CLOSE WINDOW

S115: ཐེག་པ་ཆེན་པོའི་མདོ་ཆོས་རྒྱ་མཚོ་ཞེས་བྱ་བ
Wyliee-texts produced with ocr Programm

། ། བཀའ་འཁོར་ལོ་དང་པོར་གཏོགས་པའོ།། རྒྱ་གར་སྐད་དུ། དྷརྨ་ས་མུ་དྲ་ནཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། ཐེག་པ་ཆེན་པོའི་མདོ་ཆོས་རྒྱ་མཚོ་ཞེས་བྱ་བའོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱ་མཚོའི་གླིང་ཕྲན་པོ་ཊ་ལ་ཀའི་རི་ལ་རྒྱལ་བའི་སྲས་ཕྱིར་མི་ལྡོག་པ་ཕལ་པོ་ཆེས་བསྐོར་ཅིང་མདུན་དུ་བྱས་ཏེ་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་དབང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བཀའ་སྩལ་པ། སྐྱེས་བུ་དམ་པ་ཆོས་ཀྱི་གཏམ་ཅི་འདོད་པ་དྲི་བར་གྱིས་ཤིག་འདོད་པ་ལ་རྟོག་ཅིང་མི་རྟེན་པ་དང་། མི་འཆང་བ་དང་། ང་རྒྱལ་མེད་པ་དང་། ཤེས་རབ་དང་། ཐབས་ལ་མཁས་པ་དང་། སྟོང་པ་ལ་ཤིན་ཏུ་མོས་པ་དང་ལྡན་ཏེ། ཡོད་པ་དང་མེད་པ་སྤངས་པ་དང་། ཡང་དག་པ་མ་ཡིན་པ་ལ་བརྟགས་པ་གྲངས་མེད་པར་འཁོར་བར་འགྱུར། ཇི་ལྟར་ན་དགེ་བར་གསུངས་པའི་ཆོས་དང་། འདུལ་བ་ལ་རབ་ཏུ་བྱུང་ཞིང་། ཡང་དག་པར་རྫོགས་པའི་བསྙེན་པར་རྫོགས་པ་ལགས། འགྲོ་བ་ཐ་དད་པའི་ཆོས་རྣམས་ལས་འདས་པ་དང་གནས་ངན་ལེན་པ་ལ་རྟེན་ཅིང་འཇུག་པའི་སེམས་དང་། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་ལས་འདས་ཏེ། མི་གཉིས་པའི་ཆོས་ཐོབ་པ་ནི་ཤིན་ཏུ་རབ་ཏུ་བྱུང་བའོ།། སེམས་ཅན་གང་ཐ་དད་པ་འདི་ལྟ་བུས་རབ་ཏུ་བྱུང་བ་དེ་ནི་ཡང་དག་པ་རབ་ཏུ་བྱུང་བའོ། ། གང་རབ་ཏུ་བྱུང་ཡང་ཚུལ་ཁྲིམས་དང་། སྤྱོད་ཡུལ་དང་།། ཚོ་བ་དང་། ལྟ་བ་དང་། བསམ་པ་ཉམས་པ་དེ་ནི་མགོ་དང་། ཁ་སྤུ་བྲེགས་ཀྱང་དོན་མེད་པ་སྟེ། རྙོག་པ་འཆང་བས་རང་རྙོག་པ་དེས་ངན་སོང་དུ་གཞོལ་བ་ཡིན་ནོ།། ངས་དད་པས་བྱིན་པ་སྤྱོད་དུ་གནང་བ་ནི་རིགས་པས་གྲོལ་བསྟེ། དགེ་སློང་བརྩོན་པ་མི་འདོར་བ་དེས། གཟུགས་མི་འདོར། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མི་འདོར། ཕུང་པོ་ལྔ་ཐ་དད་པ་དང་རིལ་གྱི་བརྟགས་པའི་རང་བཞིན་པས་ན། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ལྟ་བ་དེ་དག་ཀྱང་མི་དམིགས་པའི་ཚུལ་གྱིས་ཁམས་དང་། སྐྱེ་མཆེད་ཀྱི་ལྷ་རྣམས་མ་ཡིན་པར་སྤྲོས་པ་དམ་པར་བྱེད་པས་རྟག་ཏུ་སྒོམ་མོ། ། སྙིང་པོ་མེད་པ་དང་། འབྲུམ་པ་ཅན་ཟུག་རྔུ་ཅན་དང་ལྡན་པ་སྐྱོན་ཅན་ཕ་རོལ་སླུ་བའི་ཆོས་ཉིད་ཅེས་སུན་འབྱིན་པ་དེ་དག་ཀྱང་མི་དམིགས་པའི་ཚུལ་དུ་སྦྱོར་བས། གང་ལུས་ཀྱིས་ལུས་ལ་སྲེད་པ་དང་། ལུས་ལ་བྱམས་པ་དང་། ལུས་ལ་བདག་ཆེས་པ་དང་། ལུས་ལ་ཞེན་པ་དེ་དག་རབ་ཏུ་སྤོང་ངོ་།། གང་འདི་ལྟ་བུའི་དགེ་སློང་ནི་དགེ་པར་གསུངས་པའི་ཆོས་དང་འདུལ་བ་ལ་རབ་ཏུ་བྱུང་བར་གྱུར། དད་པས་བསྙེན་པར་རྫོགས་པའི་ཡང་དག་པར་རྫོགས་པ་ཡིན་ཏེ། འདི་ལྟ་བུའི་དགེ་སློང་ནི་ལྷ་དང་འཇིག་རྟེན་དུ་གཅས་པ་རྣམས་ཀྱི་སྦྱིན་གནས་སུ་གྱུར་པའོ། ། དེ་ནས་བྱམས་པ་བྱང་ཆུབ་སེམས་དཔས་འཇིག་རྟེན་གྱི་དབང་པོ་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ཏེ། འགྲོ་བ་ཐ་དད་པའི་ཆོས་ལས་འདས་ཤིང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཐོབ་པ་དེ་ནི། དགེ་བར་གསུངས་པའི་ཆོས་དང་འདུལ་བ་ལ་རབ་ཏུ་བྱུང་བ་གྱུར། བསྙེན་པར་རྫོགས་པའི་ཡང་དག་པར་རྫོགས་པ་ཞེས་གསུངས་གཞན་གང་ཞིག་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཀྱང་བདག་བསླུས་པ་སྟེ། པ་ཝ་ད་ལྟར་བྱི་བ་ཡང་མ་ཡིན་བྱ་ཡང་མ་ཡིན་པ་བཞིན་དུ་དེ་ནི་ཁྱིམ་པ་ཡང་མ་ཡིན། རབ་ཏུ་བྱུང་བ་ཡང་མ་ཡིན་པས་ན། གླེན་པའི་སྐྱེས་བུ་དེ་དེ་ལྟ་བུའི་ཚུལ་དུ་ཟུང་ཤིག་སྐྱེ་བུ་དམ་པ་འགྲོ་བ་ཐ་དད་པའི་ཆོས་དེ་དག་ནི་སྒྱུ་མ་ལྟ་བུ་སྟེ། དེ་ལས་འདའ་བར་ཡང་མི་ནུས། འགྲོ་བ་ཐ་དད་པའི་ཆོས་ནི་ཡོངས་སུ་མ་རྫོགས་པས་ན། དེ་ལས་འདའ་བར་ཡང་དཀའ། སེམས་ཅན་གྱི་ཁམས་ནི་ཕྱིན་ཡང་མེད་ནང་ན་ཡང་མེད་དེ། གཉིས་ཀར་ཡང་དམིགས་སུ་མེད་པས་ན། གང་སེམས་ཅན་གྱི་ཁམས་ཀྱི་དངོས་པོ་དེ་ནི། འགྲོ་བ་ཐ་དད་པའི་ཆོས་ཀྱི་དངོས་པོ་སྟེ། དེ་ལས་འདའ་བ་ཡང་དཀའ་བ་དེ་ལ། ཀྱེ་རྒྱལ་བའི་སྲས་བཅོམ་ལྡན་འདས་ཀྱིས་འགྲོ་བ་ཐ་དད་པའི་ཆོས་ལས་འདས་ཤིང་། འཇིག་རྟེན་ལས་འདས་པའི་ཆོས་ཐོབ་པའི་དགེ་སློང་དེ་ནི་རབ་ཏུ་བྱུང་བར་གྱུར། བསྙེན་པར་རྫོགས་པ་ཡང་དག་པར་རྫོགས་པ་སྟེ། དེ་ནི་དད་པས་བྱིན་པའི་སྤྱོད་པའི་མཆོད་གནས་སུ་གྱུར་པའོ་ཞེས་གསུངས་པ་དང་། ཀྱེ་རྒྱལ་བའི་སྲས་རྟེན་པའི་གནས་མེད་ན། དེ་ལ་ཐོབ་པ་གང་ཇི་སྟེ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཐོབ་པར་འགྱུར་ན། དེ་ནི་དམིགས་པར་གྱུར་པའོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཉིད་ནི་མི་དམིགས་པ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་འདི་ལྟར་དགོངས་ནས། འགྲོ་བ་ཐ་དད་པའི་ཆོས་ལས་འདས་ཤིང་འཇིག་རྟེན་ལས་འདས་པའི་ཆོས་ཐོབ་པ་ནི། དགེ་སློང་ཡང་དག་པར་གྱུར་པ་སྟེ། དད་པས་བྱིན་པ་སྤྱོད་པའི་མཆོད་གནས་སོ།། དེ་ནས་བྱམས་པ་བྱང་ཆུབ་སེམས་དཔས་འཇིག་རྟེན་གྱི་དབང་པོ་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ཏེ། བརྩོན་པ་མི་འདོར་བའི་དགེ་སློང་གང་གིས་གཟུགས་མི་འདོར། འཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མི་འདོར་བ་དེ་ནི་རབ་ཏུ་བྱུང་བའི་དགེ་སློང་སྟེ། དེ་ནི་དགེ་བར་གསུངས་པའི་ཆོས་འདུལ་བ་ལ་ཤིན་ཏུ་རབ་ཏུ་བྱུང་བར་གྱུར་པས་ན། འདི་ལྟ་བུའི་དགེ་སློང་ནི་དད་བས་བྱིན་པའི་སྤྱོད་པའི་མཆོད་གནས་སུ་གྱུར་པའོ། ། ཞེས་གསུང་འཇིག་རྟེན་གྱི་དབང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་བཅོམ་ལྡན་འདས་ཀྱིས་ཆོས་ཉིད་ལང་གོངས་ཏེ། ཆོས་ཀྱི་དབྱིངས་ནང་ན་ཡང་མེད་བྱིན་ཡང་མེད་དེ། གཉིས་ཀར་ཡང་དམིགས་སུ་མེད་པས་ན། ནད་མེད་པར་བཏགས་པ་དང་། མི་སྐྱེ་བར་བཏགས་པར་བདགས་པའི་དང་མི་འགག་པར་བཏགས་པའི་རྣམས་གདགས་སུ་མེད་པ་སྟེ། སེམས་ཅན་གྱི་ཁམས་མཉམ་པ་བཞིན་དུ་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཆོས་ཀྱི་དབྱིངས་མཉམ་པ་བཞིན་དུ་སེམས་ཅན་གྱི་ཁམས་མཉམ་པ་ཉིད་དེ། སེམས་ཅན་གྱི་ཁམས་མཉམ་པ་ཉིད་དང་ཆོས་ཀྱི་དབྱིངས་མཉམ་པ་ཉིད་དུ་མི་གཉིས་ཏེ། གཉིས་སུ་མེད་དོ།། དེ་མི་གཉིས་ཏེ་གཉིས་སུ་མེད་པས་ན་དེ་ལ་དོར་བ་ཡང་མེད། མི་འདོར་བ་ཡང་མེད། གང་དོར་བ་ཡང་མེད། མི་དོར་བ་ཡང་མེད་པས་ན། དེ་ལས་འདའ་བ་དང་། ཐོབ་པར་མི་ནུས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་འདི་ལྟར་དགོངས་ནས་གདགས་སུ་མེད་པའི་དགེ་སློང་བཏགས་པ་ལ་མི་འཇུག་གོ། ། གང་ཡི་གེ་མེད་པའི་དགེ་སློང་ཡི་གེ་ལས་འདས་པ་སྟེ། དེ་ལ་གྲངས་ཀྱིས་བསྟན་པར་ཡང་མི་རུང་སྟེ། དེ་ནི་མི་འོང་མི་འགྲོ་མི་གནས་མི་འདུག། ཉལ་བར་ཡང་མི་རྟོག་གོ།། ཞི་བ་དང་ཉེ་བར་ཞི་བའི་རྣམས་མི་དམིགས་པའི་དགེ་སློང་ལ་བརྟགས་པ་སྟེ། སྤྱོད་པའི་རྣམས་ཀྱང་བརྟགས་པའོ།། ལོག་པ་ལ་རྣམ་པ་མང་དུ་རྟོག་པའི་དགེ་སློང་སྤྱོད་པ་ནི་མ་བརྟགས་པའོ། ། བཅོམ་ལྡན་འདས་ཀྱིས་འདི་ལྟར་དགོངས་ནས་འདི་ལྟ་བུའི་དགེ་སློང་ནི་དད་པས་བྱིན་པ་སྤྱོད་པའི་སྦྱིན་གནས་སུ་གྱུར་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་སྤྱན་རས་གཟིགས་ཀྱི་དབང་པོ་བྱང་ཆུབ་སེམས་དཔའ་ལ་དགེ་བ་བྱིན་ཏེ། ངས་དགོངས་ཏེ་བཤད་པ་བཞིན་དུ། སྐྱེས་བུ་དམ་པ་ཁྱོད་ཀྱིས་བསྟན་པ་ནི་དགེ་བའོ། ། དགེའོ།། དགེ་བར་གསུངས་པའི་ཆོས་ཀྱི་འདུལ་བ་རབ་ཏུ་བྱུང་བ་འདི་བླ་ན་མེད་པ་དམ་པའི་ཆོས་ཀྱི་ཕྱག་རྒྱ་སྟེ། འདི་ཚུལ་ཁྲིམས་ཉམས་པ་དང་། མ་དུལ་པ་དང་། ང་རྒྱལ་མངོན་པར་བྱེད་པ་རྣམས་ཀྱི་མདུན་དུ་མི་བཤད་པར་གྱིས་ཤིག། དེ་ལྟ་བུ་དེ་དག་རྣམས་ཀྱི་སྙེམས་པ་སྤང་བའི་ཕྱིར། ཕྱག་རྒྱ་འདི་ལ་གང་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་རབ་ཀྱིས་ལྟས་ཤིང་མི་དམིགས་པའི་ལུས་མངོན་དུ་བྱས་ན། དེས་ཡིད་ཀྱི་ལུས་མྱུར་དུ་ཐོབ་བོ།། གང་གི་ཡིད་ཀྱི་ལུས་དེས་གྲངས་མེད་པའི་སེམས་ཅན་རྣམས་བྱང་ཆུབ་ཏུ་སྨིན་པར་བྱེད་དོ། ། དེ་ནས་ཆོས་ཀྱི་གཞུང་འདི་བཤད་པའི་ཚེ། དགེ་སློང་བདུན་སྟོང་ཟག་པ་མེད་པ་མི་སྐྱེ་བའི་སེམས་རྣམ་པར་གྲོལ་བར་གྱུར། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར། དམིགས་པ་ཅན་གྱི་དགེ་སློང་ལྔ་བརྒྱ་ཆོས་ཀྱི་གཞུང་འདི་མི་སྒྲུབ་ཅིང་མི་འཇུག་པ་དང་། མ་དད་པས་ན་སྟན་ལས་ལངས་ཏེ་དོང་ངོ་།། ། བཅོམ་ལྡན་འདས་ངས་དགོངས་ཏེ་གསུངས་པ་འདི་འཇིག་རྟེན་ཐམས་ཅད་ཡིད་མི་ཆེས་པའི་གཉེན་པོ་བས་ན། ཆོས་ཀྱི་གཞུང་འདི་དམིགས་པ་དང་བཅས་པ་རྣམས་མི་མཐུན་པའོ།། ཡོད་པ་མ་ཡིན་པ་ལ་རྟེན་པ་རྣམས་དང་མི་འགལ་ཏེ། དགེ་བའི་བཤེས་གཉེན་གྱིས་བཟུང་བའི་རྣམས་དང་། ཟབ་མོའི་ཆོས་ལ་མོས་པའི་རྣམས་དང་། སྐྱོ་ཞིང་ཆོག་ཤེས་པས་བསྙུངས་ཏེ་དབེན་པ་ལ་མངོན་པར་དགའ་བའི་རྣམས་དང་། སྔོན་གྱི་སངས་རྒྱས་རྣམས་དང་དགེ་བའི་རྩ་བ་བསྐྲུན་པའི་རྣམས་ཀྱི་ངའི་ཆོས་ཀྱི་གཞུང་འདི་ལ་སྟོན་པར་ཤེས་སོ།། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན། སྐྱེས་བུ་གང་ཞིག་གཉིད་ཀྱིས་ལོག་པའི་རྨི་ལམ་ན་འགྲོ་བ་མང་པོའི་མདུན་ན་སྨྲ་ཞིང་ཆོས་འཆད་ཀྱང་ཆོས་དེ་འཇིག་རྟེན་ཐམས་ཅད་ལ་མ་གྲགས་ན། ཀྱེ་རྒྱལ་བའི་སྲས་ཅི་འགྲོ་བ་མང་པོ་དེ་རྣམས་ཡོད་དེ། གང་དེས་སངས་རྒྱས་ཀྱི་ཆོས་བཤད་པ་བཤད་པ་དང་མི་འགལ་བ་སྙམ་དུ་སེམས་སམ། བྱམས་པས་སྨྲས་པ། རྨི་ལམ་ནི་ཡང་དག་པར་མ་མཆིས་པསྟེ། འཁྲུལ་པ་ཙམ་ཞིག་མཆིས་པ་བས་ན། དེ་ངན་འགྲོ་བལ་པོ་ཆེ་ལ་ཆོས་འཆད་པར་འགྱུར་བ་ལྟ་ག་ལ་ཞིག་མཆིས། ཀྱེ་རྒྱལ་བའི་སྲས་དེ་ལྟར་དེ་བཞིན་དུ་ཆོས་ཐམས་ཅད་ནི་རྨ་ལམ་དང་མཚུངས་ཏེ། ཡང་དག་པ་མ་ཡིན་པར་འབྱུང་བ་བྱུང་ནས་ཀྱང་མེད་པར་གྱུར་པ་སྟེ། ཀུན་རྫོབ་ཀྱང་འཁྲུལ་པ་ཙམ་ཞིག་ཡོད་ཀྱི། དོན་དམ་པར་ནི་མ་ཡིན་ནོ།། འབ་པའི་ཤེས་རབ་ཀྱིས་ཇི་ལྟ་བ་མངོན་དུ་བྱས་ན། བསམ་གཏན་སེམས་དཔའི་བསམ་གཏན་པ་ཡང་མི་དམིགས་པ་སྟེ། དེ་ལ་ཆོས་ཀྱི་ཚུལ་ཙམ་ཞིག་ཡོད་ཀྱི། ཀུན་ཏུ་བརྟགས་པ་དང་།། གཞན་གྱི་དབང་ལས་ཀྱི་རྣམས་ནི་ཡོད་པ་མ་ཡིན་ནོ།། དེ་ལྟར་དེ་བཞིན་དུ་ཆོས་འདི་ནི་འཇིག་རྟེན་པ་ཐམས་ཅད་དང་མི་མཐུན་པའོ།། ཆོས་འདི་དག་ལ་དམིགས་པ་རྣམས་ཀྱིས་ནི་དོན་དམ་པར་འཛིན་གྱི། འཕགས་པའི་རྣམས་ནི་མི་དམིགས་སོ།། བྱིས་པའི་རྣམས་མི་ཤེས་པས། དེ་ལ་མངོན་པར་ཞེན་པས་ན། དམྱལ་བ་དང་ཡི་དགས་རྣམས་ཀྱི་སྡུག་བསྔལ་གྱིས་ཉོན་མོངས་པ་མྱོང་བར་འགྱུར་རོ། ། ཆོས་ཀྱི་གཞུང་འདི་ཇི་ལྟར་དེ་ནི་དམིགས་པའོ།། ཇི་ལྟར་དམིགས་པ་དེ་ནི་ཆོས་ཐམས་ཅད་དོ།། དེ་ལྟར་དུས་གསུམ་གྱི་ཆོས་ཐམས་ཅད་མཉམ་པ་ཉིད་དེ། མི་དམིགས་པས་ན་གང་དམིགས་པ་དེ་ནི་རྟོགས་པའོ།། གང་ཐོབ་པ་ནི་བྱང་ཆུབ། གང་བྱང་ཆུབ་པ་ནི་དེ་བཞིན་ཉིད། གང་དེ་བཞིན་ཉིད་པ་དེ་ནི་ཡང་དག་པའི་མཐའ། གང་ཡང་དག་པའི་མཐའ་དེ་ནི་སྟོང་པ་ཉིད། གང་སྟོང་པ་ཉིད་པ་དེ་ནི་མཚན་མ་མེད་པ། ཇི་ལྟར་མཚན་མ་མེད་པ་དེ་ནི་སྨོན་པ་མེད་པ། ཅི་སྨོན་པ་དེ་ནི་དོན་དམ་པ། གང་དོན་དམ་པ་དེ་ནི་ཆོས་ཀྱི་དབྱིངས། གང་ཆོས་ཀྱི་དབྱིངས་དེ་ནི་གཉིས་སུ་མེད་པའི་མཐའ། གང་གཉིས་སུ་མེད་པའི་མཐའ་དེ་ནི་དབུ་མར་བསྒྲུབ་པ། གང་དབུ་མར་བསྒྲུབ་པ་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་རྟག་པ་བརྟན་པ་མི་འགྱུར་བ་སྟེ། རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན། དེ་ནི་གདགས་པ་ཡང་མ་ཡིན། མི་གདགས་པ་ཡང་མ་ཡིན། གང་གདགས་པ་ཡང་མ་ཡིན།། མི་གདགས་པ་ཡང་མ་ཡིན་པ་དེ་ནི། འཇིག་རྟེན་པ་ཡང་མ་ཡིན། འཇིག་རྟེན་ལས་འདས་པ་ཡང་མ་ཡིན།། གང་འཇིག་རྟེན་པ་ཡང་མ་ཡིན། འཇིག་རྟེན་ལས་འདས་པ་ཡང་མ་ཡིན་པ་དེ་ནི་བརྗོད་དུ་མེད་པ། གང་བརྗོད་དུ་མེད་པ་དེ་ཅུང་ཟད་ཀྱང་མེད་པ། གང་ཅུང་ཟད་མེད་པ་དེ་ནི། སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་ཞིང་། སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དེ་ནི་སྟོན་པ། གང་སྟོན་པ་དེ་ནི་རྣམ་པར་མི་རྟོག་པ། གང་རྣམ་པར་མི་རྟོག་པ་དེ་ནི་དམིགས་སུ་མེ་པ་། གང་དམིགས་སུ་མེད་པ་དེ་ནི་མི་འགྱུར་བ་གྲུབ་པ། གང་མི་འགྱུར་བ་གྲུབ་པ་དེ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྟེ། འདུལ་བའི་སེམས་ཅན་རྣམས་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཇི་ལྟར་མོས་པ་ཐམས་ཅད་བྱེད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་མང་པོ་དེ་དག་གིས་ཚིག་མཐུན་པར་སྨྲས་པ། ཆོས་ཀྱི་གཞུང་འདི་གང་ན་སྤྱོད་པའི་ས་ཕྱོག་པ་དེ་རྡོ་རྗེ་ལྟ་བུ་སྟེ། སངས་རྒྱས་དང་བྱང་ཆུབ་དུ་བྱ་བ་རྣམས་ཀྱི་བཞུགས་པས་ན། སེམས་ཅན་དེ་མྱུར་དུ་མངོན་པར་ཤེས་པ་དང་། དབང་པོ་རྣོན་པོར་འགྱུར་བར་རིག་པར་བྱའོ།། གང་ཞིག་ཚོགས་ཀྱི་གཞུང་འདི་ལ་བརྗོད་དམ། འཛིན་ཏམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། ཁ་ཏོན་ཏུ་བྱེད་དམ། ཚུལ་བཞིན་ཡིད་ལ་བྱེད་ན། དེ་བདུད་ཀྱི་དབང་དུ་མི་འགྱུར་རོ། ། བཅོམ་ལྡན་འདས་ཀྱི་དགོངས་པ་འདི་བཤད་ནས། འཇིག་རྟེན་གྱི་དབང་པོ་དང་། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་དང་། ལྷ་དང་མིར་བཅས་པ་དང་། ལྷ་མ་ཡིན་དང་། དྲི་ཟའི་འཇིག་རྟེན་རྣམས་བཅོམ་ལྡན་འདས་ཀྱིས་བཤད་པ་ལ་མངོན་པར་དགའོ།། ཐེག་པ་ཆེན་པོའི་མདོ།། ཆོས་རྒྱ་མཚོ་ཞེས་བྱ་བ་རྫོགས་སོ།། །། རྒྱ་ལས་འགྱུར་བ་སྐད་གསར་ཅད་ཀྱིས་གཏན་ལ་མ་ཕབ་པའོ།། །

CLOSE WINDOW