོབས་པ་དང་། འཁོར་དེ་དག་ཐམས་ཅད་ཀྱང་མི་གཡེང་ཞིང་ཆོས་ལ་གུས་པར་ཡིད་ལ་བགྱིད་པས་ཆོས་ཉན་པ་སྟེ། ལྟས་བཞི་པོ་འདི་དག་གིས་འདིར་ཚངས་པ་མི་མཇེད་ཀྱི་བདག་པོ་ཚངས་རིས་ཀྱི་ལྷ་རྣམས་དང་བཅས་ཏེ་ཆོས་ཉན་པའི་ཕྱིར་ལྷགས་སོ། ཞེས་བགྱིའོ།། དེ་ནས་བཅོམ་ལྡན་འདས་ལ། བདུད་སྡིག་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིས་བདག་གི་སྟོབས་དང་བཞོན་པར་བཅས་པ་ཐམས་ཅད་སྟོབས་ཆུང་བར་བགྱིས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་ན་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ལགས་ཏེ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་གང་ན་བྱང་ཆུབ་སེམས་དཔའ་དེ་གརས་པ་དེ་ན་དེ་ཉིད་སངས་རྒྱས་ཞེས་བགྱིའོ། ། བློ་གྲོས་མི་ཟད་པ་བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི་རྣམ་གྲངས་འདིའི་གཟི་བརྗིད་ཀྱི་ཚོགས་དང་སྟོབས་བསྐྱེད་པས། བདག་གི་ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་རྣམས་བཅོམ་པས་ཆོས་སྨྲ་བ་དེ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་ཕྱིར་དམ་བཅའ་བར་བགྱིའོ།། ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པ་དེར་སེམས་བསྐྱེད་པའི་བག་ཙམ་གྱིས་ཀྱང་བར་ཆད་མི་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་དམ་པའི་ཆོས་རིང་དུ་གནས་པར་བྱ་བའི་ཕྱིར་ཟུང་ཞིག། ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག་དགའ་བོས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་བཟུང་མོད་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྟ་བུར་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་རྒྱས་པར་བགྱིད་མི་ནུས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་རྒྱས་པར་རྣམ་པར་དབྱེ་བའི་ཕྱིར་བྱེད་པ་ཆུང་བར་གྱིས་ཤིག། འཁོར་འདི་ན་གང་ཆོས་ཀྱི་རྣམ་གྲངས་འདི་རྒྱས་བར་བྱེད་པ་དམ་པའི་ཆོས་ཡོངས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་རྣམས་ཚོགས་ཤིང་འཁོད་དོ། ། དེ་ནས་འཁོར་དེ་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་ཅུས་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་འདུས་པ་ཆེན་པོའི་ལེའུ་ཆོས་ཀྱི་རྣམ་གྲངས་འདི་ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་མ་ལུས་པར་རྫོགས་པར་རྒྱས་པར་བགྱིའོ། ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དམ་པའི་ཆོས་གཟུང་བའི་སླད་དུ། དམ་པའི་ཆོས་བསྲུང་བའི་སླད་དུ། ཆོས་ཀྱི་རྣམ་གྲངས་འདི་རྒྱས་པར་བགྱིད་དེ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས། ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་སེམས་དཔའ་གང་གི་རྣ་བར་གྲགས་པར་འགྲུར་བ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། སྟོན་པ་དེ་ནི་བྱང་ཆུབ་སེམས་དཔའ་བྱམས་པའི་བྱིན་གྱི་རླབས་སུ་རིག་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། དམ་པའི་ཆོས་ཀུན་འཛིན་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་བཀའ་སྤྲུལ་པ། ལེགས་སོ།། སྐྱེས་བུ་དམ་པ་དག་ཇི་ལྟར་ཁྱོད་ད་ལྟར་ངའི་མདུན་དུ་དམ་པའི་ཆོས་ཡོངས་སུ་འཛིན་པ་དེ་བཞིན་དུ། ཁྱོད་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དམ་པའི་ཆོས་ཡོངས་སུ་འཛིན་པར་ཁས་བླངས་པ་ལེགས་སོ་ལེགས་སོ། ། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གང་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་བདག་གི་བློ་མི་ལྡན་པས་ཡི་གེ་མ་རྫོགས་པ་རྣམས་བཅོམ་ལྡན་འདས་དང་། མི་ཟད་པའི་ཆོས་དང་། ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ལ་བདག་བཟོད་པ་གསོལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་མི་ཟད་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་དོན་དང་། ཆོས་དང་། ངེས་པའི་ཚིག་དང་། སྤོབས་པ་རྣམས་ལ་འཁྲུལ་པ་མེད་དོ།། འགོག་པ་ལ་ཡང་འཁྲུལ་པ་མེད་དོ།། གང་དེ་ལྟ་བུའི་ཆོས་རྣམས་རྟོགས་པར་ཁོང་དུ་ཆུད་པའི་སྐྱེས་བུ་དམ་པ་དེ་དག་ནི་ཡང་དག་པའི་དོན་རྣམ་པར་གདོན་མི་ཟ་བར་ཐོབ་པ་ཡིན་ནོ། ། བློ་གྲོས་མི་ཟད་པ་ཁྱོད་ནི་སོ་སོ་ཡང་དག་པར་རིག་པ་བཞིའི་དམ་པའི་མཆོག་ཐོབ་ཅིང་། དབང་རྙེད་པ་ཐེག་པ་ཆེན་པོ་འདི་ལ་གཞན་གྱི་དྲིང་ལ་མི་འཇོག་ཅིང་རྣམ་པར་གདོན་མི་ཟ་བའི་དམ་པའི་མཆོག་ཐོབ་པ་སྟེ། བློ་གོས་མི་ཟད་པ་ས་འདི་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལུས་ཀྱི་འཁྲུལ་པ་དང་། ངག་གི་འཁྲུལ་པ་དང་། སེམས་ཀྱི་འཁྲུལ་པ་གང་ཡང་མེད་དོ།། དེ་དག་ཐམས་ཅད་ནི་ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་དང་ལྡན་པ་ཡིན་ནོ།། བློ་གྲོས་མི་ཟད་པ་ཁྱོད་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོས་ཆོས་བསྟན་པའི་ཕྱིར་རྗེས་སུ་དགོངས་སོ། ། བློ་གྲོས་མི་ཟད་པ་ང་ལྟ་བུ་རྣམས་ཀྱིས་ཁྱོད་འདྲ་བའི་སྐྱེས་བུ་དམ་པ་རྣམས་ལ་ཤིན་ཏུ་བཟོད་དོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས་འདི་ཇི་ལྟ་བུར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་དགའ་བོ་ཁྱོད་ཀྱི་རྣམ་གྲངས་འདི་བློ་གྲོས་མི་ཟད་པས་བསྟན་པ་དང་། མི་ཟད་པའི་དོན་དང་། ཚིག་དང་། ཡི་གེ་མི་ཟད་པ་བསྟན་པ་དང་། འདུས་པ་ཆེན་པོའི་ལེའུ་དང་བློ་གྲོས་མི་ཟད་པའི་ལེའུ་ཞེས་ཀྱང་ཟུང་ཞིག། དགའ་བོ་ཁྱོད་ཀྱིས་འདུས་པ་ཆེན་པོའི་ལེའུ་ཆོས་ཀྱི་རྣམ་གྲངས་འདི་བཟུང་ན། དེ་ལས་ཆོས་ལ་དྲན་པའི་སྟོབས་ཀྱི་མཐུ་བསྐྱེད་པ་འབུམ་འགྱུར་ཐོབ་པར་འགྱུར་རོ། ། གཞན་དག་ལ་ཡང་བསྟན་ན་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་བྱ་བས་ཉེ་བར་གནས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའི་ཚོགས་དེ་དག་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་དང་། གནས་བརྟམ་ཤཱ་ར་དྭ་ཏིའི་བུ་དང་། དགེ་སློང་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འདུས་པ་ཆེན་པོའི་ལེའུ་འབུམ་པ་ལས་བློ་གྲོས་མི་ཟད་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། ། ། ཞུ་ཆེན་གྱི་ལོ་ཙྪ་བ་བནྟེ་དྷརྨ་ཏཱ་ཤཱི་ལས་ཞུས་སྐད་གསར་བཅད་ཀྱིས་ཀྱང་བཅོས་ཏེ་གཏན་ལ་ཕབ་པ།
CLOSE WINDOW